༼པ༽
༄༅། །ཆོས་སྤྱོད་བཅུ་པ་ཅུང་ཟད་རྒྱས་པར་སྤེལ་བ་བཞུགས།།
༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལས་སྲིད་དང་རྣམ་གྲོལ་བའི། །དགེ་ལེགས་མ་ལུས་འབྱུང་བའི་གནས། །དཔལ་ལྡན་བླ་མ་དམ་པ་ཡི། །ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །ཀུན་མཁྱེན་ཐུགས་རྗེར་ལྡན་པ་ཡིས། །ལེགས་པར་གསུངས་པའི་གསུང་རབ་ལ། །འདྲེན་པས་མཆོག་ཏུ་རབ་བསྔགས་པའི། །མཚན་ཉིད་ལྡན་པའི་བླ་མ་མཆོག །སངས་རྒྱས་ཆོས་དང་འཕགས་པའི་ཚོགས། །དེ་ཉིད་ལས་ནི་བྱུང་གྱུར་ཅིང༌། །དེ་ཡི་སྐུ་དང་གསུང་དང་ཐུགས། །དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་བསྒྲལ་བ་དང༌། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ལུས་ཅན་ཀུན་དང་ཐབས་ཅིག་ཏུ། །མཚུངས་མེད་བླ་མ་དམ་པ་དང༌། །རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས། །འགྲོ་བའི་དོན་ལ་རབ་བརྩོན་པ། །མཁའ་མཉམ་བཞུགས་ལ་བདག་གསོལ་འདེབས། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །ཐུགས་རྗེ་ཆེར་ལྡན་བླ་མ་དང༌། །མཚུངས་པ་མེད་པ་སྐྱོབ་པའི་མཆོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ཀུན་དངོས་བླ་མ་དང༌། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་མཆོད་པའི་སྤྲིན། །མཁའ་དང་མཉམ་པ་དུ་མ་ཡིས། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །དེ་དག་ཀུན་ལ་ཀུན་ནས་མཆོད། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཞིང༌། །ཉོན་མོངས་ཆུ་སྲིན་དབང་གྱུར་པས། །ལུས་ངག་ཡིད་གསུམ་གྱིས་བསགས་པའི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བླ་མ་མཆོག་དང་སངས་རྒྱས་དང༌། །དེ་སྲས་ཐུགས་རྗེ་ལྡན་རྣམས་དང༌། །འཕགས་པའི་ཚོགས་དང་འགྲོ་བ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང༌། །བསོད་ནམས་དམན་པས་རྟོགས་དཀའི་ཕྱིར། །ཆོས་གསུང་བར་ནི་མི་བཞེད་པའི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ། །འདོད་ལ་སྲེད་པའི་སེམས་ཅན་རྣམས། །སྲིད་ལ་སྐྱོ་བ་བསྐྱེད་བྱའི་ཕྱིར། །ཞི་བར་གཤེགས་པར་དགོངས་རྣམས་ལ། །མྱ་ངན་མི་འདའ་བདག་གསོལ་འདེབས། །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །འགྲོ་བའི་དོན་ཕྱིར་བདག་གིས་ཀྱང༌། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །རྒྱལ་སྲས་ཁྲུ་མཆོག་རླབས་ཆེན་གྱིས། །ཇི་ལྟར་བྱང་ཆུབ་སྤྱོད་པ་ལ། །རིམ་པ་བཞིན་དུ་བསླབས་པ་ལྟར། །དེ་ཡི་སྤྱོད་པའང་བདག་གིས་སྤྱད། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །གནས་སྐབས་ཚེ་རབས་འདི་ཉིད་དུ། །མི་མཐུན་ཕྱོགས་རྣམས་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །ཡིད་ལ་འདོད་པ་འགྲུབ་གྱུར་ཅིག །དེ་ལྟར་ཚོགས་གཉིས་མྱུར་སྡུད་པའི། །ཚིགས་སུ་བཅད་པར་བསྡུས་པ་འདི། །དུས་གསུམ་ཀུན་དུ་བརྗོད་བྱས་ན། །བསོད་ནམས་ཕུང་པོ་དཔག་མེད་འབྱུང༌། །དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པས་མཛད་པའི་ཆོས་སྤྱོད་ཡན་ལག་བཅུ་པ་ཞེས་བྱ་བ་ལས། དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་ཚུལ་བློ་གྲོས་ཀྱི་མིང་དང་ལྡན་པས་ཅུང་ཟད་རྒྱས་པར་སྤེལ་བ་ལ་ཉེས་པ་ཡོད་ན་བཟོད་པར་མཛོད། དགེ་བ་ཡོད་ན་མཉེས་པར་མཛོད།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.