ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་དོན།

༼བ༽

༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་དོན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང༌། །ཡོན་ཏན་ཕྲིན་ལས་གང་གིས་གསལ་མཛད་པའི། །མགོན་པོ་དེ་ལ་གུས་པས་ཕྱག་འཚལ་ནས། །དེ་ཡི་གསུང་གི་བསྡུས་དོན་བྲི་བར་བྱ། །དེ་ལ་ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་འདི་ལ་དོན་གཉིས། བརྩམ་པར་བྱ་བ་གཞུང་གི་དོན་དང༌། མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གསུམ། བསྟན་བཅོས་ལུས་ཀྱི་བརྗོད་བྱ་བསྡུས། གོ་རིམ་མདོ་དང་མཐུན་པ། དེའི་འབྲེལ་རྣམ་པར་གཞག་པ་གསུམ་གྱིས། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་དབྱེ་བའོ། །དེ་ལ་གཉིས། འབྲས་བུ་དཀོན་མཆོག་གི་རྣམ་པར་གཞག་པ་དང༌། རྒྱུ་དཀོན་མཆོག་གི་རིགས་རྣམ་པར་གཞག་པའོ། །དང་པོ་ལ་གཉིས། སྐྱབས་དཀོན་མཆོག་གསུམ་སོ་སོའི་རྣམ་པར་གཞག་པ་དང༌། ཐུན་མོང་གི་རྣམ་གཞག་གོ །དང་པོ་ལ་གསུམ། སངས་རྒྱས་ཀྱི་རང་བཞིན་རྣམ་པར་གཞག་པ། དེ་ཉིད་ཀྱི་དོན་བསྡུ་བ། རྒྱས་པར་བཤད་པ་གསུམ་གྱིས་སངས་རྒྱས་དཀོན་མཆོག ཆོས་ཀྱི་རང་བཞིན་རྣམ་པར་གཞག་པ། དེ་ཉིད་ཀྱི་དོན་བསྡུ་བ། རྒྱས་པར་བཤད་པ་གསུམ་གྱིས་ཆོས་དཀོན་མཆོག ཕྱིར་མི་ལྡོག་པའི་དགེ་འདུན་གྱི་རང་བཞིན་རྣམ་པར་གཞག་པ། དེ་ཉིད་ཀྱི་དོན་བསྡུ་བ། རྒྱས་པར་བཤད་པ་གསུམ་གྱིས་དགེ་འདུན་དཀོན་མཆོག ཐུན་མོང་གི་རྣམ་པར་གཞག་པ་ལ་གསུམ། སྐྱབས་གསུམ་དུ་འཇོག་པའི་རྒྱུ་མཚན། ཆོས་དང་དགེ་འདུན་ཀུན་རྫོབ་ཀྱི་སྐྱབས་སུ་བསྟན་པ་དང༌། སངས་རྒྱས་དོན་དམ་པའི་སྐྱབས་སུ་བསྟན་པ་གཉིས་ཀྱིས་སྐྱབས་ཀྱི་ཁྱད་པར་གཞག་པ། དཀོན་མཆོག་རིན་པོ་ཆེ་དང་འདྲ་བར་བསྟན་པས་མིང་གི་དོན་ངེས་པར་བྱ་བའོ། །དོན་གཉིས་པ་རྒྱུ་དཀོན་མཆོག་གི་རིགས་རྣམ་པར་གཞག་པ་ལ་གཉིས། རྣམ་གཞག་དངོས་དང༌། དེ་ལ་མོས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། རིགས་ཀྱི་དོན་མདོར་བསྟན་པ། དེ་ཉིད་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་ཡུལ་དུ་བསྟན་པ། བསམ་གྱིས་མི་ཁྱབ་པའི་དོན་རྒྱས་པར་བཤད་པ། དེ་རྣམས་རྒྱུ་དང་རྐྱེན་དུ་གཞག་པ་བཞིས་དཀོན་མཆོག་གི་རིགས་སྤྱིའི་རྣམ་གཞག་དང༌། སོ་སོའི་རྣམ་གཞག་གོ །དེ་ལ་བཞི། ཁམས་རང་བཞིན་གྱི་དག་པ། དྲི་མ་མེད་པའི་བྱང་ཆུབ། དབྱེར་མེད་པའི་ཡོན་ཏན། མཛད་པ་ཕྲིན་ལས་སོ། །དང་པོ་ལ་གཉིས། དྲང་དོན་གྱི་དབང་དུ་བྱས་ཏེ་ཁམས་རྣམ་དག་ཡོད་པར་གཏན་ལ་དབབ་པ་དང༌། ངེས་དོན་གྱི་དབང་དུ་བྱས་ཏེ། དེ་ཉིད་དགོངས་པ་ཅན་དུ་བཤད་པའོ། །དང་པོ་ལ་གསུམ། ཁམས་ཡོད་པའི་སྒྲུབ་བྱེད་དགོད་པ། ཁམས་དེའི་རྣམ་གཞག་རྒྱས་པར་བཤད་པ། ཡོད་ཀྱང་མི་མཐོང་བར་བསྟན་པའོ། །གཉིས་པ་ལ་གཉིས། སྡོམ་གྱི་མདོར་བསྟན་པ་དང༌། དོན་དབྱེ་བས་རྒྱས་པར་བཤད་པའོ། །དེ་ལ་བདུན། ངོ་བོ་དང་རྒྱུའི་དོན། འབྲས་བུ་དང་ལས་ཀྱི་དོན། ལྡན་པའི་གྲོགས། དབྱེ་བའི་དོན། མདོར་བསྟན་རྒྱས་བཤད་གཉིས་ཀྱིས་ཀུན་ཏུ་འགྲོ་བ། འགྱུར་བ་མེད་པ། དབྱེར་མེད་པའི་དོན་ནོ། །དང་པོ་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དེ་ལ་གཉིས། ངོ་བོ་རྒྱས་པར་བཤད་པའོ། །སྒྲིབ་པ་བཞིའི་གཉེན་པོར་རྒྱུ་བཞི་བསྟན་པ་དང༌། རྒྱུ་བཞི་དང་ལྡན་པས་ཐུབ་པའི་སྲས་སུ་བསྟན་པ་གཉིས་ཀྱིས་རྒྱུའི་དོན་རྒྱས་པར་བཤད་པའོ། །འབྲས་བུ་དང་ལས་ཀྱི་དོན་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །འབྲས་བུ་རྒྱས་པར་བཤད་པ་ལ་གཉིས། གཉེན་པོས་ཕྱེ་བའི་འབྲས་བུ་བཞི་བསྟན་པ་དང༌། ཡོན་ཏན་བཞི་པོ་གཏན་ལ་དབབ་པ་གཉིས་ཀྱིས་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞིར་བསྟན་པ་དང༌། ཤེས་རབ་སྙིང་རྗེ་མཐར་ཕྱིན་པས་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པའོ། །སྐྱེ་བ་དང་འདུན་པའི་ལས་དང་ལྡན་པ་དང༌། ལས་དང་རིགས་ཀྱི་སྒྲུབ་བྱེད་དུ་བསྟན་པ་གཉིས་ཀྱི་ལས་རྒྱས་པར་བཤད་པའོ། །ལྡན་པའི་གྲོགས་ལ་གཉིས། མདོར་བསྟན་པ། རྒྱུའི་ལྡན་པ་དང་འབྲས་བུའི་ལྡན་པ་གཉིས་ཀྱིས་རྒྱས་པར་བཤད་པའོ། །དབྱེ་བའི་དོན་ལ་གཉིས། མདོར་བསྟན་རྒྱས་བཤད་གཉིས་ཀྱིས་འཇུག་པ་དབྱེ་བ་དང༌། མདོར་བསྟན་རྒྱས་བཤད་གཉིས་ཀྱིས་གནས་སྐབས་ཀྱི་དབྱེ་བའོ། །འགྱུར་བ་མེད་པའི་དོན་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དེ་ལ་གསུམ། མ་དག་པའི་གནས་སྐབས། དག་པ་དང་མ་དག་པའི་གནས་སྐབས། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་འགྱུར་བ་མེད་པའོ། །དང་པོ་ལ་གཉིས། འགྱུར་བ་མེད་པ་ནམ་མཁའི་དཔེས་བསྟན་པ། རྐྱེན་གྱི་སྐྱེ་འཇིག་ཏུ་མི་འགྱུར་བ་དང༌། འཇིག་རྐྱེན་གསུམ་གྱིས་མི་འཇིག་པར་བརྟན་པ་གཉིས་ཀྱི་སྐྱེ་འཇིག་མེད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། རྒྱས་པར་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ལྔ། རང་དྲི་མས་མ་གོས་པ། གཞན་སྐྱེ་འཇིག་གི་གཞི་ཡིན་པ། རྐྱེན་གྱིས་འཇིག་པར་མི་འགྱུར་བ། དཔེ་དང་དོན་དང་ཕན་ཚུན་སྦྱར་བ་གསུམ་གྱི་རྟེན་ནས་མེད་པ། རྒྱུ་རྐྱེན་གྱིས་སྐྱེ་འཇིག་མེད་པའོ། །དག་པ་དང་མ་དག་པའི་གནས་སྐབས་སུ་འགྱུར་བ་མེད་པ་ལ་གསུམ། མདོར་བསྟན་པ་དང་དག་པ་དང་མ་དག་པའི་དོན་བཤད་པ་གཉིས་ཀྱིས་རྒྱས་བཤད། ཤིན་ཏུ་རྒྱས་པར་བཤད་པའོ། །དེ་ལ་བཞི། མདོ་རྒྱས་གཉིས་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྐབས་དཔེ་དོན་གཉིས་ཀྱི་སྤྱོད་པ་ལ་ཞུགས་པའི་སྐབས། ཕྱིར་མི་ལྡོག་པའི་སྐབས། སྐྱེ་བ་གཅིག་གིས་ཐོགས་པའི་སྐབས་སོ། །དེ་ལ་གཉིས། དག་པ་དང་མ་དག་པ་གཉིས་ཀྱིས་རང་བཞིན་གྱི་དོན་བསྒྲུབ་པ་དང༌། མཉམ་པ་དང་མི་མཉམ་པའི་ཁྱད་པར་རོ། །ཤིན་ཏུ་རྣམ་པར་དག་པའི་སྐབས་སུ་འགྱུར་བ་མེད་པ་ལ་གསུམ། འགྱུར་མེད་ཀྱི་དོན་བཞི་མདོར་བསྟན་པ། དེ་ཉིད་ཀྱི་ཕྱིར་སྐྱེ་འཆི་ན་རྒ་ལས་གྲོལ་བ་དང༌། དེ་དག་གི་དོན་བསྡུ་བ་གཉིས་ཀྱིས་རྒྱས་བཤད། ཤིན་ཏུ་རྒྱས་བཤད་དོ། །དབྱེ་བ་མེད་པའི་དོན་ལ་གཉིས། མདོར་བསྟན་པ་དང༌། རྒྱས་བཤད་དོ། །དེ་ལ་གཉིས། མིང་གི་རྣམ་གྲངས་བཞིར་བསྟན་པ། དེར་འཇོག་པའི་དོན་བསྟན་པ་གཉིས་ཀྱིས་གང་དང་དབྱེར་མེད་པ་ཟག་མེད་ཀྱི་དབྱིངས་དང༌། གང་དབྱེར་མེད་པའི་སངས་རྒྱས་སོ། །དེ་ལ་གསུམ། སངས་རྒྱས་དང་མྱ་ངན་ལས་འདས་པ་དབྱེར་མེད་པ། དེ་ཉིད་ཉི་མ་དང་མཚུངས་པར་བསྟན་པ། དེས་ན་སངས་རྒྱས་ལས་གཞན་དུ་མྱ་ངན་ལས་འདས་པ་མེད་པར་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་གཉིས། ཡོན་ཏན་བཞི་ལྡན་གྱི་སངས་རྒྱས་ཉིད་ཐར་པ་བསྟན་པ། རི་མོ་མཁན་གྱི་དཔེ་དང༌། དོན་ལ་སྦྱར་བ་གཉིས་ཀྱིས་ཡོན་ཏན་ཐམས་ཅད་བྱེ་བྲག་ཏུ་བཤད་པའོ། །དོན་གཉིས་པ་ཡོད་ཀྱང་མི་མཐོང་བ་བསྟན་པ་ལ་གསུམ། རྐྱེན་གང་གིས་མི་མཐོང་བ་དཔེས་བསྟན་པ། གང་ཟག་གང་གིས་མི་མཐོང་བ་དེ་འཇུག་ཚུལ་དང་བཅས་པ། གསལ་བཞག་དང་བྲལ་བ། སྒྲོ་སྐུར་དང་བྲལ་བ་གཉིས་ཀྱིས། གང་མི་མཐོང་བའི་དོན་བསྟན་པའོ། །དང་པོ་ལ་གཉིས། མཚམས་སྦྱར་གྱི་ཚུལ་གྱི་དཔེས་རྟོགས་བྱར་བསྟན་པ་དང༌། དཔེ་དོན་རྒྱས་པར་བཤད་པའོ། །དེ་ལ་གཉིས། སྒྲིབ་བྱེད་དང༌། བསྒྲིབ་བྱ་དཔེ་དོན་སྦྱར་ཏེ་བསྟན་པ་དང༌། སྒྲིབ་བྱེད་དང་བསྒྲིབ་བྱ་སོ་སོར་གཏན་ལ་དབབ་པའོ། །དང་པོ་ལ་གསུམ། དཔེ་དོན་སོ་སོར་བསྟན་པས་མདོར་བསྟན། ཕན་ཚུན་སྦྱར་བས་རྒྱས་བཤད། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་གཉིས། དཔེ་དགུ་དང༌། དོན་བསྟན་པ་གཉིས་ཀྱིས་དཔེ་དོན་རྣམ་པར་གཞག་པ་དང༌། དེ་ཉིད་ཀྱི་དོན་བསྡུ་བའོ། །གཉིས་པ་ཕན་ཚུན་སྦྱར་བ་ལ་དགུ། པདྨས་རྒྱལ་བའི་སྐུ་སྒྲིབ་པ་དང་འདྲ་བ། སྦྲང་བུས་སྦྲང་རྩི། སྤུན་པས་འབྲུ། མི་གཙང་བས་གསེར། སས་གཏེར། ས་བོན་གྱིས་མྱུ་གུ། གོས་ཧྲུལ་གྱིས་རྒྱལ་བའི་སྐུ། མངལ་གྱིས་མི་བདག འདམ་པས་གསེར་གྱི་སྐུ་བསྒྲིབས་པ་དང་འདྲ་བར་བསྟན་པའོ། །དེ་དག་རེ་རེ་ལའང་དཔེ་བསྟན་པ། དོན་བསྟན་པ། དཔེ་དོན་སྦྱར་བ་གསུམ་གསུམ་གྱིས་རིགས་པར་བྱའོ། །དེ་དག་གི་དོན་བསྡུ་བ་ལ་གཉིས། སྒྲིབ་བྱེད་ཀྱི་དཔེ་དང༌། བསྒྲིབ་བྱའི་དཔེ་གཉིས་ཀྱིས་དཔེ་བསྡུ་བ་དང༌། དོན་བསྡུ་བའོ། །གཉིས་པ་སྒྲིབ་བྱེད་དང༌། བསྒྲིབ་བྱ་སོ་སོར་བསྟན་པ་ལ་གཉིས། སྒྲིབ་བྱེད་དྲི་མ་རྣམ་གཞག བསྒྲིབ་བྱ་དོན་གྱི་རྣམ་གཞག་གོ །དང་པོ་ལ་གསུམ། སྒྲིབ་བྱེད་ཀྱི་དོན་འདོད་ཆགས་ལ་སོགས་པ་དགུར་བསྟན་པ་དང༌། པདྨ་ལ་སོགས་པའི་དཔེ་དང་མཚུངས་པར་བཞག་པ་གཉིས་ཀྱིས་གང་གིས་བསྒྲིབ་པའི་དྲི་མ། གང་ལ་བསྒྲིབ་པའི་གང་ཟག སྒྲིབ་བྱེད་ཀྱི་དཔེ་དོན་ཆོས་མཐུན་བསྟན་པའོ། །དེ་ལ་གཉིས། བག་ལ་ཉལ་གྱི་འདོད་ཆགས་དང་པདྨ་མཚུངས་པ། ཞེ་སྡང་དང་སྦྲང་བུ། གཏི་མུག་དང་སྤུན་པ། ཉོན་མོངས་པ་ཀུན་ལྡང་དང་མི་གཙང་བ། བག་ཆགས་དང་ས། མཐོང་སྤང་དང་ས་བོན། བསྒོམ་སྤང་དང་གོས་ཧྲུལ། མ་དག་པ་ལ་བརྟེན་པའི་དྲི་མ་དང་མངལ། དག་པ་ལ་བརྟེན་པའི་དྲི་མ་དང༌། འདམ་པ་མཚུངས་པར་བསྟན་པ་དགུས་དཔེ་དོན་ཆོས་མཐུན་རྒྱས་བར་བཤད་པ། དེ་ཉིད་ཀྱི་དོན་བསྡུ་བའོ། །བསྒྲིབ་བྱ་དོན་གྱི་རྣམ་གཞག་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ཤིན་ཏུ་རྒྱས་པར་བཤད་པའོ། །དེ་ལ་གསུམ། ཆོས་ཀྱི་སྐུ་གསུམ་དུ་དབྱེ་བ་དང༌། དཔེ་གསུམ་དང་མཚུངས་པར་བསྟན་པ་གཉིས་ཀྱིས་ཆོས་ཀྱི་སྐུ། དེ་བཞིན་ཉིད་གསེར་དང་མཚུངས་པ། རང་བཞིན་དང༌། རྒྱས་པའི་རིགས་གཏེར་དང་ལྗོན་ཤིང་དང་མཚུངས་པ་དང༌། དེ་ལས་གྲུབ་པའི་སྐུ་གསུམ་དཔེ་ལྷག་མ་གསུམ་དང་མཚུངས་པ་གཉིས་ཀྱི་རིགས་དཔེ་ལྔ་དང་མཚུངས་པའོ། །དོན་གཉིས་པ་ངེས་དོན་གྱི་དབང་དུ་བྱས་ཏེ། དེ་ཉིད་དགོངས་པ་ཅན་དུ་བཤད་པ་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དེ་ལ་གཉིས། ཆོས་ཐམས་ཅད་སྟོང་པར་བསྟན་པས་དངོས་ལ་གནོད་བྱེད་དགོངས་ཏེ་གསུངས་པའི་དགོངས་པའོ། །དེ་ལ་གཉིས། ཉེས་པ་ལྔ་སྤངས་པའི་དགོས་པ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གསུམ། སེམས་ཞུམ་པ། སེམས་ཅན་དམན་པ་ལ་བརྙས་པ། ཡང་དག་མི་འཛིན་པ། ཡང་དག་པ་ལ་སྐུར་བ། བདག་ལ་ཆགས་པ་སྟེ་ལྔས་བསལ་བྱའི་སྐྱོན། སེལ་བྱེད་ཀྱི་རྐྱེན། བསལ་བྱའི་ཕན་ཡོན། དོན་ལ་གཉིས། དྲི་མ་མེད་པའི་བྱང་ཆུབ་པ་ལ་གཉིས། སྡོམ་གྱི་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་ལྔ། ངོ་བོ་དང་རྒྱུའི་དོན། འབྲས་བུའི་དོན། ལས་ཀྱི་དོན། ལྡན་པའི་གྲོགས། འཇུག་པའི་དོན་ནོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། ངོ་བོ་རྒྱས་བཤད་དང༌། །རྒྱུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དཔེའི་སྒོ་ནས་མདོར་བསྟན་པ་རང་བཞིན་རྣམ་པར་དག་པ་དང༌། དྲི་མ་མེད་པའི་རྣམ་པར་དག་པ་གཉིས་རྒྱས་པར་བཤད་པའོ། །འབྲས་བུ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། མཉམ་གཞག་དང་རྗེས་ཐོབ་གཉིས་ཀྱི་འབྲས་བུ་སྤངས་རྟོགས་མདོར་བསྟན་པ། དཔེ་གསུམ་གྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་བ་དང༌། དཔེ་དགུས་རྟོགས་པ་སྐུ་གསུམ་གྱི་ཡོན་ཏན་བསྟན་པ་གཉིས་ཀྱིས་དེ་ཉིད་དཔེ་དང་སྦྱར་ཏེ་རྒྱས་པར་བཤད་པའོ། །ལས་ཀྱི་དོན་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དེ་ལ་གཉིས། སྐུ་གཉིས་དང༌། དེ་ཉིད་ལས་གསུམ་དུ་དབྱེ་བ་གཉིས་ཀྱི་ལས་ཀྱི་གཞི་གང་ཡིན་པ། དེ་ལ་བརྟེན་པའི་ལས་སོ། །དེ་ལ་གཉིས། རང་དོན་གྱི་ལས་དང༌། གཞན་དོན་གྱི་ལས་སོ། །དང་པོ་ལ་གཉིས། ཆོས་བཞི་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་བཞི། ཟག་པ་མེད་པ། ཁྱབ་པ། བརྟན་པ། ཞི་བ། རྟག་པ། འཕོ་བ་མེད་པ་བཞིས་འདུས་མ་བྱས། དཀར་པོའི་ཆོས་ཀྱི་གནས་སུ་བསྟན་པའོ། །ལྡན་པའི་གྲོགས་ལ་གསུམ། ཟག་མེད་ཀྱི་ཆོས་བཅོ་ལྔ་མདོར་བསྟན་པ། སྐུ་གཉིས་ཀྱི་རྟེན་དུ་བརྟན་པ། ཆོས་བཅོ་ལྔ་པོའི་སོ་སོའི་དོན་རྒྱས་པར་བཤད་པའོ། །འཇུག་པའི་དོན་ལ་གསུམ། འཇུག་པའི་ངོ་བོ་སྐུ་གསུམ་གྱི་རྣམ་གཞག འཇུག་པའི་དུས་བརྟག་པ། འཇུག་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། སངས་རྒྱས་སྐུ་གསུམ་གྱི་འཇུག་པ་སྤྱིར་བསྟན་པ། དེ་ཉིད་ཀྱི་ཁྱད་པར་རྒྱས་པར་བཤད་པའོ། །དེ་ལ་གསུམ། ཆོས་ཀྱི་སྐུ། ལོངས་སྐུ། སྤྲུལ་པའི་སྐུའོ། །དང་པོ་ལ་གཉིས། མཚན་ཉིད་ལྔ། ངོ་བོ་དང་སྒྲུབ་བྱེད་ཀྱི་གཏན་ཚིགས་གཉིས་ཀྱིས་ཡོན་ཏན་ལྔ་བསྟན་པའོ། །ལོངས་སྐུ་ལ་གཉིས། ཡོན་ཏན་ལྔ་རྣམ་པར་གཞག་པ་དང༌། དོན་བསྡུ་བ་གཉིས་ཀྱིས་མདོར་བསྟན་པ་དང༌། རྒྱས་བཤད་དོ། །སྤྲུལ་པའི་སྐུ་ལ་གསུམ། ཇི་ལྟར་སྤྲུལ་པའི་ཚུལ། གང་ལ་སྤྲུལ་པའི་དོན། བསྟན་པའི་ཆོས་གསུམ་གྱིས་ལམ་ལ་མ་ཞུགས་པ་འཇུག་པ། ཞུགས་པ་སྨིན་པར་མཛད་པ། སྨིན་པ་ལུང་སྟོན་པའོ། །འཇུག་པའི་དུས་བརྟག་པ་ལ་གཉིས། ཆོས་བཅུ་མདོར་བསྟན་པ་སོ་སོའི་དོན་གཏན་ལ་དབབ་པ་དང༌། དེ་དག་སྐུ་གཉིས་སོ་སོ་ལ་སྦྱར་བ་གཉིས་ཀྱིས་རྒྱས་པར་བཤད་པའོ། །འཇུག་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་གཉིས། མདོར་བསྟན་པ། རྒྱུ་གང་གིས་བསམ་གྱིས་མི་ཁྱབ་པའི་ཆོས་དྲུག་དང༌། གང་བསམ་གྱིས་མི་ཁྱབ་པའི་སྐུ་གཉིས་དང༌། སུས་བསམ་གྱིས་མི་ཁྱབ་པའི་གང་ཟག་གསུམ་གྱིས་རྒྱས་པར་བཤད་པའོ། །དོན་གསུམ་པ། དབྱེར་མེད་པའི་ཡོན་ཏན་ལ་གཉིས། མདོར་བསྟན། རྒྱས་བཤད་གཉིས་ཀྱིས་རྟེན་དང་བརྟེན་པའི་རྣམ་གཞག་སྤྱིར་བསྟན་པ། རྟེན་ཡོད་པ་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གསུམ། དཔེའི་སྒོ་ནས་མདོར་བསྟན་པ། དོན་རྒྱས་པར་བཤད་པ། དཔེ་དོན་སྦྱར་བས་མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། ཡོན་ཏན་ཉིད་རྒྱས་པར་བཤད་པ། དེ་ཉིད་རྒྱས་པར་གང་དུ་རྟོགས་པར་བྱ་བའི་མདོ་སྨོས་པའོ། །དང་པོ་ལ་གཉིས། བྲལ་བའི་ཡོན་ཏན། མཚན་སུམ་ཅུ་རྩ་གཉིས་ཀྱིས་ངོ་བོ་དང༌། ཆུ་ཟླ་དང་ཆོས་མཚུངས་སྦྱར་བ་གཉིས་ཀྱིས་རྣམ་པར་སྨིན་པའི་ཡོན་ཏན་ནོ། །བྲལ་བའི་ཡོན་ཏན་ལ་གསུམ། སྟོབས་བཅུའི་ངོ་བོ་དང༌། རྡོ་རྗེ་དང་ཆོས་མཚུངས་སྦྱར་བ་གཉིས་ཀྱིས་སྟོབས་བཅུ། མདོ་རྒྱས་གཉིས་ཀྱིས་མི་འཇིགས་པ་བཞིའི་ངོ་བོ་དང༌། སེང་གེ་དང་ཆོས་མཚུངས་སྦྱར་བ་གཉིས་ཀྱིས་མི་འཇིགས་པ་བཞི། མདོ་རྒྱས་གཉིས་ཀྱིས་མ་འདྲེས་པའི་ཆོས་རྣམས་ཀྱི་ངོ་བོ་དང༌། ནམ་མཁའ་དང་ཆོས་མཚུངས་སྦྱར་བ་གཉིས་ཀྱིས་མ་འདྲེས་པའི་ཆོས་བཅོ་བརྒྱད་དོ། །དཔེ་དོན་སྦྱར་བས་མཇུག་བསྡུ་བ་ལ་གཉིས། དཔེ་དང་ཆོས་མཐུན་མདོར་བསྟན་པ། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བྲལ་བའི་ཡོན་ཏན་དཔེ་དང་སྦྱར་བ། རྟེན་གཟུགས་སྐུ་གཉིས་སུ་བསྟན་པ་དང༌། སྐུ་གཉིས་ནམ་མཁའི་ཟླ་བ་དང༌། ཆུ་ནང་གི་ཟླ་བ་དང་མཚུངས་པར་བསྟན་པ་གཉིས་ཀྱིས་རྣམ་སྨིན་གྱི་ཡོན་ཏན་དཔེ་དང་སྦྱར་བའོ། །བྲལ་བའི་ཡོན་ཏན་དཔེ་དང་སྦྱར་བ་ལ་གཉིས། དཔེ་གསུམ་དང་ཆོས་མཐུན་སྦྱར་བ་དང༌། ཡོན་ཏན་དེ་རྣམས་ཆོས་སྐུ་དང་དབྱེར་མེད་དུ་བསྟན་པའོ། །དང་པོ་ལ་གསུམ་གྱིས་བྱེད་ལས་འདྲ་བ་དང༌། ཆོས་གསུམ་གྱི་ངོ་བོ་འདྲ་བ་གཉིས་ཀྱིས་སྟོབས་རྡོ་རྗེ་དང་ཆོས་མཐུན་པ། དཔེའི་ཆོས་བཞིས་མདོར་བསྟན་པ་དང༌། ཆོས་བཞི་དོན་ལ་སྦྱར་ཏེ་རྒྱས་པར་བཤད་པ་གཉིས་ཀྱིས་མི་འཇིགས་པ་སེང་གེ་དང་ཆོས་མཐུན་པ། དོན་ལྔ་མཚོན་པའི་དཔེ་ལྔར་བཞག་པ་དང༌། མི་མཚུངས་པའི་ཁྱད་པར་གཞག་པ་གཉིས་ཀྱིས་མ་འདྲེས་པ་ནམ་མཁའ་དང་ཆོས་མཐུན་པའོ། །བཞི་པ་མཛད་པའི་ཕྲིན་ལས་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དེ་ལ་གསུམ། ལྷུན་གྱིས་གྲུབ་པ། རྒྱུན་མི་འཆད་པ། དཔེ་དགུས་ལྷུན་གྲུབ་ཀྱི་དོན་ངེས་པར་བྱ་བའོ། །དང་པོ་ལ་གཉིས། མདོ་རྒྱས་གཉིས་ཀྱིས་མཛད་པ་ལྷུན་གྱིས་གྲུབ་པ། མཛད་པ་པོ་ལྷུན་གྱིས་གྲུབ་པའོ། །དེ་ལ་གསུམ། མདོ་རྒྱས་གཉིས་ཀྱིས་དོན་བསྟན་པ། དཔེ་བསྟན་པ། དཔེ་དོན་སྦྱར་བའོ། །དཔེ་དགུས་ལྷུན་གྲུབ་ཀྱི་དོན་ངེས་པར་བྱ་བ་ལ་བཞི། དཔེ་དགུས་དོན་དང་སྦྱར་ཏེ་སོ་སོར་བཤད་པ། དཔེ་བསྟན་པའི་དགོས་པ་དང༌། གང་ལ་བཤད་པའི་མདོ་དང༌། དེ་ཐོས་པའི་ཕན་ཡོན་དང༌། གང་བཟུང་པ་དཔེས་མཚོན་པའི་དོན་བཞིས་ཐུན་མོང་དུ་གཏན་ལ་དབབ་པ། ལྷུན་གྱིས་གྲུབ་པའི་དོན་དགུ་དང༌། དེ་ཉིད་ཞི་བ་དང་རང་གི་ངོ་བོ་སྐྱེ་འཇིག་དང་བྲལ་བ་དང༌། གཞན་ལ་སྐྱེ་འཇིག་སྣང་བའི་རྒྱུ་མཚན་བཞིས་དོན་གཏན་ལ་དབབ་པ། དཔེ་དོན་མཚུངས་པ་དང་མི་མཚུངས་པའི་ཁྱད་པར་གྱིས་དོན་བསྡུ་བའོ། །དཔེ་དགུ་དོན་དང་སྦྱར་ཏེ་སོ་སོར་བཤད་པ་ལ་དགུ། དཔེ་བསྟན་པ། དོན་བསྟན་པ། དཔེ་དོན་སྦྱར་བ། མཇུག་བསྡུ་བ་བཞིས་སྐུ་སྣང་བ་བརྒྱད་བྱིན་གྱི་གཟུགས་བརྙན་གྱི་དཔེས་བསྟན་པ། གསུང་ལྷའི་རྔ་བོ་ཆེའི་དཔེས་བསྟན་པ། ཆོས་སྤྲིན་གྱི་དཔེས་བསྟན་པ། སྤྲུལ་པ་ཚངས་པ་ཆེན་པོའི་དཔེས་བསྟན་པ། ཡེ་ཤེས་འཕྲོ་བ་ཉི་མའི་དཔེས་བསྟན་པ། དཔེ་བསྟན་པ། དོན་བསྟན་པ། དཔེ་དོན་སྦྱར་བ། རྙེད་པར་དཀའ་བ་བཞིས་རྟོག་པ་མེད་པར། རེ་བ་བསྐངས་བ་ནོར་བུའི་དཔེས་བསྟན་པ། དཔེ་དང་དོན་བསྟན་པ་གཉིས་ཀྱིས་གསུང་བརྗོད་འདོད་མེད་པ་སྒྲ་བརྙན་གྱི་དཔེས་བསྟན་པ། དེ་དཔེ་དང་དོན་བསྟན་པ་གཉིས་ཀྱིས། ཐུགས་དམིགས་སུ་མེད་པ་ནམ་མཁའི་དཔེས་བསྟན་པ། དཔེ་དང་དོན་བསྟན་པ་གཉིས་ཀྱིས་གཞན་གྱི་དགེ་བའི་གཞི་བྱེད་པ་སའི་དཔེས་བསྟན་པའོ། །གསུང་ལྷའི་རྔ་བོ་ཆེའི་དཔེས་བསྟན་པ་ལ་གཉིས། དཔེ་བསྟན་པ། དཔེ་དོན་བསྟན་པ། དཔེ་དོན་སྦྱར་བ། མཇུག་བསྡུ་བ་བཞིས་རྔ་དང་མཚུངས་པ། མདོར་བསྟན་རྒྱས་བཤད་གཉིས་ཀྱིས་ལྷའི་སིལ་སྙན་གྱི་དཔེར་མི་རུང་བས་ཁྱད་པར་དུ་འཕགས་པ། གསུང་ཁྱབ་ཀྱང་མ་ཐོས་པ་རང་གི་ཉེས་པར་བསྟན་པའོ། །སྤྲིན་གྱི་དཔེས་བསྟན་པ་ལ་གཉིས། དཔེ་བསྟན་པ། དོན་བསྟན་པ། དཔེ་དོན་སྦྱར་བ། མཇུག་བསྡུ་བ་བཞིས་སྤྲིན་དང་མཚུངས་པ་སྤྱིར་བསྟན་པ། སྣོད་ཀྱི་དབང་གིས་དུ་མར་འགྱུར་བ། ལྟོས་པ་མེད་པར་འཇུག་པ། སྡུག་བསྔལ་གྱིས་མི་འཇིལ་བར་བྱེད་པ་གསུམ་གྱིས་ཆོས་དང་མཚུངས་པ་རྒྱས་པར་བཤད་པའོ། །སྤྲུལ་པ་ཚངས་ཆེན་གྱི་དཔེས་བསྟན་པ་ལ་གཉིས། དཔེ་བསྟན་པ། དོན་བསྟན་པ། དཔེ་དོན་སྦྱར་བ། མཇུག་བསྡུ་བ་བཞིས་སྤྲུལ་པ་སྣང་བ་ཚངས་པ་དང་འདྲ་བ། ཐུབ་པའི་སྤྲུལ་པ་མྱ་ངན་ལས་འདས་པ་ཚངས་པ་མི་སྣང་བ་དང་འདྲའོ། །ཡེ་ཤེས་འཕྲོ་བ་ཉི་མའི་དཔེས་བསྟན་པ་ལ་གསུམ། ཆོས་མཚུངས་སྦྱར་བ། ཁྱད་པར་དུ་འཕགས་པའི་དོན། འཇིག་རྟེན་དུ་ཕན་བདེའི་ལས་མཛད་པའོ། །དང་པོ་ལ་བཞི། མདོ་རྒྱས་གཉིས་ཀྱིས་དོན་མཛད་པ་ལ་རྟོག་པ་མེད་པར་མཚུངས་པ། ཡུལ་དང་ངོ་བོ་དང་ལས་ལ་མཚུངས་པ། སྣོད་དག་པར་འཆར་བ་མཚུངས་པ། མདོ་རྒྱས་གཉིས་ཀྱི་རིམ་གྱིས་འབེབས་པར་མཚུངས་པའོ། །སྤྱི་དོན་གཉིས་པ་དེ་ལ་མོས་པའི་ཕན་ཡོན་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ལ་གཉིས། གང་ལ་མོས་པའི་ཡུལ། དེ་ལ་མོས་པའི་ཕན་ཡོན་དངོས་སོ། །དེ་ལ་གཉིས། དགེ་བ་གཞན་ཟིལ་གྱིས་གནོན་པ་སྤྱིར་བསྟན་པ། སྦྱིན་པ་ལས་བྱུང་བ། ཚུལ་ཁྲིམས་ལས་བྱུང་བ། བསྒོམས་པ་ལས་བྱུང་བའི་དགེ་བ་ཟིལ་གྱིས་གནོན་པ་གསུམ་གྱིས་རྒྱས་པར་བཤད་པའོ། །རྒྱས་པར་བཤད་པ་ལ་གཉིས། གང་ལ་མོས་པའི་ཡུལ། མོས་པའི་ཕན་ཡོན་དང་བཅས་པའོ། །དེ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དེ་ལ་གཉིས། མོས་ཚུལ་རྒྱས་བཤད་དང༌། ཕན་ཡོན་རྒྱས་བཤད་དོ། །དེ་ལ་གསུམ། ཡོན་ཏན་གྱི་སྣོད་དུ་འགྱུར་བ། ཕྱིར་མི་ལྡོག་པའི་རྒྱས་སྲས་སུ་འགྱུར་བ། བསོད་ནམས་གཞན་རྫོགས་ཤིང་དག་པར་བྱེད་པས་མཆོག་ཏུ་བསྟན་པའོ། །དེ་ལ་གསུམ། མདོར་བསྟན་རྒྱས་བཤད། གང་རྫོགས་ཤིང་དག་པར་བྱ་བའི་བསོད་ནམས་གསུམ་དུ་བསྡུ་བ། རྫོགས་པར་བྱེད་པའི་གེགས་དང་དག་པར་བྱ་བའི་སྒྲིབ་པ་ངོས་གཟུང་བ། གང་གི་རྫོགས་ཤིང་དག་པར་བྱེད་པ་གཞི་དང་བཅས་པ་གསུམ་གྱིས་ཤིན་ཏུ་རྒྱས་པར་བཤད་པའོ། །སྤྱི་དོན་གཉིས་པ་མཐར་ཕྱིན་པ་མཇུག་གི་དོན་ལ་གཉིས། བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ། དེ་ལྟར་མཛད་པའི་དགེ་བ་བསྔོ་བའོ། །དང་པོ་ལ་བཞི། གང་ལ་བརྟེན་ནས་མཛད་པ། སྤྱིར་བསྟན་པ། དགོས་པ་གང་གི་དོན་དུ་མཛད་པ། ལུང་ལ་བརྟེན་པའི་ཚུལ་བྱེ་བྲག་ཏུ་བཤད་པ། ལུང་དང་འགལ་བར་བྱེད་པ་དགག་པའོ། །གསུམ་པ་ལ་གཉིས། ཐུབ་པའི་བཀའ་ལ་བརྟེན་པ་དང༌། བཀའི་མཚན་ཉིད་བཤད་པ་གཉིས་ཀྱིས་གང་ལ་བརྟེན་པའི་ཚུལ། ཇི་ལྟར་བརྟེན་ནས་མཛད་ཚུལ་གྱིས་བསྟན་བཅོས་ཡང་དག་པའི་མཚན་ཉིད་བསྟན་པའོ། །ལུང་དང་འགལ་བར་བྱེད་པ་དགག་པ་ལ་གཉིས། ཇི་སྐད་གསུངས་པའི་མདོ་སྡེ་མི་དཀྲུགས་པ་དང༌། ཉེས་པ་གང་ལས་འབྱུང་བའི་རྒྱུ་ཞན་ལྟ་སྤང་བ་གཉིས་ཀྱིས་ཆོས་ལོག་པར་འཆད་པ་དགག་པ། ཆོས་སྤང་བ་དགག་པའོ། །དེ་ལ་གཉིས། གང་གིས་ཆོས་སྤང་བའི་རྒྱུ། སྤངས་པའི་ཉེས་དམིགས་སོ། །དེ་ལ་གཉིས། ཆོས་སྤངས་པས་མནར་མེད་དུ་འགྱུར་བ་དང༌། ཆོས་ལ་སྡང་བ་ལ་ཐར་པའི་སྐབས་མེད་པར་བསྟན་པའི་ཞར་ལས་སྤངས་པའི་ཕན་ཡོན་བཤད་པའོ། །ཐུགས་རྗེའི་ཆུ་འཛིན་ལེགས་པར་ཆར་འབེབས་པ། །མི་ཕམ་ཀླུ་དབང་གསུང་རབ་རིན་ཆེན་གཏེར། །གསལ་བྱེད་བསྡུས་དོན་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོ་ཞེས་བྱས་ལེགས་པར་སྦྱར་བ་ཡིན། །གཞུང་འདི་ཤིང་ཡོས་དབྱར་ཟླ་ར་བ་ཡི། །ཉིན་གཅིག་ཉིད་ལ་རྫོགས་པར་ཐོས་ནས་སུ། །ས་ལུག་དཔྱིད་འབྲིང་ཚར་གཅིག་བཤད་པའི་ཚེ། །བདག་དང་གཞན་ལ་ཕན་པའི་ཡིད་ཀྱིས་བསྡེབས། །སྔ་མས་སྦྱར་བའི་རྣམ་བཤད་བསྡུས་དོན་ཡང༌། །མ་མཐོང་བཤད་པའི་ངག་ལའང་མ་བརྟེན་པས། །ནོངས་པར་གྱུར་གང་བདག་གི་ཁོ་ནར་ཟད། །དེ་སླད་བློ་མཆོག་རྣམས་ལ་བཟོད་པར་གསོལ། །དགེ་བ་དེ་ཡིས་སྲིད་པ་ཐམས་ཅད་དུ། །སྲས་བཅས་རྒྱལ་བའི་གསུང་རབ་རིན་ཆེན་གཏེར། །རྣམ་པར་བཟུང་ནས་འགྲོ་ལ་ཡིད་བཞིན་དུ། །ཆོས་ཀྱི་སྦྱིན་པ་ལྷུག་པར་གཏོང་གྱུར་ཅིག །དེ་ལྟར་ཟབ་མོའི་དོན་ལ་རྣམ་དཔྱོད་པའི། །བློ་གྲོས་རབ་གསལ་གང་གི་གསུང་གི་ཟེར། །རབ་འཕྲོ་ལས་བྱུང་དེ་འདྲའི་འོད་འགྱེད་པ། །སྐྱེ་དགུའི་སྒྲོན་མ་དེ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡི་བསྡུས་པའི་དོན་འདི་ནི། ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་པདྨོ་རྙོག་པ་མེད་པ་ལ་སྤྱི་བོས་གུས་པར་གཏུགས་ཤིང༌། གསུང་གི་བདུད་རྩིས་བློ་གྲོས་ཀྱི་ལུས་རྣམ་པར་བསྐྱེད་པ། འཕགས་པའི་མིང་དང་ལྡན་པས། རྒྱའི་ཡུལ་རྒྱལ་བུ་བྱང་ཆུབ་སེམས་དཔའ་གོ་པེ་ལའི་ཕོ་བྲང་ཆེན་པོར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*