ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་འཕྲིན་ཡིག

༼ན༽

༄༅། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་འཕྲིན་ཡིག་བཞུགས་སོ།།

༄༅། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུ་བའི་འཕྲིན་ཡིག བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བརྩེ་བ་དང་ལྡན་གཞན་ལ་ཕན་དགོངས་ཤེས་བྱ་ཀུན་ལ་སྒྲིབ་པ་དང་བྲལ་ཡེ་ཤེས་མངའ། །མཁའ་ལྟར་རྣམ་དག་ཉེ་བར་ཞི་ལ་ལྷུན་གྱི་གྲུབ་པས་དགོས་འདོད་འབྱུང་བའི་ཕྲིན་ལས་ཅན། །གང་ཞིག་རྟག་ཏུ་ཕོངས་པ་ཀུན་སྐྱོབ་འཇིག་རྟེན་སྤྱོད་པ་དག་ལས་རྣམ་གྲོལ་བ། །གསོལ་བ་བཏབ་ན་བསླུ་བ་མེད་ལྡན་རྒྱལ་དང་དེ་སྲས་རྣམས་ལ་འཕྲིན་འདི་ཞུ། །བདེ་བྱེད་ཚངས་དབང་ལྷར་བཅས་འཇིག་རྟེན་གྱིས། །གང་གི་སྙན་པ་ས་གསུམ་རབ་བསྒྲགས་པ། །འགྲོ་བའི་བླ་མ་ཐམས་ཅད་མཁྱེན་པ་ཡི། །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །སྭ་སྟི་ཐུགས་རྗེའི་སྤྱན་ལྡན་པ། །ཐམས་ཅད་གཟིགས་པའི་ཡེ་ཤེས་ཅན། །འཇིག་རྟེན་མངོན་སུམ་གཟིགས་པ་ལ། །མགོན་པོ་བདག་ནི་ཞུ་བར་འཚལ། །ཁྱེད་ཀྱིས་དང་པོར་བྱང་ཆུབ་ཐུགས། །གཞན་གྱི་དོན་སླད་ཁོ་ནར་བསྐྱེད། །དེ་རྗེས་བརྩོན་པས་གྲངས་མེད་གསུམ། །ལུས་དང་སྲོག་ལ་ལྟོས་མེད་བསྒྲུབས། །དེ་ནས་བྱང་ཆུབ་སྙིང་པོར་ཁྱོད། །བྱང་ཆུབ་དམ་པ་བརྙེས་མཛད་དེ། །རྣམ་གྲོལ་ཆོས་ཀྱི་འཁོར་ལོ་ནི། །རྨད་བྱུང་དམ་པ་རབ་བསྐོར་ནས། །དེ་ནས་ཁྱོད་ཀྱིས་དམ་པའི་ཆོས། །འཕགས་པའི་དགེ་འདུན་ཀུན་བསྡུས་ཏེ། །ང་ནི་མྱ་ངན་འདས་གྱུར་ནས། །ཆོས་འདི་ཁྱོད་ཀྱིས་སྟོན་པ་ཡིན། །དེས་ན་ཚིག་དོན་མ་ཉམས་པར། །ང་ཡི་བསྟན་པ་ཟུང་ཤིག་ཅེས། །སྲས་ཀྱི་མཆོག་ལ་གཏད་མཛད་དེ། །ལྔ་བརྒྱ་ཐ་མའི་བསྟན་པ་ཡང༌། །སྡེ་སྣོད་འཛིན་པ་རྣམས་ལ་གཏད། །དེ་ཡི་བསྒྲུབ་པའི་བྱ་བ་ཀུན། །ལྷར་བཅས་འཇིག་རྟེན་གཙོ་བོ་དང༌། །སྦྱིན་བདག་སྟོབས་ཅན་ཐམས་ཅད་ལ། །ནན་ཏན་གྱིས་ནི་ལེགས་གཏད་ནས། །མགོན་པོ་མྱ་ངན་འདའ་ཚུལ་བསྟན། །དེ་རྗེས་འཕགས་པའི་གང་ཟག་དང༌། །སོ་སོ་སྐྱེ་བོ་མཁས་པ་དང༌། །ཆོས་རྒྱལ་རྣམས་དང་སྦྱིན་བདག་ནི། །སྟོབས་ལྡན་དད་པ་ཅན་རྣམས་ཀྱིས། །བསྟན་པ་ཡུན་རིང་གུས་པས་བསྐྱངས། །དེང་སང་སྙིགས་མའི་དུས་འདི་ན། །ཐུབ་པའི་བསྟན་པ་ཕལ་ཆེར་ནུབ། །ཆོས་མངོན་མཛོད་ལས་གསུངས་པ་ལྟར། །ངན་རྟོག་རྣམས་ཀྱིས་བསྟན་པ་དཀྲུགས། །ཁྱད་པར་དུ་ཡང་བྱང་ཕྱོགས་ཀྱི། །ཁ་བ་ཅན་གྱི་བསྟན་པ་འདི། །ངན་རྟོག་མུན་པས་རྣམ་པར་ཁྱབ། །དགེ་སྦྱོང་ཕལ་ཆེར་ཐོས་པ་ཉུང༌། །ཐོས་པ་དེ་དག་བརྩོན་པ་ཉུང༌། །སྡོམ་བརྩོན་ཕལ་ཆེར་བཀུར་པ་ཉུང༌། །བཀུར་པ་དེ་དག་སྡོམ་བརྩོན་ཉུང༌། །སྦྱིན་བདག་ཆོས་ལ་དད་པ་ཉུང༌། །དད་པ་ཅན་གྱི་མཆོད་བྱ་དམན། །མཆོད་པ་དེ་དག་ལོག་འཚོའི་རྒྱུ། །གལ་ཏེ་ལོག་འཚོ་མི་ཟ་བའི། །ཆོས་བྱེད་དེ་དག་དམན་དམན་འདྲ། །སངས་རྒྱས་བསྟན་ལ་དད་ན་ཡང༌། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །སངས་རྒྱས་གསུང་རབ་ངོ་མཚར་ཅན། །དེ་དག་བཞི་མདོའི་རྩའི་བཞིན་དོར། །བླུན་པོ་རྣམས་ཀྱི་བརྫུན་ཚིག་ལ། །ཐུབ་པའི་བཀའ་བས་གུས་པར་འཛིན། །བདག་ཉིད་ཆེན་པོ་ཀླུ་སྒྲུབ་དང༌། །ཐོགས་མེད་དང་ནི་དབྱིག་གི་གཉེན། །ཕྱོགས་ཀྱི་གླང་པོ་ཆོས་གྲགས་སོགས། །མཁས་པ་རྣམས་ཀྱི་གསུང་རབ་དང༌། །རྣལ་འབྱོར་དབང་ཕྱུག་བིརྺ་པ། །འཕགས་པའི་ལྷ་སོགས་གྲུབ་ཐོབ་ཀྱི། །གསུང་རབ་ཡིན་པར་ངེས་པ་རྣམས། །དུག་བཞིན་འབད་པས་སྤངས་ནས་ནི། །སྐྱེས་བུ་རྫུན་མས་སྦྱར་བ་ཡི། །ལོག་རྟོག་རྣམས་ལ་ཆེར་འབད་ནས། །གྲུབ་ཐོབ་རྣམས་ཀྱི་གསུང་ཡིན་ཞེས། །བླུན་པོ་རྣམས་ལ་རྒྱས་པར་བྱེད། །འཇིག་རྟེན་ཤེས་རབ་ལྡན་པ་དཀོན། །བསོད་ནམས་ལྡན་པ་ཤིན་ཏུ་ཉུང༌། །དེ་ནས་དམ་ཆོས་རིན་པོ་ཆེ། །ཁྱེད་ཀྱི་གསུང་རབ་འཛིན་པ་དཀོན། །དེ་ལྟར་ཤེས་ནས་ཤཱཀྱ་ཡི། །བསྟན་པ་ནུབ་པར་དོགས་པ་དང༌། །བདག་ཉིད་ལེགས་པར་སྦྱང་ཕྱིར་དང༌། །གཞན་ལ་ཕན་པར་བསམ་ནས་ནི། །ལུང་དང་རིགས་པ་ཕལ་ཆེར་སྦྱངས། །དེ་ཡི་སྟོབས་ཀྱིས་ཆོས་ཀྱི་གནད། །འཁྲུལ་པ་དང་ནི་མ་འཁྲུལ་བའི། །རྣམ་གཞག་ཅུང་ཟད་བདག་གིས་གོ །འདི་ལ་རྒྱལ་དང་རྒྱལ་བའི་སྲས། །མཁས་པ་སྡེ་སྣོད་འཛིན་པ་དང༌། །གྲུབ་པ་བརྙེས་པའི་སྐྱེས་བུ་མཆོག །མངོན་སུམ་གཟིགས་པའི་སྤྱན་ལྡན་པ། །དེ་དག་ཀུན་ནི་དཔང་པོ་ལགས། །དེས་ན་བདག་གི་འཐད་མི་འཐད། །རེ་ཞིག་གསན་པར་མཛད་དུ་གསོལ། །ཁྱེད་ཀྱི་གསུང་ལས་འདི་སྐད་འབྱུང༌། །དགེ་སློང་དག་གང་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་གཞན་ཡང་མདོ་སྡེ་ལས། །བསྟོད་འོས་སྨད་པར་མི་བྱ་ཞིང༌། །སྨད་འོས་བསྟོད་པར་མི་བྱ་ཞེས། །གསུངས་པ་དེ་ཡང་ཡིད་ལ་བཞག །སློབ་དཔོན་རིན་ཆེན་འབྱུང་གནས་ཀྱིས། །དད་པ་མེད་པ་གཙོ་བོའི་སྒྲ། །ལྷག་དད་ཤིན་ཏུ་གོལ་བའི་གནས། །གང་ཕྱིར་ཀུན་མཁྱེན་ཚད་མས་གྲུབ། །གུས་པས་ཀུན་མཁྱེན་འགྱུར་བ་མིན། །ཞེས་གསུངས་དེ་ཡང་བདེན་པར་རྟོགས། །དེ་བཞིན་སྡེ་སྣོད་ཐམས་ཅད་དང༌། །བསྟན་བཅོས་ཆེན་པོ་ཐམས་ཅད་ལས། །འཁྲུལ་པ་ཐམས་ཅད་འབད་པས་བཀག །མ་འཁྲུལ་པ་རྣམས་སྒྲུབ་པར་མཐོང༌། །དམ་པའི་རྣམ་ཐར་བསྐྱང་འདོད་ནས། །བདག་ཀྱང་དེ་ཡི་རྗེས་འབྲངས་ཏེ། །ཆོས་ཀྱི་རྣམ་དབྱེ་ཅུང་ཟད་བྱས། །དེ་ལ་བློ་གྲོས་ལྡན་པ་ཡི། །སྡེ་སྣོད་འཛིན་པ་ཕལ་ཆེར་དགའ། །ཐོས་མེད་བློ་གྲོས་བྲལ་བ་ཡི། །ཆགས་སྡང་ཅན་རྣམས་ཕལ་ཆེར་སྨོད། །བདག་གི་ལྷག་པའི་བསམ་པ་ལ། །སངས་རྒྱས་ཐམས་ཅད་གཟིགས་སུ་གསོལ། །གལ་ཏེ་ལོག་པར་སྨྲ་ན་ནི། །ཁྱེད་རྣམས་ཀྱིས་ཀྱང་བདག་ལ་ཁྲེལ། །འོན་ཏེ་བདེན་པར་སྨྲ་ན་ནི། །ཁྱེད་ཀྱིས་བདག་ལ་དགྱེས་པར་མཛོད། །སྒྲ་ཆད་སྡེབ་སྦྱོར་སྙན་ངག་དང༌། །ཚིག་རྒྱན་མིང་གི་ངེས་བརྗོད་སོགས། །ཤིན་ཏུ་མཁས་པ་རྣམས་ལ་གྲགས། །སྡེ་སྣོད་གསུམ་པོ་དེ་སྦྱངས་པའི། །སྡེ་སྣོད་འཛིན་པ་རྣམས་ཀྱིས་མཁྱེན། །རྒྱུད་སྡེ་བཞི་པོ་དེ་ཤེས་པའི། །རྒྱུད་སྡེ་འཛིན་རྣམས་མཁྱེན་པར་གསལ། །དེ་དག་མིན་པའི་ཆོས་གཞན་ནི། །ཤཱཀྱའི་རྒྱལ་པོས་གསུངས་པ་མེད། །དེ་དག་རྣམས་ཀྱི་མན་ངག་ནི། །རང་རང་གཞུང་དང་མཐུན་ན་ཡིན། །མི་མཐུན་པ་དེ་ཟབ་ན་ཡང༌། །སངས་རྒྱས་གསུང་དང་མ་འབྲེལ་ཕྱིར། །མུ་སྟེགས་བྱེད་ཀྱི་ཟབ་པར་འགྱུར། །རྣམ་དབྱེ་འདི་ལྟར་འཐད་མི་འཐད། །སངས་རྒྱས་རྣམས་ཀྱིས་ལེགས་པར་དགོངས། །སྒྲ་ལ་ཡི་གེ་མིང་དང་ཚིག །ངག་དང་རབ་ཏུ་དབྱེ་བ་སོགས། །ཆོས་ཀྱི་ཕུང་པོའི་བར་དུ་ཡང༌། །ཚིག་བཟང་བ་དང་དོན་བརླིངས་པ། །བདེན་པ་དང་ནི་སྙན་པ་སོགས། །ཡོན་ཏན་ཀུན་ལྡན་ཐུབ་པའི་གསུང༌། །ཡི་གེ་ལ་ནི་རིང་ཐུང་དང༌། །ཤིན་ཏུ་རིང་དང་མཐུག་རྐྱང་དང༌། །དྲག་ཞན་དང་ནི་ལྕི་ཡང་དང༌། ཨུ་ཏད་ཨ་ནུཏྟ་ར་སོགས། །བོད་ལ་གྲགས་པ་མེད་སྟོབས་ཀྱིས། །ཕལ་ཆེར་དག་པ་ཤིན་དུ་ཉུང༌། །དེ་ལ་བདག་གི་རིང་ཐུང་སོགས། །རྣམ་དབྱེ་སྒྲ་དང་མཐུན་པར་བགྱིས། །དེ་ལ་སྒྲ་སྦྱོར་མི་ཤེས་པས། །ཕལ་ཆེར་བདག་ལ་འགལ་བར་འཛིན། །སྡེབ་སྦྱོར་ལ་ནི་ལྕི་ཡང་དང༌། །ངལ་སོའི་གནས་སོགས་གཞུང་ལུགས་དང༌། །ལེགས་པར་བསྟུན་ནས་བཀོད་པ་ལ། །སྡེབ་སྦྱོར་མེད་རྣམས་ཐེ་ཚོམ་ཟ། །ཚིག་གི་རྒྱན་དང་མངོན་བརྗོད་སོགས། །མཁས་པའི་གཞུང་དང་མཐུན་པར་བྱས། །དེ་ལ་བླུན་པོ་རྒྱབ་ཀྱིས་ཕྱོགས། །ཚད་མའི་མཚན་ཉིད་དབྱེ་བསྡུ་དང༌། །མངོན་སུམ་རྗེས་སུ་དཔག་པ་ལ། །སྣང་བ་དང་ནི་སེལ་བ་དང༌། །འབྲེལ་བ་དང་ནི་འབྲེལ་མེད་སོགས། །སྒྲ་དང་རྟོག་པ་འཇུག་ཚུལ་ལ། །ལུང་དང་རིགས་པ་མི་འགལ་ཞིང༌། །ཆོས་ཀྱི་གྲགས་པའི་སྡེ་བདུན་ལྟར། །བདག་གིས་ལེགས་པར་བརྗོད་པ་ལ། །ཚད་མ་ལྟར་སྣང་སྨྲ་རྣམས་རྒོལ། །ཁྱོད་ཀྱི་འདུལ་བའི་སྡེ་སྣོད་ལ། །སྡུད་མཛད་ཕྱི་མས་སྡེ་པ་བཞི། །སྐད་རིགས་རྣམ་པ་བཞི་དག་གིས། །འདུལ་བ་ལུང་རྣམས་སྡེ་བཞིར་བསྡུས། །དེ་ལ་སྡེ་པ་བཅོ་བརྒྱད་ཀྱིས། །གནང་བཀག་མི་འདྲ་སྣ་ཚོགས་གསུངས། །དང་པོར་ལེན་པའི་ཆོ་ག་དང༌། །བར་དུ་གསུང་བའི་གནང་བཀག་དང༌། །ཐ་མར་སྡོམ་པ་གཏོང་ཚུལ་དང༌། །བྱིན་རླབས་དང་ནི་ཕྱིར་བཅོས་པའི། །ཆོ་གའི་བྱེ་བྲག་ཐམས་ཅད་ལ། །སྡེ་པ་བཞི་པོ་མི་འདྲ་བའི། །རྣམ་པར་དབྱེ་བ་དུ་མ་མཐོང༌། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །ཐེག་པའི་རིམ་པའི་དབྱེ་བ་ཡིས། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །གནང་བཀག་དབྱེ་བ་དུ་མ་སྣང༌། །དེ་དག་བདག་གིས་ལུང་བཞིན་བཤད། །དེ་ལ་ལུང་དང་འགལ་བ་ཡི། །ཡེ་བཀག་ཡེ་གནང་ཞེས་བྱ་བ། །འདོད་པ་དེ་དག་བདག་ལ་གཤེ། །དོན་དམ་ཞེས་བྱའི་བྱང་ཆུབ་སེམས། །ཆོས་ཉིད་ཀྱིས་ནི་ཐོབ་ཅེས་གསུངས། །ཆོ་ག་གཞུང་ལས་བཤད་པ་མེད། །དེ་སྐད་བདག་གིས་བཤད་པ་ལ། །ཆགས་སྡང་ཡིན་ཞེས་འགའ་ཞིག་སྨྲ། །ཀུན་རྫོབ་སེམས་བསྐྱེད་ཆོ་ག་ལས། །སྐྱེ་ཕྱིར་བརྡ་ལས་འབྱུང་བར་གསུངས། །དེ་ལ་ཉན་ཐོས་ཐེག་ཆེན་གཉིས། །ཉན་ཐོས་རྩ་བའི་སྡེ་བཞི་ལ། །སེམས་བསྐྱེད་ཆོ་ག་ཐ་དད་ཡོད། །ཐེག་ཆེན་པ་ལའང་སེམས་ཙམ་དང༌། །དབུ་མའི་སེམས་བསྐྱེད་རྣམ་གཉིས་སྣང༌། །བདག་གིས་དེ་དག་ཕྱེ་སྟེ་བཤད། །དེ་ལ་སྡེ་སྣོད་མི་ཤེས་པའི། །སྐྱེ་བོ་ཕལ་ཆེར་བདག་ལ་རྒོལ། །དེ་ཡི་བསླབ་པར་བྱ་བའི་ཆོས། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །ལུང་དང་རིགས་པས་བསྒྲུབས་པ་ལ། །འཇིག་རྟེན་པ་དག་བཞད་གད་བྱེད། །དེ་ཡི་བསླབ་བྱའི་ཆོས་གཞན་ཡང༌། །སངས་རྒྱས་གསུང་བཞིན་བདག་གི་བསྒྲུབས། །འདི་ལའང་བདེན་པར་འཛིན་པ་དཀའ། །དེང་སང་སྔགས་ལ་མོས་པ་མང༌། །གསང་སྔགས་སློབ་པ་ཤིན་ཏུ་ཉུང༌། །བློ་གསལ་རྣམས་ཀྱིས་འབད་ན་ཡང༌། །རྒྱུད་སྡེའི་དགོངས་པ་ཤེས་དཀའ་ན། །བླུན་པོ་མ་བསླབས་པ་རྣམས་ཀྱིས། །རྒྱུད་སྡེའི་དགོངས་པ་ག་ལ་ཤེས། །དང་པོ་མཁས་པ་མི་བསྟེན་པར། །ཕྱི་ནས་སློབ་མ་སྡུད་པ་མཐོང༌། །དེ་ཡི་སྟོབས་ཀྱིས་གསང་སྔགས་ལ། །ནོར་པའི་རྣམ་གཞག་དུ་མ་མཐོང༌། །བདག་གིས་བཤད་པ་བདེན་མི་བདེན། །རྒྱལ་བ་སྲས་བཅས་གསན་དུ་གསོལ། །གལ་ཏེ་གསང་སྔགས་མི་བསྒོམ་ན། །དབང་བསྐུར་མེད་ཀྱང་འགལ་བ་མེད། །གསང་སྔགས་བསྒོམ་ལ་མོས་གྱུར་ན། །ཅི་ནས་དབང་བསྐུར་དགོས་པར་གསུངས། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལས་ནི་དབང་ནོད་ཞུ། །ཞེས་གསུངས་རྡོ་རྗེ་ཕྲེང་བ་ལས། །དབང་བསྐུར་མེད་པར་རྒྱུད་འཆད་པ། །དེ་དོན་ལེགས་པར་ཤེས་ན་ཡང༌། །སློབ་དཔོན་སློབ་མ་མཚུངས་པར་ནི། །ཤི་ནས་ངུ་འབོད་ཆེན་པོར་ལྟུང༌། །ཞེས་གསུངས་དམ་པ་དང་པོ་ལས། །དབང་བསྐུར་མེད་པར་རྒྱུད་འཆད་དང༌། །སྔགས་ཀྱི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང༌། །དམྱལ་བར་འགྱུར་གྱིས་གྲོལ་བ་མིན། །ཞེས་གསུངས་དེ་བཞིན་རྒྱུད་གཞན་དང༌། །བསྟན་བཅོས་ཆེན་པོ་ཐམས་ཅད་ལས། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །དེ་ཡིས་གསང་སྔགས་བསྒོམ་པར་གསུངས། །དེ་སྐད་ཁྱེད་ཀྱིས་གསུངས་པ་ཡི། །དགོངས་པ་བདག་གིས་བཤད་པ་ལ། །རྒྱུད་སྡེ་མི་ཤེས་པ་རྣམས་རྒོལ། །ཅུང་ཟད་ཤེས་ཀྱང་མ་གོ་བའི། །བླུན་པོ་རྣམས་ཀྱང་བདག་ལ་གཤེ། །དེ་ཡང་བློ་ལྡན་ལེགས་བསླབས་པ། །མཚན་ཉིད་ལྡན་པའི་སློབ་དཔོན་ནི། །དབང་བསྐུར་མཛད་པ་ཉུང་བར་སྣང༌། །བླུན་པོ་ཆོ་ག་མི་ཤེས་པ། །དེ་དག་རྨོངས་པའི་ཚོགས་བསྡུས་ནས། །སློབ་མ་བརྒྱ་སྟོང་དུ་མ་ལ། །སྦྱོར་དངོས་རྗེས་ཀྱི་ཆོ་ག་ཀུན། །ཉམས་པའི་དབང་བསྐུར་བྱེད་པ་ཐོས། །དེ་ཡི་སྔགས་དང་ཏིང་འཛིན་དང༌། །ཆོ་གའི་ཁྱད་པར་ཐམས་ཅད་ལ། །ཁྱོད་ཀྱི་གསུང་དང་མཐུན་པ་མེད། །དེ་ལ་དངོས་གྲུབ་ཇི་ལྟར་མཆི། །ཁྱེད་ཀྱིས་གསང་བ་སྤྱི་རྒྱུད་ལས། །ཁྱད་པར་ཅན་གྱི་ལས་རྣམས་ལ། །ལྷ་དུས་བྱ་བ་དུས་བཞིན་སྤྱད། །གཞན་དུ་ཆོ་ག་ཉམས་པའི་ཕྱིར། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །དེ་ལ་སོགས་པའི་གསུང་གིས་ནི། །ཆོ་ག་ཅུང་ཟད་འཁྲུལ་པ་ལའང༌། །དངོས་གྲུབ་འབྱུང་བར་མ་གསུངས་ན། །དེང་སང་ཐམས་ཅད་འཁྲུལ་པ་ལ། །དངོས་གྲུབ་འདོད་པ་བདུད་ཀྱིས་བསླུས། །དེ་སླད་བདག་གིས་ཆོ་ག་ཀུན། །དག་པར་བཤད་ལ་ཁྲོ་བ་མང༌། །ཁ་ཅིག་ཕག་མོའི་བྱིན་རླབས་དང༌། །ཏིང་ངེ་འཛིན་གྱི་དབང་བསྐུར་དང༌། །གཏོར་མའི་དབང་བསྐུར་ལ་སོགས་པ། །བརྫུན་མས་སྦྱར་བའི་ཆོ་ག་ལ། །བླུན་པོ་འཇུག་པ་སྨོས་ཅི་དགོས། །སྡེ་སྣོད་འཛིན་པར་རློམ་པ་ཡི། །སྙིང་མེད་རྣམས་ཀྱང་འདི་ལ་དད། །འདི་འདྲ་གལ་ཏེ་ཆོས་ཡིན་ན། །དེ་ལས་ཆོས་མིན་གང་ཞིག་ལགས། །མདོ་རྒྱུད་ཀུན་ལས་འདི་མ་གསུངས། །ཁ་ཅིག་གང་ཟག་དབང་པོ་རབ། །ཕག་མོའི་དབང་གིས་སྨིན་ཞེས་ཟེར། །གང་ཟག་རབ་འབྲིང་ཐམས་ཅད་ལ། །ཕག་མོའི་སྨིན་བྱེད་བཤད་པ་མེད། །གལ་ཏེ་ཡོད་ན་ཁྱོད་ཉིད་དཔང༌། །ལས་ཆོག་མགོ་ལ་བཞག་པ་ཡིས། །དགེ་སློང་འགྱུར་ཞེས་ཟེར་བ་དང༌། །ཁྱིམ་པས་མཁན་སློབ་བྱས་པ་ལ། །བསྙེན་རྫོགས་འབྱུང་ཞེས་ཟེར་བ་ཐོས། །འདི་ལ་མཁས་རྣམས་བཞད་གད་བྱེད། །ཕག་མོའི་དབང་བསྐུར་ལ་སོགས་ལ། །དེང་སང་བཞད་གད་བྱེད་པ་མེད། །གསུང་རབ་ཚད་མར་བྱེད་ན་ནི། །དེ་འདྲའི་རབ་བྱུང་ཆོ་ག་དང༌། །འདི་འདྲའི་དབང་བསྐུར་བཤད་པ་མེད། །དེ་དག་གཉིས་ཀ་འཁྲུལ་པས་ན། །དམ་པ་རྣམས་ཀྱིས་འདི་མ་བྱེད། །འདི་འདྲའི་ལོག་རྟོག་བཀག་པ་ལ། །ཆགས་སྡང་ཅན་རྣམས་བདག་ལ་རྒོལ། །བདག་གིས་སྨྲས་པ་བདེན་མི་བདེན། །སངས་རྒྱས་སྲས་བཅས་གཟིགས་སུ་གསོལ། །གཞན་ཡང་གངས་རིའི་ཁྲོད་འདི་ན། །རབ་གནས་སྦྱིན་སྲེག་གཏོར་མ་དང༌། །རོ་སྲེག་དང་ནི་བདུན་ཚིགས་དང༌། །བར་དོ་དང་ནི་འཕོ་བ་དང༌། །དམིགས་པའི་བྱེ་བྲག་མང་པོ་ལ། །ད་ལྟའི་ཆོ་ག་བྱེད་པ་རྣམས། །ཕལ་ཆེར་ཁྱེད་ཀྱི་གསུང་དང་འགལ། །ལྷག་ཆད་ནོར་པ་མང་པོ་མཐོང༌། །དེ་དག་སངས་རྒྱས་བསྟན་པ་ལ། །གནོད་པར་བསམས་ནས་བདག་གིས་བཀག །དེ་ལའང་མདོ་རྒྱུད་ལ་སྡང་ཞིང༌། །བླ་མ་ངན་ལ་གུས་པ་ཡི། །བླུན་པོ་ཕལ་ཆེར་བདག་ལ་སྨོད། །འདི་ལའང་བདག་ཚིག་བདེན་མི་བདེན། །མགོན་པོ་སྲས་དང་བཅས་རྣམས་དགོངས། །རྒྱུད་སྡེ་བཞི་པོའི་ལག་ལེན་ཡང༌། །དེང་སང་འཆོལ་པར་སྤྱོད་པ་མང༌། །དོན་ཡོད་ཞགས་པ་ལ་སོགས་པའི། །ཆོ་ག་བྱ་བའི་རྒྱུད་ཀྱི་ཡིན། །དེ་ལ་རྣལ་འབྱོར་ཆེན་པོ་ཡི། །རིམ་གཉིས་ལ་སོགས་སྦྱོར་བ་མཐོང༌། དེ་བཞིན་རྒྱུ་སྡེ་གཞན་ལ་ཡང༌། །ཆོ་ག་འཆོལ་བར་བྱེད་པ་མང༌། །དགྱེས་རྡོར་བདེ་མཆོག་ལ་སོགས་པ། །དབུས་ཀྱི་གཙོ་བོ་ཡུལ་ཕྱུང་ནས། །མི་ཡི་གཟུགས་བརྙན་འཇོག་པ་མཐོང༌། །སངས་རྒྱས་སྐུ་ལ་སྦྱང་གཞི་དང༌། །སྦྱོང་བྱེད་འཕྲོད་པའི་རྟེན་འབྲེལ་ཡོད། །མི་ཡི་ལུས་ལ་རྟེན་འབྲེལ་མེད། །གལ་ཏེ་བླ་མ་སངས་རྒྱས་ཉིད། །ཡིན་ནས་སངས་རྒྱས་སྐུ་ཡིས་ཆོག །མིན་ན་སངས་རྒྱས་རྣམས་ཀྱི་ཡུལ། །ཕྱུང་ནས་མི་ཡི་གཟུགས་འཇོག་པ། །སྡིག་པའི་ས་བོན་མི་ལྕི་འམ། །འདི་འདྲའི་ལག་ལེན་ཕྱིན་ཅི་ལོག །མ་བཀག་ན་ནི་བསྟན་ལ་གནོད། །བཀག་ན་གཞན་གྱི་སེམས་ལ་གཟན། །གསུང་རབ་ཚད་མར་མི་བྱེད་ན། །དགེ་སློང་དང་ནི་དབང་བསྐུར་ལ། །སོགས་པའི་ཆོ་ག་ཅི་ཞིག་དགོས། །གསུང་རབ་ཚད་མར་བྱེད་ན་ནི། །དབང་བསྐུར་ལ་སོགས་ཆོ་ག་རྣམས། །མདོ་རྒྱུད་བཞིན་དུ་ཅིས་མི་བྱེད། །འགའ་ཞིག་འཁྲུལ་པར་ཤེས་བཞིན་དུ། །བསྙེན་བཀུར་འདོད་པའི་བསམ་པ་ཡིས། །ཆོ་ག་ཐམས་ཅད་འཁྲུལ་པ་ཉིད། །བྱེད་པ་བདུད་ཀྱིས་བསླུས་པ་ཡིན། །དམ་ཚིག་དང་ནི་སྡོམ་པ་ལ། །ནོར་པའི་རྣམ་གཞག་མང་པོ་མཐོང༌། །དེ་དག་བཀག་ལའང་ཁྲོ་བ་མང༌། །འོན་ཀྱང་ཁྱེད་ཉིད་དཔང་པོ་ལགས། །བཅོམ་ལྡན་ཁྱོད་ཀྱིས་གསང་སྔགས་ལམ། །རིམ་པ་གཉིས་སུ་བསྡུས་ཏེ་གསུངས། །དེ་ལ་རིམ་གཉིས་མི་དགོས་ཞེས། །གསང་སྔགས་བསྒོམ་པ་ཕལ་ཆེར་སྒྲོགས། །དེ་དག་ཁྱེད་ཀྱི་གསུང་གིས་བཀག །དེ་ལའང་དེ་ཡི་རིགས་ཅན་ཁྲོ། །བསྐྱེད་རིམ་བསྒོམ་པ་ཕལ་ཆེར་ཡང༌། །སྦྱང་གཞི་སྦྱོང་བྱེད་ལེགས་འཕྲོད་པའི། །ཆོ་གའི་རྣམ་གཞག་མེ་ཤེས་པར། །རང་བཟོའི་དཀྲོངས་བསྐྱེད་བསྒོམ་པ་མཐོང༌། །བསྐྱེད་རིམ་གསལ་བ་རབ་ཀྱི་མཐར། །སོན་པའི་གང་ཟག་ཡང་རབ་ཀྱིས། །རྫོགས་རིམ་གཙོ་བོར་སྦྱང་བའི་ཚེ། །དཀྲོངས་བསྐྱེད་གསུངས་ཀྱི་ད་ལྟ་མིན། །དཔེར་ན་ཁ་ཟས་དཀྲོངས་བསྐྱེད་ལ། །སྔོན་དུ་འཚོག་ཆས་མི་དགོས་སམ། །སྔོན་དུ་ཚོགས་སྦྱོར་མ་བསྒོམས་པའི། །བར་ཆད་མེད་ལམ་དཀྲོངས་བསྐྱེད་དང༌། །ས་བཅུ་རིམ་གྱིས་མ་བགྲོད་པར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ། །སྙོམས་པར་འཇུག་པ་མི་སྲིད་བཞིན། །བསྐྱེད་པའི་རིམ་པས་མ་སྦྱངས་པའི། །ལྷ་སྒོམ་དཀྲོངས་བསྐྱེད་དེ་དང་འདྲ། །ཆོ་ག་བཞིན་དུ་སྔགས་བཟླས་ན། །གསང་སྔགས་རྒྱལ་པོ་ཚེ་འདིར་འགྲུབ། །ཆོ་ག་མེད་ན་སྔགས་བཟང་ཡང༌། །ཟློས་པར་དགོས་པ་ཆུང་བར་གསུངས། །རྣམ་དག་ཚུལ་བཞིན་ཤེས་པ་ཡིས། །གཏུམ་མོ་ཡེ་ཤེས་སྐྱེ་བའི་ཐབས། །རྣམ་དག་མེད་པའི་གཏུམ་མོ་ནི། །དྲོད་ཙམ་སྐྱེ་ཡི་ཡེ་ཤེས་མིན། །དྲོད་སྐྱེ་བ་ཡི་གཏུམ་མོ་ནི། །མུ་སྟེགས་ལུགས་ཡིན་ངེད་ཀྱི་མིན། །དེ་བཞིན་རླུང་དང་འཁྲུལ་འཁོར་སོགས། །མུ་སྟེགས་བྱེད་དང་སངས་རྒྱས་པའི། །རྣམ་གཞག་མཚུངས་པ་འདྲ་བ་ཡོད། །གསེར་དང་ར་གན་འབྱེད་པ་ལ། །འདྲིས་པ་མེད་ན་ཕྱེད་པ་དཀའ། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡང༌། །དབང་ལས་བྱུང་བའི་ཡེ་ཤེས་དང༌། །རིམ་གཉིས་ཏིང་འཛིན་ཁྱད་པར་ཅན། །ཡིན་ཞེས་ཁྱེད་ཀྱི་གསུང་ལས་འབྱུང༌། །ཁ་ཅིག་དཀར་པོ་ཆིག་ཐུབ་ལ། །ཕྱག་རྒྱ་ཆེན་པོར་ངོ་སྤྲོད་བྱེད། །ཤོར་ས་བཞི་དང་གོལ་ས་གསུམ། །སྤངས་ལ་གཉུག་མ་བསྒོམ་པར་བྱ། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་གཞག །འདི་ལ་ཕྱག་རྒྱ་ཆེན་པོ་ཟེར། །འདི་དོན་བརྟགས་ན་འདི་ལྟར་མཐོང༌། །སོ་མར་བཞག་ན་བལ་ཉིད་ཡིན། །སྐུད་པར་བྱས་ན་བཅོས་པར་འགྱུར། །དེ་ཕྱིར་འདི་ལ་དཔེ་སྐྱོན་ཡོད། །དོན་གྱི་སྐྱོན་ཡང་འདི་ལྟར་མཐོང༌། །གོལ་ས་གསུམ་པོ་བཅད་ཙམ་གྱིས། །ཕྱག་རྒྱ་ཆེན་པོར་འགྱུར་ན་ནི། །ཉན་ཐོས་འགོག་པའང་དེར་འགྱུར་རོ། །ཤོར་ས་བཞི་པོ་སྤང་སྙམ་པའི། །རྣམ་རྟོག་ཕྱག་རྒྱ་ཆེན་པོ་མིན། །རྟོག་པ་མེད་ན་སྤོང་མི་ནུས། །རྟོག་པ་མེད་ཀྱང་སྤོང་ནུས་ན། །སེམས་ཅན་ཀུན་ལ་འབད་མེད་པར། །ཕྱག་རྒྱ་ཆེན་པོ་ཅིས་མི་སྐྱེ། །དེས་ན་ཕྱག་རྒྱ་ཆེན་པོ་ཉིད། །ཡིན་ན་ཤོར་ས་གོལ་ས་མེད། །ཡོད་ན་ཕྱག་རྒྱ་ཆེན་པོ་མིན། །དེ་ཕྱིར་འདི་འདྲའི་ཆོས་ལུགས་ཀྱི། །ཕྱག་རྒྱ་ཆེན་པོ་གསུངས་པ་མེད། །དེས་ན་རྒྱུད་ནས་མ་གསུངས་པའི། །ཕྱག་རྒྱ་ཆེན་པོ་དེ་མི་འདོད། །དེ་སྐད་བདག་གིས་བསྒྲགས་པ་ལ། །རྒྱུད་སྡེ་མི་ཤེས་པ་རྣམས་ཁྲོ། །ཁྲོ་བ་དེ་དང་བདག་གང་བདེན། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཐེག་པ་རིམ་དགུའི་རྣམ་གཞག་གི །འཁྲུལ་དང་མ་འཁྲུལ་དཔྱད་པ་ལ། །རྒྱུད་སྡེའི་རྣམ་དབྱེ་མི་ཤེས་པའི། །སྐྱེ་བོ་ཕལ་ཆེར་བདག་སུན་འབྱིན། །འདི་ཡང་གང་བདེན་གང་བརྫུན་པ། །འཕགས་པ་རྣམས་ཀྱིས་དགོངས་སུ་གསོལ། །ཁ་ཅིག་སངས་རྒྱས་གསུང་རབ་ནི། །ངེས་དོན་གཅིག་པུ་ཁོ་ན་ཡིན། །དགོངས་པ་དང་ནི་ལྡེམ་དགོངས་མེད། །ཇི་བཞིན་ཇི་བཞིན་མ་ཡིན་པའི། །སྒྲ་ཡང་གཉིས་སུ་གསུངས་པ་མེད། །གལ་ཏེ་གསུངས་ན་སངས་རྒྱས་ཀྱང༌། །བརྫུན་གསུང་བར་ནི་ཐལ་འགྱུར་ཟེར། །བདག་གི་དྲང་དོན་ངེས་དོན་ལ། །སོགས་པའི་རྣམ་གཞག་ལེགས་པར་བཤད། །དེ་ལའང་སྡེ་སྣོད་མི་ཤེས་པའི། །སྐྱེ་བོ་འགའ་ཞིག་བདག་ལ་རྒོལ། །གང་བདེན་ཁྱེད་ཀྱིས་གཟིགས་སུ་གསོལ། །ཁྱེད་ཀྱིས་བདེ་གཤེགས་སྙིང་པོའི་སྒྲ། །ཁ་ཅིག་ངེས་པའི་དོན་དུ་བཤད། །བདག་གི་དྲང་བའི་དོན་དུ་ནི། །ལུང་དང་རིགས་པས་བསྒྲུབས་ཏེ་བཤད། །ཁྱེད་ཀྱིས་ཆོས་རྣམས་དབུ་མར་གསུངས། །ཡོད་དང་མེད་སོགས་མཐར་འཛིན་བཀག །ཁྱེད་ཀྱིས་གསུང་བཞིན་བདག་གིས་ཀྱང༌། །འཆད་པའི་ཚེ་ཡང་ཡོད་མེད་བཀག །གནས་ལུགས་བསྒོམ་ནའང་ཡོད་མེད་གྲོལ། །བསྔོ་བའི་ཚེ་ནའང་ཡོད་མེད་འདས། །ཡོད་འཛིན་ལ་ནི་མཚན་མ་ཡི། །དུག་ཅན་ཡིན་ཞེས་ཁྱེད་ཀྱིས་གསུངས། །དེས་ན་བདག་གིས་བཤད་པ་དང༌། །བསྒོམ་པ་དང་ནི་བསྔོ་བ་ཡང༌། །ཡོད་མེད་ལ་སོགས་དམིགས་པའི་དུག །སྤངས་པའི་ཆོ་ག་དུག་མེད་བགྱིས། །དེ་ལ་མུ་སྟེགས་གྲངས་ཅན་དང༌། །ཉན་ཐོས་ཐམས་ཅད་ཡོད་སྨྲའི་ལུགས། །འདོད་པ་དེ་དག་བདག་ལ་རྒོལ། །འདི་དག་ཀྱང་ནི་བདེན་མི་བདེན། །ཁྱོད་ཀྱིས་རྣམ་པར་ཕྱེ་སྟེ་གསུངས། །ས་དང་ལམ་གྱི་རྣམ་གཞག་ལ། །འགའ་ཞིག་ས་ལམ་མི་དགོས་ཟེར། །ལ་ལ་གསང་སྔགས་ཕར་ཕྱིན་གཉིས། །མཐུན་པ་དང་ནི་མི་མཐུན་པའི། །རྣམ་དབྱེ་ཕལ་ཆེར་འཁྲུལ་པ་མཐོང༌། །མ་འཁྲུལ་པ་ཡི་རྣམ་གཞག་ལ། །མདོ་རྒྱུད་རྣམས་ལས་འབྱུང་བ་བཞིན། །ཆ་མཐུན་ཁྱད་པར་འཕགས་པ་ཡི། །ཕྱི་ནང་ས་ལམ་བདག་གིས་བཤད། །ཨུརྻན་ཛཱ་ལན་དྷ་ར་དང༌། །གངས་ཅན་ཙ་རི་ཏྲ་ལ་སོགས། །ཕྱི་དང་ནང་གི་གནས་ཆེན་རྣམས། །ས་བཅུ་ལ་སོགས་ཡིན་པ་ལ། །རྒྱུད་སྡེ་ལེགས་པར་མ་བསླབས་པའི། །བླུན་པོ་རྣམས་ཀྱིས་དེར་མ་གོ །དེས་ན་ས་ལམ་མི་བགྲོད་པར། །ཡུལ་ཆེན་ཚོལ་བའི་གང་ཟག་མང༌། །དེ་དག་ཁྱེད་ཀྱི་གསུང་རབ་དང༌། །འགལ་བར་མཐོང་ནས་བདག་གིས་བཀག །དེ་ལའང་དེ་འདྲའི་ལུགས་ཅན་རྣམས། །བདག་ལ་རྒྱབ་ཀྱིས་ཕྱོགས་པར་སྣང༌། །དེ་བཞིན་སངས་རྒྱས་ས་ལམ་ཡང༌། །ཉན་ཐོས་ཕར་ཕྱིན་གསང་སྔགས་ལ། །འགའ་ཞིག་མཐུན་ཞིང་འགའ་ཞིག་ལ། །མི་འདྲའི་རྣམ་གཞག་ཟབ་མོ་ཡོད། །བླུན་པོ་རྣམས་ཀྱིས་འདི་མི་ཤེས། །བདག་གིས་ཁྱེད་ཀྱི་གསུང་བཞིན་བཤད། །དེ་ལའང་ཆགས་སྡང་ཅན་རྣམས་ཁྲོ། །འདི་དག་སུ་དང་སུ་བདེན་པ། །སངས་རྒྱས་སྤྱན་གྱིས་གཟིགས་སུ་གསོལ། །ཚིག་གི་སྦྱོར་བ་འཆད་པ་ལ། །འབྲུ་མང་པོ་དང་དེའི་སྐྱེས་བུ། །བ་གཉིས་པ་དང་ཟླས་དབྱེ་བ། །གཞི་མཐུན་ལ་སོགས་ཚིག་སྦྱོར་ནི། །བདག་གིས་སྒྲ་དང་མཐུན་པར་བཤད། །ལེགས་པར་སྦྱར་ལ་བོད་སྐད་དུ། །མཁས་པས་སྦྱར་བ་ཐམས་ཅད་དག །སྒྲ་མི་ཤེས་པས་བསྒྱུར་བ་ལ། །ཚིག་དོན་ནོར་པ་ཅི་རིགས་མཐོང༌། །དེ་འདྲ་བདག་གིས་བཅོས་ནས་བཤད། །སྐ་ཅོག་སོགས་ཀྱིས་བསྒྱུར་བ་ལ། །འགའ་ཞིག་སྒྲ་དང་ཅུང་མི་མཐུན། །འགའ་ཞིག་དོན་འགྱུར་དག་ཏུ་བྱས། །འགའ་ཞིག་བརྡ་རྙིང་གོ་བ་དཀའ། །འགའ་ཞིག་སྔ་མ་བཙན་པར་བྱས། །ལ་ལ་གསར་བཅད་དག་གིས་བཅོས། །ལ་ལ་རྒྱ་སྐད་སོར་བཞག་སྣང༌། །ལ་ལ་ཁམས་ཀྱི་བྱེ་བྲག་གིས། །རྒྱ་སྐད་གཅིག་ལའང་བཤད་ཚུལ་གྱིས། །བོད་ཀྱི་སྒྲ་འགྱུར་ཐ་དད་སྣང༌། །འདི་འདྲའི་ཚིག་དོན་འདྲ་མི་འདྲ། །དེ་དག་ལེགས་པར་དཔྱིས་ཕྱིན་པ། །བླུན་པོ་རྣམས་ཀྱིས་ལྟ་ཅི་མོས། །མཁས་པ་ཡིས་ཀྱང་ཤེས་པར་དཀའ། །དེ་དག་བདག་གི་ཐ་སྙད་ལ། །སྦྱངས་པའི་སྟོབས་ཀྱིས་ལེགས་པར་ཤེས། །འོན་ཀྱང་སྐྱེ་བོ་ཆགས་སྡང་དང༌། །བླུན་ཕྱིར་བདག་གི་ཁྱད་དུ་གསོད། །འདི་འདྲ་བདག་གིས་ཤེས་མ་ཤེས། །མགོན་པོ་སྲས་དང་བཅས་པས་མཁྱེན། །འགྲོ་བ་དམ་ཆོས་སུན་འབྱིན་པ། །དེ་ལ་འཇིག་རྟེན་ཕལ་ཆེར་བསྟོད། །བདག་གིས་ཆོས་མིན་སུན་ཕྱུང་བས། །འཇིག་རྟེན་ཕལ་ཆེར་བདག་ལ་སྨོད། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་ལ། །འཇིག་རྟེན་ཕལ་ཆེར་རྗེས་མི་འཇུག །སླུ་བྱེད་མེ་ཏོག་མདའ་ཅན་གྱི། །རྗེས་སུ་འཇིག་རྟེན་འདི་དག་འབྲང༌། །ཀྱེ་མ་བསོད་ནམས་དམན་པའི་མི། །ལྷ་སྐལ་ཆད་པས་འབྱུང་པོ་སྒྲུབ། །དེ་ལྟར་དོན་དང་ཚིག་དག་གིས། །འཁྲུལ་དང་མ་འཁྲུལ་དཔྱད་པ་ལ། །ལུང་དང་རིགས་པ་མི་འགལ་བར། །བདག་གི་དགག་སྒྲུབ་བགྱིས་པ་ལས། །འཇིག་རྟེན་ཕལ་ཆེར་ཆགས་སྡང་གི །བསམས་པས་བདག་ལ་སྨོད་མོད་ཀྱི། །ཐམས་ཅད་གཟིགས་པའི་སྤྱན་མངའ་བ། །ཁྱེད་ནི་བདག་ལ་དགྱེས་པར་བསམས། །འཕགས་པ་ཀླུ་སྒྲུབ་འདི་སྐད་དུ། །ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་དོན་དུ་མ་གསུངས་མོད། །འོན་ཀྱང་འདིས་ནི་གཞན་ལྟ་རྣམས། །མེ་ཡིས་བུད་ཤིང་བཞིན་དུ་བསྲེགས། །ཞེས་གསུངས་པ་དང་ཐོག་ཏུ་བབ། །བདག་ཀྱང་གཞན་ལ་ཁྱད་གསོད་པའི། །བསམས་པས་བཤད་པ་མ་ལགས་མོད། །འོན་ཀྱང་ཁྱེད་ཀྱི་སྡེ་སྣོད་བཞིན། །བཤད་པས་གཞན་གྱི་ཆོས་ལུགས་བསྲེགས། །ཐིག་སྐུད་དྲང་པོར་བཞག་པ་ན། །ཡ་ཡོ་ཅན་རྣམས་སེམས་ལ་གཟན། །དེ་བཞིན་ཁྱེད་ཀྱི་གསུང་བསྒྲུབས་པས། །ཆོས་ལྟར་བཅོས་རྣམས་མཉེས་མ་གྱུར། །བདག་ལ་ཆགས་སྡང་མ་མཆིས་མོད། །འོན་ཀྱང་བསྟན་པ་བསྲུང་འདོད་པས། །བདེན་པར་སྨྲས་ན་ཕ་རོལ་ཁྲོ། །བརྫུན་པར་སྨྲས་ན་སྡིག་པ་ལྕི། །ད་ནི་ཕྱོགས་བཅུའི་སངས་རྒྱས་ལ། །ཐལ་སྦྱར་ནས་ནི་དོན་འདི་ཞུ། །བདག་གིས་བདེན་པར་སྨྲ་ལགས་སམ། །འོན་ཏེ་བརྫུན་པར་སྨྲ་བར་བགྱི། །གལ་ཏེ་བདེན་པར་སྨྲས་ན་ནི། བརྫུན་པར་སྨྲ་བ་ཐམས་ཅད་ཁྲོ། །དེ་སྟེ་བརྫུན་པར་སྨྲས་ན་ནི། །ཁྱེད་ཀྱི་གསུང་དང་འགལ་དུ་དོགས། །གཞན་ཡང་བསྟན་པ་བསྲུང་ན་ནི། །ཆོས་ལོག་ཐམས་ཅད་སུན་འབྱུང་འཚལ། །འོན་ཏེ་འཇིག་རྟེན་སེམས་བསྲུང་ན། །ཆོས་ལོག་ལ་ཡང་བསྟོད་འཚལ་ལོ། །བདེན་པར་སྨྲས་ན་གཞན་སེམས་བསྲེགས། །བརྫུན་པར་སྨྲས་ན་བསྟན་པ་འཇིག །སྨྲ་བ་སྤངས་ན་དོན་མི་རྟོགས། །དེས་ན་དམ་པའི་སྤྱོད་པ་དཀའ། །ཨེ་ཌ་ཞེས་བྱའི་དྲང་སྲོང་མཆོག །དེ་ཡིས་གསོད་པའི་མཆོད་སྦྱིན་བཀག །དེ་ཚེ་ཤ་ལ་དགའ་བ་ཡི། །གནོད་སྦྱིན་རྣམས་ཀྱིས་བསད་ཅེས་གྲགས། །དེང་སང་ན་ཡང་ཡུལ་དེ་ལ། །ཨེ་ཌ་གཏུགས་པའི་ས་ཞེས་ཟེར། །དམ་ཆོས་སྨྲ་བའི་དགེ་སློང་མཆོག །མེ་ཏོག་ཟླ་མཛེས་ཐུགས་རྗེ་ཅན། །དམ་ཆོས་བཤད་པའི་ལེ་ལན་གྱིས། །རྒྱལ་པོས་ཆད་པས་བཅང་ཅེས་ཐོས། །གཞན་ཡང་བདེན་པར་སྨྲས་པའི་རྒྱུས། །སྨྲ་བ་པོ་ལ་འཇིག་རྟེན་ཀུན། །ལོག་པར་འཇུག་པ་མང་ལགས་པས། །ཐུགས་རྗེ་མངའ་བས་བསྐྱང་དུ་གསོལ། །ད་ནི་ཕྱོགས་བཅུའི་སངས་རྒྱས་དང༌། །སངས་རྒྱས་སྲས་བཅས་དགོངས་པར་ཞུ། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །སེམས་ཅན་རྒུད་པ་རྣམས་ལ་གཟིགས། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྣམ་པ་ཀུན་ཏུ་བྱིན་གྱིས་རློབས། །ཐུན་མོང་བ་དང་ཕུལ་བྱུང་ཆོས། །རང་གཞན་དོན་ཀུན་བརྙེས་ནས་ནི། །སེམས་ཅན་ཐམས་ཅད་སྐྱོབ་མཛད་པ། །སྟོན་མཆོག་ཁྱོད་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དཔལ། །དགེ་བསྙེན་མཆོག་གི་སྐུར་བསྟན་ནས། །བདག་གི་འཁྲུལ་པའི་དྲྭ་བ་བཅད། །ཡུན་རིང་དུས་ནས་འདི་ཉིད་ནི། །ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཅེས། །མཁའ་ལས་དེ་ལྟའི་གསུངས་བསྒྲགས་པ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལ་ལས་སངས་རྒྱས་གསུང་རབ་པོར། །ལོག་ལྟའི་མུན་པས་ཁེབས་པ་ཡང༌། །ཡང་དག་དགེ་བའི་བཤེས་གཉེན་ཅེས། །རྨོངས་པ་ཕལ་ཆེར་གུས་པས་བསྟེན། །སྐྱོན་མེད་ཡོན་ཏན་དང་ལྡན་པ། །སངས་རྒྱས་གསུང་བཞིན་བསྒྲུབ་པ་ཡི། །བླ་མ་དམ་པ་རྙེད་ན་ཡང༌། །འཇིག་རྟེན་འདི་དག་དད་པ་ཉུང༌། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །འཇམ་པའི་དབྱངས་ཀྱི་ངོ་བོ་ཉིད། །སོ་སོའི་སྐྱེ་བོའི་སྐུར་བསྟན་པ། །བདག་གིས་ལེགས་པར་ཤེས་བཞིན་དུ། །དེ་ལྟ་ན་ཡང་བདག་རྨོངས་པས། །མཐོང་ཡང་རྣམ་པ་ཐམས་ཅད་དུ། །མ་མཐོང་བ་དང་འདྲ་བར་གྱུར། །ལས་ཀྱི་བག་ཆགས་ཤིན་དུ་སྲ། །ཁྱོད་ཀྱིས་བདག་ལ་དབང་བསྐུར་བ། །དེ་དོན་ལེགས་པར་བརྡ་འཕྲོད་པ། །དེ་ཚེ་སོམ་ཉི་མེད་པར་གྱུར། །གསུང་མཆོག་ཁྱོད་ལ་སྤྱིས་ཕྱག་འཚལ། །སྐུ་ཚེའི་འདུ་བྱེད་གཏོང་བ་ན། །མགོན་པོ་ཁྱོད་ཀྱི་གསུང་རབ་མཆོག །ནན་ཏན་གྱིས་ནི་བཀའ་སྩལ་པ། །འབད་པས་ཅི་ནུས་བསྒྲུབ་པའི་ཚེ། །བར་དུ་གཅོད་པའི་ཆོས་དེ་གྲོལ། །དེས་ན་ཇི་སྐད་གསུངས་པ་ཡི། །བཀའ་སྩལ་དེ་དག་ཅི་གསུངས་བཞིན། །རྣམ་པ་ཀུན་དུ་ཐོག་ཏུ་བབ། །བདེན་གསུང་ཁྱོད་ལ་བདག་སྐྱབས་མཆི། །ལས་ཀྱི་ཆུ་བོས་བདས་པ་ན། །སེམས་ལ་རང་དབང་ཐོབ་པ་དཀའ། །དེས་ན་སྡིག་པའི་དབང་གྱུར་པའི། །ཉེས་པ་བཀྲུ་བའི་འཇུག་ངོགས་མཆོག །འཇིག་རྟེན་མགོན་པོས་གཟིགས་སུ་གསོལ། །ཁྱོད་ལ་ཐལ་སྦྱར་གུས་བཏུད་དེ། །རྐང་གི་ཁོང་ནས་འཇིགས་སེམས་ཀྱིས། །སྡིག་པ་དེ་དག་ཐམས་ཅད་ནི། །ཡང་ནས་ཡང་དུ་བཤགས་པར་འཚལ། །མགོན་པོ་སྲས་དང་བཅས་རྣམས་ཀྱིས། །འགྲོ་བ་ཀུན་གྱི་སྡིག་པ་ཡི། །ས་བོན་དྲུང་ནས་དབྱུང་དུ་གསོལ། །ཐུགས་རྗེ་མངའ་བའི་ཐུགས་ལྡན་པའི། །མགོན་པོ་ཡུད་ཙམ་དགོངས་སུ་གསོལ། །འགྲོ་བ་ཤེས་རབ་མིག་དང་བྲལ། །ཡིད་བརྟན་བྱམས་པའི་གྲོགས་ཀྱིས་བསླུས། །ཉམ་ངའི་ལམ་དུ་རྣམ་པར་འཁྱམ། །སྡུག་བསྔལ་ཁུར་གྱིས་ཤིན་ཏུ་ནོན། །ཕྱོགས་ཀུན་དགྲ་བོས་ཁེབས་པས་ན། །ཁ་སྐམ་མིག་རྩ་ཞན་གྱུར་པ། །སྡུག་པའི་སྨྲེ་སྔགས་སྣ་ཚོགས་འདོན། །མགོན་མེད་སྐྱབས་ཀྱང་མ་མཆིས་པ། །འཇིག་རྟེན་འདི་ལ་གཟིགས་སུ་གསོལ། །ཁྱེད་ཀྱིས་དང་པོ་འདི་སྐད་དུ། །ང་ནི་མགོན་མེད་ཁྱེད་ཅག་གི །མགོན་དུ་གྱུར་ཞེས་གསུངས་པ་གང༌། །ཐུགས་དམ་བརྟན་པའི་ཐུགས་རྗེ་ཅན། །དེ་ལ་མགོན་མེད་བདག་ཅག་སྐྱབས། །ལས་ཀྱི་ཤུགས་ཀྱིས་བཟློག་དཀའ་བའི། །སྡུག་བསྔལ་ཆུ་བོ་ཤིན་ཏུ་འཇིགས། །མགོན་པོ་བདག་ཅག་བསྒྲལ་བར་ཞུ། །ད་དུང་བདག་ལ་ཞུ་བ་མཆིས། །བརྩོན་འགྲུས་བརྟན་པས་གཟིགས་སུ་གསོལ། །མ་ག་དྡྷ་དང་ཀོ་ས་ལ། །བཏྶ་ལ་དང་ཡངས་པ་ཅན། །འཕགས་རྒྱལ་དང་ནི་འཁོར་མོ་འཇིག །སེར་སྐྱའི་གྲོང་ཁྱེར་ལ་སོགས་པ། །ཡུལ་འདིའི་གཙུག་ལག་ཁང་དང་ནི། །སྡོམ་བརྩོན་སྡེ་སྣོད་འཛིན་རྣམས་དང༌། །ཁྱོད་ཀྱི་སངས་རྒྱས་བསྟན་པ་དང༌། །སེམས་ཅན་རྣམས་ཀྱི་བདེ་སྡུག་ལ། །རེ་ཞིག་གཟིགས་པར་མཛད་དུ་གསོལ། །ཨུརྻན་ཛཱ་ལན་དྷ་ར་དང༌། །ཀོངྐ་ན་དང་སིན་དྷུའི་ཡུལ། །ཁ་ཆེ་དང་ནི་ཁ་ཤ་སོགས། །མ་ཁ་དང་ནི་ལི་ཡི་ཡུལ། །དེ་བཞིན་ཧོར་དང་ཧོར་ཆེན་པོ། །ཧ་ལ་ཤན་དང་ཉེ་བའི་ལྗོངས། །རྒྱ་ནག་རྒྱ་ནག་ཆེན་པོ་དང༌། །གནྡྷ་ར་དང་འདོད་པའི་གཟུགས། །ཟངས་གླིང་དང་ནི་གསེར་གྱི་གླིང༌། །ཟླ་བའི་གླིང་དང་སེང་གེའི་གླིང༌། །བྷངྒ་བ་རཎྜ་ལ་སོགས། །ལྷོ་དང་ནུབ་ན་གནས་པའི་ལྗོངས། །སྔོན་ནི་ཁྱོད་ཀྱི་བསྟན་པའི་གཞི། །ཁ་བ་ཅན་གྱི་བྱང་ཕྱོགས་ཡུལ། །ཐུབ་པས་བོད་དང་བོད་ཆེན་ཞེས། །ཡོངས་སུ་བསྒྲགས་པའི་ས་ཕྱོགས་འདིར། །ང་ནི་མྱ་ངན་འདས་གྱུར་ནས། །ལོ་ནི་ཉིས་སྟོང་ལྔ་བརྒྱ་ན། །དམ་ཆོས་རྒྱས་པར་འགྱུར་ཅེས་གསུང༌། །དེར་ནི་དམ་ཆོས་འཛིན་པ་དང༌། །ཀློག་དང་ཁ་ཏོན་བྱེད་པ་དང༌། །ཉན་དང་འཆད་དང་སྒྲུབ་པ་ལ། །ང་ཡིས་སྤྱན་གྱིས་གཟིགས་སོ་ཞེས། །འགྲོ་མགོན་ཁྱོད་ཀྱིས་ལུང་བསྟན་མཛད། །དེ་ལྟ་མོད་ཀྱི་ད་ལྟ་ཡི། །སྐྱེ་བོ་འདི་དག་བསོད་ནམས་ཞན། །དུས་ཀྱང་ཤིན་ཏུ་སྙིགས་མར་གྱུར། །སངས་རྒྱས་བསྟན་པའི་གཟུགས་བརྙན་གྱིས། །ཁྱོད་ཀྱི་བསྟན་པ་ཆུད་ཀྱང་གསན། །དེ་ཡི་སྟོབས་ཀྱིས་སེམས་ཅན་རྣམས། །ཤིན་ཏུ་བརྣག་དཀའི་སྡུག་བསྔལ་མྱོང༌། །རྔོན་པས་བདས་པའི་རི་དྭགས་ལྟར། །སྐྲག་པས་མིག་རྩ་རིག་རིག་པོ། །འཇིགས་པའི་དབང་གིས་གོམ་པ་འཁྱོར། །བཀྲེས་པས་ལྟོ་བར་རབ་ཏུ་རྙོང༌། །རླུང་དང་གྲང་བས་གདུངས་པའི་ལུས། །འགའ་ཞིག་ནད་ཀྱིས་རྣམ་པར་བཅོམ། །ལ་ལའི་ཉེ་དུ་འབྲེལ་བས་བརླག །འགའ་ཡི་ལམ་ཡང་རྣམ་པར་བཀག །འགའ་ཞིག་ཤེས་པ་འཐོམས་ནས་སྣང༌། །བསོད་ཟད་རྣམས་ལ་གདོན་ཡང་སྡང༌། །སྔོན་ཆད་ཉེས་པར་སྤྱད་པ་ཡི། །ལས་ངན་སྨིན་པ་བདག་ཅག་ལ། །སངས་རྒྱས་སྲས་བཅས་གཟིགས་སུ་གསོལ། །མི་ཡི་འཇིག་རྟེན་མཐོ་རིས་ཞེས། །ཁྱོད་ཀྱིས་བདེ་འགྲོའི་བསྔགས་པ་མཛད། །འོན་ཀྱང་མཐོ་རིས་སྡུག་བསྔལ་འདི། །མགོན་པོ་མྱུར་དུ་སྐྱབས་འཚལ་ལོ། །གང་ལ་སྐྱབས་སུ་མཆིས་ཀྱང་ནི། །སྐྱབས་དེ་དག་གིས་བསླུ་བར་མཐོང༌། །བསླུ་བ་མེད་པ་སྐྱབས་ཀྱི་མཆོག །སྐྱབས་མཆོག་ཁྱོད་ལ་སྐྱབས་སུ་མཆི། །སེམས་ཅན་དམྱལ་བའི་གནས་ལ་ཡང༌། །ཐུགས་རྗེ་ལྡན་པས་ཡུད་ཙམ་གཟིགས། །ཡང་སོས་དང་ནི་ཐིག་ནག་དང༌། །བསྡུས་འཇོམས་དང་ནི་ངུ་འབོད་སོགས། །མནར་མེད་སྲིད་པ་བཟོད་དཀའི་བར། །མེས་བསྲེགས་མཚོན་ཆའི་ཆར་ཕབ་པས། །ཉམ་ཆུང་མཁུན་སྒྲ་འབྱིན་པ་ཙམ། །སྡུག་སྐད་འབྱིན་པར་མི་ནུས་པ། །ཚ་བའི་སེམས་དམྱལ་རྣམས་ལ་གཟིགས། །ཆུ་བུར་ཅན་སོགས་འཁྱགས་པ་ཡིས། །ལུས་གས་འགུལ་ཉམས་མ་མཆིས་པ། །འདི་འདྲའི་སེམས་དམྱལ་ཇི་ལྟར་གསོ། །མགོན་པོ་ཡི་དྭགས་བཀྲེས་སྐོམ་གྱིས། །གདུངས་པས་ཡུན་རིང་ཉམ་ཐག་པ། །བཟའ་བཏུང་འདོད་པའི་ཆོ་ངེ་ཅན། །འདི་ལ་ཇི་ལྟར་བགྱི་བ་གསུངས། །བརྩེ་ལྡན་ཐུགས་རྗེའི་བདག་ཉིད་ཅན། །དུད་འགྲོའི་གནས་ཀྱང་གཟིགས་སུ་གསོལ། །ཕན་ཚུན་ཟ་བས་རྣམ་པར་འཇིགས། །འགའ་ཞིག་བསྲེགས་ཏེ་གསོད་པ་མཐོང༌། །འགའ་ཞིག་བཟུང་ནས་རྒྱུ་ལྟོ་འབྱིན། །འདི་ལ་མགོན་པོས་ཐུགས་རྗེ་མཛོད། །ལྷ་མིན་ལྷ་ཡི་གནས་ན་ཡང༌། །མཐོ་རིས་སྡུག་བསྔལ་བསམ་ལས་འདས། །ཐོག་མར་སྐྱིད་པ་བསྐྱེད་བསྐྱེད་ནས། །ཐ་མར་སྡུག་བསྔལ་གྱིས་བཅོམ་སྟེ། །སྨྲེ་སྔགས་འདོན་ཞིང་ངན་འགྲོར་མཆི། །བརྩེ་ལྡན་ཀུན་ནས་གཟིགས་སུ་གསོལ། །སེམས་ཅན་ལས་ལ་སྤྱོད་པ་ལ། །ཁྱོད་ཀྱི་ཐུགས་རྗེ་མི་འཇུག་ན། །འགྲོ་བ་བདེ་བར་གནས་པ་ལ། །ཁྱེད་ཀྱི་ཐུགས་རྗེ་འཇུག་ལགས་སམ། །སྨན་པས་ནད་པ་གསོ་བ་དང༌། །མགྲོན་པོ་དག་ལ་སྐྱེལ་མ་དང༌། །ལོང་བ་དག་ལ་དམིགས་བུ་དང༌། །ཕོངས་པ་དག་ལ་སྦྱིན་བདག་དང༌། །གསོད་པར་ངེས་ལའང་སྐྱོབ་པ་མཐོང༌། །བླུན་ཞིང་སྙིང་རྗེ་ཤས་ཆུང་བ། །ནུས་པ་མེད་པའི་སྐྱེ་བོ་ཡང༌། །འགྲོ་ལ་ཕན་ཕྱིར་འདི་འདྲ་ཡི། །ཕན་པར་བརྩོན་པར་བགྱིད་ལགས་ན། །ཁྱོད་ནི་ཞི་བ་ཐམས་ཅད་མཁྱེན། །བརྩེ་བས་སེམས་ཅན་ཀུན་ཕན་བཞེད། །ནུས་པ་དཔག་ཏུ་མེད་མཆིས་པ། །དེས་ན་ཕན་འདོགས་མཛད་པར་རིགས། །འགྲོ་བ་ལས་ཀྱི་རྣམ་སྨིན་ལ། །སྤྱོད་ཕྱིར་ཕན་པར་མི་ནུས་ན། །དང་པོ་ལས་ལ་འཇུག་པ་ཉིད། །མགོན་པོ་ཁྱོད་ཀྱིས་ཅིས་མི་འགེགས། །དེ་ཡང་དགག་པར་མི་སྤྱོད་ན། །ང་ནི་ཐམས་ཅད་མཁྱེན་པ་ཞེས། །འཁོར་གྱི་ནང་དུ་སེང་གེའི་སྒྲ། །བསྒྲགས་པའི་དགོས་པ་ཇི་ལྟར་ལགས། །འདི་འདྲའི་སྐབས་སུ་མུ་སྟེགས་དང༌། །བདུད་ཀྱི་ཕྱོགས་རྣམས་རྒོལ་ན་ནི། །དེ་ལ་ཆོས་དང་མཐུན་པའི་ལན། །བདག་གིས་ཇི་ལྟར་གདབ་པར་བགྱི། །ཁྱོད་ནི་བྱམས་དང་སྙིང་རྗེ་སོགས། །ཚད་མེད་བཞི་ཡི་ཐུགས་དང་ལྡན། །ལྷ་ཡི་མིག་དང་རྫུ་འཕྲུལ་སོགས། །མངོན་ཤེས་དྲུག་པོ་ཐོགས་མི་མངའ། །དེ་སླད་བྱམས་སོགས་ཀྱིས་བསྐྱངས་ཏེ། །རྫུ་འཕྲུལ་གྱིས་ནི་ཅིས་མི་འདུལ། །གདུག་པ་ཅན་ལ་རྒྱས་སྲས་ཀྱིས། །རྫུ་འཕྲུལ་གྱིས་ནི་མ་བསྡིགས་ན། །ཉེས་པ་ཡིན་ཞེས་ཁྱེད་ཉིད་གསུངས། །ཆོ་འཕྲུལ་གསུམ་ལ་མངའ་འབྱོར་པ། །ཁྱོད་ལ་ཉེས་པ་འདི་མངའ་ན། །རྒྱལ་སྲས་རྣམས་ལའང་མི་མཚུངས་སམ། །གལ་ཏེ་འགའ་ཞིག་དེ་སྐད་འདྲི། །དེ་ལ་བདག་གིས་ཇི་སྐད་གླེང༌། །སྟོབས་བཅུའི་སྟོབས་དང་ལྡན་པ་ཁྱོད། །བདུད་ཀྱི་སྟོབས་ཀྱང་འཇོམས་མཛད་ན། །སྟོབས་ཆུང་རྣམས་ཀྱིས་གཞན་འཚེ་བའི། །སྟོབས་འདི་ཁྱོད་ཀྱིས་ཅིས་མི་འཇོམས། །དབང་བཅུ་དག་ལ་དབང་མཛད་པའི། །མགོན་པོས་འགྲོ་ཀུན་སྐྱོབ་མཛད་ན། །འགྲོ་བ་དབང་མེད་འདི་དག་ལ། །ཁྱོད་ཀྱི་དབང་འབྱོར་ཇི་ལྟར་ལགས། །མེད་པ་ཡོངས་སུ་སྤྲུལ་པ་དང༌། །ཡོད་པ་གཞན་དུ་སྒྱུར་པ་སོགས། །ཡོངས་སུ་དག་པ་བཞི་ལྡན་པ། །ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །འགྲོ་བའི་ཕོངས་པ་སེལ་མཛད་པ། །འདི་ལྟར་ཕོངས་པ་གཟིགས་ནས་ནི། །ཏིང་འཛིན་དེ་ལ་འཇུག་ཏུ་གསོལ། །ཁྱོད་ཀྱི་ཐུགས་རྗེ་ཆེན་པོ་ནི། །འཇིག་རྟེན་ཀུན་ལ་ལན་དྲུག་གཟིགས། །བསྙེལ་བ་མི་མངའ་ཆོས་ཉིད་ཀྱང༌། །འགྲོ་བའི་དོན་ལ་རྟག་ཏུ་དགོངས། །ཁྱོད་ནི་ཉོན་མོངས་མི་མངའ་བ། །རང་དང་གཞན་གྱི་ཉོན་མོངས་འཇོམས། །ད་ལྟའི་འགྲོ་བ་ཉོན་མོངས་པ། །འཇོམས་ཕྱིར་ཁྱོད་ལ་གསོལ་བ་འདེབས། །དཔའ་བར་འགྲོ་བའི་ཏིང་འཛིན་སོགས། །རྣམ་པ་ཀུན་དུ་བརྙེས་ཁྱོད་ཀྱི། །འཕྲིན་ལས་འབད་པ་ཅི་ཞིག་འཚལ། །དེ་སླད་བདག་ཅག་རྗེས་སུ་ཟུང༌། །འཇིགས་པ་མེད་པའི་ཆོས་བཞི་བརྙེས། །མུ་སྟེགས་གཞན་གྱིས་མི་རྫི་བའི། །འཁོར་དུ་སེང་གེའི་སྒྲ་སྒྲོགས་པ། །འཇིག་རྟེན་ཀུན་ལ་གསལ་བར་མཛོད། །སངས་རྒྱས་ཁོ་ནའི་མ་འདྲེས་ཆོས། །དྲུག་ཕྲག་གཉིས་དང་གསུམ་གཉིས་ལྡན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བླ་མ་ཁྱོད་ལ་བདག་གསོལ་འདེབས། །ཐབས་མཆོག་དག་གིས་ལེགས་བསྒྲུབས་པ། །ཆོས་ཉིད་གཟིགས་པའི་ཡེ་ཤེས་ཅན། །ཁྱོད་ཀྱི་འཕྲིན་ལས་མངོན་བསམས་ན། །བསམ་མི་ཁྱབ་པ་འདི་ལྟར་སྣང༌། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །སངས་རྒྱས་རྣམས་ལ་ཆོས་སྐུར་སྣང༌། །སྟུག་པོ་བཀོད་པའི་ཞིང་ཁམས་སུ། །རྒྱལ་སྲས་མཆོག་ལ་ལོངས་སྐུར་སྟོན། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །འགྲོ་ལ་སྤྲུལ་པ་སྣ་ཚོགས་འགྱེད། །སྐྱེ་བའི་སྤྲུལ་པ་དགའ་ལྡན་དུ། །ལྷ་རྣམས་གདུལ་བར་བྱ་ཕྱིར་བཞུགས། །བཟོ་ཡི་སྤྲུལ་པས་དྲི་ཟ་ཡི། །རྒྱལ་པོ་རབ་དགའ་རྣམ་པར་བཏུལ། །མཆོག་གི་སྤྲུལ་པ་སྣ་ཚོགས་པས། །གདུལ་དཀའ་འགའ་ཞིག་གདུལ་པའི་ཕྱིར། །རྣམ་པ་སྣ་ཚོགས་ངོ་མཚར་རྨད། །འཇིག་རྟེན་སྐྱོང་རྣམས་འདུལ་བའི་ཕྱིར། །རི་རབ་རི་ཡི་རྩེ་མོ་རུ། །སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་དེར། །དབང་བསྐུར་མཛད་ནས་རྣམ་པར་བཏུལ། །བདུད་ཀྱི་དཀྱིལ་འཁོར་འདུལ་བའི་ཕྱིར། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་བསྐོར། །མི་ཡི་འགྲོ་བ་འདུལ་བའི་ཕྱིར། །གཞོན་ནུའི་རོལ་རྩེད་སྣ་ཚོགས་མཛད། །དཀའ་ཐུབ་དཀའ་བ་སུན་དབྱུང་ཕྱིར། །ཁྱེད་ཀྱིས་ལོ་དྲུག་དཀའ་བ་སྤྱད། །རྒྱལ་པོ་ཟས་གཙང་སྔོན་རབས་ཀྱིས། །མགུ་མཛད་ཁམས་དྲུག་བཤིགས་ནས་བཏུལ། །རྒྱལ་པོ་ཆེན་པོ་བི་ལིནྡ། །འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་བཏུལ། །རྒྱལ་པོ་ཨུ་ཏྲ་ཡ་ན་ནི། །ཁྱོད་སྐུ་རི་མོར་བྲིས་པས་བཏུལ། །འཇམ་པའི་དབྱངས་ཀྱི་ཆོ་འཕྲུལ་གྱིས། །ལྷ་དང་བཅས་པའི་བདུད་ཀྱི་སྡེ། །བཏུལ་ནས་ཆོས་ཀྱིས་གྲོལ་བར་མཛད། །རྒྱལ་པོ་མ་སྐྱེས་དགྲ་ཡི་སྡིག །རས་ཡུག་ཆེན་པོའི་གདམས་པས་སྦྱངས། །དགེ་སློང་དགྲ་བཅོམ་འགྲོ་བ་དང༌། །དམྱལ་བར་བསྐྱུར་ནས་ཕྱི་ནས་གསོ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་གྱིས། །དབང་ཕྱུག་ཆེན་པོ་བསད་ནས་བཏུལ། །བདུད་ཀྱི་དཔུང་རྣམས་བསྡིགས་ནས་བཏུལ། །ལྷ་མོ་ནམ་གྲུ་བསྟོད་པས་བཏུལ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌། །རིག་སྔགས་སྦྱོར་བའི་ཆོ་ག་དང༌། །རི་ལུ་སྨན་གྱི་སྦྱོར་བ་ཡིས། །སྡུག་བསྔལ་ཅན་རྣམས་ལེགས་པར་གསོས། །དེ་བཞིན་རྒྱལ་སྲས་ཐུགས་རྗེ་ཅན། །ཆོ་འཕྲུལ་གསུམ་གྱིས་འདུལ་མཛད་པ། །དེ་དག་ཀུན་གྱིས་འཇིག་རྟེན་འདི། །བུ་གཅིག་བཞིན་དུ་བསྐྱངས་ཞེས་གྲགས། །མཉན་ཡོད་ལ་སོགས་གདུལ་དཀའ་བ། །གདུལ་ཕྱིར་ཤཱ་རིའི་བུ་ལ་སོགས། །ཉན་ཐོས་ཆེན་པོ་མངགས་པ་མཛད། །རིགས་དད་བྱ་ཕྱིར་འཆར་ཀ་དང༌། །ཡུལ་ཅན་རྒྱལ་པོ་གདུལ་བའི་ཕྱིར། །འཕགས་པ་ཀཱ་ཏྱ་ཡ་ན་སོགས། །གང་ལ་གང་གིས་འདུལ་གྱུར་པ། །དེ་འདྲའི་ཚུལ་གྱིས་ཐམས་ཅད་བཏུལ། །དེ་ལྟའི་འཕྲིན་ལས་བསམ་ཡས་པ། །མཐོང་ངམ་ཐོས་པར་གྱུར་ན་ཡང༌། །སུ་ཞིག་ངོ་མཚར་སྐྱེ་མི་འགྱུར། །སྔོན་གྱི་འཕྲིན་ལས་དེ་འདྲའི་ཆ། །ད་ལྟའི་འགྲོ་བ་ཉམ་ཐག་ཅིང༌། །མགོན་མེད་འདྲེན་པ་མ་མཆིས་པ། །གླེན་ཞིང་ཕྱོགས་ཀྱང་མི་འཚལ་བ། །རི་དྭགས་རྒྱ་རུ་ཆུད་འདྲ་བའི། །སེམས་ཅན་རྣམས་ལ་མི་གཟིགས་ན། །ཐུགས་རྗེ་མངའ་བའི་ཐུགས་རྗེ་དེ། །ཇི་ལྟར་ལགས་པར་གསུང་དུ་གསོལ། །ཁྱབ་འཇུག་འཇིག་རྟེན་ཕན་འདོད་པས། །དགའ་བྱེད་དགའ་བྱེད་དགྲ་སྟ་ཅན། །མི་ཡི་སེང་གེ་མི་ཐུང་སོགས། །རྣམ་པར་འཕྲུལ་པ་དུ་མ་ཡིས། །ཆོས་མིན་བྱེད་པའི་གདུག་པ་ཅན། །འབད་པ་ཆེན་པོས་བཏུལ་ཞེས་གྲགས། །དེས་ནི་འཕགས་པའི་ཆོས་མ་ཐོབ། །བྱང་ཆུབ་སེམས་ཀྱང་མ་བསྐྱེད་མོད། །འོན་ཀྱང་ཕན་པའི་སྤྱོད་པ་འདི། །མགོན་པོ་ཆེན་པོ་གཟིགས་སུ་གསོལ། །བརྒྱ་བྱིན་གཙུག་ན་ཟླ་བ་དང༌། །དབྱིག་གི་སྙིང་པོ་བྱིན་ཟའི་བདག །ནོར་ལྷ་ཀླུ་རྒྱལ་མ་དྲོས་པ། །ནོར་རྒྱས་རྒྱ་མཚོའི་རྒྱལ་པོ་སོགས། །དེ་དག་འཕགས་པའི་ཆོས་མ་ཐོབ། །དམིགས་པ་མེད་པའི་སྙིང་རྗེ་མེད། །དེ་ལྟ་མོད་ཀྱི་རང་རང་གི །ནུས་པ་བཞིན་དུ་གཞན་ལ་ཕན། །ཉི་ཟླ་གཟའ་སྐར་མ་བཅོལ་ཡང༌། །མཁའ་ལ་རྒྱུ་ཞིང་ས་སྟེང་སྐྱོང༌། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །སེམས་མེད་ཀྱང་ནི་རེ་བ་བསྐོང༌། །མགོན་ཁྱོད་བྱང་ཆུབ་སྤྱོད་པའི་ཚེ། །ལྷ་ཡི་དབང་པོར་འཁྲུངས་པ་ན། །འཇིག་རྟེན་ཆང་ལ་དགའ་བ་དག །འབད་པ་ཆེན་པོས་ཟློག་པར་མཛད། །ཚངས་པའི་རྒྱལ་པོར་ཁྱོད་འཁྲུངས་ཚེ། །ལོག་ལྟས་ཟིན་པའི་རྒྱལ་པོ་ལ། །ངོ་མཚར་ཅན་གྱི་སྐུར་བསྟན་ནས། །དེ་ཡི་ལོག་ལྟ་བཟློག་ཅེས་གསུངས། །བྱང་ཆུབ་ཆེན་པོར་གྱུར་པ་ན། །འབད་པས་རྫུ་འཕྲུལ་བསྒྲུབས་ནས་ཀྱང༌། །མི་དགེའི་བཤེས་གཉེན་གྱིས་ཟིན་པའི། །རྒྱལ་པོ་འཁོར་བཅས་ཆོས་ཀྱིས་བཏུལ། །དེ་ལ་སོགས་པ་སྐྱེས་པའི་རབས། །རྣམ་པ་སྣ་ཚོགས་རྨད་བྱུང་མཛད། །འགྲོ་བ་གཞན་གྱི་སྲོག་སྐྱོབ་ཕྱིར། །ཉིད་ཀྱི་སྐུ་ཡང་བཏང་བ་མཚར། །མགོན་པོ་ཁྱོད་ཀྱིས་རྒྱུ་ཡི་དུས། །འཇིག་རྟེན་ཆོས་ལས་མ་བརྒལ་ཡང༌། །བྱང་ཆུབ་སྤྱོད་པའི་གནས་སྐབས་ནི། །བདག་ཅག་ཕན་པ་དུ་མས་བསྐྱངས། །ད་ནི་འབྲས་བུ་མཆོག་བརྙེས་ནས། །འགྲོ་བའི་སྡུག་བསྔལ་གཟིགས་བཞིན་དུ། །སྡུག་བསྔལ་ཅན་ལ་མི་གཟིགས་པ། །ཁྱོད་ཀྱི་ཐུགས་རྗེ་ཆེན་པོ་གང༌། །ཉམ་ཐག་འཇིགས་པས་བདས་པས་ན། །ཁྱེད་ལ་སྐྱབས་སུ་མཆི་ཞིང་འབྲོས། །འབྲོས་པ་དེ་བར་ཐུགས་རྗེ་ཡི། །སྤྱན་རས་གཟིགས་ཀྱང་ཅི་ཞིག་སྐྱོན། །སེམས་ཅན་ལས་ལ་སྤྱོད་པ་ལ། །ཁྱོད་ཀྱིས་ཕན་པར་མི་སྦྱོར་ཀྱང༌། །འོན་ཀྱང་སྡུག་བསྔལ་ཅན་དེ་ལ། །བཀའ་ཙམ་སྩལ་ན་ཅིར་འགྱུར་ལགས། །འཇིག་རྟེན་པ་དག་མ་ཕན་ཡང༌། །སྡུག་བསྔལ་ལྡན་པའི་སྡུག་གྲོགས་བགྱིད། །ཁྱོད་ཀྱིས་དེ་ཡི་ཆ་ཙམ་ཞིག །མཛད་ནའང་དབུགས་འབྱིན་བགྱིད་པ་གསུང༌། །དེ་ལྟ་ན་ཡང་ཀུན་མཁྱེན་ཁྱེད། །བདག་ཅག་འགྲོ་ལ་མི་གཟིགས་ན། །ད་ནི་སྐྱོབ་པར་བྱེད་པ་ཡི། །ཀྱེ་མ་སྐྱབས་གཞན་གང་ལ་བགྱི། །ཇི་ལྟར་སྤྲུལ་པའི་རྒྱལ་པོ་འགའ། །ཐར་བར་བྱ་ཕྱིར་སྤྲུལ་པ་བརྩོན། །སྒྱུ་མའི་མཁན་པོ་སྒྱུ་མ་ཡི། །དཔུང་གིས་འཇིགས་པ་ཀུན་ལས་སྒྲོལ། །མགོན་པོ་ཁྱོད་ཀྱི་རྫུ་འཕྲུལ་གྱིས། །འཇིགས་པ་ཀུན་ལས་བསྒྲལ་དུ་གསོལ། །མགོན་ཁྱོད་ཀུན་ལ་ཕན་མཛད་ཀྱང༌། །བདུད་དང་མུ་སྟེགས་དགྲ་བཞིན་ལྟ། །ལྷས་བྱིན་ལེགས་པའི་སྐར་མ་སོགས། །སློབ་མར་གྱུར་ཀྱང་རྒྱབ་ཀྱིས་ཕྱོགས། །སེམས་ཅན་མོས་པ་སྣ་ཚོགས་པ། །ཀུན་མཁྱེན་གྱིས་ཀྱང་མི་མགུ་ན། །བདག་འདྲ་ངན་པས་སེམས་ཅན་དོན། །བསྒྲུབ་པར་འདོད་པ་བཞད་གད་གནས། །ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་རྒྱལ་བ་སྲས་བཅས་ཀྱང༌། དམ་པ་མིན་ལ་ཁྱད་པར་བརྩེ། །དེ་སྐད་གསུངས་པའི་ཚིག་ཁུམས་པས། །བླུན་པོ་བདག་ནི་སྤོབས་པ་སྐྱེས། །བཞད་གད་མཁན་གྱིས་རྒྱལ་པོ་ལ། །ཇི་ལྟར་གླེངས་ཀྱང་མི་ཁྲོ་བའི། །ཁྲིམས་འདི་ཆོས་རྒྱལ་སྔ་མ་ཡིས། །འཇིག་རྟེན་བདེ་བའི་དོན་དུ་བཅས། །སངས་རྒྱས་རྣམས་ཀྱི་ཟློས་གར་ལ། །ཁྲོ་རྒྱལ་ཐུགས་རྗེ་ལྡན་པ་ཡིས། །གནད་དུ་བསྐུལ་ནས་སངས་རྒྱས་ཀུན། །ཉེ་བར་བྱིན་གྱིས་རློབ་ཅེས་གསུང༌། །དེ་ལྟར་ཁུམས་ནས་ཐུགས་རྗེ་ཅན། །མགོན་པོ་ཁྱོད་ལ་ཡང་དང་ཡང༌། །མི་ཤེས་བཞིན་དུ་ཞུ་བའི་འཕྲིན། །བདག་ནི་སྤྱི་བརྟོལ་སྐྱེས་པར་གྱུར། །དེ་ལྟར་ཞུ་བའི་འཕྲིན་ཡིག་འདི། །གསན་ནས་འདི་ཡི་འཕྲིན་ལན་ཞིག །འགྲོ་ལ་དངོས་སུ་མི་གསུང་ཡང༌། །འཕྲིན་གྱིས་གདམས་པར་མཛད་དུ་གསོལ། །མགོན་པོ་ཁྱོད་ཀྱི་ཡོན་ཏན་འཚལ། །བཀའ་དྲིན་ཡང་ནི་དྲན་ཞིང་མཆིས། །དེ་སླད་ཞིང་གི་རྡུལ་སྙེད་ཀྱི། །ལུས་བཏུད་པས་ནི་སྤྱིས་ཕྱག་འཚལ། །ཕྱི་དང་གསང་བ་ཉིད་དོན་ཅན། །ལུས་དང་བླ་ན་མེད་པ་ཡི། །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །ཡོན་ཏན་རྒྱ་མཚོར་མཆོད་པར་བགྱི། །ལས་ཀྱི་རླུང་གི་བདས་པས་ན། །སྡིག་པའི་རྒྱ་མཚོར་བདག་ཅག་ལྟུང༌། །དེ་སླད་ཉེས་པར་སྤྱད་པ་རྣམས། །རྣམ་པ་ཀུན་དུ་བཤགས་པར་འཚལ། །འཇིག་རྟེན་རྒྱལ་བའི་སློབ་མ་དང༌། །རང་རྒྱལ་དང་ནི་རྒྱལ་བའི་སྲས། །རྒྱལ་བ་རྣམས་ཀྱིས་མཛད་པ་ཡི། །བསོད་ནམས་ཀུན་ལ་ཡི་རང་ངོ༌། །འཇིག་རྟེན་བླུན་པོར་གཟིགས་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་མི་མཛད། །བདག་ཅག་ལྷར་བཅས་འཇིག་རྟེན་རྣམས། །ཆོས་གསུང་ཕྱིར་ན་བསྐུལ་བར་གསོལ། །སངས་རྒྱས་འབྱུང་བ་རྙེད་དཀའ་བར། །བསྟན་ཕྱིར་མྱ་ངན་འདའ་བཞེད་པ། །དེ་ལ་འཇིག་རྟེན་གནས་ཀྱི་བར། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །བསླུ་བ་མི་མངའ་སྐྱབས་ཀྱི་མཆོག །སྲིད་པའི་འཇིགས་པ་སྐྱོབ་པ་གསུམ། །དེ་ལ་བྱང་ཆུབ་སྙིང་པོའི་བར། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །འགྲོ་ཀུན་བདེ་ལ་འགོད་སླད་དུ། །སངས་རྒྱས་སྤྱན་སྔར་བདག་མཆིས་ཏེ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྤྱོད་པ་རྒྱ་མཚོར་སྤྱད་པར་བགྱི། །དགེ་བ་འདི་དང་དགེ་བ་གཞན། །ཡོད་མེད་འཛིན་པའི་དུག་སྤངས་ཏེ། །འཇམ་དཔལ་ཇི་ལྟར་དགྱེས་པ་ཡིས། །བསྔོ་བ་དེ་བཞིན་བདག་བསྔོའོ། །ད་དུང་བདག་ལ་བསྔོ་བའི་ཚུལ། །སྔོན་ཆད་གཞན་གྱིས་མ་བསམས་པའི། །འགྲོ་བའི་ཕོངས་པ་བསྐྱབ་པའི་ཕྱིར། །སྐྱོབ་པ་མཆོག་ལ་བདག་འདི་ཞུ། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་མི་འདའ་ཞེས། །ཁྱོད་ཀྱི་ཞལ་གྱིས་བཞེས་པ་མཚར། །དེ་ལ་རྗེས་སུ་ཡི་རང་ངོ༌། །གང་དག་ཁྱེད་ཀྱི་གདུལ་བྱ་མིན། །དེ་ཡི་དྲུང་དུ་བདག་སོང་སྟེ། །རྣམ་འཕྲུལ་བྱེ་བས་ཡིད་བསྒྱུར་ནས། །ཁྱོད་ཀྱི་བསྟན་ལ་འཇུག་པར་ཤོག །གང་ཞིག་སོ་སོར་མ་བརྟགས་པའི། །བཏང་སྙོམས་ཁྱོད་ལ་མི་མངའ་མོད། །སོ་སོར་བརྟགས་ནས་བཏང་སྙོམས་སུ། །འཇོག་པ་ཁྱོད་ཀྱི་གསུང་ལས་འབྱུང༌། །ཁྱོད་ཀྱིས་བཏང་སྙོམས་བཞག་པ་ཡི། །འགྲོ་བ་དེ་དང་དེ་དག་ལ། །བདག་གིས་འབད་པ་ཆེན་པོ་ཡིས། །ཁྱོད་ཀྱི་གདུལ་བྱར་འགྱུར་བར་བགྱི། །གནས་དང་གནས་མིན་མཁྱེན་ཁྱོད་ཀྱི། །གནས་མ་ཡིན་ལ་འཕྲིན་ལས་ལྡོག །དེ་དག་མདུན་དུ་བདག་སོང་སྟེ། །ཆོས་ཀྱི་སྣོད་དུ་འགྱུར་བར་བགྱི། །ལས་ནི་བདག་གིར་བྱའོ་ཞེས། །སྡུག་བསྔལ་ཚོར་བ་མི་བཟད་པ། །དེ་ལ་ཐབས་མཁས་ཐུགས་རྗེ་དང༌། །ལྡན་ཡང་གསོ་བྱ་མིན་ཞེས་གསུངས། །ཁྱོད་ཀྱིས་གསོ་བྱ་མ་ཡིན་པ། །དེ་དག་དྲུང་དུ་བདག་སོང་སྟེ། །སྡུག་བསྔལ་བསྐྱབ་པར་མ་ནུས་ཀྱང༌། །དེ་ཡི་སྡུག་གྲོགས་བྱེད་པར་ཤོག །སེམས་ཅན་རྣམས་ལ་ཕན་དཀའ་ཞིང༌། །ཕན་པར་བྱས་ཀྱང་མགུ་དཀའ་མོད། །གལ་ཏེ་ཕན་པར་མ་གྱུར་ཀྱང༌། །དེ་ལ་བརྩེ་བས་སྟོན་པར་ཤོག །ཉི་མ་ཤིན་ཏུ་འོད་གསལ་ཡང༌། །མིག་དང་བྲལ་ལ་གསལ་མི་ནུས། །རིན་ཆེན་འབྱུང་ཁུངས་བཟང་པོ་ཡང༌། །འབད་རྩོལ་མེད་པར་ཐོབ་པར་དཀའ། །ཕན་པར་བྱེད་པའི་སྨན་པ་ལ། །འབྱུང་པོས་ཟིན་པ་ཤིན་ཏུ་ཁྲོ། །ཐུགས་རྗེ་མངའ་བ་ཁྱོད་བཞུགས་ཀྱང༌། །སྡིག་ཅན་རྣམས་ཀྱིས་མཐོང་བར་དཀའ། །རང་ཉིད་མུན་ཁུངས་ཞུགས་ནས་ནི། །ཉི་མའི་འོད་ལ་འཁང་བ་ལྟར། །དེ་བཞིན་སྡིག་པའི་ཁུངས་ཞུགས་ནས། །ཕན་མཛད་ཁྱོད་ལ་འཁང་བར་ཟད། །དེ་འདྲའི་བླུན་པོ་གཟིགས་ནས་ནི། །མགོན་པོ་རྣམ་འཕྲུལ་བྱེ་བ་བརྒྱས། །རེ་རེའི་མདུན་དུ་བསྐོར་ནས་ནི། །དེ་དགའ་བ་ཡི་ཆོས་བསྟན་ནས། །སྡུག་བསྔལ་ཐམས་ཅད་བསལ་དུ་གསོལ། །བདག་ཀྱང་ཁྱེད་ཀྱིས་མ་བསྒྲལ་བའི། །འགྲོ་བ་གང་དག་མཆིས་པ་དེར། །སངས་རྒྱས་ཀུན་གྱི་འཕྲིན་ལས་པས། །ལྷག་པར་གྱུར་ནས་དོན་བྱེད་ཤོག །བདག་གི་ཞུ་བའི་འཕྲིན་ཡིག་འདི། །མ་བརྗོད་ཀྱང་ནི་ཐུགས་ལ་གསལ། །འོན་ཀྱང་སེམས་ཀྱི་ཟུག་རྔུའི་ཚོགས། །བསལ་ཕྱིར་ཁྱེད་ལ་འཕྲིན་འདི་ཞུ། །བདག་དང་འདྲ་བའི་ཆོས་སྨྲ་བ། །བདེན་པར་སྨྲས་ན་ཕ་རོལ་ཁྲོ། །བརྫུན་པས་སྡིག་ཏུ་འགྱུར་དོགས་པ། །དེ་དག་གིས་ཀྱང་འཕྲིན་ཡིག་ལགས། །བདག་ཀྱང་སྔོན་སྦྱངས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཁྱེད་ཀྱི་ཐུགས་ཀྱིས་རྗེས་བཟུང་བས། །སངས་རྒྱས་བསྟན་ལ་དད་པའི་བློ་གྲོས་སྐྱེས། །དེ་ལྟ་མོད་ཀྱི་ཁྱོད་ཀྱི་གསུང་བསྒྲུབས་པས། །སྐྱེ་བོ་ཕལ་ཆེར་བདག་ལ་མཉེས་མ་གྱུར། །འདི་ལ་དགོངས་ལ་ཁྱེད་ཀྱིས་གང་བདེན་པ། །རྣམ་པར་ཕྱེ་སྟེ་འགྲོ་ལ་གསལ་བར་མཛོད། །བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བདེ་བར་གཤེགས་པའི་བསྟན་པ་འཛིན་པ་དང༌། །ཡང་དག་བླ་མ་དམ་པ་མཉེས་བྱེད་ཅིང༌། །འགྲོ་བ་ཀུན་གྱི་སྐྱབས་སུ་འགྱུར་བར་མཛོད། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །བདག་དང་གཞན་གྱིས་ལེགས་པར་གང་བསྒྲུབས་པ། །ཡོད་མེད་ལ་སོགས་དམིགས་པའི་དུག་སྤངས་ཏེ། །ཀུན་མཁྱེན་འགྲོ་བའི་རྩ་ལག་ཐོབ་པར་ཤོག །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འཕྲིན་དུ་ཞུ་བ། སྡེ་སྣོད་འཛིན་པ་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*