བྱམས་པ་ལ་བསྟོད་པ།

༼བ༽

༄༅། །བྱམས་པ་ལ་བསྟོད་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བྱམས་པའི་ཐུགས་ཀྱིས་བྱང་ཆུབ་ཐུགས་བསྐྱེད་ནས། །བྱམས་བརྩེའི་མཁྱེན་པས་ཚོགས་གཉིས་རྫོགས་མཛད་དེ། །བྱམས་པས་དགའ་ལྡན་ལྷ་ཡི་ཚོགས་སྐྱོང་བ། །བྱམས་མགོན་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་གཉིས་གཡས་པ་མཆོག་སྦྱིན་གྱིས། །སྐྱེ་དགུ་རྣམས་ལ་མཆོག་གི་འབྲས་སྩོལ་ཞིང༌། །གཡོན་པས་ཀླུ་ཤིང་མེ་ཏོག་ལེགས་བསྣམས་པ། །བྱམས་མགོན་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །རལ་པའི་ཐོར་ཚུགས་མཆོད་རྟེན་གྱིས་མཛེས་ཤིང༌། །རིལ་བ་སྤྱི་བླུགས་ལས་བྱུང་དག་བྱེད་ཀྱིས། །རུལ་དང་མྱགས་པའི་དྲི་མ་རྣམ་སྦྱོང་བ། །རོལ་པ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །མཆོད་ཕྱིར་ཐོགས་དང་ཁྲི་སྙན་སཱ་ལེ་ཡི། །པགས་པའི་ཆོས་གོས་མཆོག་གི་རྟགས་ཀྱིས་ནི། །དཀའ་ཐུབ་མཐར་ཕྱིན་པར་ནི་ཞལ་བཞེས་པ། །དྲང་སྲོང་མཆོག་ལ་གུས་པས་ཕྱག་འཚལ་ལོ། །འཁོར་བའི་འདམ་ལས་ངེས་པར་བརྒལ་བ་ཁྱོད། །འདམ་སྐྱེས་གདན་ལ་བཞེངས་ནས་ཞི་བ་ཡི། །སྤྱན་གྱིས་འགྲོ་ལ་གཟིགས་པས་ཞི་མཛད་པ། །སྐྱེ་དགུའི་གཉེན་གཅིག་ཁྱོད་ལ་སྐྱབས་སུ་མཆི། །ཁྱོད་ལ་འདུན་པའི་ཡིད་ཀྱིས་དབང་བགྱིས་ནས། །ཁྱོད་སྐུ་རིན་ཆེན་མཆོག་ལས་ལེགས་བཞེངས་པའི། །སྐུ་འདི་ཁྱོད་ཉིད་ལགས་པར་ལེགས་བར་བསམས་ནས། །ཤིན་ཏུ་དྭང་བའི་ཡིད་ཀྱིས་གསོལ་འདེབས་ཀྱིས། །ཡེ་ཤེས་གཟིགས་པའི་དམ་པས་ཉེར་གཟིགས་ལ། །ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་རབ་དགོངས་ཏེ། །ཕྲིན་ལས་རྒྱ་མཚོ་རྒྱ་མཚོ་ལྟར་བསྡུས་ནས། །ཉིད་ཇི་བཞིན་དུ་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ཐུགས་དམ་བརྟན་པས་བྱིན་རླབས་པའི། །སྐུ་འདི་ཉིད་གཅིག་ཁོ་ནར་མ་བས་ཏེ། །དབྱིངས་དང་མཛད་པ་གཅིག་ཕྱིར་རྒྱལ་བ་ཀུན། །གཅིག་ཏུ་བསྡུས་པའི་ངོ་བོ་ཉིད་ལགས་གྲང༌། །དེ་འདྲ་མཐོང་བའི་མིག་དེ་དཔལ་ལྡན་ཞིང༌། །དེ་ལ་འདུན་པའི་འདུན་པ་དཔལ་འབྲས་ཅན། །མཆོད་པས་མཆོད་བྱ་ཇི་བཞིན་མཆོད་བྱེད་དེ། །མཆོད་འོས་རྣམས་ཀྱི་མཆོད་པར་འགྱུར་ལགས་གྲང༌། །དེ་ལས་དགེ་བ་རྒྱ་མཚོ་གང་བསྐྲུན་པས། །འདི་འདྲ་གང་གི་དཔལ་ལས་བྱུང་གྱུར་པའི། །རྒྱལ་པོ་དམ་པ་གསེར་མཆོག་དཔལ་དང་བཅས། །རྒྱུ་སྦྱོར་བྱེད་པ་སྟོན་ཚུལ་ཞེས་བྱ་བ། །དེ་ཡིས་དམིགས་བྱ་རྡོ་རྗེ་ཆོས་སྐྱོང་གིས། །ཉེ་བར་བསྲུངས་པའི་ཆོས་སྐྱོང་སྲུང་མ་རྣམས། །ཚེ་འདིར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །སྐྱེ་བ་ཀུན་དུ་ལྷ་མིའི་དཔལ་རྒྱས་ལ། །དགའ་མགུར་སྤྱད་ནས་བྱམས་མགོན་ཆོས་ཀྱི་རྗེ། །ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་མཛད་པའི་ཚེ། །ཆོས་ཀྱི་རྒྱལ་སྲིད་ཡངས་པའི་དཀྱིལ་འཁོར་དུ། །ཉེ་བར་ཞུགས་ནས་ཐུབ་དེ་སྲས་དང་བཅས། །མཆོད་སྤྲིན་རྒྱ་མཚོས་ཀུན་ནས་ལེགས་མཆོད་དེ། །ཆོས་ཚུལ་རྒྱ་མཚོ་ཐོས་ཤིང་ལེགས་རྟོགས་ནས། །དེ་ཡི་ཡེ་ཤེས་གཟིགས་པ་ཉེར་ཞུགས་ཏེ། །བྱང་ཆུབ་དམ་པར་ལུང་བསྟན་ཐོབ་པར་ཤོག །དེ་སྐད་སྨྲས་ཏེ་སྨྲ་བ་རྣམས་ཀྱི་རྗེ། །ཆོས་རྗེ་ས་སྐྱ་པ་ཞེས་ཡོངས་གྲགས་པའི། །ཞབས་ཀྱི་པདྨོ་སྤྱི་བོས་གུས་བླངས་པ། །དགེ་སློང་འཕགས་པ་ཞེས་བྱར་གྲགས་པ་ལ། །གྲུབ་པ་དཔལ་ཞེས་བྱ་བས་གསོལ་བཏབ་ནས། །མེ་ཕོ་བྱི་བའི་དཔྱིད་ཟླ་འབྲིང་པོ་ཡི། །ཉི་ཤུ་བདུན་ལ་གྲུ་མུར་ཞེས་བྱ་བར། །ཡུད་ཙམ་ཉིད་ལ་ཉེ་བར་སྦྱར་བ་ཡིན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*