འཇམ་དབྱངས་ལ་བསྟོད་པ།

༼བ༽

༄༅། །ཡང་འཇམ་དབྱངས་ལ་བསྟོད་པ་བཞུགས།།

༄༅། །ན་མོ་མཉྫུ་གྷོ་ཥཱ་ཡ། རྣམ་པ་སྣ་ཚོགས་ལོ་འདབ་ཀྱིས་བཀྲ་ཟེ་འབྲུའི་ཕྲེང་ལྡན་རྩ་བ་བརྟན་ཞིང་རབ་རྒྱས་ཆུ་སྐྱེས་ལྟེ་བ་ལ། །མུན་པ་མུན་ནག་ཚང་ཚིང་རབ་སེལ་ཆུ་ཤེལ་ལས་གྲུབ་ཆེས་འཕྲོ་འབར་བའི་རི་བོང་ཅན་གྱི་གདན་སྟེང་དུ། །ཀུན་ཏུ་མཛེས་པའི་སྐུ་མངའ་གསེར་སྦྱངས་མདོག་མཚུངས་ལང་ཚོ་རབ་རྒྱས་རིན་ཆེན་གྱིས་སྤྲས་ཟུར་ཕུད་ལྔ་དང་ལྡན། །མི་ཤེས་ཤེས་མཛད་ཤེས་རབ་རལ་གྲི་ཨུཏྤ་ལ་བསྣམས་རྫུ་འཕྲུལ་དུ་མས་རབ་རྩེན་འཇམ་དབྱངས་ལ་ཕྱག་འཚལ། །གང་ཐུགས་རང་བཞིན་ནམ་མཁའ་བཞིན་དུ་གདོད་ནས་རྣམ་དག་སྲིད་དང་ཞི་ལ་གཉིས་སུ་མེད་པར་རྟག་ཏུ་བཞུགས་ཀྱང༌། །རྣམ་འཕྲུལ་དཔག་མེད་རིན་ཆེན་ལས་གྲུབ་སྐུ་ཡི་དཀྱིལ་འཁོར་སྨོན་ལམ་རླུང་གིས་དག་སྣང་མཁའ་ལ་ལེགས་རྒྱུ་ཞིང༌། །ལེགས་བཤད་གསུང་འོད་རྣམ་འཕྲུལ་དུ་མའི་ཁ་དོག་གིས་བརྒྱན་སྐད་ཅིག་གཅིག་ལའང་ཕྱོགས་ཕྱོགས་ཀུན་ཏུ་རབ་བཀྱེ་བས། །མི་ཤེས་མུན་སེལ་ཤེས་རབ་པདྨོ་རྣམ་པར་རྒྱས་བྱེད་བློ་མཆོག་འཇམ་དབྱངས་སྐྱེ་དགུའི་སྒྲོན་མ་བདག་སྐྱབས་མཆི། །སྤྲིན་བྲལ་མཁའ་ལ་ཉི་མའི་དཀྱིལ་འཁོར་ལྷང་དེར་གནས་ལྟར་གང་གིས་ཐུགས། །སྒྲིབ་གཉིས་དང་བྲལ་ཕྱོགས་ལས་རྣམ་རྒྱལ་མཚན་དང་དཔེ་བྱད་འབར་འི་སྐུ། །རྣམ་པ་སྣ་ཚོགས་སྤྲུལ་པའི་འོད་ཀྱིས་གདུལ་བྱའི་ཡིད་འཕྲོག་བཅོམ་ལྡན་འདས། །དང་པོའི་སངས་རྒྱས་གཞོན་ནུའི་ཚུལ་འཆང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*