སྐྱིད་གྲོང་གི་འཕགས་པ་ཝ་ཏཱི་ལ་མནལ་ལམ་དུ་བསྟོད་པ།

༼བ༽

༄༅། །སྐྱིད་གྲོང་གི་འཕགས་པ་ཝ་ཏཱི་ལ་མནལ་ལམ་དུ་བསྟོད་པ་བཞུགས།།

༄༅། །ན་མཿཤྲཱི་ལོ་ཀེ་ཤྭ་རཱ་ཡ། འཕགས་པ་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་ཏུ་བསྡུས་པའི་དངོས། །དེ་མཚན་ཐུགས་རྗེ་ཆེ་ཞེས་བགྱི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཉིད་སྐུ་པདྨ་རཱ་ག་མཚུངས། །བརྩེ་བས་འགྲོ་ལ་རྗེས་སུ་ཆགས། །གཅིག་ཏུ་གཞན་གྱི་དོན་བརྩོན་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རང་གཞན་དོན་གྱི་ཡོན་ཏན་རྫོགས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །ཕྲིན་ལས་འོད་ཟེར་སྟོང་འབར་བ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གཞོན་ནུའི་ས་བརྙེས་ཤིང༌། །འདོད་པའི་ཉེས་པས་མ་གོས་ཕྱིར། །ལོ་བརྒྱད་བྱིས་པའི་ཚུལ་འཛིན་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པའི་བསྟོད་པས། སྐྱིད་གྲོང་གི་འཕགས་པ་ཝ་ཏཱི་ལ་བསྟོད་པ། བྱ་ལོ་ཟླ་བ་བཞི་པའི་ཉི་ཤུ་བརྒྱད་ཀྱི་ཉིན་པར་གཉིད་ལོག་པའི་རྨི་ལམ་དུ་བྱུང་ངོ༌། །ལྷག་མ་རྣམས་མ་དྲན་ནོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*