སྐྱོ་བའི་གཏམ།

༼བ༽

༄༅། །སྐྱོ་བའི་གཏམ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་མཉྫུ་ནཱ་ཐཱ་ཡ། ཐུགས་ཀྱི་བང་མཛོད་ཡོན་ཏན་ནོར་བུས་གཏམས། །གསུང་སྙན་ཀ་ལ་པིངྐ་ལྟར་སྒྲོགས་ཤིང༌། །རི་བོང་འཛིན་ལྟར་གསལ་བའི་སྐུ་མངའ་བའི། །ཞབས་པད་བུང་བའི་ཕྲེང་བས་བསྟེན་ལ་འདུད། །མི་རྟོག་གོམས་སླད་ངར་འཛིན་འཆིང་བྲལ་ཡང༌། །དུལ་བའི་སྣང་ངོར་སྨོན་ལམ་དབང་གིས་ནི། །ངུར་སྨྲིག་འཛིན་པའི་དབུས་ན་ཉི་མ་ལྟར། །ལྷང་ངེར་བཞུགས་པ་ཁྱོད་ལ་ཕྱག་འཚལ་ལོ། །སཱ་ལའི་དབང་པོ་ལྟ་བུར་རབ་བརྟན་ཞིང༌། །ས་ལེ་སྦྲམ་ལྟར་དྲི་མེད་གསལ་བའི་ཐུགས། །སཱ་ལུའི་འབྲས་ལྟར་དཔག་ཡས་སྐྱེ་དགུའི་ཚེ། །ཉེར་འཚོར་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ། །གདུལ་བྱ་ཉམ་ངའི་གནས་ལས་དྲང་བའི་ཕྱིར། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལས་ཆོས། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན་གསལ་བ། །ངོ་མཚར་རྣམ་པར་འབྱེད་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱ་མཚོའི་ཡོན་ཏན་ཆ་ཤས་ཀྱང༌། །རྒྱ་མཚོ་ལྟ་བུར་ཟབ་ཅིང་རྒྱ་ཆེ་ཞིང༌། །འགྲོ་བ་སྡུག་བསྔལ་ཆུ་ལས་བསྒྲལ་བྱའི་ཕྱིར། །ཆོ་གའི་གྲུ་གཟེངས་སྩོལ་མཛད་རྒྱལ་གྱུར་ཅིག །ཟར་མའི་མེ་ཏོག་རྣམ་པར་རྒྱས་འདྲ་ཡི། །མིག་གི་དབང་པོས་གང་གི་འོད་ཟེར་གྱི། །ཟུར་ཙམ་མཐོང་ནའང་ཀུན་ནས་དད་པའི་ཡིད། །ཟར་ཟིར་གཡོ་བར་མཛད་སླད་དམ་པར་འཚལ། །དེ་སླད་འཛམ་བུའི་ཆུ་གཏེར་ལྟར་དྭངས་པ། །འཛུམ་པའི་མདངས་ལྡན་སྤྱན་གྱིས་ལེགས་གཟིགས་པས། །འཛེམ་པའི་ཡིད་བྲལ་ཆོས་ལ་དབང་སྒྱུར་ཞིང༌། །དཔལ་ཀུན་བདག་ལ་འཛོམ་པར་མཛད་དུ་གསོལ། །འདོད་འཇོའི་བ་ལྟར་དངོས་གྲུབ་ཀུན་འབྱུང་ཞིང༌། །དཔལ་གྱི་བེའུ་སོགས་མཚན་དཔེའི་དཔལ་མངའ་བ། །བུ་རམ་ཤིང་པའི་རྒྱུད་དུ་གང་འཁྲུངས་པ། །སྐྱེ་བོ་ཀུན་སྐྱོབ་སྐྱོབ་པས་བདག་སྐྱོབས་ཤིག །གང་གིས་བདུད་ཀྱི་རྒྱལ་མཚན་རབ་བསྙལ་ནས། །གཞུང་ལུགས་ངན་པའི་བ་དན་སྙོལ་མཛད་ཅིང༌། །བདག་ལྟའི་རི་བོ་ཀུན་ནས་སྙིལ་བྱེད་པ། །བསྙེལ་བ་མི་མངའི་ཐུགས་མངའ་ཡུད་ཙམ་དགོངས། །མཁའ་ལྟར་ཡངས་པའི་བློ་གྲོས་དང་ལྡན་ཞིང༌། །ཉེས་སྐྱོན་ཡུངས་འབྲུ་ཙམ་གྱིས་མ་གོས་པ། །རྟག་ཏུ་མི་ཡེངས་འགྲོ་ལ་ཕན་དགོངས་པའི། །ཡོངས་སུ་འཛིན་པའི་བཤེས་ལ་བདག་དད་ཀྱང༌། །སྐྱེ་དགུ་ཉིན་མོར་བྱེད་པ་རྒྱལ་བའི་གསུང༌། །རྣམ་པར་མི་ཉན་ཡིད་ལ་མི་བྱེད་པའི། །ཉོན་མོངས་ཁོལ་པོའི་ཚོགས་ཀྱིས་བསྒྲུབས་པ་ཡིས། །བདག་ཡིད་ཉེས་པའི་ཚུལ་ཡང་འདི་ལྟར་སྣང༌། །སྐྱབས་མཆོག་དྲི་མེད་གསུམ་ལ་བརྟེན་བཞིན་དུ། །སྐྱོབ་པའི་གསུང་ལ་ཡིད་ཀྱང་མི་རྟོན་ཞིང༌། །སྐྱོན་ལྡན་བྱ་བ་བརྟུན་ནས་སྒྲུབ་བྱེད་པས། །བདག་ཡིད་སྐྱོ་བ་བརྟེན་པར་བསྐྱེད་པར་འགྱུར། །སེམས་ཀྱི་ཐ་བ་ཀུན་ནས་མ་ཐུལ་ཞིང༌། །ལེགས་པར་འདོམས་པའི་ངག་ལའང་ཐེ་ཚོམ་སྐྱེད། །བློ་གྲོས་ཡངས་པ་རྣམས་ལ་ཐོ་འཚམས་པ། །ཐུབ་མཆོག་རྣམས་ཀྱི་རྣམ་ཐར་འདི་འདྲ་ལགས། །བརྟུལ་ཞུགས་འཛིན་པ་ཉིད་དུ་དམ་འཆའ་ཞིང༌། །མཆོད་འོས་ཉིད་དུ་ཉེ་བར་ཁས་འཆེ་བཞིན། །འཆི་བའང་མི་དྲན་སྡུག་བསྔལ་མྱུ་གུ་ཡི། །ཆུ་བ་འཕེལ་བ་དེ་དག་གྱི་ནའི་བཤེས། །ལོག་པར་རློམ་པའི་ཡིད་ཀྱི་གཟེངས་མཐོ་ཞིང༌། །ཆགས་དང་སྡང་བའི་ཚེར་མས་རྣམ་པར་གཟེངས། །དྲན་པའི་གཟུངས་དང་བྲལ་ཞིང་དྲེགས་པ་ཡིས། །གཟེངས་བསྟོད་གྱུར་པའི་ཚོགས་ལ་བསྙེན་པར་དཀའ། །དམ་པའི་སྲོལ་བཟང་ལམ་ལས་ཕྱིར་ཕྱོགས་ཤིང༌། །དམན་པའི་ལུགས་ངན་རྒྱན་ལྟར་བསྲེལ་བྱེད་པ། །སྲིལ་ལྟར་གང་ལ་བརྟེན་པ་རླག་བྱེད་པ། །སྲུལ་པོ་ལྟར་ཡང་དེ་དག་བལྟར་མི་འཚལ། །རང་ལ་རྗེས་དཔག་གཞན་ལ་ལོག་པར་ལྟ། །དམ་ཆོས་རིང་སྤོང་ལྷ་དང་བླ་མ་ཡི། །གྲོགས་དང་བྲལ་བས་རེང་བུར་གནས་གྱུར་པ། །དེ་དག་བསྟེན་པར་རུང་སྙམ་མ་མཆིས་སོ། །ཚུལ་མིན་ཡིད་ཀྱི་དབའ་ཀློང་རབ་འཁྲུགས་ཤིང༌། །བརླང་བའི་ངག་སྨྲ་ཤིན་ཏུ་ཁེངས་པའི་ཡིད། །རབ་ཏུ་བརླིང་ཞིང་མཛའ་བ་མི་བརྟན་པས། །རླུང་ལྟར་གཡོ་བ་རྣམས་ཀྱིས་བདག་ཡིད་བསྐྱོད། །བསླབ་པས་མ་བསྡམས་སེམས་ཀྱང་ཡན་གཏོང་ཞིང༌། །སྐྱོན་དང་ཡོན་ཏན་རྣམ་པར་མི་དཔྱོད་པར། །འདི་ཉིད་ཡིན་ཞེས་རང་དགར་གང་སྨྲ་བ། །དེ་དང་ཡུན་དུ་འགྲོགས་པར་བདག་མི་འཚལ། །ལང་ཚོའི་དཔལ་གྱིས་དྲེགས་ཤིང་བློ་ཡི་མིག །ཚུལ་མིན་ཡིད་བྱེད་ལིང་ཏོག་གིས་ཁེབས་པ། །རྟག་ཏུ་ལོང་བ་ལྟ་བུར་གྱུར་རྣམས་ལ། །ལུང་རིགས་སྣང་བ་དོན་དུ་ཇི་ལྟར་འགྱུར། །རྣ་བའི་སྙིམ་པས་རྣམ་པར་མི་འཛིན་ཅིང༌། །སྙོམས་གནས་སྒྲུབ་པའི་རོ་མྱང་མི་འཚོལ་ལ། །སྙེམས་བྲལ་བདུད་རྩིའི་གསུང་གི་ཆར་ཕབ་ཀྱང༌། །ཕན་པར་འགྱུར་བ་སྙམ་ཡང་མི་བགྱིད་དོ། །ཇི་ལྟར་ཆུ་ཀླུང་དུ་མ་འབབ་པ་ཡིས། །རྒྱ་མཚོའི་ཀློང་ལྟར་འབྱོར་པས་ཚིམ་མེད་ཅིང༌། །རིན་ཆེན་གླིང་དུའང་མཆིང་བུའི་ཕྱིར་རྩོད་པ། །དེ་ལ་ཆོས་ཀྱི་གླེང་བས་ཅི་ཞིག་བགྱི། །ཡིད་ཀྱང་མ་ཞི་དབང་པོ་མ་དུལ་བས། །འཚོགས་ན་ཅ་ཅོ་ག་ཞའི་སྒྲ་འབྱིན་ཅིང༌། །སྲི་ཞུའི་ཡིད་དང་བྲལ་བས་མཆོད་འོས་ལའང༌། །ཞེ་སར་བགྱིད་པ་ལྟ་ཡང་ག་ལ་མཆིས། །སྐྱེ་བོ་མི་བསྲུན་བདག་དཔལ་ཉམས་པ་བས། །གཞན་གྱི་དཔལ་ལ་ཡིད་བསྲན་མི་བཟོད་ཅིང༌། །ཤིང་ལྟར་སྒྲོན་པས་ལས་སུ་མི་རུང་བ། །སྲིན་པོ་མི་གཟུགས་བཟུང་བ་ཉིད་ལགས་གྲང༌། །སྐྱོབ་པས་ལེགས་གསུངས་ཡང་དག་ལམ་བཟང་ལས། །ལོགས་སུ་འདོང་ཞིང་རྒྱལ་པོས་བཅས་པ་ཡི། །ཁྲིམས་ལུགས་ལས་ཀྱང་འདའ་བར་སྤྱོད་བྱེད་པ། །ཚུལ་འདི་ཇི་ལྟར་ལགས་པ་གསུང་དུ་གསོལ། །དམ་ཚིག་རྭ་བ་རྣམ་པར་འདྲལ་བྱེད་ཅིང༌། །རེ་བ་སུན་འབྱིན་དོགས་པ་སྒྲུབ་བྱེད་པ། །འདོད་པའི་རོ་ཡིས་མྱོས་པའི་ལོག་སྒྲུབ་ཁུར། །རི་བོའི་ལྷུན་པས་བདག་ལ་ལྗི་བར་གྱུར། །མ་རུངས་གང་དག་རང་དང་གཞན་གྱི་རྒྱུད། །མེ་ཡིས་ཤིང་ལྟར་ཀུན་ནས་སྲེག་བྱེད་པས། །མུ་མཐའ་མེད་པའི་སྲིད་ལམ་རྒྱུ་བ་ལ། །མི་མཆོག་རྣམས་ཀྱིས་མཛད་པའི་ཡུལ་མིན་ན། །ཁ་ན་མ་ཐོའི་ཚོགས་དང་བཅས་གྱུར་ཅིང༌། །ཁེ་དང་བཀུར་སྟིའི་འདུ་འཛིས་རྣམ་གཡེངས་པས། །ཁུ་འཕྲིག་ཅན་གྱི་ཆོས་གཏིང་མ་འཚལ་བ། །ཁོ་བོ་ལྟ་བུས་སྨོས་ཀྱང་ཅི་ཞིག་འཚལ། །དེ་འདྲ་གཅིག་དང་གཉིས་སུ་མ་བས་ཏེ། །དུ་མར་གྱུར་སླད་དུ་མའི་དཔུང་བརྗིད་པས། །དོ་ཟླ་ཙམ་དུའང་བདག་གིས་མ་སྤྱོད་སླད། །དེ་རིང་སླན་ཆད་ཟླ་བྲལ་གནས་པར་འཚལ། །གཟའ་དང་སྐར་མའི་ཚོགས་རྣམས་ཟིལ་གནོན་པའི། །གཟི་བརྗིད་རབ་འབར་ཉི་མའི་དཀྱིལ་འཁོར་ལ། །གཟུ་བོའི་ཡིད་ལྡན་མི་རྣམས་དགའ་ལགས་ཀྱང༌། །དྲིན་གཟོ་མེད་པའི་འབྱུང་པོ་སྨོན་མི་བགྱིད། །བདག་ཀྱང་དད་པའི་ཡིད་དང་རྣམ་བྲལ་ཞིང༌། །དུད་འགྲོ་ཇི་བཞིན་ཕྱོགས་ཀྱང་མི་འཚལ་ལོ། །ལས་ཀྱིས་དེད་པས་ཡིད་ལ་སྡུག་བསྔལ་རྨ། །དོད་པར་གྱུར་པ་གསོ་ཕྱིར་ཐུགས་རྗེས་དགོངས། །དྲང་སྲོང་བླ་མ་ཁྱོད་ཀྱི་ཐུགས་རྗེ་ཡི། །ཕྱག་གིས་སྡུག་བསྔལ་འདམ་ལས་བདག་དྲོངས་ལ། །བྱང་ཆུབ་ཤིང་དྲུང་བདུད་ཀྱི་སྡེ་འཇོམས་ཤིང༌། །གཞན་གྱི་དྲིང་མི་འཇོག་པར་མཛད་དུ་གསོལ། །འཇག་མིག་སྲིན་བུའི་བར་སྙེད་འགྲོ་བ་ཀུན། །འཇིག་རྟེན་འདྲེན་པ་གཤེགས་པའི་ལམ་བཟངས་ལ། །ཀུན་ནས་འཇུག་ཅིང་རྡོ་རྗེ་ལྟ་བུ་ཡི། །ཏིང་ངེ་འཛིན་ལ་མཉམ་པར་འཇོག་གྱུར་ཅིག །ས་སྐྱའི་འཇམ་མགོན་ཞབས་ལ་གུས་གཏུགས་ཤིང༌། །སྐྱུ་རུ་ར་ཡི་ཚུལ་གྱིས་ལུས་ལྡན་ཡང༌། །སྐྱེ་མེད་དོན་ལ་ངེས་པའི་བློ་གྲོས་ཅན། །སྐྱོ་བའི་ཡིད་ཅན་འཕགས་པ་ཞེས་བྱ་བས། །ཤ་སོགས་མ་དག་ཟས་རྣམས་རྣམ་སྤངས་ཤིང༌། །ཤོ་སོགས་རྩེ་འཇོའི་སྦྱོར་བས་མ་གཡེངས་པར། །ཤི་རྒ་མེད་པའི་ལམ་ལ་རབ་འདུན་པ། །ཤུ་ཀི་ཞེས་བྱའི་དགོན་པར་སྦྱར་བ་ཡིན། །སྐྱོ་བའི་གཏམ་ཚིགས་སུ་བཅད་པ་སུམ་ཅུ་རྩ་ལྔ་པ་ཞེས་བྱ་བ། ས་མོ་ལུག་གི་ལོ་དབྱུ་གུའི་ཟླ་བ་ལ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*