སངས་རྒྱས་ཀྱི་སའི་སྡོམ།

༼བ༽

༄༅། །སངས་རྒྱས་ཀྱི་སའི་སྡོམ་ཞེས་བྱ་བ་བཞུགས།།

༄༅། །སངས་རྒྱས་ཀྱི་སའི་སྡོམ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྙིང་པོས་སངས་རྒྱས་ལམ་གྱིས་ནི། །རབ་ཏུ་སྦྱངས་པས་སངས་རྒྱས་ཉིད་རྙེད་པ། །སངས་རྒྱས་ཕྱག་འཚལ་རྫོགས་སངས་རྒྱས་དེའི་གསུང༌། །སངས་རྒྱས་ས་ཡི་བསྡུས་དོན་འདིར་བཤད་བྱ། །དེ་ལ་གསུམ། གླེང་གཞིའི་སྒོ་ནས་མདོ་ཇི་ལྟར་བྱུང་བའི་ཚུལ། གླེང་བའི་སྒོ་ནས་མདོའི་རང་བཞིན་རྣམ་པར་དགོད་པ། འཁོར་གྱིས་མངོན་པར་བསྟོད་པའི་སྒོ་ནས། མདོ་ཡོངས་སུ་རྫོགས་པར་བསྟན་པའོ། །དང་པོ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་མདོར་བསྟན་པ་དང༌། གནས་དང༌། སྟོན་པ་དང༌། འཁོར་གྱིས་རྒྱས་པར་བཤད་པའོ། །འཁོར་རྒྱས་པར་བཤད་པ་ལ་གཉིས། ཉན་ཐོས་ཀྱི་འཁོར་དང་བྱང་ཆུབ་སེམས་དཔའི་འཁོར་རོ། །གཉིས་པ་གླེང་བ་མདོའི་རང་བཞིན་ལ་གསུམ། ཡེ་ཤེས་ལྔའི་སྒོ་ནས་མདོར་བསྟན་པ། རྒྱས་པར་བཤད་པ། བརྟེན་པ་ཡེ་ཤེས་ལྔ་དང༌། རྟེན་སྐུ་གསུམ་གྱི་སྒོ་ནས་མཇུག་བསྡུ་བའོ། །གཉིས་པ་ལ་གཉིས། ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ལྔས་ཡེ་ཤེས་ལྔ་སོ་སོའི་རང་བཞིན་དང༌། དེ་ལ་ཐེ་ཚོམ་གྱི་གནས་ཞུས་ལན་གྱིས་གཏན་ལ་དབབ་པའོ། །དེ་ལ་གསུམ། ཞུས་པ། ལན། ལན་གྱི་དོན་ངེས་པའི་ཕྱིར་སླར་ཡང་ཞུས་པའོ། །དེ་ལ་གསུམ། ཞུས་པ། ལན། དེ་ངེས་པའི་དོན་དུ་དཔེ་དང་སྦྱར་བར་ཞུས་པའོ། །དེ་ལ་གཉིས། ཞུས་པ་དང་འདྲེས་པའི་ཚུལ་དང༌། ཆུ་ཀླུང་གི་དཔེ་གཉིས་ཀྱིས་ལན་ནོ། །དེ་ལྟར་སངས་རྒྱས་ས་ཡི་སྡོམ། །དེ་ཙམ་བསྡུས་པའི་སྡོམ་འདི་ཡང༌། །ཡང་དག་སྦྱར་བས་འགྲོ་བ་ཀུན། །ཀུན་མཁྱེན་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་སའི་སྡོམ་ཞེས་བྱ་བ་དགེ་སློང་འཕགས་པས་མེ་མོ་གླང་གི་ལོ་སྟོན་ཟླ་འབྲིང་པོ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་བཤད་པའི་ཚེ་སྦྱར་བའོ། །དེ་ལྟར་མདོ་ལྔ་པོ་ཡང་དང་པོ་ནི་རྒྱུ། བར་པ་གསུམ་ནི་ལམ། ཐ་མ་ནི་འབྲས་བུའོ། །ལམ་ཡང་དང་པོ་ནི་ཐབས་སོ། །གཉིས་པ་ནི་ཤེས་རབ་བོ། །གསུམ་པ་ནི་དེ་ཉིད་ཀྱི་བགྲོད་པའི་ཚུལ་ལོ། །བདེ་བར་གཤེགས་པའི་གསུང་རབ་ཟབ་མོའི་མདོ་ལྔའི་བསྡུས་པའི་སྡོམ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*