བདེ་མཆོག་ལོ་ཧི་པའི་འབྲུ་འབུམ།

༼ད༽

༄༅། །བདེ་མཆོག་ལོ་ཧི་པའི་འབྲུ་འབུམ་བཞུགས།།

༄༅། །བདེ་མཆོག་མགོན་དང་བླ་མ་མཆོག །དེ་ལ་གུས་པས་ཕྱག་འཚལ་ཏེ། །མངོན་པར་རྟོགས་པའི་ཚིག་གི་དོན། །དཀའ་བའི་གནས་རྣམས་བྲི་བར་བྱ། །ཐེག་པ་ཆེན་པོ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པའི་སྡེ་སྣོད་དོ། །དེ་ལ་སློབ་དཔོན་ལྭ་བ་པའི་དགོངས་པས་རྒྱུད་སྡེ་དྲུག་ཏུ་བཞེད་དེ། དེ་ཡང་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་དང༌། རྣལ་འབྱོར་མ་བླ་ན་མེད་པ་དང༌། མའི་ཡང་མ་བླ་ན་མེད་པའི་རྒྱུད་དོ། །དེ་ལ་བྱ་བའི་རྒྱུད་ནི་ལེགས་པར་གྲུབ་པ་ལ་སོགས་པ་སྟེ། བྱ་བའི་རྒྱུད་བསམ་གཏན་ཕྱི་མའི་འགྲེལ་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལས། འདི་ནི་ཕྱིའི་བྱ་བ་གཙོ་བོར་སྟོན་པ་ཡིན་ནོ། །ཞེས་བཤད་དོ། །སྤྱོད་པའི་རྒྱུད་ནི། རྣམ་པར་སྣང་མཛད་བྱང་ཆུབ་པའི་རྒྱུད་ལ་སོགས་པ་སྟེ། སློབ་དཔོན་སངས་རྒྱས་གསང་བས་བྱ་བའི་རྒྱུད་ཀྱི་བསྡུས་དོན་མཛད་པ་ལས། འདི་ནི་ཕྱི་དང་ནང་གཉིས་ཀ་ལས་ཐུན་མོང་དུ་གྱུར་པ་ཡིན་ནོ། །ཞེས་བཤད་དོ། །རྣལ་འབྱོར་གྱི་རྒྱུད་ནི། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་སྟེ། དེ་ཡང་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་འགྲེལ་པ་ལས། རྒྱུད་འདི་ནི་བསྒོམ་པ་གཙོ་བོར་གྱུར་པ་ཡིན་པས། འདིར་བསྒོམ་པ་ཉིད་ལ་འབད་པར་བྱའི། གྲངས་ཀྱི་བཟླས་པ་ནི་མ་ཡིན་ནོ། །ཞེས་བཤད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི། དཔལ་གསང་བ་འདུས་པ་ལ་སོགས་པ་སྟེ། དེ་ཡང་རྒྱུད་སྡེ་འོག་མ་རྣམས་ནས་མི་སྟོན་པའི་རྩ་དང༌། རླུང་དང༌། ཐིག་ལེ་ལ་སོགས་པ་སྟོན་པས་སོ། །རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་ནི། སྙིང་པོ་ཀྱེའི་རྡོ་རྗེ་ལ་སོགས་པ་སྟེ། བརྗོད་བྱ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟོན་པའོ། །མའི་ཡང་མ་བླ་ན་མེད་པའི་རྒྱུད་ནི། དཔལ་འཁོར་ལོ་སྡོམ་པ་སྟེ། དེ་ཡང་རྩ་བའི་རྒྱུད་རྒྱས་པ་སྦས་ནས། མིའི་ཡུལ་ན་མི་སྤྱོད་པས། མའི་ཡང་མ་བླ་ན་མེད་པའི་རྒྱུད་དུ་གཞག་གོ །དེ་ལ་ཡང་རྒྱུད་ལུགས་གཉིས་ཏེ། བླ་མ་ཕམ་ཐིང་པ་ནི། རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་བྷ་ག་ཝཱན་རྡོ་རྗེ་འཆང་ཆེན་པོས་གསུངས་པ་དེ་འཁོར་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བ་ཙམ་མཛད་ནས། དེ་རྣམས་ཀྱི་གཞུང་དུ་སྡུད་མ་ནུས་ཤིང༌། མ་འོངས་པ་སྙིགས་མ་ལྔ་ལྡན་གྱི་དུས་ཀྱི་གང་ཟག་རྣམས་ཀྱི་མཁོ་བའི་ཡན་ལག་ཏུ་མ་གྱུར་པས། སྒྲ་ནམ་མཁའ་ལ་དེངས་ཏེ་སོང་བས་ནམ་མཁའ་ལ་རྒྱས་བཏབ་ཅེས་བྱའོ། །པཎྜི་ཏ་ཐ་ཆུ་བའི་བླ་མ་རྒྱ་གར་དཱ་རི་ཀ་པ་དང༌། བླ་མ་བལ་པོ་ཐུགས་རྗེ་ཆེན་པོ་ལ་སོགས་པ་ལ་ལ་ན་རེ། རྒྱུད་རྒྱས་པ་བསྡུས་པས་གཞུང་འབུམ་ཕྲག་གསུམ་དུ་བྱུང་སྟེ། དེ་ཡང་བཻ་ཌཱུརྻ་ལ་གསེར་ཞུན་མས་བྲིས་ཏེ། མ་འོངས་པ་སྙིགས་མ་ལྔ་ལྡན་གྱི་དུས་ཀྱི་སེམས་ཅན་རྣམས་ལ་མི་མཁོ་བས། ནུབ་ཕྱོགས་ཨོ་ཌེ་བི་ཤར་རྒྱས་བཏབ་སྟེ་གཞག་གོ །ཞེས་གསུངས་སོ། །དེ་ནས་ཡང་དཔའ་བོ་དང་རྣལ་འབྱོར་མ་གྲངས་མེད་པ་འདུས་ཏེ། རྒྱུད་རྒྱས་པ་དེ་མ་འོངས་པའི་སྙིགས་མ་ལྔ་ལྡན་གྱི་སེམས་ཅན་རྣམས་ཀྱི་མཁོ་བའི་ཡན་ལག་ཏུ་མ་གྱུར་པས། རྒྱུད་བསྡུས་པ་བཤད་པར་ཞུས་པས། དཔལ་བདེ་མཆོག་ཉུང་ངུ་རྩ་བའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་གསུངས་སོ། །དེ་གཞུང་ཉུང་ཡང་དོན་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བར་གྱུར་པས། ཡང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རྩ་བའི་རྒྱུད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། བཤད་པའི་རྒྱུད་བཤད་པར་ཞུས་པ་དང༌། བཤད་པའི་རྒྱུད་རྣམས་ཀྱི་དང་པོར་ངེས་བརྗོད་བླ་མའི་རྒྱུད་གསུངས་ཏེ། དེ་ཡང་རྩ་བའི་རྒྱུད་དུ་ཧེ་རུ་ཀ་ཕྱག་གཉིས་པ་ནས། འབུམ་པའི་བར་དུ་བསྒོམ་པར་གསུངས་པ་དེ་མི་གསལ་བ་གསལ་བར་བྱ་བའི་ཕྱིར་མངོན་པར་བརྗོད་པའི་རྒྱུད་བླ་མ་གསུངས། བདེ་མཆོག་ཉུང་ངུའི་ལེའུ་དང་པོར་དཀྱིལ་འཁོར་བྲི་བའི་གནས་གསུངས། ལེའུ་གཉིས་པ་དང་གསུམ་པ་ལ་སོགས་པར་དཀྱིལ་འཁོར་བྲི་བ་ལ་སོགས་པ་གསུངས་ཀྱང༌། སློབ་དཔོན་གྱི་ལས་ཀྱི་ཆོ་ག་གསལ་བར་མ་གསུངས་པས། དེ་གསལ་བར་བྱ་བའི་ཕྱིར། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་གསུངས་སོ། །ཡང་བདེ་མཆོག་ཉུང་ངུ་ལས། ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་པ་ལ་སོགས་པ་ལས་བཅུ་གཉིས་ཀྱི་མིང་ཙམ་གསུངས་པ་ལས། སུམྦྷ་ནི་ལ་བརྟེན་པའི་ལས་བཅུ་གཉིས་གསལ་བར་མ་གསུངས་བ། གསལ་བར་བྱ་བའི་ཕྱིར། རྡོ་རྗེ་མཁའ་འགྲོ་གསུངས་སོ། །ཡང་བདེ་མཆོག་ཉུང་ངུ་ལས། ལས་དང་པོ་པའི་ཆོ་གའི་ཡན་ལག་ཏུ་གྱུར་པ་ལག་པའི་མཆོད་པ་དང༌། གཏོར་མའི་ཆོ་ག་ལ་སོགས་པ་ཟུར་ཙམ་གསུངས་ཀྱང་གསལ་བར་མ་གསུངས་པས། དེ་གསལ་བར་བྱ་བའི་ཕྱིར། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་གསུངས་སོ། །ཡང་བདེ་མཆོག་ཉུང་ངུ་ལས། ལེའུ་དང་པོར། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་པ་དང༌། ལེའུ་སུམ་ཅུ་རྩ་བཞི་པ་ལ་སོགས་པར། རྫོགས་པའི་རིམ་པ་གསུངས་ཀྱང༌། གསལ་བར་མ་གསུངས་པས། དེ་གསལ་བར་བྱ་བའི་ཕྱིར། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་གསུངས་ཏེ། དེ་ལྟར་བཤད་པའི་རྒྱུད་ལྔར། བླ་མ་ཕམ་ཐིང་པ་ལ་སོགས་པ་སློབ་དཔོན་རྒྱ་གར་ཟླ་བའི་རྗེས་སུ་འབྲངས་ཏེ་བཞེད་དོ། །བླ་མ་ནཱ་རོ་ཏ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ནི་ལྔ་པོ་དེའི་སྟེང་དུ་རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བས། སཾ་པུ་ཊ་ལས་ཀྱང༌། རྫོགས་པའི་རིམ་པ་རྒྱས་པར་སྟོན་པ་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་ཅེས་བྱ་བ། ལས་ཆེན་བཅུ་གཉིས་ལ་འཁོར་ལོ་བཅུ་གཉིས་སུ་བྱས་ཏེ། རྡོ་རྗེ་མཁར་འགྲོ་བས་ལས་ཚོགས་རྒྱས་པར་སྟོན་པའི་རྒྱུད་གཅིག་ཡོད་དེ། བཤད་པའི་རྒྱུད་བདུན་ཡིན་པར་བཞད་དོ། །དེ་ལ་མངོན་པར་རྟོགས་པ་འདི་ནི་ཀུན་ཏུ་སྤྱོད་པའི་རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་ཡིན་ནོ། །ཀུན་ཏུ་སྤྱོད་པའི་རྒྱུད་ལ་ཡང་རྟོག་པ་དྲུག་ཅུ་རྩབ་ཞི་བཞུགས་པ་ལས། ཉི་ཤུ་པ་རིག་འཛིན་གྲུབ་པའི་རྟོག་པ་སོང་ནས། ཉི་ཤུ་རྩ་གཅིག་པ་འཁོར་ལོ་གསུམ་བཀོད་པའི་རྟོག་པ་ལ་བརྟེན་ནས། སློབ་དཔོན་ལོ་ཧི་པས་མངོན་པར་རྟོགས་པ་འདི་མཛད་དོ། །འཁོར་ལོ་གསུམ་བཀོད་པའི་རྟོག་པ་འདི་ནི། སློབ་དཔོན་ཤྲཱི་དཱ་རི་ཀ་པས། སློབ་དཔོན་ལོ་ཧི་པས་མཛད་པའི་སྒྲུབ་ཐབས་འདི་ལུང་བསྟན་པར་བྱ་བའི་ཕྱིར། རྟོག་པ་དྲུག་ཅུ་རྩ་བཞིའི་ནང་ནས་ལོགས་སུ་སྟོན་པ་ཡིན་ཏེ། དེ་ཡང་རང་གི་བླ་མ་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་པ་ལ་སོགས་པས་ཕྱག་འཚལ་ནས། གནང་བ་མནོས་ཏེ་སྟོན་པ་ཡིན་གསུང་ངོ༌། །དེ་ལ་སློབ་དཔོན་ལོ་ཧི་པའི་ལོ་རྒྱུས་ནི་འདི་སྐད་གསུང་ངོ༌། །དང་པོ་དྲུག་པ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་སྡུད་པ་པོ་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བ་དང་རྗེས་སུ་གནང་བ་བྱིན། དེས་སློབ་དཔོན་ཆེན་པོར་ས་ར་ཧ་ཆེན་པོ་ལ་དབང་བསྐུར་ནས་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་ལ་སོགས་པ་བཤད་དོ། །སློབ་དཔོན་དེ་ད་ལྟ་ཡང་ལྷོ་ཕྱོགས་དཔལ་གྱི་རི་ལ་འཇིག་རྟེན་དུ་ཉི་མ་དང་ཟླ་བ་གནས་ཀྱི་བར་དུ་བཞུགས་ནས་འཇའ་ཚོན་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པའི་ལུས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུར་གཤེགས་པ་ཡིན་གསུང་ངོ༌། །དེས་སློབ་དཔོན་ཀླུ་སྒྲུབ་ལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས། གསང་བ་འདུས་པ་དང༌། བདེ་མཆོག་འཁོར་ལོ་ལ་སོགས་པ་བཤད། སློབ་དཔོན་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་ལོ་དྲུག་བརྒྱ་བཞུགས་ཏེ། མཆོད་རྟེན་བྱེ་བ་ཕྲག་གཅིག་གསེར་འགྱུར་གྱི་རྩི་ལ་སོགས་པ་བྱས་ཏེ། སེམས་ཅན་རྣམས་ལ་ཕན་པ་དཔག་ཏུ་མེད་པ་མཛད་དོ། །དེས་སློབ་དཔོན་ས་ར་ཧ་པ་ཆུང་ངུ་ལ་དབང་བསྐུར་ཞིང་རྗེས་སུ་གནང་བ་བྱིན་ནས། སློབ་དཔོན་དེས་ཛཱ་ཏ་སུ་ཁེ་བྱ་བ་ཅིག་བདེ་བར་མཛད་དོ། །གྲོང་དང་གྲོང་མ་ཡིན་པ་དང༌། ནགས་ཁྲོད་ནས་ནགས་ཁྲོད་དུ་རྒྱུ་ཞིང་གླུ་ལེན་པ་ནི། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །བླ་མས་བསྟན་པ་བརྗོད་མིན་ཞིང༌། །སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་གིས་ཇི་ལྟར་བསྟན་པར་བྱ། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་ལྟར། །དབང་ཕྱུག་དང་པོ་དམ་པ་དེ་ནི་སུ་ལ་བསྟེན་ནུས་སམ། །མདའ་བསྣུན་འོ་དོད་དྲག་ཏུ་འབོད་བྱེད་ཀྱང༌། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །ཞེས་གླུ་ལེན་ཅིང་གྲོང་དང་གྲོང་མ་ཡིན་པར་རྒྱུ་བའི་ཚེ། སློབ་དཔོན་ལོ་ཧི་པ་འདི་དེའི་རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་རྒྱལ་པོ་ཆེན་པོ་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བ་ཡོད་པ་དེའི་ཀ་ཡ་ཏ་པ་ཞེས་བྱ་བ་རྟག་ཏུ་རྒྱལ་པོ་དེའི་མདུན་ན་གནས་ཏེ། རྒྱལ་པོ་དེ་ལ་རྒྱལ་པོ་གཞན་དང་བློན་པོ་ལ་སོགས་པས་བསྐུར་ནས་བྱུང་བའི་ཡི་གེ་ཀློག་པ་དང༌། རྒྱལ་པོ་དེས་ཡུལ་གཞན་གྱི་རྒྱལ་པོ་ལ་སོགས་པ་ལ་བསྐུར་བའི་ཡི་གེ་འདྲི་བའི་ཡི་གེ་པ་ཡིན་ལ། དེ་དང་སློབ་དཔོན་འཕྲད་པའི་ཚེ། སློབ་དཔོན་གྱི་མངོན་པར་ཤེས་པས་ཡི་གེ་པ་དེ་འཁོར་ལོ་བདེ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་དང་ལྡན་པར་གཟིགས་ནས། ངས་ཁྱོད་ལ་ཡང་དག་པའི་གདམས་ངག་སྦྱིན་གྱི། ཁྱོད་སྒྲུབ་པ་སྙིང་པོར་བྱེད་ནུས་སམ། ཞེས་གསུངས་ནས། ཀ་ཡ་ཏ་པ་ན་རེ། སྒྲུབ་པ་སྙིང་པོར་བྱེད་ནུས་པ་ལ། ང་ལ་འབྱོར་པ་མེད་ཟེར། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱིས་ཚོགས་ཀྱི་འཁོར་ལོ་གཅིག་གི་ཡོ་བྱད་ཁྱེར་ལ་ཤོག ངས་ཁྱོད་ལ་གདམས་ངག་སྦྱིན་གྱི་གསུངས། དེ་ནས་ཀ་ཡ་ཏ་པས་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བཙལ་ནས། སློབ་དཔོན་གྱི་སྤྱན་སྔར་ཕྱིན་པས། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་པ་དང༌། ཀ་ཡ་ཏ་པས་ལྷ་དྲུག་ཅུ་རྩ་གཉིས་ལག་མཐིལ་གྱི་རི་མོ་ལྟར་མཐོང་ངོ༌། །དེ་ནས་དེར་བཅུག་ནས་དབང་རྫོགས་པར་བསྐུར་ནས་ཡང་དག་པའི་གདམས་ངག་བསྟན་ནས་སློབ་དཔོན་གར་སོང་ཆ་མེད་པར་སོང་ངོ༌། །དེ་ནས་ཀ་ཡ་ཏ་པ་སྒྲུབ་པ་སྙིང་པོར་བྱ་བར་འདོད་པ་ལ་དེ་ལ་འཚོ་བ་དགོས་པས་རྒྱལ་པོའི་ཡི་གེ་པ་བྱས་ན་སྒྲུབ་པ་སྙིང་པོར་བྱེད་པ་འཆོར་ལ། ཡི་གེ་པའི་བྱ་བ་བཏང་ན་འཚོ་བ་མེད་པས་ཁམ་གྱི་ཟས་ལ་བརྟེན་དགོས་པས་ན་གང་གིས་འཚོ་བར་འགྱུར་སྙམ་སྟེ། མནོ་བསམ་བཏང་བས། ཤིང་ཐོག་ལ་སོགས་པ་འཚོ་བ་དག་པ་ཡིན་པ་ལ། དེ་དབྱར་དང་སྟོན་འོང་ཡང་དགུན་སྨད་དང་དཔྱིད་མི་འོང་བར་འདུག རྩྭའི་རྩ་བ་ལ་སོགས་པ་ཟོས་ཤིང་བསྒྲུབས་ན་འཚོ་བ་དག་པ་ལ། དེ་ཡུལ་ལ་ལ་ན་ཡོད་ཀྱང༌། ལ་ལ་ན་མེད་པས། དེས་ཀྱང་མི་འཚོ་བར་འདུག ཡང་བསོད་སྙོམས་བྱས་ན་ཡང་བྱིན་པ་ལ་རྗེས་སུ་ཆགས་པ་སྐྱེ་ལ། མི་སྟེར་བ་ལ་ཞེ་སྡང་སྐྱེ་བས་དེ་ཡང་འཚོ་བ་མ་དག་པར་མཐོང་ནས། ད་ཇི་ལྟར་བྱ་སྙམ་དུ་བསམ་ཞིང་བྷཾ་ག་ལ་དང་ཉེ་བར་ཆུ་བོ་གངྒཱ་ཡོད་པའི་ཆུ་འགྲམ་ན་ཉ་བའི་གྲོང་ཁྱེར་ཆེན་པོ་ཡོད་པར་བྱོན་པ་དང༌། དེ་ན་ཉའི་ལྟི་ལྟོ་མང་པོ་སྤུངས་པ་བྱ་དང་ཁྱི་མི་འདོད་པ་རྟག་ཏུ་འོང་བ་མཐོང་ནས། འདི་ལ་རིན་ནི་མི་དགོས། ཉ་བ་ལ་ནི་མི་གནོད། ཁོང་རང་གི་འཚོ་བ་ཡང་ཡིན་པས་ང་ལ་དེ་ལས་བཟློག་པའི་ནུས་པ་ནི་མེད་པས་ན། འདིས་འཚོ་བ་བྱས་ཏེ་སྒྲུབ་པ་སྙིང་པོར་བྱ་དགོས་སྙམ་ནས། ཉའི་ལྟི་ལྟོ་ཟོས་ཤིང་བསྒོམས་པས་ཞུར་མ་འདོད་པ་ལ། སློབ་དཔོན་ལོ་ཧི་པའི་བསམ་པས་ངས་བླ་མའི་མན་ངག་གི་མཚན་མ་དང༌། རྟོག་པ་ཐམས་ཅད་འཇོམས་པར་འདོད་པ་ཡིན་ན། འདི་འདྲ་བ་ཅི་སྟེ་མི་འཇུ་སྙམ་ནས་ཐ་མལ་པ་དང༌། འོད་ཀྱི་གཏུམ་མོ་ཁ་སྦྱར་ནས། ལྟེ་བར་ཀྵ་དམར་ནག་བསྒོམས་པས་ཇི་ཙམ་ཟོས་པ་ཐམས་ཅད་ཞུ་སྟེ། དེས་འཚོ་བ་བྱས་ནས་བསྒྲུབས་པས་ལོ་དགུའམ། བཅུ་གཉིས་ན་དྲོད་དམ་མངོན་ཤེས་སྐྱེས་ཏེ། གྲུབ་པ་ཐོབ་པ་དང་ཉའི་ལྟི་ལྟོ་ཟོས་པས་མཚན་ཡང་ལོ་ཧི་པ་བྱ་བར་གྲགས་སོ། །དེའི་ཚེ་བྷཾ་ག་ལའི་ཡུལ་པ་རྣམས་ལ་སྔར་གྱི་རྒྱལ་པོའི་ཀ་ཡ་ཏ་པ་དེ། ད་ལྟ་གྲུབ་པ་ཐོབ་ནས་འདུག་གོ་བྱ་བར་གྲགས་པས་དེ་རྒྱལ་པོས་གསན་ནས། དཔལ་ལྡན་ཆོས་སྐྱོང་ན་རེ། དེ་སྤྱན་དྲངས་ལ་མཆོད་གནས་བྱ་གསུངས་ནས། རྒྱལ་པོས་ཕོ་ཉ་བཀྱེ་ནས་བྷཾ་ག་ལ་དང་བྷ་ལེནྡྲ་དང༌། ཀཱ་མ་རཱུ་པར་བཙལ་ནས་སློབ་དཔོན་རྙེད་དེ། དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ཤྲཱི་དྷརྨ་པཱ་ལ་གདུལ་བའི་སྐབས་ལ་བབ་བམ་མ་བབ་པ་སྙམ་དུ་མངོན་ཤེས་ཀྱིས་གཟིགས་པས། འདུལ་བའི་དུས་ལ་བབ་ཅིང༌། དུས་དེའི་ཚེ་རྒྱལ་པོ་ཆེན་པོ་དེ་ལ་ཡུལ་གཞན་གྱི་རྒྱལ་ཕྲན་ཅིག་ཕྱག་ལ་མཇལ་དུ་འོངས་པར་འདུག་པ་མཁྱེན་ནས། དེ་ནས་རྒྱལ་ཕྲན་བྷཾ་ག་ལའི་རྒྱལ་པོའི་སྤྱན་སྔར་ཕྱིན་པའི་ཚེ། དེ་ལ་བྲམ་ཟེ་མདུན་ན་འདོན་ཅིག་ཡོད་པ་དེ་སྔོན་དུ་སོང་ནས། ས་ཕྱོགས་གཙང་མི་གཙང་དང༌། བཀྲ་ཤིས་པར་འདུག་མི་འདུག་ལྟ། མི་རྣམས་ལ་ཤིས་པ་བརྗོད་པར་བྱེད་པ་དེས་འགྲོ་བ་རྣམས་ལ་འདིར་རྒྱལ་པོ་བྱོན་ནོ་བྱས་པས། གྲོང་པ་རྣམས་ཀྱིས་སྲང་ཐམས་ཅད་ཕྱག་དར་བྱས། སྲང་ཐམས་ཅད་དུ་སྤོས་དྲི་ཞིམ་པ་སྣ་ཚོགས་བསྲེགས། རིན་པོ་ཆེའི་ཁྲི་བཤམས། སོ་སོར་གདུགས་དང་དར་སྣ་ཚོགས་ཀྱི་ལྡ་ལྡིས་བརྒྱན་ནས་བཞག་པ་དང༌། སློབ་དཔོན་ལོ་ཧི་པ་སྐུ་ལུས་ཉི་མ་དང་ལྷགས་བས་གདུངས་པ་ཤིན་ཏུ་སྔོ་བ། དབུ་སྐྲ་སེར་པོར་སོང་སྟེ་སྐུ་ལས་ཉའི་དྲི་མ་མནམ་པ། འདོམ་དཀྲིས་ཀྱི་ཀ་ཆོད་ཀའི་རས་ཀྱི་སྣ་ཅིག་ལ་ཉ་རློན་པ་འགའ་བཏགས་ནས། ཤིན་ཏུ་བཙོག་པའི་ཆ་ལུགས་སུ་བྱས་ཏེ། རྒྱལ་པོའི་ཁྲིའི་རྩར་བསྡད་དོ། །དེ་ནས་རྒྱལ་པོ་ཤྲཱི་དྷརྨ་པཱ་ལ་ཕྱིར་ཕྱག་མཇལ་ལ་བྱོན་པའི་ཚེ། བྲམ་ཟེ་མདུན་ན་འདོན་ཅིག་ཀུ་ཤའི་ཆུན་པོ་དང༌། བུམ་པ་གཅིག་ཁྱེར་ནས་ཤིས་པ་བརྗོད་ཅིང་བཏང་བ་ལས། དེ་རྒྱལ་པོའི་ཁྲིའི་རྩར་ཕྱིན་ཙ་ན་མི་མདོག་སྔོ་བ་ཉི་ལྷགས་ཀྱིས་ཁྱེར་བ་ཅིག་ཉའི་རྒྱུ་མ་ཟ་བ། ལུས་ལ་ཉའི་དྲི་ཤིན་ཏུ་མི་ཞིམ་པ་མནམ་པ་ཅིག་འདུག་པ་མཐོང་བས་མདུན་ན་འདོན་དེ་ནང་དུ་ལོག་ནས་བྱུང་བས་ཁོ་ན་རེ། རྒྱལ་པོ་སྲང་དུ་གཤེགས་སུ་མི་འདོད་པར་གདའ། ཁྲིའི་རྩ་ན་མི་འདི་འདྲ་བ་བཙོག་པ་ཅིག་འདུག་གོ །ཞེས་ལོ་རྒྱུས་ཞིབ་ཏུ་བསྙད་དོ། །རྒྱལ་པོས་དེ་ཕྱིར་ཐོན་གསུངས་ནས། བྲམ་ཟེས་བཏོན་པས་མ་ཐོན། བྲམ་ཟེའི་གཡོག་མི་མང་པོས་འཇུས་ཏེ་བཏོན་པས་ཀྱང་ཤིང་སྡོང་ལ་རེག་པ་ལྟར་བསྒུལ་བར་མ་ནུས་སོ། །སླར་ཡང་སློབ་དཔོན་གྱིས་མདུན་ན་འདོན་ལ་གླུ་བླངས་པ། འཇིག་རྟེན་གསུམ་ནི་ཇི་ཙམ་ཡིན། །ཞི་བ་མ་ལུས་པ་འདི་ཇི་ཙམ་ཡིན། །དེ་ཆ་ཉིད་ཀྱི་ཆ་གཅིག་མི་དག་གཞན་གྱི་དེའི་གཡོག་ཡིན་ན། །བློ་བཟང་དེ་ཡང་དམ་པ་གཞན་གྱི་སྤྱོད་ལ་བཞད་གད་དུ་བྱེད་པ། །ཨེ་མ་འོ་འཁོར་བ་ངོ་མཚར་ཆེ། །མང་སྨྲས་གཞན་གྱིས་ཅི་ཞིག་བྱ། །ཞེས་པའི་གླུ་བླངས་པས་བྲམ་ཟེ་སྐྱེངས་ནས་ནང་དུ་ལོག་སྟེ། རྒྱལ་པོ་ལ་མི་དེ་འདི་སྐད་ཟེར་རོ། །ཞེས་ཞིབ་ཏུ་བསྙད་པས་རྒྱལ་པོའི་ཞལ་ནས་དེ་བལྟ་བའི་ཕྱིར་འགྲོ་དགོས་སོ་གསུང༌། རྒྱལ་པོ་དང་བློན་པོ་ལ་སོགས་པ་ཤིང་རྟ་ལ་ཞོན་ནས་ཁྲི་མཐོང་བའི་སྲང་དུ་ཕྱིན་པ་དང༌། སློབ་དཔོན་གྱིས་དེ་དག་ལ་སྡང་མིག་གིས་གཟིགས་པ་དང༌། རྒྱལ་པོ་འཁོར་དང་བཅས་པ་ལུས་རེངས་སེམས་མྱོས་པར་གྱུར་ཏོ། །དེ་ནས་བློན་པོ་རིག་པ་ཅན་ཅིག་གིས་སློབ་དཔོན་རྣལ་འབྱོར་པ་ཆེན་པོ་གྲུབ་པ་ཐོབ་པ་ཅིག་ཡིན་པར་རིག་ནས། གུས་པ་བསྐྱེད་དེ་སྐྱབས་འགྲོ་བྱས་པས་ལུས་རེངས་པ་དང་སེམས་མྱོས་པ་ལས་གྲོལ་བར་གྱུར་ཏོ། །དེས་རྒྱལ་པོ་ལ་ཡང་རྣལ་འབྱོར་པ་འདི་ལ་ཡིད་ཀྱིས་སྐྱབས་འགྲོ་གྱིས་ཤིག་ཅེས་བརྗོད་པ་དང༌། རྒྱལ་པོས་ཀྱང་གུས་པས་སྐྱབས་འགྲོ་བྱས་པས་རེངས་པ་ལས་གྲོལ་བར་གྱུར། གཞན་རྒྱལ་པོའི་གཡོག་ལ་སོགས་པ་རྣམས་ཀྱང་དད་པ་སྐྱེས་པས་རེངས་པ་ལས་གྲོལ་ལོ། །དེ་ནས་རྒྱལ་པོ་དང་བློན་པོ་གཡོག་དང་བཅས་པ་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་ཤིང་རྟ་ལས་བབས་ནས་སློབ་དཔོན་ལ་ཕྱག་བྱས་ཏེ། དེ་ནས་སློབ་དཔོན་ཤིང་རྟ་ལ་བསྐྱོན་ནས་བཞུད་པ་ལ། རྒྱལ་པོ་སློབ་དཔོན་ལ་ཁྱོད་སུ་ཡིན་བྱས་པ་ལ། སློབ་དཔོན་གྱི་ཞལ་ནས་རྒྱལ་པོ་ལ་ཁྱོད་སུ་ཡིན་གསུང༌། རྒྱལ་པོས་ང་རྒྱལ་པོ་ཡིན་བྱས་པས། སློབ་དཔོན་གྱི་ཞལ་ནས། ཁྱོད་རྒྱལ་པོ་མ་ཡིན་ཏེ། རཱ་ཛ་ཧཾ། རྒྱལ་པོ་ང་ཡིན་ཞེས་གསུངས་པས། རྒྱལ་པོ་ན་རེ། ཁྱོད་ལ་རྒྱལ་པོའི་ལོངས་སྤྱོད་མེད་པས། སློབ་དཔོན་ལ་ཁྱོད་རྒྱལ་པོ་མ་ཡིན་ཟེར། སློབ་དཔོན་གྱིས། རྒྱལ་པོའི་ལོངས་སྤྱོད་གང་ཞེ་ན་བྱས་པས། རྒྱལ་པོ་ན་རེ། རྒྱལ་པོའི་ལོངས་སྤྱོད་མལ་བསྟན་དང༌། སྔས་དང༌། གློ་རྟེན་དང༌། སྣང་བ་དང༌། བླ་རེ་དང༌། བཙུན་མོ་ལ་སོགས་པ་རྒྱལ་པོའི་ལོངས་སྤྱོད་ཡིན་ཟེར་བ་ལ། སློབ་དཔོན་གྱིས་ཁྱོད་ལ་རྒྱལ་པོའི་ལོངས་སྤྱོད་མེད་པས་རྒྱལ་པོ་ང་ཡིན་ཞེས་གླུ་བླངས་པ་ནི། ས་གཞི་མལ་སྟན་ཆེན་པོ་ལ། །ལག་པའི་སྔས་ནི་འབོལ་ཞིང་འཁྲིལ། །ཟླ་བའི་སྒྲོན་མ་བསིལ་ཡབ་རྗེས་སུ་མཐུན་པའི་རླུང༌། །ནམ་མཁའི་ཆགས་པ་ལས་གྲོལ་སྟོང་པའི་བུད་མེད་ལ་སྤྱོད་དེ། །ཀྱེ་མ་རྒྱལ་ལྟར་སྲིད་ན་འཇིགས་མེད་རྣལ་འབྱོར་བདེ་ཉལ་རྒྱལ་པོ་ཡིན། །ཞེས་གླུ་བླངས་པས། རྒྱལ་པོ་དང་བློན་པོ་གཉིས་དད་པ་སྐྱེས་ནས་སློབ་དཔོན་གྱི་ཞབས་ལ་འཇུས་ཏེ། བདག་ཅག་ལ་ཡང་དག་པའི་གདམས་ངག་ཞུ་བྱས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་གཉིས་ནི་རིགས་སྙེམས་པའི་གང་ཟག་ཡིན་པས་གསང་སྔགས་ཀྱི་གདམས་ངག་བསྟེན་པའི་སྣོད་དུ་མི་རུང་བ་ཞེས་གསུངས། རྒྱལ་བློན་གཉིས་ན་རེ། ངེད་རྒྱལ་བློན་གྱི་བྱ་བ་དང་སྙེམས་པ་བཏང་ནས་ཁྱེད་ཀྱི་ཞབས་ལ་འཇུའོ་ཞེས་ཟེར་བས། དེར་སློབ་དཔོན་གྱིས་གནང་ནས་རྒྱལ་བློན་གཉིས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ་ཡང་དག་པའི་གདམས་ངག་བསྟན་ནས། རྒྱལ་པོ་ལ་ཁྱོད་ཟས་གང་ལ་གདའ་ཞེས་གསུངས་པ་ལ། རྒྱལ་པོ་ན་རེ། ང་ནུབ་མོ་ཆང་འཐུང་བ་ལ་དགའ་ཟེར་བས། འོ་ན་ཁྱོད་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཨོ་ཌེ་ཡ་ན་ཞེས་བྱ་བ་ན། གྲོང་གི་མིང་ཙ་རི་ཏ་པ་ལ་བྱ་བ་ཡོད་པས། དེར་སོང་ལ་དེའི་ཁྱིམ་བདག་ཕྱུག་མོ་ཞིག་གི་འབྲས་རྡུང་བ་གྱིས་ལ་དེ་ལ་འཚོ་བ་གྱིས་ཤིག་གསུངས་ནས་རྒྱལ་པོ་འབྲས་རྡུང་བར་རིགས་ཕབ་བོ། །བློན་པོ་ལ་ཁྱོད་ཅི་ལ་དགའ་ཞེས་དྲིས་བས། ང་གོ་ལ་ཟ་བ་ལ་དགའ་ཟེར་རོ། །འོ་ན་ཁྱོད་ཡུལ་གྱི་མིང་ཌེཾ་གི་ན་པ་ཏ་བྱ་བ་ན་གྲོང་གི་བྱེ་བྲག་པའི་ཐ་སུ་ར་བྱ་བ་ཡོད་པས་དེར་སོང་ལ་སྨད་འཚོང་མའི་གཡོག་པོ་གྱིས་ལ་སྒོམས་ཤིག་གསུངས་ནས། བློན་པོ་ཡང་རིགས་ཕབ་བོ། །དེའི་ཚེ་སློབ་དཔོན་གྱིས། རྒྱལ་བློན་གཉིས་པོས་རང་རྐྱ་མ་ཐུབ་ཀྱི་དགོས་ནས། བཅོམ་ལྡན་འདས་དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་སྒྲུབ་ཐབས་བརྩམས་ནས་རྒྱལ་བློན་གཉིས་ལ་བྱིན་པ་ཡིན་གསུང༌། དེ་ནས་རྒྱལ་པོས་ནུབ་ཕྱོགས་ཨོ་ཌེ་ཡ་ནའི་ཅ་རི་ཏ་པ་ཏྲའི་གྲོང་ཁྱེར་དུ་ཕྱིན་ནས་ཁྱིམ་བདག་ཕྱུག་མོ་ཞིག་གི་འབྲས་རྡུང་བ་བྱེད་ཅིང་བསྒོམས་པ་དང༌། ལན་ཅིག་འབྲས་དྲུ་བའི་ཚེ། འབྲས་ཀྱི་ཕྱིའི་སོ་བ་དང༌། ཕུབ་མ་ཇེ་ཉུང་ཇེ་སྲབ་ཏུ་སོང་བ་ལ། ནང་གི་འབྲས་མཁར་མ་ཇེ་གསལ་ཇེ་གསལ་དུ་འོངས་པས། དེ་ལ་བརྟེན་ནས་ནང་དུ་རྟོགས་པ་སྐྱེས་ཏེ། དེ་ཡང༌། དཔེ་ཕུབ་མ་ལྟ་བུའི་རྣམ་རྟོག་དེ། འབྲས་དྲུ་བ་ལྟ་བུའི་བླ་མའི་མན་ངག་གིས་སྦྱངས་པས། ནང་གི་འབྲས་མཁར་མ་ལྟ་བུའི་རང་རིག་གཉུག་མ་ཇེ་གསལ་ཇེ་གསལ་དུ་སོང་སྙམ་དུ་བསམས་པས། དེ་ལ་སེམས་ཡེངས་པས་བར་དུ་ཕུག་རོན་གྱིས་འབྲས་ཐམས་ཅད་ཟོས། དེ་ནས་རྟོགས་པ་དེ་ལས་སད་དེ་བལྟས་ཙ་ན་འབྲས་མི་འདུག་པས། ཇོ་མོས་རྒོལ་གྱིས་དོགས་ནས་གྲོང་གི་སྲང་ན་འབྲས་མང་པོ་ཡོད་པ་ལ་རྐུར་ཕྱིན་པ་ལས་ནམ་མཁའ་ལས་དངོས་གྲུབ་ལོ་དང་ཟླ་བས་རིང་དུ་སོང་ངོ་ཞེས་པའི་སྒྲ་བྱུང་བས། ལན་ཅིག་གིས་ཚེ་ཌེ་གི་སྒོམ་ཞིང་ཡོད་ཙ་ན་ཇོ་མོ་འབྲས་ལེན་དུ་ཕྱིན་པས་ལུས་ཐམས་ཅད་ལ་འོད་ཀྱིས་བསྐོར་ནས་འདུག་པ་མཐོང༌། དེ་ནས་ཇོ་མོ་དད་པ་སྐྱེས་ནས། ཇོ་མོ་ན་རེ། ཌེཾ་གི་པ་ལ་ཁྱོད་རྣལ་འབྱོར་པ་ནུས་པ་ཅན་དུ་འདུག་པས། ངས་ཁྱོད་ཀྱི་འཚོ་བ་སྦྱར་གྱི་འབྲས་རྡུང་བ་མ་བྱེད་པར་སྤྱིལ་པོ་གྱིས་ལ་སྒྲུབ་པ་མཛོད། ཡང་ན་གཞན་དུ་གཤེགས་པར་ཞུ་ཞེས་ཞུས་པས། མིས་ཚོར་གྱིས་དོགས་ནས། ཌེཾ་གི་པ་ན་རེ། ང་ལ་ནུས་པ་དང་དངོས་གྲུབ་ཅི་ཡང་མེད། ཁྱོད་ཉིད་འཁྲུལ་པ་ཡིན་གསུངས་ནས་གཞན་དུ་གཤེགས་མ་འདོད། ཕྱིས་འོད་དེ་ཏིང་ངེ་འཛིན་གྱིས་བརྟུལ་བས་ཞག་འགའ་འོད་མེད་པར་སོང་ངོ༌། །དེ་ནས་ཡང་ལན་ཅིག་གི་ཚེ་གླུ་འདི་སྐད་ལེན་ཏེ། གང་ཞིག་ཡིད་ལ་མི་བྱེད་སོ་བ་ནི། །ཡིད་རྨོངས་བྱེད་པའི་སོ་བའི་ཕྱེ་མ་དག །དེ་བཞིན་འབྲས་ནི་དྲུས་པས་སོ་ཕྱེ་དེ་སེལ་བྱེད། །དེ་བཞིན་ལྷན་ཅིག་སྐྱེས་པའི་འདོད་པ་དག །ཇི་ལྟར་འཇུག་པ་གསལ་བར་བྱས་པ་སྟེ། །རིང་དུ་འགྲོ་འདོད་ང་ཡི་འབྲས་བརྡུང་ལ། །ཕབས་མེད་ཆུ་ཡང་མེད་ཅིང་ཤིང་འབྲས་རྩ་བ་མེད། །ཡེ་ཤེས་ཆེན་པོ་འདིས་ནི་འགྲམ་གཉིས་འཐོབ་འགྱུར་ཏེ། །ཡུལ་རྣམས་བསྡུས་ནས་ང་ཡིས་གཅིག་ཏུ་བྱས། །རླུང་གི་ཐག་པར་རོ་མཉམ་དྲང་བར་བྱས། །སོ་བ་འབྲས་མེད་འབྲས་བརྡུང་མེད་ཀྱང་ནི། །དུས་ཀུན་ཏུ་ནི་ང་ནི་འབྲས་རྡུང་བ། །ཞེས་གླུ་བླངས་སོ། །དེ་ནས་ཙ་རི་ཏ་པ་ཏྲའི་གྲོང་གི་མི་ཐམས་ཅད་ཀྱིས་སློབ་དཔོན་གྲུབ་པ་ཐོབ་པའི་རྣལ་འབྱོར་པར་ཤེས་ནས། བསྙེན་བཀུར་མང་པོ་བྱས་པས། སློབ་དཔོན་དང་གྲོང་ཁྱེར་དེའི་མི་ཐམས་ཅད་དུས་གཅིག་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་སྟེ། རྒྱལ་པོ་ཌེཾ་གི་བའི་རྒྱུད་པ་མེད་དོ། །བློན་པོས་སྔར་སྡང་གི་ན་པ་ཏའི་ཡུལ་པའི་ཐ་སུ་རའི་གྲོང་ཁྱེར་དུ་སྨད་འཚོང་མའི་གཡོག་པོ་བྱས་ནས། རྒྱལ་པོའི་བུ་ལ་སོགས་བསྐྱེལ་བསུ་བྱེད་པས་བྱིན་པའི་གོ་ལ་ཟ་ཞིང་བསྒྲུབས་པས་གྲུབ་པ་ཐོབ། རྟོགས་པ་སྐྱེས་ནས། ལུས་འོད་ཀྱིས་བསྐོར་ནས་འདུག་པ་གཞན་གྱིས་མཐོང་ནས། གྲོང་དེའི་ཧ་དེར་འཚོགས་པའི་མི་ཟོང་འཚོང་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པས་ཟོང་འཚོང་བའི་སྲང་གི་ཧ་དེ་གང་གི་མི་ཐམས་ཅད་མཁའ་སྤྱོད་ལ་གཤེགས་སོ། །སློབ་དཔོན་འདིས། སློབ་དཔོན་ལོ་ཧི་པས་མཛད་པའི་མངོན་པར་རྟོགས་པ་ལུང་བསྟན་པར་བྱ་བའི་ཕྱིར། འཁོར་ལོ་གསུམ་བཀོད་པའི་རྟོག་པ་ལོགས་སུ་ཕྱུང་བ་ཡིན་གསུང༌། དེའི་སློབ་མ་ཨནྟར་པ་ཡིན་ཏེ། དེས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་གསུངས་སོ། །དེའི་སློབ་མ་ཏི་ལོ་པ་ཡིན་ཏེ། འདི་ཡང་རྒྱལ་པོའི་རིགས་ཡིན་པས། ཕྱིས་རབ་ཏུ་བྱུང་བའི་མཚན་ཤེས་རབ་བཟང་པོ་བྱ་བ་ཡིན། དེ་ནས་ཨནྟར་པ་དང་འཕྲད་ནས། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་ནས། གདམས་ངག་བསྟན་ཏེ་བསྒོམས་པས་རྟོགས་པ་སྐྱེས་ནས་ཏིལ་བརྡུང་བའི་ཁ་མཁན་དུ་རིགས་ཕབ་ནས་ཨནྟར་པའི་གདམས་ངག་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། དེའི་མཚན་ཏེ་ལོ་པ་དང་ཏྲེ་ལོ་པ་བྱ་བ་མ་ཡིན་ཏེ་ཏི་ལོ་པ་བྱ་བ་ཡིན་གསུངས། དེའི་སློབ་མ་ནི་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་པ་དཔལ་ནཱ་རོ་པ་ཏ་པ་ཞེས་བྱ་བ་བྲམ་ཟེའི་རིགས། བྲམ་ཟེ་རིན་ཆེན་རྡོ་རྗེ་དང་དུས་མཉམ་དུ་བྱུང་བ་ཆོས་མཉམ་པོར་བསླབས་པ་ཡིན་པ་ལ། སློབ་དཔོན་ནཱ་རོ་ཏ་པས་བསམས་པ་ངས་རིག་པའི་གནས་ལྔ་ལ་མཁས་པར་བསླབས་ཀྱང༌། རང་གི་སེམས་རྣམ་པར་རྟོག་པ་སྣ་ཚོགས་ལ་འཕྲོ་བ་འདི་དུས་ཡུན་ཐུང་དུ་ཡང་རྟོག་མེད་དུ་གནས་པར་མི་ནུས་པར་འདུག་པས། སེམས་གནས་པའི་ཐབས་ཤིག་བཙལ་སྙམ་ནས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་གང་ན་བཞུགས་དྲིས་བས། རྒྱ་གར་ན་སློབ་དཔོན་ཏི་ལོ་པ་བྱ་བ་བཞུགས་སོ་བྱ་བ་ཐོས་ནས། གྲོགས་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དྲུང་དུ་ཕྱིན་ནས། རིག་པའི་གནས་ལྔ་ལ་མཁས་པར་བསླབས་ཀྱང༌། རང་གི་སེམས་རྟག་ཏུ་རྣམ་པར་རྟོག་པའི་རྗེས་སུ་འབྲང་བ་ལས་བཟློག་པར་མི་ནུས་པར་འདུག ད་ལྟ་རྒྱ་གར་གྱི་ཡུལ་ན་སློབ་དཔོན་ཏི་ལོ་པ་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཅིག་བཞུགས་པར་འདུག་པས། དེ་ལ་གདམས་ངག་ཞུར་འདོང་ངམ་ཞེས་དྲིས་པ་ལས། བྲམ་ཟེ་རིན་ཆེན་རྡོ་རྗེའི་ཞལ་ནས། ང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་གྱུར་ནས་ཀུ་ས་ལིའི་རྐང་པ་ལ་ཕྱག་འཚལ་མི་ནུས། ཁྱེད་རང་འགྲོ་ན་སོང་གསུངས་ནས་འགྲོ་བར་མ་བཞེད། དེ་ནས་སློབ་དཔོན་ནཱ་རོ་པ་རྒྱ་གར་དུ་བྱོན་ནས་བླ་མ་ཏི་ལོ་པ་རྒྱ་གར་གྱི་ཡུལ་ཇི་སྐད་བྱ་བ་ན་བཞུགས་གཞན་དག་ལ་དྲིས་པས། རེས་འགའི་ཚེ་རྒྱ་གར་ཤར་ཕྱོགས་ཕུལླ་བི་ཧ་རའི་གཙུག་ལག་ཁང་ན་བཞུགས། རེས་འགའི་ཚེ་རྒྱ་གར་ནུབ་ཕྱོགས་ཛྭ་ར་བི་ཧ་རའི་གཙུག་ལག་ཁང་ན་བཞུགས་ཟེར་རོ། །དེ་ནས་སློབ་དཔོན་ནཱ་རོ་ཏ་པས་དང་པོ་ནུབ་ཕྱོགས་ཛྭ་ར་བྷི་ཧ་རའི་གཙུག་ལག་ཁང་དུ་བྱོན་ནས། བླ་མ་ཏི་ལོ་པ་འདི་ན་བཞུགས་སམ་ཞེས་དགེ་འདུན་ལ་དྲིས་པ་ན། རེས་འགའ་འདིར་བྱོན་ཞིང་འདུག་སྟེ་ད་ལྟ་མི་བཞུགས་ཟེར་ནས་ཁུངས་མ་ཆོད་དོ། །འོ་ན་བླ་མ་ཆ་ལུགས་ཇི་ལྟར་བཞུགས་དྲིས་པ་ལ། ལ་ལ་ན་རེ། རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་ཟེར། ལ་ལ་ན་རེ། རྣལ་འབྱོར་པའི་ཆ་ལུགས་སུ་བཞུགས་ཟེར་རོ། །དེ་ནས་བླ་མ་ནཱ་རོ་ཏ་པས་རྒྱ་གར་ཤར་ཕྱོགས་ཀྱི་ཕུལླ་བི་ཧ་རའི་གཙུག་ལག་ཁང་དུ་བྱོན་ནས། ཞག་འགའ་རེ་བཞུགས་ནས་ཡོད་པ་ལ། ཉི་མ་གཅིག་དགེ་འདུན་གྱི་གནས་ཀྱི་ནང་ན་མི་སྔོ་བ་རིད་པ་ཉི་ལྷགས་ཀྱིས་ཁྱེར་བ་ཅིག་གཅེར་བུར་བྱས་ཏེ། འདོམ་དཀྲིས་ཀྱི་རས་ཀྱི་སྣ་ལ་ཉ་རློན་པ་འགའ་བཏགས་པ་ཅིག་འདུག་པ་ལས། དེས་དགེ་འདུན་ལས་མེ་བླངས་དགེ་འདུན་གྱི་སོལ་བ་བླུགས་པའི་ཁང་པ་ཅིག་ན་སོལ་བ་ལ་མེ་བཏང་ནས། ཉ་མ་ཤི་བ་རྣམས་བསྲེག་པ་མཐོང་ནས། དེ་ཟློག་པར་འདོད་པ་ལ་དགེ་འདུན་ཆོས་སྟོན་གསོལ་བས་སྒོ་བཅད་ནས་འདུག་པས། ཆོས་སྟོན་གསོལ་ནས་སྒོ་ཕྱེའོ། །དེ་ནས་བླ་མ་ནཱ་རོ་ཏ་པས་སོལ་བའི་ཁང་པ་དེར་ཕྱིན་ནས་རྣལ་འབྱོར་པ་ཉ་གསོན་པོ་མ་བསྲེག་བྱས་པ་དང༌། བླ་མ་ཏི་ལོ་པས་ཉ་བསྲེགས་པ་རྣམས་ལ། ཕུར་བྱས་པས་ཉ་གསོན་པོར་གྱུར་ཏེ། དེ་རྣམས་ཆུར་བཅུག་ནས་ཆུའི་ནང་ན་ཕར་ཀྱུག་ཀྱུག་སོང་ངོ༌། །དེ་ནས་སློབ་དཔོན་ན་རོ་ཏ་པའི་བསམ་པ་ལ་འདི་ནུས་པ་ཐོབ་པའི་རྣལ་འབྱོར་པ་ཅིག་འདུག་པས། བླ་མ་ཏི་ལོ་པ་ཡིན་ནམ་སྙམ་ནས་དེའི་རྗེས་སུ་འབྲང་བ་ལས། རེས་འགའི་ཚེ། རེས་འགའ་སྔོ་ཐམས་ཅད་ཟ། རེས་འགའ་སྤྱི་གཙུག་བྱེད་ཅིང་འདུག་པ་ལས། བླ་མ་ཏི་ལོ་པ་མིན་ནམ་སྙམ་པ་བྱུང་བས། ང་ཏི་ལོ་པ་མ་ཡིན་ཟེར། རེས་འགའ་མཉམ་པར་འཇོག་པ་འདྲ་བར་འདུག་པས་ན་བླ་མ་ཏི་ལོ་པ་ཡིན་ནམ་སྙམ་ཙ་ན་ང་ཏི་ལོ་པ་ཡིན་ཟེར། དེ་ནས་ལན་ཅིག་གི་ཚེ་མི་ཅིག་གིས་བླ་མ་ཏི་ལོ་པ་ལ་རས་ཀྱི་སྟོད་གཡོགས་ཅིག་ཕུལ་ཏེ་སྲང་གི་ཐད་ཀར་ཐུར་མས་གཟེར་ནས་བཞག་པ་ལ། བླ་མ་ཏི་ལོ་པས་ཐུར་མ་དེ་བཏོན་ནས། སློབ་དཔོན་ནཱ་རོ་ཏ་པའི་རྡོ་རྗེའི་བུ་ག་ན་ཡར་བཅུག་པས། རྡོ་རྗེ་ཐམས་ཅད་སྐྲངས་ནས་འགྲོ་མི་ཤེས་པར་དེ་ཉིད་དུ་ལུས་སོ། །དེ་ནས་ཕྱིས་ཡུན་རིང་པོ་ལོན་པ་ནས་བླ་མ་ཏི་ལོ་པ་བྱོན་ཏོ། །ནཱ་རོ་ཏ་པ་མི་ནའམ་ཞེས་གསུངས་པ་ལ། བླ་མ་ནཱ་རོ་ཏ་པས་ང་ཤིན་ཏུ་སྡུག་བསྔལ་ལོ་ཞེས་བྱས་པས། བླ་མ་ཏི་ལོ་པས་ཐུར་མ་བཏོན་ནས། ནཱ་རོ་པ་ནད་མེད་དོ། །ཞེས་གསུངས་པས་སྡུག་བསྔལ་མེད་པར་ཤིན་ཏུ་བདེ་བར་གྱུར་ཏོ། །དེ་ནས་ཡང་བླ་མ་ཏི་ལོ་པ་དང་ནཱ་རོ་པ་གཉིས་ལམ་གཅིག་ལ་ཞུགས་ཏེ་ཕྱིན་ཙ་ན། ཆུ་ཞེང་དུ་འདོམ་གང་པ་ཙམ་ཡོད་པ་ཅིག་གི་ནང་ན། སྲིན་བུ་པད་པ་མང་པོ་འདུག་པས་བླ་མ་ཏི་ལོ་པ་དེ་ལ་གཤེགས་སུ་མ་འདོད་པར་ཆུ་འདི་ལ་རང་གི་ལུས་ཀྱིས་ཟམ་པ་བྱེད་ནུས་པ་སུ་ཡོད་གསུང་ངོ༌། །བླ་མ་ནཱ་རོ་ཏ་པའི་བསམ་པ་ལ་འདི་ང་ལ་གསུང་བར་འདུག་སྙམ་ནས། ངས་ཟམ་པ་བྱའམ་ཞེས་གསུངས་པས། འོ་ན་གྱིས་གསུངས་ནས། ནཱ་རོ་ཏ་པས་ལུས་ཀྱི་ཟམ་པ་བྱས་ཏེ་སྟེང་ནས་ཕར་བླ་མ་ཏི་ལོ་པ་གཤེགས་སོ། །བླ་མ་ནཱ་རོ་ཏ་པས། བླ་མ་ཏི་ལོ་པ་སླར་མ་བྱོན་གྱི་བར་དུ་ཆུ་དེ་ལ་བསྡད་པས་ཆུའི་ནང་གི་སྲིན་བུ་པད་པ་རྣམས་ཀྱིས་ལུས་ཐམས་ཅད་ཕུག་པས་གསུས་པ་ཆུ་བུར་དུ་སོང་ནས་ཡོད་པ་ལ། ཡང་བླ་མ་ཏི་ལོ་པ་བྱོན་ནས། ནཱ་རོ་པ་ཅི་ཉེས་གསུང༌། ངའི་ལུས་ཐམས་ཅད་སྲིན་བུ་པད་པས་ཕུག་པས་སྡུག་བསྔལ་ལོ་བྱས་པས། ནཱ་རོ་ཏ་པ་ནད་མེད་དོ་བྱས་པས་དེ་ཉིད་དུ་སོས་སོ། །དེ་ནས་ཡང་དཔོན་སློབ་གཉིས་སྔར་གྱི་གཙུག་ལག་ཁང་དེར་སོང་བ་དང༌། ནཱ་རོ་པ་རྒྱ་ཕུབ་ཀྱི་རྩེ་མོར་འདོང་གསུངས་ནས་རྒྱ་ཕུབ་དགུ་ཐོག་པའི་རྩེ་མོར་དཔོན་སློབ་གཉིས་ཀྱིས་ཕྱིན་པ་དང༌། འདི་ན་མར་མཆོངས་ནུས་པའི་སྐྱེས་བུ་སྟོབས་དང་ལྡན་པ་དག་ཡོད་དམ། ཞེས་ཡང་ཡང་གསུངས་པ་ལས། ནཱ་རོ་ཏ་པའི་བསམ་པ་ལ། འདི་ན་ང་ལས་སུ་ཡང་མི་འདུག ང་ལ་གསུངས་པ་ཡིན་སྙམ་ནས། རྒྱ་ཕུབ་ཀྱི་རྩེ་མོ་ནས་མཆོངས་པས། ས་ལ་ལྷུང་ཙ་ན་མི་ཐམས་ཅད་ཀྱིས་མི་འདི་སྨྱོ་བ་ཅིག་འདུག་ཟེར་ནས་འཛིན་དུ་བྱུང་བ་ལ། རྒྱ་ཕུབ་གྱི་རྩེ་མོའི་མི་ཡ་གི་འོངས་འོངས་སུ་ང་ཞོག་ཅིག་བྱས་ནས་དེར་བསྡད་པས་ཞག་འགའ་སོང་ངོ༌། །ཡང་བླ་མ་ཏི་ལོ་པ་བྱོན་ནས་ཁྱོད་མི་ནའམ་གསུངས་པ་ལ། ནཱ་རོ་ཏ་པས་སྡུག་བསྔལ་ལོ་བྱས་པས་རྐང་ལག་གི་ཚིགས་བུད་པ་ཀུན་བཅུག་སྟེ། ནཱ་རོ་ཏ་པ་ནད་མེད་དོ་གསུངས་པ་ཙམ་གྱིས་སྔ་མ་བཞིན་དུ་གྱུར་ཏོ། །ཡང་གཉིས་པོ་ལམ་གཅིག་ལ་ཕྱིན་ཙ་ན། རྒྱལ་པོ་རྒྱལ་མོ་དང་བཅས་པ་འབྲོག་ཏུ་གཤེགས་པའི་དཔུང་བྱོན་པ་ལ། བླ་མ་ཏི་ལོ་པ་ན་རེ། རྒྱལ་པོའི་བཙུན་མོ་ལ་སེན་མོས་འདེབས་ནུས་པ་ཡོད་དམ་གསུངས་པ་ལ། ནཱ་རོ་པས། བྲམ་ཟེར་བཅོས་ནས་ཤིས་པ་བརྗོད་ཅིང་རྒྱལ་པོའི་བཙུན་མོའི་མདུན་དུ་ཕྱིན་ནས། མེ་ཏོག་གི་ཕྲེང་བ་རྒྱལ་པོའི་བཙུན་མོའི་མགོ་ལ་བཞག་ནས། ནུ་མ་ལ་སེན་མོ་བཏབ་པས་རྒྱལ་པོའི་འཁོར་རྣམས་ཀྱིས་ནཱ་རོ་པ་བརྡུངས་ཏེ་དེར་ལུས་སོ། །དེ་ནས་ཡང་ཡུན་རིང་མོ་ནས་ཏི་ལོ་པ་བྱོན་ནས། ནཱ་རོ་པ་ཅི་ཉེས་གསུང༌། ང་ལ་རྒྱལ་པོའི་གཡོག་པོས་བརྡུངས་པས་སྡུག་བསྔལ་ལོ་ཞེས་གསུངས་པ་དང༌། བླ་མ་ཏི་ལོ་པའི་ཕྱག་གིས་རེག་སྟེ། ནཱ་རོ་པ་ནད་མེད་དོ་གསུངས་པས་སླར་སོས་སོ། །ཡང་གཉིས་པོ་ལམ་གཅིག་ན་ཕྱིན་ཙ་ན་བློན་པོ་ཆུང་མ་དང་བཅས་པ་བྱུང་བ་ལ། བླ་མ་ཏི་ལོ་པས། འདི་ལ་འོ་བྱེད་ནུས་པ་ཡོད་དམ་གསུངས་པས། ནཱ་རོ་པས་བྲམ་ཟེར་བཅོས་ཏེ། བློན་པོའི་ཆུང་མ་ལ་འོ་བྱས་པས། བློན་པོའི་གཡོག་པོས་ནཱ་རོ་པ་བརྡུངས་པས་དེ་ཉིད་དུ་ལུས་སོ། །དེ་ནས་ཡང་ཏི་ལོ་པ་བྱོན་ནས། ནཱ་རོ་པ་ཅི་ཉེས་གསུང༌། བློན་པོའི་གཡོག་པོས་བརྡུངས་པས་སྡུག་བསྔལ་ལོ་བྱས་པས། ཕྱག་གིས་རེག་ནས་ནད་མེད་དོ་གསུངས་པས་ཡང་སླར་སོས་སོ། །དེ་ནས་ལན་ཅིག་གི་ཚེ་གཉིས་པོ་ལམ་གཅིག་ན་ཕྱིན་ཙ་ན། གྲོང་ཁྱེར་ཅིག་ན་ཁྱིམ་བདག་ཕྱུག་པོ་ཅིག་མི་རིགས་བཞི་ལ་དགའ་སྟོན་བྱེད་པ་ཅིག་འདུག་ནས། ནཱ་རོ་པས་དེར་ཕྱིན་པ་དང༌། ཚོད་མ་རོ་མཆོག་ཉི་ཤུ་དང་ལྡན་པ་ཅིག་བྱིན་པ་ལ། འདི་ངས་བཟའ་བར་ཕོངས། བླ་མ་ཏི་ལོ་པ་ལ་དྲང་དགོས་སྙམ་ནས། དེ་བླ་མ་ལ་དྲངས་པས། བླ་མ་མཉེས་ཏེ་ཨ་ཏི་མི་ཏྲ་ཞེས་ཡང་ཡང་གསུངས་པས། ད་དུང་བཞེས་པར་འདུག་སྙམ་ནས། ད་དུང་ངས་སླངས་ལ་འོང་ངམ་བྱས་པས། སློངས་ལ་ཤོག་གསུངས་ནས། ནཱ་རོ་པས་ཡ་ངེད་ཉིད་དུ་སློང་དུ་ཕྱིན་པས། ཁྱོད་ལ་ཞིམ་པའི་ཆ་འདུག་གི་ཟེར་ནས་མ་བྱིན་པ་ལ། ནཱ་རོ་པས་ཁྱིམ་དུ་བཟའ་ཟས་ནས་ཕྱིན་པ་དང༌། ཟངས་ལ་ཚོད་མ་འབྱར་ནས་འདུག་པ་དེ་ཟངས་ཀྱི་ཁ་རང་གི་ལུས་ལ་གླན་ཏེ་བྲོས་པ་ལས། མི་ཐམས་ཅད་ཀྱིས་བདས་ཏེ་བརྡུངས་པ་ལ་ཡང་ཟངས་མ་ཤོར་བར་འཐེན་པ་ལ། ཆགས་ཅན་ཁྱོད་ད་ཚོད་མ་ཁྱེར་ལ་ཟངས་ཚུར་ཐོང་ཟེར་བས། ཚོད་མ་ལབ་ཏིར་གཏུམས་ནས། ཟངས་གཏད་དེ་ཚོད་མ་ཏི་ལོ་པ་ལ་གཏད་པས་གསོལ་ལོ། །དེ་ནས་ལན་ཅིག་གི་ཚེ། བླ་མ་ཏི་ལོ་པ་ན་རེ། ནཱ་རོ་པ་ལ་ཤིང་མང་པོ་ཐུས་ཤིག་གསུངས་ནས། ནཱ་རོ་པས་ཤིང་མང་པོ་བཏུས་པ་དང༌། ད་ཁྱོད་ཀྱིས་མེ་སྒྱེད་དགའ་བ་ཅིག་ཐོང་ཞིག་གསུངས་ནས་མེ་བཏང་བས། ད་ཁྱོད་ཀྱི་ལུས་མེ་སྒྱེད་གསུམ་གྱི་བར་དུ་གདུངས་ཤིག་གསུངས་ནས། དེ་ལྟར་བྱས་པས། ལུས་ཐམས་ཅད་མེས་ཚིག་ནས་དེ་ཉིད་དུ་ལུས་སོ། །ཡང་བླ་མ་ཏི་ལོ་པ་བྱོན་ནས། ནཱ་རོ་པ་ཅི་ཉེས་གསུངས་ནས། ངའི་ལུས་ཐམས་ཅད་མེས་ཚིག་པས་སྡུག་བསྔལ་ལོ་བྱས་པས། བླ་མ་ཏི་ལོ་པས། ཕྱག་གིས་རེག་ནས་ནཱ་རོ་པ་ནད་མེད་དོ་གསུངས་པས་སླར་སོས་སོ། །དེ་ནས་ཡང་ལན་ཅིག་གི་ཚེ་གཉིས་པོ་ལམ་གཅིག་ནས་ཕྱིན་ཏེ། ཐང་ཞིག་ལ་ཕྱིན་པ་དང༌། བླ་མ་ཏི་ལོ་པའི་ཞལ་ནས། ནཱ་རོ་པ་ཁྱོད་དེ་ཙམ་དུ་སྡུག་བསྔལ་སྤྱོད་པ་ཅི་འདོད་པ་ཡིན་གསུངས་པ་ལ། ནཱ་རོ་པས། བདག་ལ་གཞན་ཅི་ཡང་མི་འཚལ། རང་གི་སེམས་འདི་མཚན་མ་དང་རྣམ་པར་རྟོག་པ་ལས་བཟློག་སྟེ། མི་རྟོག་པ་ལ་གནས་པའི་གདམས་ངག་ཅིག་ཞུ་བྱས་པ་ལ། འོ་ན་ཁྱོད་ཀྱིས་མཎྜལ་གྱིས་ཤིག་གསུངས་ནས་གདམས་ངག་བསྟན་ནོ་གསུངས་པ་ལ། འདི་ལ་མཎྜལ་བྱེད་པའི་ཆུ་མེད་བྱས་པས། རང་གི་དྲི་ཆུས་གྱིས་གསུངས་ནས། ནཱ་རོ་པས་རང་གི་དྲི་ཆུས་བྱུགས་ཏེ། མེ་ཏོག་བཀྲམ་པ་དང༌། བླ་མ་ཏི་ལོ་པས་མཎྜལ་གྱི་འདག་པ་དུམ་བུ་ཅིག་བླངས་ཏེ་ནཱ་རོ་པའི་གདོང་དུ་རྒྱབ་སྟེ་བྱིན་རླབས་མཛད་པས། དེ་ཉིད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ལམ་ཐམས་ཅད་བླ་མ་ལས་རྫོགས་སོ། །དེ་ལྟར་བླ་མ་ནཱ་རོ་པས། བླ་མ་ཏི་ལོ་པའི་སྤྱན་སྔར་དཀའ་བ་ལོ་དགུའི་བར་དུ་མཛད་པས། རྩ་དང༌། རླུང་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཚོན་བྱེད་ཀྱི་གདམས་ངག་ཐམས་ཅད་བསྟན་ནས། ད་བདག་ལ་མཚོན་བྱ་དོན་གྱི་གདམས་ངག་ཅིག་ཞུ་བྱས་པས། བླ་མ་ཏི་ལོ་པའི་ཞལ་ནས། ཀྱེ་མ་ཧོ་འདི་ནི་རང་རིག་པ་ཡིན་ཏེ། །ངག་གི་ལམ་འདས་ཚིག་གི་སྤྱོད་ཡུལ་མིན། །ཏི་ལོ་པ་ཡིས་ཅི་ཡང་བསྟན་དུ་མེད། །རང་གིས་རང་ལ་བརླན་ཏེ་ཤེས་པར་གྱིས། །ཞེས་གླུ་བླངས་ནས་དམ་ཚིག་ཕོག་པ་ནི། ད་ཁྱོད་པཎྜི་ཏའི་ང་རྒྱལ་གྱི་སྤྱོད་པ་ཞོག་ལ། གཞན་དང་རྩོད་པ་མ་བྱེད། རྩོད་པ་བྱས་ན་རང་དང་གཞན་གྱི་གྲུབ་པའི་མཐའ་ལ་སྨོད་པའི་ལྟུང་བ་འབྱུང་བ་ཡིན་པས། རྣལ་འབྱོར་པའི་རྟགས་ཟུང་ལ་སྒོམས་ཤིག་ཅེས་གསུང་ངོ༌། །དེ་ནས་ནཱ་རོ་པས། ཕུལླ་བི་ཧ་རའི་གཙུག་ལག་ཁང་གི་ཤར་ཕྱོགས་དང་ཉེ་བར་དགོན་པ་ཅིག་ན་བྲམ་ཟེའི་བུ་མོ་ཅིག་གིས་གཡོག་བྱས་ཏེ་བསྒོམ་ཞིང་ཡོད་པ་ལ། དེའི་ཚེ་ཡུལ་དབུས་ཐམས་ཅད་དུ་མུ་སྟེགས་གཅེར་བུ་པ་བྱུང་ནས་སངས་རྒྱས་པ་ཐམས་ཅད་ཕམ་པར་བྱས་ཏེ། ཁོ་རྒྱལ་ཏེ་སངས་རྒྱས་པའི་བསྟན་པ་འཇིག་ལ་ཁད་གནས་པ་ལ། ཕུལླ་བི་ཧ་རའི་རྒྱལ་པོས་ནང་པ་སངས་རྒྱས་པའི་པཎྜི་ཏ་བཞི་བརྒྱ་ལ་གསེར་གྱི་མེ་ཏོག་ཕུལ་ནས། གཅེར་བུ་པ་དང་རྩོད་པ་བྱ་བར་ཞུ་བ་ཕུལ་བ་ལ། པཎྜི་ཏ་སུས་ཀྱང་མ་ནུས་ལ། རྒྱལ་པོའི་ཞལ་ནས། ཁྱེད་ད་དུང་གྲོས་གྱིས་ཤིག ཁྱེད་སུས་ཀྱང་རྩོད་པར་མི་ནུས་ན། ངས་གཙུག་ལག་ཁང་གཅེར་བུ་པ་ལ་འབུལ་ལོ་ཟེར་བ་ལ། དགེ་འདུན་ཐམས་ཅད་གྲོས་བྱས་ནས། བླ་མ་ནཱ་རོ་ལ་བསྟན་པ་འཇིག་པ་ཁད་ལ་ཐུག་པས། གཅེར་བུ་པ་དང་རྩོད་པ་མཛད་པར་ཞུ། ཞེས་གསོལ་བ་བཏབ་པ་དང༌། བླ་མ་ནཱ་རོ་པའི་ཞལ་ནས། བསྟན་པ་འཇིག་ལ་ཁད་དམ་གསུང༌། འཇིག་ལ་ཁད་ཡོད་དོ་བྱས་པས། གཅེར་བུ་པ་ང་ཡོད་པའི་སར་ཡོང་བ་ཕམ་པར་བྱའོ་གསུངས་ནས། གཅེར་བུ་པ་ལ་རྩོད་པ་ལ་ཤོག་བྱས་པས། ཁོ་འོང་དུ་མ་བཏུབ་པས། སློབ་དཔོན་ནཱ་རོ་པས་དབུ་མཛད་པའི་ནང་པ་སངས་རྒྱས་པའི་པཎྜི་ཏ་ཐམས་ཅད་གཅེར་བུ་པའི་གཙུག་ལག་ཁང་གི་རྩར་བྱོན་ཏེ། དེ་ནས་ཁོང་གི་ལྷ་རྟེན་གྱི་རྩར་རྒོལ་བ་དང༌། ཕྱིར་རྒོལ་བ་དང༌། རྒྱལ་པོ་དང་གསུམ་གྱི་ཁྲི་བཤམས་ནས། དེར་རྩོད་པ་བྱས་པས། བླ་མ་ནཱ་རོ་པ་རྒྱལ་བར་གསལ་བ་མ་བྱུང་ནས། བླ་མ་ནཱ་རོ་པའི་བསམ་པ་ལ། ང་འདྲ་བའི་སྨྲ་བའི་དབང་ཕྱུག་ལ་རྩོད་པ་རྒྱལ་བ་མ་བྱུང་བ་འདི་ཅིས་ལན་པ་སྙམ་དུ་བསམས་ནས། སྔར་བླ་མ་ཏི་ལོ་པའི་ཞལ་ནས་ཁྱོད་གཞན་དང་རྩོད་པ་མ་བྱེད་ཅིག་གསུངས་པ་ཡིན་པ་ལ། བླ་མའི་བཀའ་བཅག་སྟེ་རྩོད་པ་བྱས་པས་ལན་པ་ཡིན་ནམ་སྙམ་དུ་དྲན་ཏེ་འགྱོད་པ་སྐྱེས་པ་དང༌། སློབ་དཔོན་ཏི་ལོ་པ་ཕྱག་གཡོན་པས་ཐོད་པ་ཁྲག་ཅན་ཅིག་ཐོགས། གཡས་པས་ཏྲི་ཤཱུ་ལ་ཅིག་ཐོགས་ཏེ་བྱོན་པ་དང༌། སློབ་དཔོན་ནཱ་རོ་པས་ཕྱག་བྱས་ནས་ཞབས་ལ་འཇུས་ཏེ། མུ་སྟེགས་པ་རྣམས་ན་རེ། ཁྱེད་རྩོད་པ་ཕམ་གྱི་སྟེང་དུ་སྲིན་པོའི་གཟུགས་ཅན་འདི་ལ་བསྙེན་བཀུར་བྱས་པ་རང་གིས་ཀྱང་ཁྱེད་ཕམ་པའི་གནས་སུ་གྱུར་ཏོ། །ཞེས་ཀྱིས་དེར་གྱིས་བསྒྲགས་པ་དང༌། སློབ་དཔོན་ཏི་ལོ་པའི་ཞལ་ནས། ནཱ་རོ་པ་ལ་ཁྱོད་རྩོད་པ་ཕམ་མམ། ཞེས་ལན་གཉིས་གསུངས་ནས། མུ་སྟེགས་པའི་ལྷ་ཁང་སུམ་བརྩེགས་ཡོད་པ་ལ་སྡིགས་མཛུབ་ལན་གསུམ་བྱས་པས། ལྷ་ཁང་སུམ་ཐོག་རིམ་པ་བཞིན་དུ་འགྱེལ་པར་གྱུར་ཏོ། །དེ་ནས་གཅེར་བུ་པ་རྣམས་ལ་སྡིགས་མཛུབ་གདེངས་པས་འདིས་བདག་ཅག་བསད་པར་ཡོང་ཟེར་ནས་སླར་སློབ་དཔོན་ཉིད་ལ་སྐྱབས་བཙལ་བ་དང༌། དེ་ནས་རྒྱལ་པོས་མུ་སྟེགས་པ་ཐམས་ཅད་མེད་པར་བྱས་ནས། སངས་རྒྱས་པའི་སྡེ་པ་ཅིག་ཏུ་གནས་པར་བྱས་སོ། །དེ་ནས་བླ་མ་ནཱ་རོ་པས་རྣལ་འབྱོར་པས་བྱས་ཏེ་བསྒོམས་པས་རྟོགས་པ་སྐྱེས་ནས་གླུ་བླངས་པ་ནི། འཆར་བ་མེད་ཅིང་ནུབ་པ་མེད། །ཉིན་མོ་མེད་ཅིང་མཚན་མོ་མེད། །བླ་མའི་རྟོགས་པས་རྨོངས་པ་ཆད་ནས་སོང༌། །གར་གནས་གར་འགྲོ་མ་ཤེས་ཏེ། །བདེ་ཆེན་གྱིས་ནི་དབང་པོའི་གྲོང་འདི་བཅོམ། །བསམ་དུ་མེད་པའི་རྣལ་འབྱོར་གྱིས། །དེ་ལ་བདག་གིས་ཅི་ཞིག་བསམ། །ཕྱོགས་རྣམས་སྟོང་ཞིང་རང་ཡང་རྣམ་པར་བྲལ། །གང་དང་གང་བལྟས་དེ་ནི་རྟག་ཏུ་དེ་ཡིན་ཏེ། །གཉུག་མའི་ཡིད་ནི་གདོད་ནས་སྟོང་པར་སོང༌། །རྒྱུ་དང་འབྲས་བུ་བཏང་སྙོམས་དག་ཏུ་དོར། །འདི་ཡི་ཁྱད་པར་ཏི་ལོ་པ་དབང་ངོ༌། །ཞེས་གསུངས་སོ། །དེ་ལྟ་བུའི་བླ་མ་ནཱ་རོ་པས་ཀྱང༌། རྒྱལ་པོའི་དཔུང་དང་བཅས་པ་ཐམས་ཅད་རེངས་པར་བྱེད་པ་དང༌། ཚོགས་ཀྱི་འཁོར་ལོའི་དུས་སུ་ཆང་འགུགས་པ་དང༌། སྦྱིན་སྲེག་མཛད་པའི་དུས་སུ་ཐབ་ཀྱི་ནང་དུ་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་དངོས་སུ་ཞལ་གཟིགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་གྲུབ་པ་ཐོབ་པ་ཡིན་གསུངས། དེའི་སློབ་མ་བླ་མ་ཕམ་ཐིང་པ་མཆེད་བཞི་དང༌། བླ་མ་ཁ་ཆེ་བྱང་ཆུབ་བཟང་པོ་ཡིན་ནོ། །སློབ་དཔོན་པྲཛྙཱ་རཀྵི་ཏས་ཀྱང་ལོ་བཅུ་གཉིས་སུ་བླ་མ་ནཱ་རོ་པའི་སྤྱན་སྔར་བཞུགས་ཏེ། ཚོགས་བཤད་ལས་སློབ་མ་ལ་བཤད་པའི་གདམས་ངག་མ་ཐོབ་གསུང་ངོ༌། །བླ་མ་ཕམ་ཐིང་པས་ཀྱང་རྒྱལ་པོའི་བཙུན་མོ་ལ་སོགས་པ་རེངས་པར་བྱེད་པའི་ནུས་པ་དཔག་ཏུ་མེད་པ་མངའ་བ་ཡིན་གསུངས། དེའི་སློབ་མ་དགེ་བཤེས་ཀློག་སྐྱ་ལོ་ཙཱ་བ་ཡིན། དེ་ལ་གུང་ཐང་གི་ལོ་ཙཱ་བས་བདེ་མཆོག་མང་དུ་གསན་ནས། དེ་ནས་དགེ་བཤེས་ཀློག་སྐྱ་ལོ་ཙཱ་བ་རྒྱ་གར་དུ་གཤེགས་པས་རྒྱ་གར་དུ་གྲོངས། དེ་ནས་བླ་མ་གུང་ཐང་བ་བལ་པོར་བྱོན་ནས། བླ་མ་ཕམ་ཐིང་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཞུས། མངོན་པར་རྟོགས་པའི་སྒྲུབ་ཐབས་འདི་གསུངས། དེ་ནས་བླ་མ་ནཱ་རོ་པའི་སློབ་མ་བླ་མ་དུས་འཁོར་བ་དང༌། ཐང་ཆུ་བ་དང༌། ཇོ་བོ་ཁ་ཆེ་བྱང་ཆུབ་བཟང་པོ་དང༌། ནཱ་རོ་པའི་སློབ་མ་བཞི་ལ་འཁོར་ལོ་སྡོམ་པ་གསན། བླ་མ་གུང་ཐང་པ་ལ་བདག་གི་བླ་མ་བདག་ཉིད་ཆེན་པོ། གཙང་ལ་སྟོད་གྲོམ་པའི་ཡུལ་དུ་སྐུ་འཁྲུངས་པ། འཕགས་པ་འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པ་བློ་གྲོས་བསམ་གྱིས་མི་ཁྱབ་པ་མངའ་བ་དེས་གསན་པ་ཡིན་ནོ། །སྒྲུབ་པའི་ཐབས་འདིའི་མཚན་ནི། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའི་དུས་སུ་ལོ་ཙཱ་བས་བཅུག་པ་ཡིན་ཏེ། དེ་ཡང་རྒྱ་གར་ཁུངས་བཙུན་པ་ལ་དགོངས་པ་ཡིན་ནོ། །སྒྲུབ་ཐབས་འདི་ལ་གཞུང་ལ་གསུམ་ལས། དང་པོ་བྱ་བ་བསྒྲུབ་པ་ནི། འབྲས་བུ་བསྒྲུབ་བྱ་མཆོག་གི་དངོས་གྲུབ་དང༌། ཐུན་མོང་གི་དངོས་གྲུབ་གཉིས་སོ། །གཉིས་པ་བྱེད་པ་བསྒྲུབ་པ་ནི། སྒྲུབ་པའི་ཐབས་བསྐྱེད་རྫོགས་གཉིས་རྣལ་འབྱོར་བཞིའི་བདག་ཉིད་དུ་གནས་པའོ། །གསུམ་པ་ནི། དེ་གཉིས་ཀ་ལ་བྱེད་པ་པོ་རྟེན་གྱི་གང་ཟག་ཅིག་དགོས་པས་དེ་བསྟན་པ་ནི། རྣལ་འབྱོར་པའི་དབང་ཕྱུག་གི །ཞེས་སྨོས་ཏེ། དེས་ནི་བསྒྲུབ་བྱ་འདི་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་དེ་ཁྱད་པར་ཅན་དུ་བསྟན་ཏོ། །འདི་ལ་བཤད་པ་གསུམ་དུ་གསུངས་པ་ལས། དང་པོ་ནི། རྣལ་འབྱོར་པའི་ཞེས་པ་ནི། སློབ་པའི་རྣལ་འབྱོར་དང༌། མི་སློབ་པའི་རྣལ་འབྱོར་པ་གཉིས་སོ། །དེ་ལ་དང་པོ་ནི། རྣལ་འབྱོར་ཏེ། དང་པོ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་ཐོབ་ནས། མཉམ་པར་གཞག་པའི་རྣལ་འབྱོར་བསྐྱེད་རྫོགས་གཉིས་ལ་སྐུ་གསུམ་ལམ་དུ་བྱེད་པ་བསྒོམ་པ་དང༌། ཐུན་མཚམས་སུ་གཏོར་མ་གཏོང་བ་གཏོར་མའི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་ནང་གི་སྦྱིན་སྲེག་དང༌། དུས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བའི་སྤྱོད་ལམ་གྱི་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་ཡིན་ལ། པའི་ཞེས་པ་ནི་བཞི་པོ་དེ་དང་ལྡན་པའི་རྣལ་འབྱོར་པའོ། །དབང་ཕྱུག་ནི་བཞི་པོ་དེ་ལ་ཐུན་བཞིའི་རིམ་གྱིས་གོམས་པར་བྱས་པས་དེ་ལ་དབང་དུ་གྱུར་པའོ། །ཡང་བཤད་པ་གཉིས་པ་ནི། མི་སློབ་པའི་རྣལ་འབྱོར་གྱི་དབང་དུ་བྱས་ན། རྣལ་འབྱོར་ནི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཐབས་ཤེས་གཉིས་སུ་མེད་པ་ཡིན་ལ། པའི་ནི་དེ་དང་ལྡན་པའོ། །དབང་ཕྱུག་གི་ནི་མཚོན་བྱེད་ཀྱི་རྫོགས་པའི་རིམ་པ་ལ་མི་ལྟོས་པར་བསམ་གྱིས་མི་ཁྱབ་པ་ལ་དབང་ཐོབ་པ་སྟེ། དེ་ཡང་དང་པོ་དཀྱིལ་འཁོར་ལ་ཞུགས་ཏེ། ལྷ་དང་སྐལ་བ་མཉམ་པར་བྱས་པའི་རྣལ་འབྱོར་པས་ཞག་གཅིག་ལ་ཐུན་བརྒྱད་དུ་བགོས་པའི་བཞི་ཆའམ། བརྒྱད་ཆ་གཅིག་གི་བར་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་རང་གི་ངང་གིས་མཉམ་པར་འཇོག་པར་ནུས་པ་ནི། རབ་ཀྱི་ཡང་རབ་སྟེ། དེ་ནི་མི་སློབ་པའི་རྣལ་འབྱོར་ཞེས་བྱའོ། །གང་ཟག་དེའི་བསྐྱེད་པའི་རིམ་པའི་དོད་ནི། བླ་མའི་ཕྱག་གཉིས་རང་གི་སྤྱི་བོར་བསམ། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་པ་ལ་སོགས་པ་མོས་གུས་བྱེད་པའོ། །དེ་བསྐྱེད་པའི་རིམ་པར་ཅི་སྟེ་འགྲོ་སྙམ་ན། བསྐྱེད་རིམ་བསྒོམས་པས་ཀྱང་རང་གི་རྒྱུད་ལ་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱོང་བར་བྱེད་པ་བཞིན་དུ། སྔ་མ་དེས་ཀྱང་རང་གི་རྒྱུད་ལ་ཚོགས་བསོག་ཅིང་སྒྲིབ་པ་སྦྱོང་བར་བྱེད་པར་མཉམ་པའི་ཕྱིར་རོ། །འདི་ཡི་རྫོགས་པའི་རིམ་པ་ནི། སྔར་སློབ་པའི་རྣལ་འབྱོར་ལ་སློབ་པའི་དུས་སུ་མཚོན་བྱེད་ལ་ལྟོས་པའི་རྫོགས་པའི་རིམ་པ་རྡོ་རྗེ་སེམས་དཔའ་བསྡུ་བ་ལ་སོགས་པ་ལ་གོམས་པར་བྱས་ཟིན་པ་ཡིན་པས། མི་སློབ་པའི་རྣལ་འབྱོར་བསྒོམ་པའི་དུས་སུ་མཚོན་བྱེད་ལ་མི་ལྟོས་པར་ཆོས་བསམ་གྱིས་མི་ཁྱབ་པ་གསལ་ལ་མི་རྟོག་པ་དེ་བསྒོམ་པའོ། །ཡང་བཤད་པ་གསུམ་པ་ནི། བདེ་མཆོག་ཉུང་ངུ་དང༌། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་དགོངས་པས། རྒྱུད་སྡེ་དྲུག་ཏུ་གནས་པ་ཡིན་པས་ན། དེ་ཡང༌། རྣལ་འབྱོར་པའི་ཞེས་པ་ནི། བྱ་བའི་རྒྱུད་ལ་སོགས་པའི་ཆོ་ག་ཉམས་སུ་ལེན་པའི་གང་ཟག་ལ་བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པ་ཞེས་པ་ལ་སོགས་པར་མིང་འདོགས་པ་ཡིན་ལ། རྒྱུད་འདི་རྒྱུད་སྡེ་དྲུག་པ་མའི་ཡང་མ་བླ་ན་མེད་པའི་རྒྱུད་ཡིན་པས། རྒྱུད་འདིའི་ལམ་ཉམས་སུ་ལེན་པའི་སྒྲུབ་པ་པོ་ལ་ཡང་མིང་རྣལ་འབྱོར་པའི་དབང་ཕྱུག་ཅེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་བཙུན་མོ་རྣམས་ཀྱི་ཁྱོ་གྲལ་གྱི་གོ་རིམ་མམ། ག་པུར་ལ་སོགས་པའི་སྨན་གྱི་སྣོད་ཀྱི་གོ་རིམ་ཡིན་ནོ། །དེས་ན་འདིར་ནི་རྟེན་གྱི་གང་ཟག་ཁྱད་པར་ཅན་དུ་བསྟན་པ་འདིས་ནི། གང་ཟག་བཞི་ལས་རབ་ཀྱི་ཡང་རབ་ཀྱིས་ཉམས་སུ་བླང་བྱ་ཡིན་པར་ཤུགས་ལས་བསྟན་ནོ། །དེའི་ཕྱིར་བླ་མ་ཕམ་ཐིང་པ་ནི་སྒྲུབ་པའི་ཐབས་འདི་ཉམས་སུ་ལེན་པའི་གང་ཟག་ཡང་རབ་བཞིར་བཞེད་ལ། བླ་མ་དུས་འཁོར་བ་དང༌། བླ་མ་ཁ་ཆེ་བྱང་ཆུབ་བཟང་པོ་ནི་འདིར་རབ་ཀྱི་རབ་མི་སློབ་པའི་རྣལ་འབྱོར་གྱི་ཉམས་བླང་ཕར་བོར་ནས། སློབ་པའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་སྒྲུབ་ཐབས་རྒྱས་བསྡུས་གསུམ་དུ་བཞེད་དེ། དེ་ཡང་མངོན་པར་རྟོགས་པ་རྒྱས་པ་ལ་དགའ་བས་གཞུང་འདི་ལས་བཤད་པའི་ཚད་མེད་པ་བཞི་བསྒོམ་པ་མན་ཆད་ཀྱི་ཇི་སྙེད་ཡོད་པ་རྣམས་མ་ཕྲི་མ་བསྣན་པར་བསྒོམ་པ་དང༌། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་དུ་ཡོད་པ་སྟེ། རྒྱས་པ་དང་གཉིས་ཆོ་གའི་ཡན་ལག་སྣ་ཚང་བ་ཙམ་དུ་འདྲ་ཡང་ཆོ་ག་རང་རྒྱས་པ་བས་ཉུང་བར་བསྒོམ་པ་དང༌། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་དུ་བསྒོམ་པའོ། །དེས་ནི་སྤྱི་དོན་གསུམ་གྱི་དང་པོ་རྣལ་འབྱོར་གྱི་དབང་ཕྱུག་ཏུ་བསྒྲུབས་པས་རྟེན་གྱི་གང་ཟག་བསྟན་པའོ། །རྟེན་གྱི་གང་ཟག་དེས་ཉམས་སུ་ལེན་པའི་མངོན་པར་རྟོགས་པ་ལ་གཉིས་ཏེ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང༌། དེ་བརྟན་པར་བྱེད་པའི་སྤྱོད་པའོ། །དང་པོ་ལ་བཞི་ལས། མཉམ་པར་གཞག་པའི་རྣལ་འབྱོར། དེ་ལ་གཉིས་ལས། བསྐྱེད་པའི་རིམ་པ། དེ་ལ་གཉིས་ལས། དང་པོ་རྒྱུ་ཚོགས་བསགས་པ། དེ་ལ་ལྔ་ལས། བསོག་པར་འགྱུར་པའི་དགེ་བ་ཐམས་ཅད་གཞན་དོན་ཁོ་ནར་འགྱུར་བར་བྱ་བའི་ཕྱིར་དང་པོ་ཉིད་དུ་ཚངས་པའི་གནས་བཞི་བསྒོམ་པ་ནི། དང་པོ་ཁོ་ནར་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཞེས་སྨོས་ཏེ། དེ་ཡང་རྣལ་འབྱོར་པའི་དབང་ཕྱུག་གིས། མཚན་ཉིད་དང་ལྡན་པའི་གནས་སུ་མཆོད་པ་ལ་སོགས་པའི་ཡོ་བྱད་དང་ལྡན་པས། ནུབ་མོ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་དུ་ཉལ་བ། ཐོ་རངས་ཀྱི་དུས་སུ་ཌཱ་མ་རུའི་སྒྲ་ཀ་ར་ཀ་ར་ལ་སོགས་པའི་སྒྲ་གྲགས་པས་བསྐུལ་བར་བསམ་སྟེ། དེ་ནས་བདེ་མཆོག་ཕྱག་བཅུ་གཉིས་པ་ཡུམ་གྱི་ང་རྒྱལ་གྱིས་མལ་ནས་ལངས་ལ། འོག་ནས་འབྱུང་བའི་ལུས་ལྷར་ལྡང་བ་དང༌། སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པའི་ཚད་མེད་པ་བཞི་བསྒོམ་པ་ལས་ཁྱད་པར་བྱས་པའི་ཕྱིར། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་གསུམ་གསུམ་གྱིས་བསྒོམ་པར་བྱ་སྟེ། དེའི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་ནི། འདི་ཉིད་ཀྱི་མངོན་པར་རྟོགས་པའི་ཡི་གེར་ཤེས་པར་བྱའོ། །ཡི་གེའི་དོན་ནི། དང་པོ་ཁོ་ནར་ཞེས་པ་སྟེ། མངོན་རྟོགས་འདིའི་དང་པོར། སྒྲུབ་ཐབས་གཞན་ནས་བཤད་པ་ལྟར་བསོད་ནམས་ཀྱི་ཚོགས་བདུན་རྣམ་དག་ལ་སོགས་པའི་ཆོ་ག་གཞན་མི་བསྒོམ་པར་ཚད་མེད་པ་བཞི་ཁོ་ན་བསྒོམ་པ་ཡིན་ནོ། །ཚངས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ན། དེའི་གནས་ནི་རིང་བའི་རྒྱུ་སྟེ་ཚད་མེད་པ་བཞིའོ། །ཡང་ན་ཚངས་པ་ནི། གཟུགས་ཁམས་ཀྱི་ཚངས་པའི་འཇིག་རྟེན་གྱི་ལྷ་ཡིན་ལ། དེའི་གནས་ནི་དེར་སྐྱེ་བའི་ཉེ་བའི་རྒྱུ་ཚད་མེད་པ་བཞིའོ། །དེ་ལྟ་བུའི་ཚད་མེད་པ་བཞི་བསྒོམ་པ་རང་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་གཉིས་ཏེ། ཚད་མེད་པ་བཞི་བསྒོམ་པའི་དགོས་པ་དངོས་དང༌། དང་པོ་ཁོ་ནར་བསྒོམ་པའི་དགོས་པའོ། །དེའི་དང་པོ་ལ་ཡང་གཉིས་ཏེ། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིང་བའི་རྒྱུར་འགྱུར་བར་བྱ་བ་དང༌། གཟུགས་ཁམས་ཀྱི་བསམ་གཏན་དང་པོའི་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་ཉེ་བའི་རྒྱུར་འགྱུར་བ་ཡིན་ཏེ། དེ་ཡང་གཟུགས་ཁམས་ཀྱི་ལྷ་ཚངས་པ་དེ་སེམས་ཅན་ཐམས་ཅད་ཁོས་བསྐྱེད་པར་ཁོ་རང་རློམ་པས། སེམས་ཅན་ཐམས་ཅད་སྡུག་བསྔལ་ན་ཁོ་མི་དགའ། བདེ་ན་ཁོ་དགའ་བ་བཞིན་དུ། རྣལ་འབྱོར་པས་ཀྱང་ཚད་མེད་པ་བཞི་བསྒོམ་པས། ལྷ་ཚངས་པ་ཐོབ་པའི་ཉེ་བའི་རྒྱུར་གྱུར་པ་ཡིན་གསུང་ངོ༌། །གཉིས་པ་ཚད་མེད་པ་བཞི་པོ་ནི། མངོན་པར་རྟོགས་པ་འདིའི་དང་པོ་ཁོ་ནར་བསྒོམ་པའི་དགོས་པ་ནི། འོག་ནས་འབྱུང་བའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལྷའི་ང་རྒྱལ་དུ་བསྒོམས་ནས་སྤྱོད་ལམ་གྱི་རྣལ་འབྱོར་གྱི་བར་གྱིས། བསོག་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་གཞན་དོན་ཁོ་ནར་འགྱུར་བར་བྱ་བའི་ཕྱིར་ཡིན་ཏེ། དཔེར་ན་མ་ན་པའི་བུས་སྨན་དང་སྨན་པ་ལ་སོགས་པ་ཚོལ་བ་ན། དང་པོ་མའི་དོན་དུ་དམིགས་པའི་བསམ་པ་དེས་འཕངས་པས་ཕྱིས་ངལ་དུབ་དང་ཟས་ཟ་བ་ལ་སོགས་པའི་ཚེ། མ་ལ་ཕན་པར་འདོད་པའི་བསམ་པ་མེད་ཀྱང་དང་པོའི་འཕེན་པས་འགྲོ་བ་ལ་སོགས་པ་ཐམས་ཅད་མའི་དོན་དུ་བྱས་པར་འགྲོ་བ་བཞིན་ནོ། །དེ་ལྟར་ཚངས་པའི་གནས་བཞི་བསྒོམ་པ་འཐད་པ་དང་བཅས་པ་བསྟན་ནས། ད་ནི་ཚོགས་བསོག་པའི་རྟེན་ཁྱད་པར་ཅན་བསྒྲུབ་པའི་ཕྱིར། ཕུང་པོ་དང་སྐྱེ་མཆེད་ལྷའི་ང་རྒྱལ་དུ་བསྒོམ་པ་བསྟན་པའི་ཕྱིར། དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ལ་གདམས་པའི་ལུགས་གཉིས་ལས། དང་པོ་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་དགོངས་པ་ནི། གཞི་སྦྱོང་བ་དང༌། བསྒྱུར་བ་གཉིས་ཀྱིས་ཕུང་པོ་ལ་སོགས་པ་བཅུ་བདུན་པོ་དེ་ལྷའི་རྣམ་པར་མི་བསྒོམ་པར་ལྷར་ང་རྒྱལ་བྱེད་པ་ཙམ་ཡིན་ལ། གཉིས་པ་ངེས་པར་བརྗོད་པ་རྒྱུད་བླ་མའི་དེ་དགོངས་པ། སློབ་དཔོན་ཀཾ་པ་ལས་བཀང་པ་ནི། ལྷའི་རྣམ་པ་རང་དུ་བསྒོམ་པ་ཡིན་ཏེ། དེ་གཉིས་ཀྱི་མངོན་པར་རྟོགས་པ་ནི་འདི་ཉིད་ཀྱི་མངོན་རྟོགས་སུ་ཤེས་པར་བྱའོ། །དེ་ཡང་ཁྱད་པར་དུ་ཕུང་པོའི་དག་པ་ལ་ཐ་མལ་པའི་ཕུང་པོ་ལྔ་སངས་རྒྱས་ལྔར་བྱས་པས་ཕུང་པོར་འཛིན་པ་ལས། དབུགས་འབྱིན་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཡིན་ལ། དེ་བཞིན་གཤེགས་པ་ལྔ་རང་དུ་ཡང་ཞེན་ན་ཡང་རྟོག་པ་ཡིན་ལ། དེ་སྦྱོང་བའི་དོན་དུ་དེའི་ཆོས་ཉིད་སྟོང་པ་ཉིད་རྡོ་རྗེ་འཆང་དུ་ང་རྒྱལ་བྱ་བ་ནི། རྡོ་རྗེ་འཆང་གི་དབུགས་དབྱུང་ཡིན་ནོ། །སྐྱེ་མཆེད་ཀྱི་དག་པ་བསྒོམ་པ་ལ། བྱང་ཆུབ་སེམས་དཔའ་གཏི་མུག་རྡོ་རྗེ་ལ་ཚངས་པའི་མགོ་བོ་དང་པགས་པ་དང༌། ཚངས་པ་ཕོ་མོ་ཁོ་ན་གདན་དུ་འོངས་པའི་རྒྱུ་མཚན་ནི། ཆོས་མཐུན་པ་ཡོད་པ་ཡིན་ཏེ། དེ་ཡང་ཚངས་པས་འབྱུང་བ་བཞི་གར་འགགས་བལྟས་པས། འབྱུང་བ་བཞི་གཟུགས་མེད་པ་བཞིར་འགག་པ་ཡིན་པ་ལ་ཁོས་གར་འགགས་མ་ཤེས་པས། ཚངས་པ་ལ་གཏི་མུག་ཅན་དུ་གྲགས་པ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་རྡོ་རྗེ་ལ་ཁྱབ་འཇུག་གི་མགོ་བོ་ལ་སོགས་པ་འོང་བ་ནི་ཆོས་མཐུན་པ་སྟེ། དེ་ཡང་ཁྱབ་འཇུག་ནི་ཐམས་ཅད་ལ་འཐབ་ཅིང་ཞེ་སྡང་ཆེ་བས་སོ། །སེར་སྣ་རྡོ་རྗེ་ལ་དབང་ཕྱུག་ཆེན་པོའི་མགོ་བོ་ལ་སོགས་པ་འོང་བ་ནི། དབང་ཕྱུག་ཆེན་པོ་བཙུན་མོ་མང་ཡང་གཞན་གྱིས་ཁྱེར་དུ་མི་བཏུབ་སྟེ། བཙུན་མོ་ལ་སེར་སྣ་བྱེད་པ་ལ་ལྷ་མ་ཡིན་གྱིས། ལྷ་མོ་ཨུ་མ་བརྐུས་པ་དང༌། མ་ཧཱ་དེ་བས་ཁྱབ་འཇུག་བཀུག་ནས་ཁྱོད་ཀྱིས་ཨུ་མ་ཁུག་ལ་ཤོག་བྱས་པས། ཁྱབ་འཇུག་ན་རེ། མདེའུ་ཆེན་པོ་གཅིག་དགོས་ཟེར་ནས་མ་ཧཱ་དེ་བས་མདེའུ་ཆེན་པོ་ཅིག་བྱས་ནས་བྱིན་པ་དང༌། དེ་ལས་གྲི་གུག་གཅིག་བྱས་ནས་དེས་ས་འོག་རིམ་པ་བདུན་ཕུག་སྟེ། ཨུ་མ་བླངས་ནས་མ་ཧཱ་དེ་བ་ལ་ཕུལ་ལོ། །ཞེས་གྲགས་སོ། །འདོད་ཆགས་རྡོ་རྗེ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་མགོ་བོ་ལ་སོགས་པ་འོང་བ་ནི། གཞན་འཕྲུལ་གྱི་ལྷ་ལ་འདོད་ཆགས་ཅན་དུ་གྲགས་ཏེ། དེ་ཡང་གཞན་གྱིས་སྤྲུལ་པའི་ལྷ་མོ་དང་ལོངས་སྤྱོད་ཐམས་ཅད་ལ་རང་གིས་སྤྱོད་པ་ལས། ཁོ་རང་གི་འཁོར་གྱི་བཙུན་མོ་ལ་ཤིན་ཏུ་ཆགས་ཤིང་ཞེན་ནས་སྐད་ཅིག་ཀྱང་བཙུན་མོ་དང་འབྲལ་བར་མི་ནུས་པ་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། ཁོ་འདུལ་བའི་ཕྱིར། གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བྱོན་ནས་ཁོ་ལ་མ་ཆགས་པའི་ཆོས་བཤད་དེ། བཙུན་མོའི་འཁོར་ལ་ཆགས་པ་སྤོངས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བགྱིས་ཤིག་ཅེས་གསུངས་པས་ཁོ་དེ་ལས་བཟློག་དུ་མ་འདོད་པ་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་འཕྲུལ་དབང་བྱེད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཅུ་དྲུག་གི་འཁོར་གྱིས་བསྐོར་བ་སྤྲུལ་པ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མོ་རྣམས། དཔེར་ན་གསེར་གྱི་མཆོད་སྡོང་གི་རྩར་སོལ་བའི་སྡོང་པོའམ། ལྕགས་ཀྱི་སྡོང་པོ་བཞག་པ་ལྟར་ནག་པ་སྡུག་བསྔལ་བསྐྱེད་པའི་ཡུལ་དུ་གྱུར། བཅོམ་ལྡན་འདས་ཀྱི་འཁོར་གྱི་ལྷ་མོ་རྣམས་གསེར་གྱི་མཆོད་སྡོང་ངམ། ལྷ་མོ་ལྟར་འདོད་པ་བསྐྱེད་པའི་ཡུལ་དུ་གྱུར་ནས། ཁོ་ན་རེ། བཅོམ་ལྡན་འདས་ཀྱི་འཁོར་ཕུན་སུམ་ཚོགས་པ་འདི་བདག་གིས་ཇི་ལྟར་ཐོབ་པར་འགྱུར་ཟེར་བ་ལ། དེ་ནས་གདོད་བཅོམ་ལྡན་འདས་ཀྱིས་ཁོ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ཏེ་ས་བརྒྱད་པ་ལ་བཀོད་དོ། །ཕྲག་དོག་རྡོ་རྗེ་ལ་བི་ནཱ་ཡ་ཀའི་མགོ་བོ་ལ་སོགས་པ་འོང་བ་ནི། བི་ནཱ་ཡ་ཀ་ལ་ཕྲག་དོག་ཅན་དུ་གྲགས་ཏེ། ཁོའི་ལོག་པར་རྟོག་པ་ལ་འདོད་ཁམས་ཐམས་ཅད་གཞན་འཕྲུལ་དབང་བྱེད་ཀྱི་འཁོར་ཡིན་ལ། ཁོ་རང་ཡང་དེའི་འཁོར་ཡིན་པས། གཞན་དཀར་པོའི་ཕྱོགས་ལ་འཇུག་པ་ཐམས་ཅད་ལ་ཁོའི་གོང་དུ་ཤོར་གྱིས་དོགས་ནས། ཕྲག་དོག་བྱེད་ཅིང་བར་ཆད་བྱེད་དོ། །དབང་ཕྱུག་རྡོ་རྗེ་ལ་བརྒྱ་བྱིན་གྱི་མགོ་བོ་ལ་སོགས་པ་འོང་བའི་རྒྱུ་མཚན་ཆོས་མཐུན་པ་སྟེ། བརྒྱ་བྱིན་ནི་བཙུན་མོ་ཐམས་ཅད་ལ་ལོངས་སྤྱོད་པ་ཡིན་ནོ་སྙམ་དུ་ང་རྒྱལ་བྱེད་པས། ཁོས་ནུབ་བྱང་གི་རིག་པ་འཛིན་པའི་ཆུང་མ་འཕྲོགས་སོ། །དེ་ནས་རིག་པ་འཛིན་པས་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་ལྷའི་ཆུང་མ་ཁྱེར་བས་བཅོམ་ལྡན་འདས་ཀྱིས་ཁོ་ལ་གྲོས་ཐོབ་ཅིག་ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལ་གྲོས་བཏབ་པས་ཁོ་མ་ཉན་ནས་བཅོམ་ལྡན་འདས་ཀྱིས་ཁོའི་ལུས་ལ་མོའི་མཚན་མ་སྟོང་སྤྲུལ་པ་དང༌། ཁོ་ངོ་ཚ་ནས་ཁོ་རང་གི་ཁོང་པ་ནས་ཕྱིར་འབྱུང་མ་ནུས་ནས། བཅོམ་ལྡན་འདས་ལ་ངའི་ལུས་ཀྱི་མཚན་མ་འདི་རྣམས་མེད་པ་ཅིག་ཞུ། ངས་རིག་པ་འཛིན་པའི་ཆུང་མ་གཏང་ངོ་ཞེས་ཞུ་བ་ཕུལ་བས། བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་གསུངས་པས། བརྒྱ་བྱིན་གྱིས་རིག་པ་འཛིན་པའི་ཆུང་མ་བཏང་བ་དང༌། བཅོམ་ལྡན་འདས་ཀྱིས་རྗེས་སུ་གཟུང་བ་མཛད་དེ་མཚན་མ་སྟོང་པོ་དེ་མིག་སྟོང་དུ་བསྒྱུར་རོ། །དེ་དག་གི་ཡི་གེའི་དོན་དཀའ་བ་བཤད་པ་ནི། དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། ཞེས་པ་ལ། དེ་ནས་ཏེ་ཚད་མེད་པ་བཞི་བསྒོམས་པའི་རྗེས་ལའོ། །ཕུང་པོ་ལྔའི་ཟེར་ཡང་ཕུང་པོ་ལྔ་ལ་སོགས་པའི་ཞེས་བྱ་སྟེ། དེ་ཡང་མ་དག་པའི་ཕུང་པོ་ལྔ་དེའི་ཆོས་ཉིད་དང་དྲུག སྐྱེ་མཆེད་དྲུག ཁམས་ལྔ་སྟེ་བཅུ་བདུན་ནོ། །དེའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ནི། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལྟར་ན། མ་དག་པའི་ཕུང་པོ་ལ་སོགས་པ་བཅུ་བདུན་པོ་དེ་ལྷ་བཅུ་བདུན་དུ་ང་རྒྱལ་བྱེད་པ་ཙམ་ཡིན་ལ་ངེས་པར་བརྗོད་པ་རྒྱུད་བླ་མ་ལྟར་ན། རང་རང་གི་གནས་སུ་ལྷའི་རྣམ་པ་རང་དུ་བསྒོམ་པ་སྟེ་དེ་ནི་མདོར་བསྟན་པའོ། །དེ་ཉིད་རྒྱལ་པར་བཤད་པ་ནི། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཀུན་ཏུ་སྤྱོད་པའི་རྒྱུད་ལྟར་ན། གཞི་མ་སྦྱངས་ཤིང་མ་བསྒྱུར་བའི་དུས་ཀྱི་ཐ་མལ་པའི་གཟུགས་ཀྱི་ཕུང་པོ་དེ་ཉིད་ནི། གཞི་སྦྱང་ཞིང་བསྒྱུར་བའི་ཚེ་ཐ་མལ་པའི་གཟུགས་ཀྱི་ཕུང་པོ་མ་ཡིན་ཏེ། དེ་ཉིད་རྣམ་པར་སྣང་མཛད་ཡིན་སྙམ་དུ་ང་རྒྱལ་བྱའོ། །ངེས་པར་བརྗོད་པའི་རྒྱུད་བླ་མ་ལྟར་ན། གཟུགས་ཀྱི་ཕུང་པོ་ནི་སྦྱང་གཞི་ཐ་མལ་པའི་གཟུགས་ཀྱི་ཕུང་པོ་ཡིན་ལ། དེ་སྦྱོང་བྱེད་ཀྱི་གཉེན་པོ་ནི། རྣམ་པར་སྣང་མཛད་དོ། །ཞེས་པ་རང་གི་སྤྱི་བོར་ཟླ་བའི་སྟེང་དུ་རྣམ་པར་སྣང་མཛད་བསྒོམ། དེ་བཞིན་དུ་འོག་མ་ཀུན་ལ་ཤེས་པར་བྱའོ། །སྐྱེ་མཆེད་ཀུན་གྱི་དག་པ་ནི་ཐབས་ཀྱི་རྒྱུད་གསང་བ་འདུས་པ་ལ་སོགས་པར་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔར་གྲགས་ལ། ཤེས་རབ་ཀྱི་རྒྱུད་དུ་ནི་གཏི་མུག་རྡོ་རྗེ་ལ་སོགས་པའི་མིང་གིས་བཏགས་པ་སྟེ། དོན་ནི་གཅིག་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ལ་རྡོ་རྗེའི་མིང་གིས་བཏགས་པ་ནི་ཐ་མལ་པའི་གཏི་མུག་ལ་སོགས་པས་ཚུར་ལ་མི་ཆོམས་ཤིང༌། ཕར་ལ་ཐ་མལ་པའི་གཏི་མུག་ལ་སོགས་པ་འཇོམས་པས་ཕྱི་རོལ་གྱི་རྡོ་རྗེ་དང་འདྲ་བས་ན་ཐམས་ཅད་ལ་རྡོ་རྗེའི་མིང་གིས་བཏགས་པ་ཡིན་ནོ། །ལྟུང་བར་བྱེད་པ་མ་ལ་སོགས་པ་བཞི་ནི་གསང་བ་འདུས་པ་ལ་སོགས་པར་སངས་རྒྱས་སྤྱན་མ་ལ་སོགས་པ་བཞི་ཡིན་ལ། འདིར་ནི་ཕྲིན་ལས་བཞིའི་ངོས་ནས་མིང་བཏགས་པས་ལྟུང་བར་བྱེད་པ་མ་ལ་སོགས་པ་ཡིན་ཞིང༌། དོན་ནི་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་ཉིད་ཡིན་ལ། པདྨའི་དྲ་བ་ཅན་ནི་འདིར་རྡོ་རྗེ་ཕག་མོ་ཡིན་ནོ། །དེ་དག་ནི་ཞེས་པ་ལ་སོགས་པ་ནི་སྔ་མའི་གཞུང་བསྡུ་བ་ཡིན་ཏེ། དེའང་ཀུན་སྤྱོད་ལྟར་ན། དེ་དག་ནི་དག་བྱ་ཕུང་པོ་ལྔ་དེའི་ཆོས་ཉིད་དང་དྲུག ཁམས་ལྔ་སྐྱེ་མཆེད་དྲུག་པོ་རྣམས་དག་བྱེད་ལྷ་བཅུ་བདུན་པོར་ང་རྒྱལ་བྱས་པའི་སྒོ་ནས་རྣམ་པར་དག་པའོ། །ངེས་པར་བརྗོད་པའི་རྒྱུད་ལྟར་ན། དེ་དག་ནི་སྦྱང་གཞི་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་མ་དག་པ་བཅུ་བདུན་པོ་དེ་རྣམས་སྦྱོང་བྱེད་ཀྱི་གཉེན་པོ་ལྷ་བཅུ་བདུན་པོ་དེ་དག་རང་རང་གི་གནས་སུ་བསྒོམས་པས་རྣམ་པར་དག་པར་བྱེད་དོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷའི་རྣམ་པར་དག་པ་བསྒོམ་པའི་དགོས་པ་ནི་གསུམ་སྟེ། བདག་ཉིད་ཚོགས་བསག་པའི་རྟེན་ཁྱད་པར་ཅན་དུ་བསྒྲུབ་པ་དང༌། ཐ་མལ་པའི་རྟོག་པ་སྦྱང་བ་དང༌། ལྷ་ཉེ་བར་བསྙེན་དུ་རུང་བར་བསྒྱུར་བའོ། །དང་པོ་ནི་སྒྲུབ་པ་པོ་རང་ཉིད་ཀྱི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་སྨྱིག་མ་མཁན་པོ་ལ་སོགས་པའི་རིགས་ངན་ཕྱུག་པོར་སོང་བ་དེས། བྲམ་ཟེ་དང་དགེ་སློང་ལ་སོགས་པའི་རིགས་བཞི་ལ། དགའ་སྟོན་ལ་སོགས་པ་བྱེད་པ་ལ་མི་དབང་བ་ཡིན་པ་ལ། ཁོ་གལ་ཏེ་དེ་དག་ལ་དགའ་སྟོན་བྱེད་པར་འདོད་ན། བྲམ་ཟེ་ལ་གསེར་རྔན་པ་བྱིན་ནས། བྲམ་ཟེས་ཤིང་གི་ཁང་པ་ཆེན་པོ་བྱས་ཏེ། དེའི་མདུན་དུ་ས་ཕག་ལས་བྱས་པའི་བ་ལང་གི་གཟུགས་ཆེན་པོ་ཅིག་བྱས་ནས། དེའི་ལྟོ་བར་བའི་རྣམ་ལྔའི་རྫིང་བྱས་ཏེ། རིགས་ངན་རྣམས་རྒན་རིམ་གྱིས་དེའི་ཁ་ནས་ཞུགས་ཁོག་པར་ཁྲུས་བྱས་ནས། དེའི་མཚན་མའི་བུ་ག་ནས་མར་སྐྱེ་བའི་ཚུལ་དུ་ཡང་ནས་ཡང་དུ་བྱས་ལ། དེ་ནས་བྲམ་ཟེས་རིགས་ངན་རྣམས་རྒན་རིམ་གྱིས་བུམ་པའི་ཆུས་བཀྲུས་ནས་རས་དཀར་པོ་གསར་པ་བསྐོན། སྔར་གྱི་ཁོང་རང་གི་ཁང་པ་བཤིག་སྟེ། ཤིང་ཁང་གསར་པ་བྱས་ནས་དེའི་ནང་དུ་ཟས་མང་པོ་སྦྱར་ནས། དགའ་སྟོན་དང་དགེ་འདུན་གྱི་སྟོན་མོ་ཟླ་བ་དྲུག་ལ་སོགས་པ་བྱར་རུང་བ་དང་འདྲ་སྟེ། སྔར་རང་གི་ཕུང་པོ་ལ་སོགས་པ་ཐ་མལ་པར་ཡོད་པ་དེ་ལས་ཕྱིས་ཕུང་པོ་ལ་སོགས་པ་ལྷའི་ང་རྒྱལ་དུ་བྱས་པས། རང་གི་རྒྱུད་དག་སྟེ། ཚོགས་བསག་ཏུ་རུང་བར་བྱས་པར་གྱུར་པའོ། །ཡང་དཔེ་གཉིས་པ་རྒྱལ་པོའི་ཕྱག་ཚང་པ་ལག་པ་བཀྲུས་པས་ཕྱག་ཚང་བྱར་བཏུབ་པ་དང་འདྲའོ། །ཡང་དགོས་པ་གཉིས་པ་ཐ་མལ་པའི་རྣམ་རྟོག་སྦྱང་བ་ནི་སྤང་བྱའི་དབང་དུ་བྱས་པ་སྟེ། དཔེར་ན་སྣང་བ་དང་མུན་པ་ལ་སོགས་པ་ལྟར་ཐ་མལ་པར་འཛིན་པའི་སེམས་དང་ལྷར་བསྒོམ་པ་གཉིས་འགལ་བའི་ཕྱིར་རོ། །དགོས་པ་གསུམ་པ་ལྟར་ཉེ་བར་བསྙེན་དུ་རུང་བ་ནི་དཀྱིལ་འཁོར་གྱི་ལྷའི་དབང་དུ་བྱས་པ་སྟེ། དེ་ཡང་ཐ་མལ་པའི་ལུས་མི་གཙང་བས་གང་བ་ལ། ལྷས་བྱིན་གྱིས་མི་རློབ་ལ། ལྷའི་ང་རྒྱལ་དང་ལྡན་པ་ལ་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ་བར་རྡོ་རྗེ་གདན་བཞི་ལས་གསུངས་ཏེ། དེའི་དཔེ་ནི་དབྱར་ལ་སོགས་པའི་ཆུ་རྙོག་མ་ཅན་ལ་གཟུགས་བརྙན་མི་འཆར་ལ། སྟོན་ལ་སོགས་ཆུ་དྭངས་པ་ལ་གཟུགས་བརྙན་འཆར་བ་དང༌། ཡང་དཔེ་གཉིས་པ་རིགས་ཅན་གྱི་ཁྱིམ་བྲམ་ཟེས་ཀུ་ཤའི་མེས་བསྲེགས་ཏེ་ཕྱགས་པའི་ནང་དུ་རྒྱལ་པོ་ལ་སོགས་པ་གཤེགས་པ་དང༌། ཟས་ཟ་རུང་བ་དང་འདྲའོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷའི་ང་རྒྱལ་དུ་བསྒོམས་པས་བདག་ཉིད་ཚོགས་རྫོགས་པའི་རྟེན་ཁྱད་པར་ཅན་དུ་བསྒྲུབས་ནས། ད་ནི་ཚོགས་བསགས་པ་དངོས་དང་འབྲེལ་བར་བསྟན་པའི་ཕྱིར། དེ་ནས་རང་གི་སྙིང་གར། ཞེས་པ་ལ་སོགས་པ་དང་འབྲེལ་ཏེ། དེ་ཡང་ས་མནྟ་ཞེས་དོན་མ་འཁྲུགས་ཀྱང་སྒྲ་འཁྲུགས་པ་བླ་མའི་གདམས་ངག་འཁྲུགས་བསྡེབས་ཏེ་བཤད་པར་བྱའོ། །དེ་ཡང་དེ་ནས་ཞེས་པ་འདི་གཞུང་བཤད་པའི་གོ་རིམ་ལ་ཕུར་བུ་བརྡུང་བའི་སྔགས་སོ། །ཞེས་པའི་རྗེས་ལ་ཡིན་ཡང་དོན་ཉམས་སུ་ལེན་པ་ལ་བདག་ཉིད་ཚོགས་བསག་པའི་རྟེན་ཁྱད་པར་ཅན་དུ་བསྒྲུབས་པའི་རྗེས་ལའོ། །རང་གི་སྙིང་ག་ནི་རང་གི་ལུས་ལྷར་བྱིན་གྱིས་བརླབ་པ་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་ཡབ་ཡུམ་དུ་ང་རྒྱལ་བྱས་པའི་སྙིང་སྒོ་ང་སྟོང་པ་ལྟ་བུར་བསམས་པའི་ནང་དུ་སེམས་ཀྱི་རྟེན་གྱི་སྙིང་ག་བྱིན་གྱིས་བརླབས་པས། སེམས་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་ནི། ཨ་ལས་ཟླ་བའི་དཀྱིལ་འཁོར་ཏེ། སྙིང་གི་ནང་དུ་ཡི་གེ་ཨ་དཀར་པོ་ནི་དངོས་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚོན་པ་ཡིན་ལ། དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ནི་རྗེས་དག་པ་འཇིག་རྟེན་པའི་ཡེ་ཤེས་མཚོན་པའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་བསམ་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་རྒྱུན་མཚོན་པ་སྟེ། ཁ་དོག་སྣ་ཚོགས་པ་ནི་ཧཱུྃ་སྔོ་སྐྱ་ལས་ཡེ་ཤེས་ལྔའམ་སངས་རྒྱས་ལྔའི་རང་བཞིན་གྱི་འོད་ཟེར་འཕྲོ་བའོ། །དེ་ལྟ་བུའི་ལུས་ལྷར་བྱིན་གྱིས་བརླབ་པ་དང༌། སེམས་ཡེ་ཤེས་སུ་བྱིན་གྱིས་བརླབ་པའི་གཞུང་འདིས། འདིར་བསྟན་ཀྱང་དོན་ཉམས་སུ་ལེན་པ་ནི། ཚད་མེད་བཞི་བསྒོམ་པའི་གོང་དུ་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་ལུས་དང་སེམས་བྱིན་གྱིས་བརླབས་ནས། བསོད་ནམས་ཀྱི་ཚོགས་བསག་པ་དངོས་ལ་འཇུག་པར་བྱ་སྟེ། དེ་ཡང་ཚོགས་བསོག་པའི་ཞིང་བླ་ན་མེད་པ་སྤྱན་འདྲེན་པ་དང༌། སྔགས་དང་ཕྱག་རྒྱས་སྤྲུལ་པ་ལ་སོགས་པ་ལུགས་དུ་མ་ཡོད་ཀྱང་འདིར་ནི་ཡེ་ནས་ཡོད་པ་གསལ་འདེབས་པའི་ལུགས་ཡིན་པས། སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ་དེའི་སྣང་བ་ལས་མདུན་དུ་སྟེ། མདུན་གྱི་ནམ་མཁའ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཙོ་བོ་ཡབ་ཡུམ་གྱིས་མཚོན་པའི་ལྷ་སུམ་ཅུ་རྩ་བདུན་འོག་གི་ཆ་ལ་བསམ། དེའི་སྟེང་གི་ཆ་ལ་རིན་པོ་ཆེའི་ཁྲི་ཆེན་པོའི་སྟེང་དུ། བླ་མ་ནི་རང་གི་རྩ་བའི་བླ་མ་ཡིན་ཏེ། དེ་ཡང་གཞན་དུ་རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན་པས་མི་བསྐྱོད་པ་བསྒོམ་པར་བཤད་ཀྱང༌། འདིར་བདག་ལ་གདམས་ངག་གསུངས་པའི་རང་བཞིན་ཡིན་པས་རྡོ་རྗེ་ཆོས་སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས་པ་སྐུའི་རྣམ་པར་བསམ། སོགས་པས་བལྟས་ལ་ཞེས་པ་ནི། བླ་མ་བརྒྱུད་པ་མཐའ་དག་གསལ་བར་བལྟས་ལ། དེ་ལ་ཚོགས་བསག་པ་དངོས་ནི། ཕྱག་བྱས་ལ་མཆོད་པ་བྱའོ། །ཞེས་པས་ཕྱག་དང་མཆོད་པ་གཉིས་བསྟན། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །ཟེར་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ་ཞེས་བྱ་བར་དོན་གྱིས་ཤེས་པར་བྱ་སྟེ། མཆོད་པའི་རྗེས་ལ་སྡིག་པ་བཤགས་པར་བྱ། དེའི་རྗེས་ལ་སྐྱབས་སུ་འགྲོ་བ་དང༌། དམ་ཚིག་དང་སྡོམ་པ་ཁས་བླང་བ་དང༌། རྗེས་སུ་ཡི་རང་བ་དང༌། སེམས་བསྐྱེད་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། ལམ་ལ་གནས་པ་དང༌། དགེ་བའི་རྩ་བ་བསྔོ་བ་དང༌། རྗེས་སུ་གནང་བ་བསྒྲུབ་པ་དང༌། ཚོགས་བསགས་པའི་ཞིང་གཤེགས་སུ་གསོལ་བ་དང་བཅུ་གསུམ་པོ་བྱའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ་བསྟན་ནས། ད་ནི་དོན་ཆེན་པོ་བསྒོམ་པ་སྟོང་པ་ཉིད་ལ་འཇུག་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་ནི། དོན་འབྲེལ་པའི་དབང་དུ་བྱས་ནས། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་ནི། མངོན་པར་རྟོགས་པའི་ཡི་གེར་ཤེས་པར་བྱས་ལ། གཞུང་ནི་འཁྲུགས་སུ་ཤེས་པར་བྱ་སྟེ། དེ་ནས་སུམྦྷ་ནི་ལ་སོགས་པའི་སྔགས་བརྗོད་དེ་བགེགས་ཐམས་ཅད་བསྐྲད་ལ། དེ་ནས་ས་གཞི་བགེགས་དང་བྲལ་བ་དེར་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ས་གཞི་ལ་ནི་ཡི་གེ་ཧཱུྃ་ལས། ཞེས་པ་ལ་སོགས་པས་འོག་ཏུ་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པ་བསྟན། དེའི་འོད་ཀྱིས་སྣང་བ་ལས་རྡོ་རྗེའི་རྭ་བ་དང༌། ཞེས་པས་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་རྭ་བ་དང་དྲྭ་བ་བསྒོམ་པ་བསྟན། དེ་ནས་འོག་གི་རྡོ་རྗེ་རྭ་བ་བསམ་པར་བྱ་སྟེ། ཞེས་པ་ནི་དྲྭ་བ་འདི་སཾ་སྐྲྀ་ཏའི་སྐད་ལ་པཉྩ་ར་བྱ་བར་ཡོད་པ་དེ་དྲྭ་བར་ཡང་འགྲོ། གུར་ལ་ཡང་འགྲོ། གཟེར་ལ་ཡང་འགྲོ། གཟེབ་ལ་ཡང་འགྲོ་བ་ལས་འདིར་དོན་གྱིས་རྡོ་རྗེའི་གུར་བསམ་པར་བྱ་སྟེ། བྱ་བ་ཡིན་པས་སྟེང་དུ་རྡོ་རྗེའི་གུར་བསྒོམ་པའོ། །དེ་ནས་རྡོ་རྗེའི་བླ་རེ་སྟེ། ཞེས་པས་གུར་གྱི་འོག་བླ་རེ་བསྒོམ་པ་བསྟན། དེ་ནས་སྟེང་དུ་ནི་མདའི་དྲྭ་བ་བསྟན། ཞེས་པ་རྡོ་རྗེ་རྭ་བའི་ཕྱི་རོལ་དུ་མདའི་དྲྭ་བ་བསྒོམ་པ་བསྟན། དེའི་ཕྱི་རོལ་དུ་མེའི་རྭ་བ་བསྒོམ་པ་ནི། འདིར་དངོས་སུ་མ་བསྟན་ཀྱང་དོན་གྱི་ཤུགས་ལས་ཤེས་པར་བྱ་སྟེ། ངེས་པར་བརྗོད་པའི་རྒྱུད་བླ་མར་བཤད་དོ། །སྲུང་བའི་འཁོར་ལོའི་སྔགས་འདི་ན་མེད་ཀྱང་རྒྱུད་བླ་མ་ནས་བཤད་དེ་སྔགས་རྣམས་གསུམ་གསུམ་བརྗོད་ཅིང་སེ་གོལ་ལན་གསུམ་གསུམ་གདབ། སེམས་བརྟན་པའི་རྣལ་འབྱོར་པ་ནི་སྔགས་བརྗོད་མི་དགོས་གསུང་ངོ༌། །དེ་ལྟར་སྲུང་བའི་འཁོར་ལོས་བར་ཆད་མེད་པར་བྱས་ནས། ད་ནི་བསྲུང་བའི་རྣམ་པ་དེ་ཉིད་སེམས་སུ་རྟོགས་པར་བྱ་བའམ་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམ་པ་ལ་འཇུག་པར་བྱ་བ་དངོས་དང་འབྲེལ་པར་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་ཨོཾ་བཀྲ་ཤིས་པའམ། མཆོད་པ་དང་མཆོད་པ་པོ་དང་མཆོད་པ་ལ་སོགས་པ་ཐམས་ཅད་རང་གི་སེམས་ཙམ་ཡིན་ཞེས་པའི་དོན་ཡིན་ལ། སྭ་བྷཱ་ཝ་ནི་རང་བཞིན། ཤུདྡྷ་ནི་དག་པ་སྟེ་གང་དག་ཞེ་ན། སརྦ་དྷརྨཱཿནི་ཆོས་ཐམས་ཅད་དེ། དེ་ཡང་ཕྱི་གཟུང་བའི་ཡུལ་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་ཅིང་སྟོང་ཞེས་པའོ། །ཡང་སྭ་བྷཱ་ཝ་ནི་རང་བཞིན། ཤུདྡྷ་ནི་དག་པ་སྟེ། ནང་འཛིན་པའི་ཤེས་པ་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་དག་ཅིང་སྟོང་ཞེས་པའི་དོན་ཏོ། །ཧྃ་ཞེས་པ་ནི། སྒྲ་པ་ལ་ཨ་དང་ཨུའི་བར་དུ་ཨོཾ་འབྱུང་ལ། དེའི་ཨ་སྟོན་པས་ཨ་ཧྃ་ཞེས་པ་སྟེ་དེ་ཡང་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་པ་ང་ཡིན་ཞེས་པའི་དོན་ཏེ། དེ་ཡང་སྔགས་དང་པོས་ནི་སྔར་གྱི་བགེགས་བསྐྲད་པ་ལ་སོགས་པ་གཟུང་འཛིན་གྱི་རྣམ་པ་དུ་མ་དང་བྲལ་བ་སྟེ། སྲུང་བའི་འཁོར་ལོ་རང་ཡང་རང་གི་སེམས་རིག་པ་ཙམ་གྱི་ངོ་བོ་ཡིན་སྙམ་དུ་བསྒོམ་པ་བསྟན་ལ། དེ་ཡང་སྔགས་དང་པོ་བརྗོད་ནས་དེའི་དོན་ཕྱི་ནས་བསྒོམ་པའམ། ཡང་ན་སྔགས་ཀྱི་དོན་བསྒོམས་ནས་སྔགས་ཕྱི་ནས་བརྗོད་པས་བརྟན་པར་བྱའོ། །དེའི་རྗེས་ལ་སྔོན་ལ་འོག་གི བྱང་ཆུབ་ཀྱི་ཚོགས་བསྒོམས་པས་རང་གི་སེམས་ཉིད་ཙམ་ལ་གནས་ཤིང༌། ཞེས་པས་འབྲེལ་ཏེ། འདིས་ནི་སྔར་གྱི་འཁྲུགས་སློང་བ་ཡིན་གསུང་ངོ༌། །དེ་ཡང་བྱང་ཆུབ་ཀྱི་ཚོགས་ནི་སྔར་གྱི་ཚད་མེད་པ་བཞི་དང༌། ཕུང་པོ་ལ་སོགས་པའི་དག་པ་དང༌། ཚོགས་བསགས་བཅུ་གསུམ་དང༌། སྲུང་བའི་འཁོར་ལོ་རྣམས་བསྒོམས་པས། རང་གི་སེམས་ཙམ་ཉིད་ལ་གནས་ཤིང་ཞེས་པ་ནི། དེ་ཐམས་ཅད་ཀྱི་ཕྱི་རོལ་ན་རྫས་སུ་གྲུབ་པ་མེད་དེ། རང་གི་སེམས་ཀྱི་སྣང་བ་ཡིན་པར་ཤེས་པ་ཉིད་ལ་གནས་ཤིང་ངོ༌། །འོ་ན་སེམས་ཙམ་པོ་དེ་ཡང་དག་པར་ཡོད་དམ་ཞེ་ན། སེམས་དེ་རང་ཡང༌། ཡང་དག་པར་མ་གྲུབ་སྟེ། རྒྱུ་རྐྱེན་ལས་བྱུང་བས་ན། སྒྱུ་མའམ་མིག་ཡོར་ཙམ་དུ་མོས་པ་བྱས་ལ། ཡང་སྟོང་པ་ཉིད་བསམ་པར་བྱ་སྟེ། ཞེས་པ་སྨོས་ཏེ། ཡང་ནི་གཟུང་འཛིན་གྱིས་སྟོང་པར་བསྒོམ་པ་ལ་ལྟོས་ནས་སོ། །སྟོང་པ་ཉིད་བསམ་པར་བྱ་བ་ནི། སྔར་གྱི་སྒྱུ་མའམ། མིག་ཡོར་ཙམ་དེ་ཡང་བརྟགས་ན་མ་གྲུབ་པར་དམིགས་ལ། སྟོང་པ་ཉིད་ཙམ་དུ་ཡང་མི་བརྟག་པར་གང་དུའང་དམིགས་པ་མེད་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་བརྗོད་པ་བྱའོ། །དེ་ལ་འགའ་ཞིག་འདི་སྙམ་དུ་སེམས་ཏེ། ཅི་རྡོ་རྗེ་རྭ་བ་ལ་སོགས་པ་བསྒོམས་མ་ཐག་ཉིད་དུ་སྟོང་པ་ཉིད་བསྒོམས་པས། སྔར་གྱི་སྲུང་བའི་འཁོར་ལོ་བསྒོམས་པ་དེ་དོན་མེད་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། དེ་སྐད་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་སྟོང་པར་བསྒོམས་པ་སྲུང་འཁོར་གྱི་རྣམ་པ་ནི་མ་ཞིག་སྟེ། ཡང་དག་པར་བརྟགས་པས་སྟོང་པར་བྱས་པ་ཡིན་པའམ། ཡང་ན་རྒྱུད་འདི་ནི་ཤེས་རབ་ཁྱད་པར་ཅན་གྱི་དབང་དུ་བྱས་པའི་ཕྱིར། སྲུང་བ་གོ་འཕོ་བ་ཡིན་ཏེ། སྔར་གྱི་སྲུང་བའི་འཁོར་ལོའི་རྣམ་པ་མེད་ཀྱང༌། སྟོང་པ་ཉིད་ཁོ་ན་སྲུང་བའི་མཆོག་ཡིན་པའི་ཕྱིར་རོ། །དེ་ནི་དེ་ལྟ་ཡིན་མོད་ཀྱི། དེ་ལྟར་ན་ཕྱི་རོལ་གྱི་མཚོན་གྱི་དཀྱིལ་འཁོར་ལ་ཅིའི་ཕྱིར་རྡོ་རྗེའི་རྭ་བས་བསྐོར་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཉིད་རྫོགས་པར་བསྐྱེད་པ་དེ་ཉིད་ཀྱི་ཚེ། དམ་ཚིག་གི་འཁོར་ལོ་ཞེས་ཡོངས་སུ་བཅད་པའི་ཕྱིར། རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བ་ཡིན་ནོ། །དེ་ལྟར་རྒྱུ་ཚོགས་བསགས་པ་བསྟན་ནས། ད་ནི་འབྲས་བུ་ལྷ་བསྐྱེད་པ་བསྟན་པ་ལ་གསུམ་ལས། དང་པོ་རྟེན་བསྐྱེད་པ་སྟོན། དེ་ལ་གསུམ་ལས། དང་པོ་སྟོན་པ་ནི། དེ་ལས་ལངས་ནས་རྟེན་དང་བརྟེན་པའི་ཚུལ་དུ་གནས་པར་ཞེས་སྨོས་ཏེ། དེ་ལས་ཏེ་སྔར་སྟོང་པ་ཉིད་བསྒོམས་པ་དེ་ལས་སོ། །ལངས་ནས་ཞེས་པའམ། འགྱུར་ཕྱི་མ་ལ་རྣམ་པར་སད་ནས་ཞེས་བྱ་བ་ཡོད་དེ། དེ་ཡང་ཚད་མེད་པ་བཞི་བསྒོམས་པ་དང༌། སེམས་བསྐྱེད་པའི་སྐབས་ཀྱིས་སེམས་ཅན་གྱི་དོན་བྱ་སྙམ་པའི་འཕེན་པའི་སྟོབས་ཀྱིས་སྟོང་པ་ལས་ལངས་པའམ། རྣམ་པར་སད་ནས་སྟོང་པ་ཉིད་ཀྱི་ངང་ལས་གཟུགས་ཀྱི་སྐུ་སྒྱུ་མ་ལྟ་བུར་ལངས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་བསམ་མོ། །དེ་ལ་རྟེན་ཞེས་པ་ནི་རླུང་ལ་སོགས་པ་སྔ་མ་སྔ་མ་ཡིན་ལ། བརྟེན་པ་ནི་མེ་ལ་སོགས་པ་ཕྱི་མ་ཕྱི་མའི་ཚུལ་དུ་བསྐྱེད་དོ། །གཉིས་པ་དེ་ཉིད་བཤད་པ་ནི། བེ་རཾ་པ་ལ་སོགས་པར་གནས་པ་ལ། ཞེས་སྨོས་ཏེ། དེ་ཡང་བེ་རཾ་པ་ནི་སྐད་སོར་བཞག་པ་སྟེ་རླུང་ཡིན་ལ། སོགས་ཀྱི་མེ་ལ་སོགས་པ་གོང་མ་རྣམས་ཀྱང་བསྡུའོ། །གསུམ་པ་དེའི་སོ་སོར་བཤད་པ་ནི། ཡི་གེ་ཡྃ་ཡོངས་སུ་གྱུར་པ་ལས། ཞེས་པ་ལ་སོགས་པ་སྨོས་པ་ལ། འབྱུང་བ་བཞི་རི་རབ་དང་བཅས་པ་ལྔ་ལ། དོན་ལྔ་ལྔར་རྟོགས་པར་བྱ་སྟེ། བསྐྱེད་པའི་ས་བོན་གང་ཡིན་དང༌། དངོས་པོའི་མིང་དང༌། དབྱིབས་དང༌། གང་གིས་མཚན་པ་དང༌། ཁ་དོག་གང་ཡིན་པའོ། །དེ་ལ་རིན་པོ་ཆེ་སྣ་བཞིའི་རང་བཞིན། ཞེས་པ་ཤར་ཤེལ། བྱང་གསེར། ནུབ་པདྨ་རཱ་ག ལྷོ་བཻ་ཌཱུརྻ་ལས་གྲུབ་པའོ། །རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ཞེས་པ་འདི་ལ་འདོད་པ་མི་མཐུན་པ་མང་ཡང་བླ་མ་ནཱ་རོ་པའི་དགོངས་པ་སྐོང་བའི་བླ་མ་ཕམ་ཐིང་པ་ལ་སོགས་པ་རྣམས་རི་རབ་ཀྱི་ཟུར་བཞི་ན་ལྕོག་བཞི་ལས་མེད་ཀྱང་ཕྱོགས་བཞི་ནས་བལྟས་ཙ་ན། ཕྱོགས་རེ་རེ་ན་ལྕོག་གཉིས་གཉིས་སུ་མངོན་པས་རྩེ་མོ་བརྒྱད་ཅེས་བྱ་ཞེས་བཞེད་དོ། །སྣ་ཚོགས་རྡོ་རྗེ་ཞེས་པའི་ཁ་དོག་ནི། དབུས་ཀྱི་ལྟེ་བ་དཀར་པོ། ཤར་གྱི་ར་སྔོན་པོ། ལྷོའི་ར་སེར་པོ། ནུབ་ཀྱི་ར་དམར་པོ། བྱང་གི་ར་ལྗང་གུར་གསུངས། དེའི་སྟེང་དུ་པྃ་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ནི། སློབ་དཔོན་པྲཛྙཱ་རཀྵི་ཏས་འགྲེལ་པར་ཕྱོགས་བཞིའི་པདྨ་འདབ་མ་དམར་པོ། རླུང་དང་མེའི་འདབ་མ་གཉིས་སེར་པོ། བདེན་བྲལ་གྱི་ལྗང་གུ། དབང་ལྡན་གྱི་འདབ་མ་ནག་པོར་བཤད་ལ། པཎྜི་ཏ་བགྲེས་པོ་རྣམས་ནི། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་གུ། མཚམས་བཞི་གང་མཛེས་སུ་བསྒོམ་ཞེས་གསུང་ངོ༌། །རྡོ་རྗེ་མཁའ་འགྲོ་དང་སྡོམ་པ་འབྱུང་བ་གཉིས་སུ་ཤར་དཀར་པོ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། དབུས་ནག་པོར་གསུངས་པས། བཤད་པ་གཞན་རྣམས་ནི་ནོར་བར་ཤེས་པར་བྱའོ། །དེ་ནས་རྟེན་དང་བརྟེན་པ་གཉིས་ཀ་བསྐྱེད་པ་ནི། དེའི་སྟེང་དུ་ཞེས་པ་ལ་སོགས་པ་སྨོས་ཏེ། ལྷ་བསྐྱེད་པ་ལ་རྒྱུད་བླ་མར། སྤྱིར་སེམས་ཅན་ལ་སྐྱེ་གནས་བཞི་ཡོད་པས་དེ་དང་བསྟུན་ནས། ལྷ་བསྐྱེད་པའི་ཆོ་ག་ཡང་སྒོང་སྐྱེས་དང༌། མངལ་སྐྱེས་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་སྐྱེས་ལྟར་བསྐྱེད་པ་བཞིར་གསུངས་པ་ལས། མངོན་པར་རྟོགས་པ་འདི་ལྷ་སྒོང་སྐྱེས་སུ་བསྐྱེད་པའི་ལུགས་སོ། །འདིར་སྔོན་དུ་གཞལ་ཡས་ཁང་བསྐྱེད་ནས། དེ་ནས་ཕྱིས་ནི་ལྷ་བསྐྱེད་པའི་ལུགས་ནི་མ་ཡིན་ཏེ། ལྷ་དང་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་དུས་གཅིག་ལ་བསྐྱེད་པ་ཡིན་ནོ། །དེའི་ཆོ་ག་ནི་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་སྟེ། དེའི་སྟེང་དུ་ཞེས་པ་ནི་སྣ་ཚོགས་པདྨའི་ལྟེ་བའི་སྟེང་དུའོ། །ཨཱ་ལི་དང་ཀཱ་ལི་སྦྱོར་བ་ནི་ཨཱ་ལི་བཅུ་དྲུག་ཉིས་འགྱུར་གཡོན་སྐོར་དུ་བསམས་པ་དེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པ་བྱས་པ་དེ་གྱུར་པ་ལས་བྱུང་བའི་ཟླ་བ་དེ་བྱང་ཆུབ་པ་དང་པོ་དང་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞིའི་སྟེང་དུ་ཡི་གེ་དྲུག་བསྣན་པས་བཞི་བཅུ་ཕྲག་གཉིས་གཡས་སྐོར་དུ་གནས་པ་དེ་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱས་ཏེ། དེ་གྱུར་པ་ལས་བྱུང་བའི་ཉི་མ་དེ་བྱང་ཆུབ་པ་གཉིས་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་དབུས་སུ་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན། ཞེས་པ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བའི་བར་གྱི་ཡི་གེ་ཧཱུྃ་ནི་རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་ཅན་ནོ། །དེ་ཡང་ཟླ་བ་དང་ཉི་མ་ཁ་སྦྱར་བ་ནི་སྒོ་ངའི་དོན་ཡིན་ལ། ཡི་གེ་ཧཱུྃ་ནི་སྒོ་ངའི་བཅུད་ཀྱི་ཚུལ་ཏེ། དེ་ལས་ལྷ་བསྐྱེད་པས་ན་ལྷ་སྒོང་སྐྱེས་ཞེས་བྱའོ། །དེ་ནི་བྱང་ཆུབ་པ་གསུམ་པ་དང་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཉི་མ་དང་ཟླ་བ་ཁ་སྦྱར་བ་ནི་བྱང་ཆུབ་པ་བཞི་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་རེས་འགའི་ཚེ། ཐམས་ཅད་གཅིག་ཏུ་གྱུར་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་ཀྱང་གསུང་ངོ༌། །དེ་ནས་ལྷ་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱང་ཆུབ་པ་ལྔ་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་མངོན་པར་རྟོགས་པ་དང་སྦྱར་ན། པདྨའི་ལྟེ་བའི་ཉི་ཟླའི་བར་དུ་ཡི་གེ་ཧཱུྃ་བསྒོམ་པ་ནི་ཚུལ་ཡིན་ལ། དེའི་འོད་ཀྱིས་ཉི་ཟླ་ཁ་སྦྱོར་གྱི་སྟེང་དུ་མས་རིམ་གྱིས་ལུས་ངག་སེམས་གསུམ་གྱི་དོད། ཨོཾ་ཨཱཿཧཱུྃ་གསུམ་རིམ་པ་བཞིན་དུ། དཀར་པོ་དང༌། དམར་པོ་དང༌། སྔོན་པོར་བསམ། དེའི་སྟེང་དུ་ཆགས་པས་མ་གོས་པའི་བརྡ་དང༌། ཡུམ་གྱི་པདྨའི་དོད་པདྨ་དམར་པོ། དེའི་སྟེང་དུ་རང་བཞིན་གྱིས་འོད་གསལ་བ་དང༌། ཕའི་བྱང་ཆུབ་ཀྱི་སེམས་མཚོན་པ་ཟླ་བ། དེ་དག་ནི་བར་དོའི་ཤེས་པ་ཁུ་ཁྲག་གི་ནང་དུ་ཞུགས་པའི་དོད་དོ། །ཟླ་བའི་སྟེང་དུ་བར་དོའི་ཤེས་པའི་དོད་ཡི་གེ་ཧཱུྃ་བསམས་ལ། དེ་ནས་ཨོཾ་ནས་མས་ཀྱི་རིམ་པས་ཐིམ་ནས་ཧཱུྃ་ལ་ཞུགས། ཧཱུྃ་ཡང་ནཱ་དར་འདུས་པ་ནི་སྒྲ་ཞེས་བྱའོ། །དེ་ཉི་ཟླའི་བར་གྱི་ཧཱུྃ་ལ་ཞུགས་ཏེ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་རྟེན་དང་བརྟེན་པ་ཐམས་ཅད་དུས་གཅིག་ལ་རྫོགས་པར་བསྒོམ་པར་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་ལེའུ་དང་པོ་ལས། སྒྲའི་ཚུལ་ལ་ངེས་འབྱུང་ཞིང༌། །ཞེས་པའི་དོན་ངེས་པར་བསྟན་ནོ། །དུར་ཁྲོད་བརྒྱད་ཀྱི་བཤད་པ་ནི། དེ་ནུས་དུར་ཁྲོད་བརྒྱད་བཤད་པར་བྱ་སྟེ། ཞེས་པ་ལ་སོགས་པ་འདི། སློབ་དཔོན་ལཱུ་ཧི་པས་མཛད་པའི་རྒྱ་དཔེར་དྷ་མ་ལ་མེད་དེ། སློབ་དཔོན་ཕྱོགས་གཡོན་སྐོར་མཚམས་གཡས་སྐོར་དུ་བཞེད་པ་ཡིན་ལ། འདིར་བྱང་ཤར་ནས་བཟུང་ནས་བཤད་པས་སོ། །ད་ལྟ་བོད་ཀྱི་དཔེ་ལ་ཡོད་པ་ནི། ཁ་ཆེའི་ཡུལ་གྱི་དཔེ་ལས་བསྒྱུར་བ་ལས་བྱུང་བ་ཡིན་ལ། ཁ་ཆེའི་དཔེ་ལ་ཡོད་པ་ནི། ཁ་ཅིག་ན་རེ། བླ་མ་ནཱ་རོ་པས་བཅུག་པ་ཡིན་ཞེས་ཀྱང་གྲགས། ལ་ལ་ན་རེ། ཁ་ཆེ་བྱང་ཆུབ་བཟང་པོས་བཅུག་པ་ཡིན་ཞེས་ཟེར་རོ། །གཞལ་ཡས་ཁང་གི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་བསྒོམ་པ་རང་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་བཞི་སྟེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཆོས་བདག་མེད་པའི་ངོ་བོ་ཡིན་པའམ། དེ་ལས་བྱུང་བ་ཡིན་ནོ། །ཞེས་བྱ་བ་མཚོན་པར་བྱ་བའི་ཕྱིར་དང༌། གཙོ་བོ་བཅོམ་ལྡན་འདས་བདེ་མཆོག་དེ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་འཕྲུལ་བྱེད་ཡིན་པར་བསྟན་པ་དང༌། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའི་རྟེན་དུ་གྲུབ་པར་བྱ་བའི་ཕྱིར་དང༌། རྣམ་པར་ཤེས་པ་ཚོགས་བརྒྱད་བདག་མེད་པའི་རང་བཞིན་དུ་རྟོགས་པར་བྱ་བའི་ཕྱིར་རོ། །དང་པོ་དུར་ཁྲོད་ནི། རྒྱ་སྐད་ལ་ས་བ་ན་བྱ་བ་ཡོད་པ་དེ། ས་བ་ཏི་ན་རོ་གནས་པར་བྱ་བ་ཡིན་ཏེ། དེ་ཡང་དུར་ཁྲོད་ན་ནི་རོ་ཡོད་པ། རོ་ལ་དབུགས་འབྱུང་རྔུབ་དང་རྟོག་པ་མེད་པ་ལྟར་གཞལ་ཡས་ཁང་གི་ཕྱི་རོལ་དུ། དུར་ཁྲོད་བསྒོམས་པས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཆོས་བདག་མེད་པར་རྟོགས་པར་བྱ་བའམ། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་བྱུང་བ་ཡིན་ནོ། །ཞེས་མཚོན་པར་བྱ་བའི་ཕྱིར་རོ། །གཉིས་པ་གཙོ་བོ་བཅོམ་ལྡན་འདས་བདེ་མཆོག་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་འཕྲུལ་བྱེད་དུ་བསྟན་པ་ནི། དེ་ནི་གཙོ་བོ་གཟུགས་ཀྱི་སྐུ་ལ་མི་བྱ་སྟེ། ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་སམ། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པར་བྱས་ལ། ཆོས་ཀྱི་སྐུ་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་དེ་རྟོགས་པའི་ཚེ། ཡེ་ཤེས་ཀྱི་ཆོ་འཕྲུལ་དག་པའི་སྣང་བ་གཞལ་ཡས་ཁང་དང་ལྷ་རྣམས་སུ་སྤྲུལ་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་གཙོ་བོའི་སེམས་ལས་སྤྲུལ་པ་ཡིན་ལ། དབྱིངས་དེ་མ་རྟོགས་པའི་ཚེ། སེམས་ཅན་ཐམས་ཅད་ལ་ཡོད་པས་དེ་མ་རྟོགས་པའི་ཚེ་འཁོར་བར་བྱུང་བ་ཡིན། དེ་དུར་ཁྲོད་བརྒྱད་ན་གནས་པའི་ཀླུའི་དབང་པོ་ལ་སོགས་པ་དང༌། རོ་ལ་སོགས་པ་རྣམས་ཀྱིས་མཚོན་པས་ཡེ་ཤེས་མ་རྟོགས་པའི་ཚེ། འཁོར་བར་སྣང་བ་དུར་ཁྲོད་ཀྱིས་མཚོན་པ་ཡིན་ནོ། །གསུམ་པ་ནི། སྒྲུབ་པ་པོས་ཉམས་སུ་ལེན་པའི་དབང་དུ་བྱས་ན། འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་ལ་ལས་སུ་བྱ་བ་གཉིས་ལས་མེད་དེ། སངས་རྒྱས་ལ་མཆོད་པ་དང༌། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའོ། །དེ་ལ་ལྷ་སུམ་ཅུ་རྩ་བདུན་ནི། སངས་རྒྱས་ལ་མཆོད་པའི་རྟེན་ཡིན་ལ། དུར་ཁྲོད་བརྒྱད་ཀྱི་ཞིང་སྐྱོང་ལ་སོགས་པ་ནི། དམ་ཚིག་ཅན་གྱི་གཏོར་མ་སྦྱིན་པའི་རྟེན་ཡིན་ཏེ། གཞན་དུ་བཤད་པ་ལྟར་གཏོར་མའི་མགྲོན་ལོགས་ནས་སྤྱན་དྲང་བ་དང༌། བསྐྱེད་པ་ལ་སོགས་པ་མི་དགོས་པའི་ཕྱིར་རོ། །བཞི་པ་དུར་ཁྲོད་བརྒྱད་ཁོ་ན་བསྒོམ་པ་ནི། རྣམ་པར་ཤེས་པའི་ཚོགས་སྟོང་པ་ཉིད་ཡིན་པར་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ལྟར་རྟེན་དང་བརྟེན་པ་དུས་གཅིག་ལ་བསྐྱེད་ནས། གསལ་འདེབས་པ་ནི། དཔེར་ན་མེ་ལོང་ལ་རང་གི་བཞིན་ལྟ་བ་ལྟར། ནང་གི་གཙོ་བོ་ནས་སྲུང་འཁོར་གྱི་བར་དུའམ། ཡང་ན་ཕྱི་ནས་གཙོ་བོའི་བར་དུ་གསལ་བཏབ་བོ། །གཞལ་ཡས་ཁང་གི་གནས་ལུགས་ནི་མཆོད་རྟེན་གྱི་དབྱིབས་ལྟ་བུར་བཞེད་དེ། དབུས་ཀྱི་གཙོ་བོའི་བཞུགས་གནས་མཐོ་བ་སྲོག་ཤིང་གི་ཚུལ་དུ་གནས། པདྨ་འདབ་བརྒྱད་གྲི་གུག་གི་རྭ་བས་བསྐོར་བ་དེ་བས་དམའ་བར་ཡོད། དེ་བས་དམའ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེ་བས་དམའ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་ཀྱི་ཕྱི་རོལ་ན་པདྨའི་ཕྲེང་བས་བསྐོར་བ། དེ་བས་དམའ་བར་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཀྱི་ཕྱི་རོལ་ན་འཁོར་ལོའི་ཕྲེང་བས་བསྐོར་བ། དེ་བས་དམའ་བར་དམ་ཚིག་གི་འཁོར་ལོ་ཕྱོགས་བཞི་ཕྱོགས་ཚོན་གྱི་ཁ་དོག་ཏུ་ཡོད་པ། སྒོ་དང་རྟ་བབས་ལ་སོགས་པ་རིམ་པས་གསལ་གདབ་པར་བྱའོ། །བརྟེན་པ་ལྷ་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་གཞུང་ཉིད་ན་གསལ་ལ། དེ་དག་གི་རྣམ་པར་དག་པ་ནི་འགྲེལ་པ་དང་མཐུན་པར་གསུང་ངོ༌། །དེ་ལྟ་བུའི་སྔགས་སྐྱེས་ཀྱི་ལྷ་དེ་རྣམས་བསྒོམས་པས་རྫོགས་པའི་སངས་རྒྱས་ཐོབ་པའི་ལམ་དུ་མི་འགྱུར་རམ་སྙམ་ན། དེའི་ཤར་གྱི་རྩིབས་ལ་པུལླཱི་ར་མཱ་ལ་ཡ་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོའོ། །ཞེས་པ་ལ་སོགས་པས་ནི་བསྐྱེད་པའི་རིམ་པ་སྔགས་སྐྱེས་ཀྱི་ལྷ་བསྒོམས་པས། སྒྲིབ་པ་འདག་ཅིང་ལམ་དུ་འགྱུར་བར་སྟོན་ཏེ། དེ་ཡང་ལམ་དུ་ཞེན་པས་ཞུགས་པས་འབྲས་བུའི་དུས་སུ་འབྲེལ་པས་མི་སླུ་བར་འབྱུང་བས་ན། སྒྲུབ་པ་པོའི་རྣམ་རྟོག་བློ་ལ་སྣང་བའི་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་ལ་སོགས་པའི་འཁོར་ལོ་རྩིབས་ཉི་ཤུ་རྩ་བཞི་པོ་དེ་འཛམ་བུ་གླིང་ན་དང་པོ་ནས་གྲུབ་ནས་ཡོད་པའི་པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞི་པོ་དེ་དང་དེར་མོས་པ་བྱ། འཁོར་ལོའི་རྩིབས་ཉི་ཤུ་རྩ་བཞིའི་སྟེང་གི་རང་གི་བློ་ལ་སྣང་བའི་དཔའ་བོ་དང་དཔའ་མོ་ཉི་ཤུ་རྩ་བཞི་པོ་དེ་འཛམ་བུ་གླིང་གི་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པའི་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ་ལ་སོགས་པ་དང་ཐ་མི་དད་པར་ཞེན་པ་བྱ། དེ་ཡང་འོག་མིན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ལྷན་ཅིག་སྐྱེས་པ་རྣམས་དང་ཐ་མི་དད་པར་ཞེན་པ་བྱ། ལོངས་སྐུ་ལྷན་ཅིག་སྐྱེས་པ་དང་ཡང་ཆོས་སྐུ་དང་ཐ་མི་དད་པར་ཞེན་པ་བྱ། དེ་ལྟར་བྱས་པས་དངོས་སུ་སྔགས་སྐྱེས་བསྒོམས་པ་དེ་ཉིད་སྒྲུབ་པ་པོ་ལ་ཚོགས་བསོག་ཅིང་སྒྲིབ་པ་སྦྱོང་བའི་ལམ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་སུམ་ཅུ་རྩ་བདུན་པོ་འདི་སྤྱིར་གསུམ་དུ་གནས་པ་ཡིན་ཏེ། མངོན་པར་རྟོགས་པར་རྫོགས་པ་གཅིག་ལ་ཕོ་ཉ་གསུམ་བཞག་པ་དང༌། གང་ཟག་གཅིག་གི་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་ཕོ་ཉ་གསུམ་ཚང་བར་བཞག་པ་དང༌། ཡང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་ཕོ་ཉ་གསུམ་ཚང་བར་བཞག་པའོ། །དང་པོ་ནི་སྔགས་ལས་སྐྱེས་པ་སྟེ་ཨཱ་ལི་ཀཱ་ལིའམ་སྒྲ་ཚུལ་གཉིས་ལས་སྐྱེས་པ་སྟེ་སྒྲུབ་པ་པོས་བསྒོམ་པའི་རྣམ་རྟོག་གི་བློ་ལ་སྣང་བའི་དཔའ་བོ་དང་དཔའ་མོ་རྣམས་དང༌། ཞིང་ལས་སྐྱེས་པ་སྟེ་སྤྲུལ་སྐུ་འཛམ་བུ་གླིང་ན་ད་ལྟ་བཞུགས་པ་དང༌། ལྷན་ཅིག་སྐྱེས་པ་སྟེ་ལོངས་སྐུ་འོག་མིན་ན་བཞུགས་པ་བདེ་བ་ཆེན་པོའི་འཁོར་ལོའི་ལྷ་ལྔ་པོ་ཡིན་གསུང༌། དེ་ཡང་ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས་བྱུང་བའོ། །ཡང་གཉིས་པ་ནི། རྣལ་འབྱོར་པའི་བློ་ལ་སྣང་བའི་ལྷ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་སྔགས་སྐྱེས་བསྡུ་བྱ་སྡུད་བྱེད་ཀྱི་འཛམ་བུ་གླིང་གི་ལྷ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་ཞིང་སྐྱེས། ཡང་འོག་མིན་གྱི་ལྷ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་ལྷན་ཅིག་སྐྱེས་པའོ། །ཡང་གསུམ་པ་ལྟར་ན་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་ལོངས་སྐུ་ཡིན་པས་ལྷན་ཅིག་སྐྱེས་པ། དཔའ་བོ་དང་དཔའ་མ་ཉི་ཤུ་རྩ་བཞི་སྤྲུལ་སྐུ་ཡིན་པས་ཞིང་སྐྱེས། སྒོ་མཚམས་མ་བརྒྱད་པོ་ལ་ཞིང་སྐྱེས་མེད་དེ། སྒྲུབ་པ་པོའི་བློ་ལ་སྣང་བ་ཙམ་ཡིན་པས་སྔགས་སྐྱེས། ཡང་ན་སྒོ་མཚམས་མ་བརྒྱད་ཀྱང་འཛམ་བུ་གླིང་གི་དུར་ཁྲོད་བརྒྱད་ན་བཞུགས་པའི་ཕྱིར་ཞིང་སྐྱེས་ཡིན་ཏེ། དེས་ན་མངོན་པར་རྟོགས་པ་འདི་སྐུ་གསུམ་ལམ་དུ་བྱེད་པ་ཡིན་ནོ། །དེ་ཡང་བསྒོམ་པའམ་ཞེན་པ་ནི། སྔགས་སྐྱེས་ནས་མས་རིམ་གྱིས་འཇུག་པ་ཡིན་ལ། ལན་ཅིག་རྟོགས་པའི་ཚེ། འབྲས་བུ་ཡས་འཆར་བ་ཡིན་ཏེ། དང་པོའི་ཆོས་ཉིད་རྟོགས་པས། ཆོས་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་འཆར། དེ་ནས་དེ་ལས་ལོངས་སྐུ་འབྱུང༌། དེ་ལས་སྤྲུལ་སྐུ་འབྱུང་སྟེ། དེ་སྐད་དུ་ཡང༌། མྱ་ངན་འདས་འབྱུང་དཔའ་བོ་རྣམས། །ཞེས་པ་ལ་སོགས་པ་འོག་ཏུ་འབྱུང་བའི་ཕྱིར་རོ། །ད་ལྟ་ཤར་གྱི་རྩིབས་ལ་སོགས་པ་ལ་པུལླཱི་ར་མཱ་ལ་ཡ་ལ་སོགས་པར་བསྒོམ་པ་ནི་དངོས་སུ་སྔགས་སྐྱེས་ཡིན་ཡང༌། ཞེན་པས་འཛམ་བུ་གླིང་ན་ཡོད་པའི་ཞིང་སྐྱེས་ཀྱི་དཔའ་བོ་དང་དཔའ་མོ་ཡིན་སྙམ་དུ་སྒྲུབ་པ་པོའི་སེམས་ཀྱིས་ཞེན་པ་སྟེ། དངོས་སུ་སྔགས་སྐྱེས་བསྒོམ་པ་ལ་འཇུག་པ་དེ། དེ་གཉིས་ཐ་མི་དད་པར་བྱས་པས་འབྲེལ་པས་མི་སླུ་སྟེ། སྔགས་སྐྱེས་ཀྱང་ཞིང་སྐྱེས་ཀྱི་བྱིན་རླབས་ལས་བྱུང་བས་ན་དེ་གཉིས་ཐ་མི་དད་པས་དེ་ལས་བྱུང་བའི་འབྲེལ་པ་ཡོད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་སྔགས་སྐྱེས་བསྒོམས་པས་སྒྲུབ་པ་པོའི་རྒྱུད་ལ་ཚོགས་བསོག་ཅིང་སྒྲིབ་པ་བྱང་བར་འགྱུར་ལ། ཡང་ཞིང་སྐྱེས་ལ་ཡང་ལྷན་སྐྱེས་སུ་ཞེན་པས་ཞུགས་པས་འབྲེལ་པས་མི་སླུ་སྟེ། ལྷ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འཆད་པས་ཀྱང་ལྷན་སྐྱེས། ཡང་གཙོ་བོ་ལྷན་སྐྱེས་ཡིན་པས། ལྷ་ཐམས་ཅད་ཀྱང་གཙོ་བོའི་ཡན་ལག་ཡིན་པས་ཀྱང་ལྷན་སྐྱེས་ཞེས་བྱའོ། །དེ་ལྟར་ན་ཞིང་སྐྱེས་ཀྱང་ལྷན་སྐྱེས་ལས་བྱུང་བས་ན་དེ་གཉིས་ཐ་མི་དད་པས་དེ་ལས་བྱུང་བའི་འབྲེལ་པ་ཡོད་པའི་ཕྱིར་ཚོགས་བསོག་ཅིང་སྒྲིབ་པ་སྦྱོང་བར་འགྱུར་རོ། །ལོངས་སྐུ་ཡང་ཆོས་སྐུ་ལས་བྱུང་བས་ཚོགས་བསོག་ཅིང་སྒྲིབ་པ་སྦྱོང་བར་འགྱུར་རོ། །དེ་ལྟར་ཞེན་པ་བྱེད་ན་སྒོ་མཚམས་མ་བརྒྱད་ལ་ཞིང་སྐྱེས་དང་ལྷན་སྐྱེས་མེད་པས། ཞེན་པ་མི་བཏུབ་བོ་ཞེ་ན། དེ་ལྟར་ནི་མིན་ཏེ། སྔགས་སྐྱེས་སུམ་ཅུ་རྩ་བདུན་ལ། ཞིང་སྐྱེས་སུམ་ཅུ་རྩ་བདུན་དུ་ཞེན་པ་བྱེད་པ་དེ་སྒོ་མཚམས་མ་བརྒྱད་ཀྱི་སྡུད་བྱེད་དམ་སྤྲུལ་བྱེད་ནི་འཛམ་བུ་གླིང་གི་ཞིང་སྐྱེས་ཉི་ཤུ་རྩ་བཞི་པོ་ཡིན་པས་དཔེར་ན་རྒྱལ་པོ་འཁོར་དང་བཅས་པ་སྤྱན་འདྲེན་པ་ནས་འཁོར་དེ་རྣམས་ཀྱི་འཕྲུལ་བྱེད་དམ་སྡུད་བྱེད་རྒྱལ་པོ་ཡིན་པས་རྒྱལ་པོ་གཅིག་པུ་སྤྱན་དྲངས་པས་ཆོག་པའམ། ཡང་དེ་རྣམས་ཀྱི་སྡུད་བྱེད་དམ་འཕྲུལ་བྱེད་བདེ་བ་ཆེན་པོའི་འཁོར་ལོ་ཡིན་པས། རྒྱལ་པོ་སྤྱན་འདྲེན་པ་ན་བློན་པོ་བོས་པས་གོ་ཆོད་པ་བཞིན་ནམ། ཡང་དཔའ་བོ་དང་དཔའ་མོ་ཉི་ཤུ་རྩ་བཞི་པོ་ནི་གཙོ་བོའི་སྐུའི་ཆ་ཤས་ཀྱིས་བསྡུས་པས། སྒོ་མཚམས་མ་བརྒྱད་གཙོ་བོའི་ཕྱག་གིས་བསྡུས་པས། ཞིང་སྐྱེས་སུམ་ཅུ་རྩ་བདུན་གྱི་ལྷན་ཅིག་སྐྱེས་པ་སུམ་ཅུ་རྩ་བདུན་དུ་ཞེན་པ་བཏུབ་གསུང༌། དེ་ལྟ་བུ་ནི་ཕྱིའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་ལམ་གྱི་རིམ་པའི་འབྲེལ་པ་ཡིན་པས། དེ་བཞིན་ལུས་ཀྱི་དཀྱིལ་འཁོར་ལ་ཡང་སྐུ་གསུམ་དུ་ཞེན་པས་འཇུག་པ་དང་འབྲེལ་པས་མི་སླུ་བ་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ། །འོ་ན་སྙིང་པོའི་རྣལ་འབྱོར་མ་བཞི་དང་ཧེ་རུ་ཀ་བཞི་ཞིང་སྐྱེས་ཡིན་ནམ་མ་ཡིན་སྙམ་པ། ཞིང་སྐྱེས་ཀྱི་སྡུད་བྱེད་ཧེ་རུ་ཀ་ཡིན་པས། ལྔ་པོ་དེ་ལ་ཡང་ཞིང་སྐྱེས་ཞེས་བྱའོ། །ཞིང་སྐྱེས་ལ་ལྷན་སྐྱེས་སུ་ཞེན་པ་བྱས་པའི་ཚེ། སྔར་གཙོ་བོ་སྡུད་བྱེད་ཀྱི་སྒོ་ནས་ཞིང་སྐྱེས་སུ་གྲུབ་པས། སྒོ་མཚམས་མ་བརྒྱད་གཙོ་བོའི་ཡན་ལག་ཡིན་པས་དེའི་ཕྱིར་ཞིང་སྐྱེས་སུ་བསྡུ་གསུང༌། སྒྲུབ་པ་པོའི་བློ་ལ་གནས་པ་འདི་དག་སྔགས་སྐྱེས་ཡིན་ལ། དེ་ཞིང་སྐྱེས་ལས་བྱུང་བས་ཞིང་སྐྱེས་སུ་བསྡུ། ཡང་བསྒོམ་པའི་དུས་སུ་སྒོ་མཚམས་མ་བརྒྱད་དང་སྙིང་པོའི་རྣལ་འབྱོར་མ་ལྔ་ལ་ཡུལ་དེར་མོས་པ་བྱ་བའི་དོད་མེད་ལ། ལྷར་མོས་པ་བྱ་བ་ཡང་བཅུ་གསུམ་པོ་དེ་ལ་ཞིང་སྐྱེས་དང་ལྷན་སྐྱེས་ཐམས་ཅད་ཀྱི་ངོ་བོ་འདི་ཀ་ཡིན་པར་ཤེས་པར་བྱ་བ་ལས་འཛམ་བུ་གླིང་ན་གནས་པ་དང་འོག་མིན་ན་གནས་པ་ལ་དངོས་པོ་ཐ་དད་པར་བསྒོམ་དུ་མེད་དོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་བསྒོམ་པ་བསྟན་ནས། ད་ནི་རྣམ་པ་ལ་མངོན་པར་ཞེན་པ་རྣམས་སྤང་བ་དང༌། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུར་འགྱུར་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དག་པ་དྲན་པ་བསྒོམ་པར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་འདི་རྣམས་ལ་ཀུན་ཏུ་སྤྱོད་པའི་རྒྱུད་རང་ལ་ཡང་རྒྱ་དཔེ་གསུམ་དུ་སྣང་སྟེ། ལྷའི་དག་པ་བྱང་ཆུབ་ཀྱི་ཕྱོགས་སུ་བྱས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཐ་མལ་པ་དེ་ལྷའི་དག་པར་བྱ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་རྐྱང་པ་རང་ལས་མེད་པ་གཅིག་དང་གསུམ་མཐོང་གསུང་ངོ༌། །དེ་ལ་དང་པོ་ལྟར་ན་མངོན་པར་ཞེན་པ་སྤང་བའི་ཕྱིར་ཚུལ་དག་ཏུ་བྱེད་པའི་དབང་དུ་བྱས་ནས། དེ་ནས་ཏེ་ཕྱིའི་དཀྱིལ་འཁོར་བསྟན་པའི་རྗེས་ལའོ། །གཞན་ཡང་ནི་སྔར་གྱི་ཕྱིའི་དཀྱིལ་འཁོར་བསྒོམས་པ་ལས་གཞན་དུ་གྱུར་པའོ། །བྱང་ཆུབ་ནི་འབྲས་བུ་སྤངས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ལ། དེའི་ཕྱོགས་ནི་རྒྱུ་སྟེ་དེ་ཡང་ལུས་རྗེས་སུ་དྲན་པ་ལ་སོགས་པའི་ཆོས་སུམ་ཅུ་རྩ་བདུན་ནོ། །ཡང་ལྷའི་རྣམ་པ་སྦྱོར་བས་སྦྱར་བར་བྱ་སྟེ། ཞེས་པ་ནི་སྔར་བསྟན་པ་ལྟར། ལྷ་རྣམས་ཀྱི་ཞལ་ཕྱག་ལ་སོགས་པ་ལ་སེམས་གཏད་ཅིང་ཐུན་བཞི་ལ་སོགས་པས་ཤིན་ཏུ་གསལ་བར་གྱུར་པའི་ཚེ། ལྷ་དེ་དག་རྡུལ་ཕྲ་རབ་ལས་རྫས་སུ་གྲུབ་པ་རང་ཡིན་ནམ། སྙམ་པའི་མངོན་པར་ཞེན་པ་སྐྱེ་ན་ལྷར་ཞེན་པས་ཀྱང་འཁོར་བར་འཆིང་བས་ན་དེ་སྤང་བའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་རྣམས་ལྷའི་ངོ་བོར་སྦྱོར་བས་ཚུར་སྦྱར་བར་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། ལུས་རྗེས་སུ་དྲན་པ་ནི། ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་ལྷའི་རྣམ་པ་ཡིན་པ་ཁོ་ནར་མ་ཟད་དེ། མཁའ་འགྲོ་མ་སྐུ་མདོག་ནག་མོ་ཕྱག་བཞི་པ་དེ་ནི་མཁའ་འགྲོ་མ་ཁོ་ན་མ་ཡིན་ཏེ། དེ་ཉིད་ལུས་རྗེས་སུ་དྲན་པ་ཡིན་ཞེས་དག་པ་དྲན་པས་མཁའ་འགྲོ་མར་ཞེན་པ་དེ་སྤངས་པ་ཡིན་ནོ། །དེས་འོག་མ་ཀུན་ལ་ཤེས་པར་བྱའོ། །གཉིས་པ་བྱང་ཆུབ་ཀྱི་ཕྱོགས་ཐ་མལ་པ་དེ་ལྷའི་དག་པར་བྱེད་པའི་ཕར་དག་ལྟར་ན་ལམ་ལ་ཐེ་ཚོམ་ཟ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་ཐ་མལ་པར་འཛིན་པ་དང༌། ལྷ་རྣམས་ལས་ལོགས་སུ་ལྷའི་རྣམ་པ་མིན་པའི་བྱང་ཆུབ་ཀྱི་ཕྱོགས་བྱ་བའི་ལམ་ཐ་དད་པ་ཅིག་ཡོད་དམ་སྙམ་པའི་ཐེ་ཚོམ་སྤངས་པའོ། །དང་པོ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཐོས་བསམ་བྱས་པ་འགའ་ཞིག་གི་བསམ་པ་ལ། འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རིམ་གྱིས་བགྲོད་གདོས་པ་ཡིན་པ་ལ། གསང་སྔགས་ཀྱི་ལམ་བསྐྱེད་པའི་རིམ་པ་ལྷ་བསྒོམ་པ་ལ་དེ་མེད་པས་ལམ་དུ་མི་འགྲོའམ་སྙམ་པའི་ཐེ་ཚོམ་ཡོད་པ་ལ། ལྷ་སུམ་ཅུ་རྩ་བདུན་བསྒོམ་པ་རང་ལ་བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་ཚང་བྱས་པས་ལམ་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་ཆོད་པར་འགྱུར་རོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རིམ་གྱིས་བགྲོད་དགོས་པ་ཡིན་ལ། འདིར་ལྷ་སུམ་ཅུ་རྩ་བདུན་བསྒོམས་པས་རང་གི་བྱང་ཆུབ་ཀྱི་ཕྱོགས་དང་ལྷ་ཐ་མི་དད་པས་ན། བྱང་ཆུབ་ཀྱི་ཕྱོགས་རྣམས་ཅིག་ཅར་དུ་བསྒོམས་པར་སོང་བས་སྔགས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པའི་ལམ་བས་ཉེ་བ་ཡིན་ཏེ། དེས་ནི་ལམ་འདི་ཁྱད་པར་ཅན་དུ་བསྒྲུབ་པ་ཡིན་ལ། དེ་བས་ན་བྱང་ཆུབ་ཀྱི་ཕྱོགས་ཐ་མལ་པ་མ་ཡིན་ཏེ། མཁའ་འགྲོ་མ་ལ་སོགས་པ་ཡང་ཡིན་ནོ། །ཞེས་དེ་ལྟར་ལྷར་དག་པར་བསྒོམ་པའོ། །གསུམ་པ་ནི། ཡང་ཁ་ཅིག་ལྷ་རྣམས་ལས་ལོགས་སུ་ལྷའི་རྣམ་པ་ཡིན་པ་བྱང་ཆུབ་ཀྱི་ཕྱོགས་བྱ་བའི་ལམ་ལོགས་པ་ཐ་དད་པ་ཅིག་ཡོད་དམ་སྙམ་པའི་ཐེ་ཚོམ་ཟ་བ་དེ་སྤང་བའི་ཕྱིར། ལུས་དྲན་པ་ཉེར་གཞག་སོགས་རང་མཁའ་འགྲོ་མ་ལ་སོགས་པ་ཡིན་པར་བསྟན་པས་ཐེ་ཚོམ་ལྡོག་པའོ། །འོ་ན་བྱང་ཆུབ་ཀྱི་ཕྱོགས་རང་ཀ་བསྟན་པས་ཆོག་མོད། །འདིར་ལྷར་བསྟན་པ་ལ་དགོས་པ་ཅི་ཡོད་སྙམ་ན། འདི་ནི་ལམ་ཁྱད་པར་ཅན་དུ་བསྒྲུབ་པར་བྱ་བའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཕྱོགས་ལྷར་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་དུ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དོན་བསྒོམ་པ་འདི་ལྷ་ལ་མངོན་པར་ཞེན་པ་ལ་སོགས་པ་སྔར་བཤད་པ་དེ་དག་མེད་པ་རྣམས་ཀྱིས་བསྒོམ་མི་དགོས་ཏེ། གང་ཟག་གི་བློ་ཚོད་དང་སྦྱར་ལ་བསྒོམ་གསུང་ངོ༌། །ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་ལ་བྱང་ཆུབ་ཀྱི་ཕྱོགས་རང༌། གོ་རིམ་གྱི་དབང་དུ་བྱས་ན། དྲན་པ་ཉེ་བར་བཞག་པ་བཞིའི་རྗེས་ལ་ཡང་དག་པར་སྤོང་བ་བཞི་འོང་བ་ཡིན་པ་ལ། དེ་བཞི་འོག་ཏུ་ཕྱི་དག་ལ་བསྟན་པ་དང༌། ཡང་དཔལ་ཧེ་རུ་ཀ་རྡོ་རྗེ་གཙོ་བོ་ཡིན་པས། ཐམས་ཅད་ཀྱི་སྔོན་དུ་འོང་བའམ། ཡང་ན་ཕྱི་དག་ལ་འོང་བར་རིགས་པ་ལས། ཡང་དག་པར་སྤོང་བ་བཞིའི་གོང་དུ་བྱུང་བ་དང༌། ཡང་དཔའ་བོ་རྣམས་ཀྱི་དག་པ་ཧེ་རུ་ཀ་གཅིག་པོ་ལ་སྦྱར་ཏེ། དག་པ་གཞན་ཐམས་ཅད་དཔའ་མོ་ལ་སྦྱར་བའི་རྒྱུ་མཚན་གསུམ་བསམ་དགོས་པ་ལས། དང་པོ་ཡང་དག་པར་སྤོང་བ་བཞི་འོག་ཏུ་བསྟན་པ་ནི། སྤྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་གོ་རིམ་དབང་བཙན་དུ་བྱས་པ་དང༌། ལྷའི་གོ་རིམ་དབང་བཙན་དུ་བྱས་པ་གཉིས་ལས། འདིར་ལྷའི་གོ་རིམ་མ་འཁྲུགས་པར་བྱ་བའི་དོན་དུ། །ལྷའི་གོ་རིམ་དབང་བཙན་དུ་བྱས་ནས་ཡང་དག་སྤོང་བ་བཞི་འོག་ཏུ་བསྟན་པ་ཡིན་ལ། གཙོ་བོ་ཧེ་རུ་ཀའི་དག་པ་ཡང་དག་པའི་ཏིང་ངེ་འཛིན་ཕག་གི་གདོང་ཅན་གྱི་རྗེས་ལ་བསྟན་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་གོ་རིམ་དབང་བཙན་དུ་བྱས་ནས་བསྟན་པ་ཡིན་ནོ། །དག་པ་གཞན་ཐམས་ཅད་དཔའ་མོ་ལ་སྦྱར་ནས་འདིར་ཡང་དག་པའི་ཏིང་ངེ་འཛིན་གཅིག་པུ་དཔའ་བོ་ཧེ་རུ་ཀ་ལ་སྦྱར་བ་ནི། ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀའི་དག་པ་ཡིན་ལ། རྡོ་རྗེ་ཕག་མོའི་དག་པ་ཡང་དེ་ཡིན་པས། དེ་ཉིད་ལས་སྔར་གྱི་དཔའ་མོ་རྣམས་ཀྱི་དག་པ་དེ་ཉིད་དཔའ་བོ་རྣམས་ཀྱི་དག་པ་ཡང་ཡིན་བྱ་བར་གཅིག་པར་བསྟན་པའི་དོན་ཡིན་ལ། དག་པ་གཞན་ཐམས་ཅད་དཔའ་མོ་རྣམས་ལ་སྦྱར་བ་ནི། རྒྱུད་འདི་རྣལ་འབྱོར་མའི་རྒྱུད་ཡིན་པ་ལ་དགོངས་པའོ། །དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་སྦྱར་བ་བསྟན་ནས། ཡང་རྫོགས་པའི་རིམ་པ་བསྒོམ་པའི་སྐབས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་རྩ་དབུ་མར་ཚུད་པའི་ཉམས་མྱོང་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡོན་ཏན་སྐྱེ་བ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། སྒྲུབ་པ་པོ་དང་པོ་ཁ་ཟས་ཆ་མཉམ་སྟེ་བསམ་གཏན་གྱི་ཁང་པ་མཚན་ཉིད་དང་ལྡན་པར་ཁ་ཤར་དུ་བལྟས་ཏེ་འདུག་ལ། ཉིན་མོ་ལ་ཐུན་ཆུང་བཅོ་ལྔ། མཚན་མོ་ལ་ཐུན་ཆུང་བཅོ་ལྔར་བྱས་ཏེ་འཇམ་རླུང་ལ་ཟླ་བ་ཕྱེད་མན་ངག་བཞིན་དུ་བསླབས་པས། འབྱུང་བ་བཞིའི་རླུང་ཐ་མལ་པ་ཙ་ན་པ་དང་ཆུ་ཤས་ཆེ་བ་ལ་ཡོད། འཇམ་རླུང་ལ་བསླབས་པས་རླུང་དང་མེའི་ནུས་པ་ཤས་ཆེར་བསྐྱེད་པ་དང༌། ཆུའི་ནུས་པ་ཤས་ཆེར་བསྐྱུངས་པས་འབྱུང་བ་བཞིའི་རླུང་ཆ་མཉམ་པར་གྱུར་པ་ལས། དེའི་ཕན་ཡོན་ལུས་རས་བལ་གྱི་གཟེག་མ་ལྟར་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་འབྱུང་བ་ནི། ལུས་དྲན་པ་ཉེ་བར་བཞག་པ་བསྒོམ་པའོ། །དེ་ནས་རླུང་ཨ་ཝ་དྷཱུ་ཏཱིར་ཆུད་པར་འགྱུར་བས། ལུས་དང་སེམས་ལ་བདེ་བ་སྐྱེ་བ་ནི་ཚོར་བ་ཉེ་བར་བཞག་པ་དེ་ནས་ཆོས་གང་ཡང་ཡིད་ལ་མི་བྱེད་ཅིང་མི་རྟོག་པ་ནི། སེམས་དྲན་པ་ཉེ་བར་གཞག་པའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་ཡང་ལས་དང་པོ་པ་ནས་སངས་རྒྱས་ཀྱི་སའི་གནས་སྐབས་ཀྱི་བར་གྱི་ཆོས་ལ་སྦྱར་ཏེ། དེ་ཡང་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ལ་སོགས་པ་གཉིས་ནི། ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། སྔར་སྐྱེས་པ་རྣམས་སྤོང་བའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ལ་སོགས་པ་གཉིས་ནི། ཡེ་ཤེས་ཀྱི་རླུང་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་རྣམས་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །དེ་བཞིན་དུ་རྟོག་པ་གོང་ནས་གོང་དུ་འཕེལ་བར་རྫུ་འཕྲུལ་གྱི་གཞིར་རྩི་བའམ། རེས་འགའི་ཚེ་ནི་ལས་ཀྱི་རླུང་འགག་པ་དང༌། ཡེ་ཤེས་ཀྱི་རླུང་སྐྱེ་བ་ལ་འདུན་པ་དང༌། རྩོལ་བ་དང༌། དཔྱོད་པ་དང༌། སེམས་པ་དང༌། མཚུངས་པར་ལྡན་པའི་ཏིང་ངེ་འཛིན་བཞི་ལ་གསུང་ངོ༌། །དེ་བཞིན་དུ་དབང་པོ་ལྔ་ནི་ཡེ་ཤེས་ཀྱི་རླུང་ཅུང་ཟད་དབུ་མར་དབང་དུ་གྱུར་པ་ལ་བཞག སྟོབས་ལྔ་ནི་ཡེ་ཤེས་ཀྱི་རླུང་སྟོབས་ཆེ་སྟེ་ལས་ཀྱི་རླུང་འཇོམས་པར་ནུས་པ་ལ་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། ཁྱིམ་བཅུ་གཉིས་ཀྱི་ཁྱིམ་བཅུ་གཅིག་གི་རླུང་དགུ་བརྒྱ་ཕྲག་གཉིས་དབུ་མར་འགགས་པས་ས་དང་པོ་ཐོབ་པ་ལ་བྱའོ། །དེ་བཞིན་དུ་ས་བཅུ་གསུམ་པའི་བར་དུ་ཁྱིམ་བཅུ་གཉིས་ཀྱི་རླུང་དགུ་བརྒྱ་པ་ཕྲག་གཉིས་གཉིས་པ་བཅུ་གཅིག་དབུ་མར་འགགས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལྟ་བུའི་རྫོགས་པའི་རིམ་པ་དང་སྦྱར་བ་དེ་ནི་འདིར་ཉམས་སུ་ལེན་པ་ལ་མི་དགེས་ལ། སྐབས་འདིར་ཉམས་སུ་བླང་བ་ནི་གོང་མ་ལྟར་ཤེས་པར་བྱའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་སྐུ་ལམ་དུ་བྱེད་པ་བསྟན་ནས། ད་ནི་ལུས་ཀྱི་དཀྱིལ་འཁོར་ལ་སྔགས་ཀྱི་བྱིན་གྱིས་རློབ་པ་དང་བཅས་པ་ལོངས་སྐུ་ལམ་དུ་བྱེད་པ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་མངོན་པར་རྟོགས་པ་ནི་མངོན་རྟོགས་ཀྱི་ཡི་གེར་ཤེས་པར་བྱའོ། །ཡི་གེའི་དོན་ནི། དེ་ནས་ཏེ་ཕྱིའི་དཀྱིལ་འཁོར་བསྟན་པའི་རྗེས་ལའོ། །གཞན་ཡང་སྔར་གྱི་ཕྱིའི་དཀྱིལ་འཁོར་ལས་གཞན་དུ་གྱུར་པ་སྐུའི་དཀྱིལ་འཁོར་ནི། ལུས་ལ་རང་བཞིན་གྱིས་གནས་པའི་དཀྱིལ་འཁོར། མཆོག་ནི་ཕྱིའི་དཀྱིལ་འཁོར་ལ་ལྟོས་ནའོ། །གནས་ཀྱི་རིམ་པའི་སྦྱོར་བ་ནི་ནང་རང་གི་ལུས་ལ་གནས་པ་ལ་སོགས་པ་ཉི་ཤུ་རྩ་བཞི་རང་བཞིན་གྱིས་གནས་པའོ། །ས་བཅུ་ཡོངས་སུ་དག་པ་ནི་ལུས་ཀྱི་ཆ་ཤས་ཉི་ཤུ་རྩ་བཞི་ལ་ས་བཅུར་བཏགས་པ་ཡིན་ཏེ་དེ་ཡང་དེ་རྣམས་ན་གནས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་དབང་དུ་འདུས་པ་ལས་ས་བཅུའི་རྟོགས་པ་བྱུང་བས་དེ་སྐད་ཅེས་བྱའོ། །པུ་ཛཱ་ལ་སོགས་པའི་ཡི་གེ་རྣམས་ནི་རང་གི་དཔྲལ་བ་ནས་པུས་མོའི་བར་གྱི་ལུས་ཀྱི་ཆ་ཤས་རྣམས་ལ་ཡི་གེ་བཀོད་པ། དེ་དག་ལ་འཛམ་བུ་གླིང་གི་ཡུལ་དེ་དང་དེར་མོས་པ་བྱ་སྟེ། དེ་ཡང་བླ་མ་སུ་མ་ཏི་ཀཱིརྟི་ནི་འོད་ཀྱི་སྤྱིལ་པོ་ལྟ་བུར་བསྒོམ་གསུང༌། བླ་མ་ཐང་ཆུང་བས་ལུས་རང་ལ་བསྒོམ་གསུང༌། བླ་མ་ལོ་ཙཱ་བ་ནི་ཡི་གེ་དེ་དག་ལ་ཡུལ་དེ་དང་དེར་མོས་པ་བྱས་པས་ཆོག་སྟེ། དཔྲལ་བ་ཉིད་འཛམ་བུ་གླིང་ན་ཡོད་པའི་ཡུལ་པུལླཱི་ར་མཱ་ལ་ཡར་མོས་པ་བྱ་ཞིང༌། དེ་ན་ཡོད་པའི་རྩ་ལ་པུལླཱི་ར་མཱ་ལ་ཡ་ན་བཞུགས་པའི་དཔའ་མོ་རབ་ཏུ་གཏུམ་མོར་མོས་པ་བྱ། རྩའི་ནང་གི་བྱང་ཆུབ་ཀྱི་སེམས་ལ་ཞིང་སྐྱེས་ཀྱི་དཔའ་བོར་མོས་པ་བྱའོ། །གཞུང་ལ་དཔའ་མོ་སྨོས་པ་ནི། འདིར་རྣལ་འབྱོར་མའི་རྒྱུད་ཡིན་པ་ལ་དགོངས་པ་ཡིན་གྱི། དོན་གྱི་དཔའ་བོ་དང་དཔའ་མོ་ཁ་སྦྱོར་མེ་ལོང་གི་ནང་ན་གཟུགས་བརྙན་སྣང་བ་ལྟ་བུར་བསྒོམ་མོ། །དེ་ལྟར་ན་ཕྱིའི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་གཉིས་ཀ་ལ་ལྷ་སུམ་ཅུ་རྩ་བདུན་བཞུགས་པ་དེ་རྣམས་ཀྱི་ནང་ནས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་བྱེད་གང་ཡིན་ཞེ་ན། བླ་མ་ལ་ལ་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཟེར། ལ་ལ་བདེ་ཆེན་དང་དམ་ཚིག་གི་འཁོར་ལོ་གཉིས་ཀྱི་ལྷ་བཅུ་གསུམ་པོ་ཡིན་ཟེར་ཡང༌། བླ་མ་ལོ་ཙཱ་བ་ནི་ཀུན་ཏུ་སྤྱོད་པའི་རྒྱུད་ལས། འཁོར་ལོ་གསུམ་བདག་འདིས་སྒྲོལ་བྱེད། །ཅེས་གསུངས་པས་འཁོར་ལོ་གསུམ་གྱི་ལྷ་རྣམས་ཡིན་ཏེ། ད་ལྟ་འཛམ་བུ་གླིང་ན་བཞུགས་པས་སོ་གསུང་ངོ༌། །དེ་ཡང་ཞེས་པ་ལ་སོགས་པའི་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་ཚིག་དྲངས་པ་འདི་ནི་རང་གི་ལུས་ཀྱི་སྟོད་དང་བར་དང་སྨད་གསུམ་དུ་འཁོར་ལོ་གསུམ་བསྒོམ་པ་དང༌། དེ་ཡང་བསྐྱེད་པའི་ཆོ་ག་སྒྲ་ཚུལ་གཉིས་ལས་སྐད་ཅིག་ཙམ་གྱིས་བསྐྱེད་པའི་ལུང་ཡིན་ཏེ། དེ་ཡང་སྐུའི་འཁོར་ལོ་དང༌། གསུང་གི་འཁོར་ལོ་དང༌། ཐུགས་ཀྱི་འཁོར་ལོའི་དབྱེ་བས། དེའི་བརྡ་དང་ནི་ལུས་ཀྱི་ཡི་གེ་གསུམ་གྱི་ངོ་བོ་ཉིད་ཀྱིས་གནས་ཏེ། དེ་ཡང་ལྟེ་བ་ནས་ཨྃ་གྱི་སྟེང་ན་ཨོཾ་གྱི་ཐིག་ལེ་ཡོད་པ་དེ་སྐུའི་འཁོར་ལོའི་བརྡ། སྙིང་ག་ན་ཨཱཿའི་ཐིག་ལེ་བརྒྱ་བྱིན་གྱི་མིག་ལྟ་བུ་ཡོད་པ་དེ་གསུང་གི་འཁོར་ལོ་བརྡ། སྣ་རྩེ་ན་ཧཱུྃ་གི་ཐིག་ལེ་ཧཱུྃ་ཁ་སྦྱོར་ཡོད་པ་དེ་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་ངོ་བོ་ཉིད་ཀྱིས་གནས་པའི་བརྡའོ། །མཐོ་རིས་ནི་ལུས་ཀྱི་སྟོད་ཀྱི་ཆ་སྟེ་ཐུགས་ཀྱི་འཁོར་ལོ་གནས་པའོ། །མི་ཡུལ་ནི་ལུས་ཀྱི་བར་གྱི་ཆ་ལ་གསུང་གི་འཁོར་ལོ་གནས་པའོ། །ས་འོག་ནི་ལུས་ཀྱི་སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་གནས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་དེ་བསྐྱེད་པའི་ཚེ། ཕྱིའི་དཀྱིལ་འཁོར་ལྟར་བྱང་ཆུབ་པ་ལྔ་ལ་སོགས་པ་རིམ་གྱིས་བསྐྱེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྐད་ཅིག་གཅིག་ནི་རྒྱུ་སྒྲ་ཚུལ་གྱི་སྐད་ཅིག་གིས། སྐུ་གཅིག་གྱུར་ནི་འཁོར་ལོ་ལྔའི་ལྷ་རང་གི་ལུས་ལ་ཅིག་ཅར་དུ་བསྐྱེད་པའམ། ཡང་ན་རང་གི་ལུས་ཧེ་རུ་ཀ་ཡབ་ཡུམ་གྱི་རྟེན་དུ་བསྒོམ་པའོ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་བདག་ནི་ཕྱིའི་དཀྱིལ་འཁོར་གྱི་ལྷ་རྣམས་དང་དབྱེར་མེད་པར་མོས་པ་བྱ་བའམ། ཡང་ན་ཡི་གེ་ཙམ་ལས་ཡུལ་བསྐྱེད་ནས། དེར་ལྷ་རྣམས་སྐད་ཅིག་གིས་བསྐྱེད་པའམ། ཡང་ན་རྒྱུ་སྒྲ་ཚུལ་གཉིས་ཀྱིའམ། རྟེན་གྱི་སྐད་ཅིག་ཙམ་གྱིས་སོ། །སྐད་ཅིག་ནི་བརྟེན་པའི་ལྷའམ་འབྲས་བུ་ལྷ་བསྐྱེད་པ་ཡིན་ལ། དེ་ཉིད་གང་ཞེ་ན། སྔགས་ཏེ་དཔའ་བོ་དང༌། ཕྱག་རྒྱ་ཅན་ནི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནོ། །ཀུན་ནས་ཏེ། རྒྱུ་སྒྲ་ཚུལ། ཀུན་ཏུ་སྟེ། འབྲས་བུ་ལྷ་བསྐྱེད་པ། སྐད་ཅིག་སྟེ་ནི་རྟེན་དང་བརྟེན་པ་ཐམས་ཅད་ཐ་མི་དད་དུ་མོས་པ་བྱའོ། །སྐད་ཅིག་གིས་གསང་སྔགས་འདོན་པ་ནི། འོག་གི་ཨོཾ་ལ་སོགས་པ་བརྗོད་པའོ། །ཡང་ན་སྐད་ཅིག་གཅིག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཚུལ་གྱིས་སྐད་ཅིག་ཙམ་གྱི་ཡི་གེ་དང་མཚན་མ་ལ་སོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །རྣལ་འབྱོར་བདག་ནི་བཅོམ་ལྡན་འདས་མ་དང་ལྷན་ཅིག་པའི་བཅོམ་ལྡན་འདས་པའམ་དུས་གཅིག་ཏུ་འགྲུབ་པར་འགྱུར་བའོ། །སྐད་ཅིག་སྔགས་ནི་དཔའ་བོ་རྣམས་ཡིན་ལ། ཕྱག་རྒྱ་ཅན་ནི་དཔའ་མོ་རྣམས་དང་དུས་མཉམ་པ་ཉིད་དུ་ཤེས་རབ་དང་ལྡན་པའོ། །ཀུན་ནས་ཏེ་གཞལ་མེད་ཁང་དང་ཀུན་ཏུ་སྟེ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་སོ། །སྐད་ཅིག་ནི་ལྷན་ཅིག་ཏུ་རྫོགས་པའོ། །སྐད་ཅིག་གིས་ནི་གསང་སྔགས་འདོན་ནི་སྔགས་བརྗོད་པ་ཙམ་གྱིས་དུས་མཉམ་དུ་རྫོགས་པར་བསྒོམ་པའོ། །ཞེས་སློབ་དཔོན་པྲཛྙཱ་རཀྵི་ཏས་བཤད་དོ། །ཡང་ཀུན་ཏུ་སྤྱོད་པའི་རྒྱུད་དྲངས་པའི་ཚིགས་བཅད་གཉིས་པོ་འདི་ལ་བརྟེན་ནས་སྒྲུབ་ཐབས་རྒྱས་བསྡུས་གསུམ་གྱི་སྒོམ་ཁོག་གི་རྣམ་གཞག་མཛད་དེ། དེའི་མངོན་པར་རྟོགས་པ་ནི་མངོན་རྟོགས་ཀྱི་ཡི་གེར་ཤེས་པར་བྱའོ། །ཡི་གེའི་དོན་ནི་སྔར་བཤད་པ་ཉིད་དང་ཁྱད་པར་མེད་དོ། །ཨོཾ་ལ་སོགས་པའི་སྔགས་ཀྱི་དོན་ནི། ཨོཾ་ལ་སོགས་པའི་ཡི་གེ་གསུམ་བརྗོད་པས་གནས་གསུམ་གྱི་འཁོར་ལོ་གསུམ་དྲན་པར་བྱ་སྟེ། དེའི་དོན་ནི་མངོན་པར་རྟོགས་པའི་ཡི་གེར་ཤེས་པར་བྱའོ། །སརྦ་བཱི་ར་ནི་དཔའ་བོ་ཐམས་ཅད། ཡོ་གི་ནཱི་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ལ་སོགས་པའོ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ནི་དེ་རྣམས་ཀྱི་སྐུ་དང༌། གསུང་དང༌། ཐུགས། བཛྲ་ནི་རྡོ་རྗེ། སྭ་བྷ་ཝ་ནི་རང་བཞིན། ཨཱཏྨ་ཀོ྅་ཧཾ་ནི། ངའམ་བདག་ཡིན་ཞེས་པ་སྟེ། དེ་ཡང་ཕྱིའི་དཀྱིལ་འཁོར་དེ་དང་སྐུའི་འཁོར་ལོའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་དང་ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རང་བཞིན་ང་ཡིན་ཞེས་བྱ་བའི་ང་རྒྱལ་བྱ་བའི་དོན་ཏོ། །དེར་མ་ཟད་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཀྱང་འཁོར་ལོ་ལྔའི་ལྷར་མོས་པ་བྱས་ལ། དེ་རྣམས་དང་བདག་གི་ལུས་ཀྱི་ལྷ་ཐ་མི་དད་པས་མོས་པ་བྱ་ཞིང༌། དེ་ཡང་སྟོང་པ་ཉིད་དང་སྒྱུ་མ་ཙམ་གྱིས་རང་བཞིན་དུ་མོས་པ་བྱ་བ་ནི། ཨོཾ་བཛྲ་ཤུདྡྷཿཞེས་པ་ལ་སོགས་པ་བརྗོད་པས་སོ། །དེ་ཡང་བཛྲ་ནི་རྡོ་རྗེ། ཤུདྡྷཿདག་པ། སརྦ་དྷརྨཱཿནི་ཆོས་ཐམས་ཅད། ཡང་བཛྲ་ནི་རྡོ་རྗེ། ཤུདྡྷཿདག་པ། ཨ་ཧཾ་ནི་ང་ཡིན་ཞེས་པ་སྟེ། དེའི་དོན་ནི་སྐུ་གསུང་ཐུགས་རྡོ་རྗེར་དག་པའི་ཆོས་ཐམས་ཅད་དབྱེར་མི་ཕྱེད་པར་དག་པ་ང་ཡིན་ཞེས་པའི་དོན་ཏོ། །དེ་ལྟར་ལུས་ཀྱི་དཀྱིལ་འཁོར་ལ་སྔགས་ཀྱི་བྱིན་གྱིས་བརླབས་པ་དང་བཅས་པ་བསྟན་ནས། རྫོགས་པར་བྱེད་པའི་ཡན་ལག་གི་ཆོ་ག་ལ་བཞི་ལས། དང་པོ་གོ་ཆ་བཅིང་བ་ནི། མངོན་པར་རྟོགས་པ་རྒྱས་པ་དང་འབྲིང་གཉིས་ཀྱི་ཐུན་མོང་གི་ཆོ་ག་སྟེ། དེ་ཡང་གཙོ་ཆེར་ལོངས་སྐུ་བརྟན་པར་བྱེད་པའི་ཡན་ལག་གོ །གཉིས་པ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། རྒྱས་པ་དང་འབྲིང་གི་ཐུན་མོང་སྟེ། ཕྱིའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་གཉིས་ཀའི་ཡན་ལག་གོ །གསུམ་པ་དབང་བསྐུར་བ་ནི། རྒྱས་པ་དང་འབྲིང་གཉིས་ཀའི་ཐུན་མོང་སྟེ། དེ་ཡང་གཙོ་ཆེར་ཕྱིའི་དཀྱིལ་འཁོར་བརྟན་པར་བྱེད་པའི་ཡན་ལག་གོ །བཞི་པ་སྔགས་ཀྱིས་མཆོད་པ་ནི། མངོན་པར་རྟོགས་པ་རྒྱས་བསྡུས་གསུམ་ཀའི་ཐུན་མོང་གི་ཡན་ལག་ཡིན་ནོ། །དེ་ལ་གཞུང་ལས་སྔོན་དུ་གོ་ཆ་བཅིངས་ནས། དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པར་བཤད་པ་ནི། སློབ་དཔོན་མེད་པར་རང་དགར་འཇུག་པ་དགག་པའི་དོན་ཡིན་ལ། མངོན་པར་རྫོགས་པ་ཉམས་སུ་ལེན་པ་ལ་སྔོན་དུ་ཡེ་ཤེས་སེམས་དཔའ་བཅུག་ནས། དེ་ནས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་མི་འབྲལ་བར་བྱེད་པ་ལ་གཟེར་འདེབས་པའི་ཚུལ་དུ་གོ་ཆ་འཆིང་བ་ཡིན་ཏེ། དེ་དག་གི་འབྲེལ་ནི་མངོན་པར་རྟོགས་པ་རྒྱས་པའི་དབང་དུ་བྱས་ནས། དེ་ཡན་ཆད་ཀྱིས་དམ་ཚིག་སེམས་དཔའ་བསྐྱེད་པས་རྒྱུད་དག་པར་བྱས་ནས། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་པས་བདག་གི་རྒྱུད་བྱིན་གྱིས་རླབས། དེ་ལ་གོ་ཆ་བཅིངས་པས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་མི་འབྲལ་བར་བྱས། དེ་བརྟན་པར་བྱ་བའི་ཕྱིར་དབང་བསྐུར་བར་བྱ་བ་ཡིན་ཏེ། དེ་ལྟར་ན་གཞུང་འཁྲུགས་ཀྱང་སཾ་བྷ་ཏ་ཞེས་པ་དོན་འབྲེལ་པ་ཡིན་ནོ། །ཡི་གེའི་དོན་ནི། དེ་ནས་ཏེ་གཞུང་བཤད་པ་ལ་སྔགས་ཀྱི་བྱིན་གྱིས་བརླབས་པའི་རྗེས་ལ་ཡིན་ཡང༌། མངོན་པར་རྟོགས་པ་ཉམས་སུ་ལེན་པ་ལ། ཡེ་ཤེས་སེམས་དཔའ་བཅུག་པའི་རྗེས་ལའོ། །གོ་ཆ་གཉིས་ནི་ཡབ་ཡུམ་གཉིས་ཀྱིའོ། །དེའི་ཡང་སྔོན་དུ་ཡེ་ཤེས་སེམས་དཔའ་གཞུག་པ་ནི། ཡེ་ཤེས་འཁོར་ལོ་སྟེ། ཕྱོགས་བཅུ་ན་རང་བཞིན་གྱིས་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རྣམ་པར་བསྒོམ་པ་ནི་དམ་ཚིག་པ་ལ་གཞུག་པའོ། །དེའི་སྦྱོར་བ་གང་ཞེ་ན། སྔགས་ཏེ་ཕེཾ་དང༌། ཕྱག་རྒྱ་ནི་འབར་བའི་ཕྱག་རྒྱ་སྟེ་དེ་གཉིས་ཀྱི་སྦྱོར་བ་ཤེས་པས་སོ། །དེ་གང་ལ་གཞུག་ཅེ་ན། དམ་ཚིག་གི་འཁོར་ལོ་སྟེ་ཕྱིའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་ལ། མྱུར་དུ་སྟེ་དེ་མཆོད་པ་ལ་སོགས་པ་ལ་མི་ལྟོས་པར་རམ། ཡང་ན་སྤྱན་དྲངས་ཏེ། མཆོད་པའི་རྗེས་ཁོ་ན་ལ་གཞུག །ཅེས་པའི་དོན་ཏོ། །གོ་ཆ་བཅིང་བ་ལ་བཤད་པའི་རྒྱུད་ཀྱི་དགོངས་པ་གཉིས་ཡོད་པ་ལས། ཀུན་ཏུ་སྤྱོད་པའི་རྒྱུད་ལྟར་ན་སྔགས་དང་ལྷ་རྣམས་ནི་དབྱེར་མེད་པ་ཡིན་པའི་ཕྱིར། ཡབ་ཡུམ་གཉིས་ཀྱི་གནས་སོ་སོར་ཟླ་བའི་སྟེང་དུ་སྔགས་ཁ་དོག་སོ་སོར་བསྒོམས་ནས་ལྷར་ང་རྒྱལ་བྱེད་པ་ཙམ་ཡིན་ལ། ངེས་པར་བརྗོད་པའི་རྒྱུད་བླ་མའི་དགོངས་པ་སློབ་དཔོན་ཀཾ་པ་ལས་བསྐངས་པ་ལྟར་ན་ཟླ་བའི་སྟེང་དུ་སྔགས་རྣམས་གྱུར་པ་ལས་ཆོ་ག་གསུམ་གྱིས་ལྷའི་སྐུར་བསྐྱེད་པ་ཡིན་ཏེ། གཉིས་པོ་དེའི་བསྒོམ་པའི་རིམ་པ་ནི། མངོན་པར་རྟོགས་པའི་ཡི་གེ་ལས་ཤེས་པར་བྱའོ། །དེ་དག་གི་གནས་ནི། སྙིང་ག དཔྲལ་བ། སྤྱི་གཙུག ཕྲག་པའི་སྟེང་གཉིས། མིག་གཉིས། ཡན་ལག་ཐམས་ཅད་ལ་ནི་སློབ་དཔོན་པྲཛྙཱ་རཀྵི་ཏས་ཤ་དང་པགས་པའི་བར་ཐམས་ཅད་ལ་བཤད་ལ། བླ་མ་བགྲེས་པོ་རྣམས་ནི། དཔུང་པ་གཉིས། བརླ་གཉིས། དཔྲལ་བ་དང་ལྔ་ལ་བཞེད་དོ། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་ཡི་གེ་ནི་རྟོགས་པར་སླ་ལ། སྔགས་ཀྱི་མཆོད་པ་ནི་མཆོད་སྔགས་དང་བཟླས་པའི་སྔགས་གཉིས་སུ་ཇི་ལྟར་བཟླས་པ་མངོན་པར་རྟོགས་པའི་ཡི་གེར་ཤེས་པར་བྱའོ། །དེ་ཡང་གཙོ་བོ་ཡབ་ཡུམ་གྱི་སྔགས་ལ་ནི་མཆོད་སྔགས་དང་བཟླས་སྔགས་གཉིས་ཀ་ལ་ཁྱད་པར་མེད་ལ། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་གཞུང་འོག་ཏུ་བྱུང་ཡང་ཉམས་ལེན་ལ། གཙོ་བོ་ཡབ་ཡུམ་གྱི་སྔགས་ཀྱི་རྗེས་ལ་ཞལ་བཞི་པའི་སྔགས་དང་སྦྲེལ་ལ་བཟླས། སྒོ་མཚམས་མ་བརྒྱད་རྐང་པ་བརྒྱད་དང་སྦྲེལ་ལ་བཟླས། དེ་ཡང་མཆོད་སྔགས་ལ་ནི་བཅད་པ་མེད་ལ། བཟླས་པའི་སྔགས་ལ་སྙིང་པོའི་རྣལ་འབྱོར་མ་བཞི་མན་ཆད་ལ་ཡབ་ཀྱི་ཧཱུྃ་ཕཊ་བཅད། ཡུམ་རྣམས་ཀྱི་ཨོཾ་བཅད་ལ་བཟླས་སོ། །དབང་བསྐུར་བ་ནི་མངོན་པར་རྟོགས་པའི་ཡི་གེར་བསྟན་པས་འདིར་རྟོགས་པར་སླའོ། །གཏོར་མའི་རྣལ་འབྱར་ཡང་མངོན་པར་རྟོགས་པའི་ཡི་གེར་ཤེས་པར་བྱའོ། །དེ་ལྟར་གཏོར་མའི་རྣལ་འབྱོར་བྱས་པའི་རྗེས་ལ་རྫོགས་པའི་རིམ་པ་གང་རུང་ཅིག་བསྒོམ། དེ་ནས་བཟླས་པ་བྱའོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་བྱ་བ་ནི། མཉམ་པར་བཞག་པའི་རྗེས་ལ་དག་པ་དྲན་པར་བྱ་བ་དང༌། ཞལ་བཞི་པའི་སྔགས་བརྗོད་དེ། སྲུང་བའི་འཁོར་ལོ་བྱ་བ་དང༌། བསྐྱེད་པའི་རིམ་པ་བརྟེན་པར་བྱ་བའི་ཕྱིར། རྗེས་སྤྱོད་ལམ་གྱི་གནས་སྐབས་སུ་རེས་འགའ་རུས་པའི་རྒྱན་དྲུག་བཏགས་ཏེ་སྤྲོས་བཅས་ཀྱེ་སྤྱོད་པ་བྱ་བ་དང༌། གནས་སྐབས་ཐམས་ཅད་དུ་རྐྱང་པ་བརྒྱད་པའི་སྔགས་བརྗོད་ཅིང་རང་ལྷའི་ང་རྒྱལ་བརྟན་པར་བྱས་ལ། གཟུགས་ལ་སོགས་པའི་འདོད་པའི་ལོངས་སྤྱོད་ཐམས་ཅད་ལྷར་དམིགས་ལ་བདག་ཉིད་ལ་མཆོད་པའི་བསམ་པས་ལོངས་སྤྱད་པའོ། །དེའི་དང་པོ་ལ་གཉིས་ཏེ། ཁམས་ཀྱི་དག་པ་དྲན་པ་དང༌། རྒྱན་ཆའི་དག་པ་དྲན་པའོ། །དང་པོ་ལ་གཉིས་ལས། དག་བྱེད་ལྷའི་དག་བྱ་ཁམས་དག་པར་བྱ་བ་ནི། སེན་མོ་དང་པོ་དག་ལ་ནི། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་བཟླས་པ་བྱ་བའི་རྗེས་ལ་དག་པ་རྗེས་སུ་དྲན་པ་བསྒོམ་པའི་ཚེ། སྔར་བསྐྱེད་རིམ་རྒྱས་བསྡུས་གསུམ་པོ་གང་བསྒོམས་པའི་ལྷ་རྣམས་གསལ་བར་བྱས་ལ། རང་གི་ཐ་མལ་པའི་སེན་མོ་དང་སོ་དག་ནི་ཐ་མལ་པའི་སེན་མོ་དང་སོ་མ་ཡིན་ཏེ། ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ་ཡིན་ཞེས་པ་ལ་སོགས་པ་དྲན་པར་བྱའོ། །དེ་ལ་འདིར་ཁམས་ཀྱི་དག་པ་དཔའ་མོ་ལ་མ་སྦྱར་བར་དཔའ་བོ་ལ་སྦྱར་བ་ནི། དཔའ་བོ་རྣམས་རགས་པ་ཡིན་པ་དང༌། ཁམས་ཀྱང་རགས་པ་ཡིན་པས་ཁམས་ཀྱི་དག་པ་དང་སྦྱར་བ་ཡིན་ལ། དཔའ་མོ་རྣམས་ནི་གཙོ་བོར་ཕྲ་བ་རྩའི་རྣམ་པར་དག་པ་ཡིན་པས་འདིར་མ་སྨོས་ཀྱང་དཔའ་མོ་རྣམས་ཀྱང་དོན་གྱིས་ཤེས་པར་བྱའོ། །གཉིས་པ་དག་བྱེད་སྔགས་ཀྱིས་དག་བྱ་ཁམས་དག་པར་བྱ་བ་ནི། དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་སོགས་པར་བརྟག །ཅེས་སྨོས་ཏེ། དཔའ་བོ་ཉི་ཤུ་རྩ་བཞི་ནི་དག་བྱེད་སྔགས་ཉི་ཤུ་རྩ་བཞི་ཡིན་ལ། ལུས་ཀྱི་ཁམས་ལ་སོགས་པ་བརྟག་པ་ནི། སྔར་གྱི་ལུས་ཀྱི་ཁམས་རྣམས་ལྷར་དྲན་པར་བྱ་བ་ཡིན་ལ། འདིར་ནི་ལུས་ཀྱི་ཁམས་རྣམས་དག་བྱེད་སྔགས་ཉི་ཤུ་རྩ་བཞིར་དྲན་པར་བྱའོ། །རྒྱན་ཆའི་དག་པ་དྲན་པ་ནི། བསྒོམ་པ་དང་དངོས་སུ་བརྟགས་པ་གཉིས་ཀའི་དག་པ་དྲན་པ་ཡིན་ཏེ། རྩ་བའི་སྔགས་ནི་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའོ། །སོགས་ཀྱིས་ཀ་ར་ཀ་ར་ལ་སོགས་པ་ཡང་བསྡུས་ཏེ་དེ་ནི་དག་བྱེད་དོ། །མཆོད་ཕྱིར་ཐོགས་ལ་སོགས་པ་དག་བྱ་སྟེ། དེ་ཡང་མཆོད་ཕྱིར་ཐོགས་ནི་རྩ་བའི་སྔགས་ཀྱི་ངོ་བོར་མོས་པ་བྱས་ལ། སོགས་ཀྱིས་བསྡུ་བ་རྒྱན་ཆ་གཞན་ཡང་རྐང་པ་བརྒྱད་པ་དང་ཀ་ར་ཀ་ར་ལ་སོགས་པ་ཡིན་ནོ། །ཞེས་སྤྱིར་བསྟན་པ་ཙམ་ཡིན་ཏེ། འདི་གྲུབ་ན་ཕྱག་རྒྱ་དྲུག་ལ་ལེན་དྲུག་ཏུ་མོས་པ་བྱ་གསུང༌། གོ་ཆའི་དཔའ་བོ་དྲུག་ཅེས་པ་སྦྱར་ལ་དེ་ཡང་བཅོམ་ལྡན་འདས་ཀྱི་སྔགས་དྲུག་སྟེ་དག་བྱེད་དོ། །ཕྱག་རྒྱ་དྲུག་ཅེས་པ་ནི་དག་བྱ་སྟེ་རུས་པའི་རྒྱན་ཆ་དྲུག་སྔགས་དྲུག་ཏུ་མོས་པ་བྱེད་པ་སྟེ། དེ་ཡང་སྤྱི་བོའི་རུས་པའི་འཁོར་ལོ་ཨོཾ་ཧྃ་ཡིན་ཞེས་བྱ་བ་ནས། ཐལ་བ་དང༌། ཚངས་པའི་སྐུད་པ་ཕཊ་ཧྃ་ཡིན་ཞེས་པའི་བར་དུ་མོས་པ་བྱེད་ཅིང་དངོས་སུ་ངག་ཏུ་ཡང་བརྗོད་གསུང༌། དེ་ལྟ་བུའི་རུས་པའི་རྒྱན་ཆ་དྲུག་དཔའ་བོའི་གོ་ཆའི་སྔགས་དྲུག་ཏུ་མོས་པ་བྱས་པ། འདི་ཡིས་རང་གི་ལུས་མཛེས་ཏེ། །ཞེས་པ་སྔ་མའི་མཇུག་སྡུད་དོ། །ཡང་ན་འདི་འོག་མ་དང་འབྲེལ་བའི་དབང་དུ་བྱས་ན། རུས་པའི་རྒྱན་དྲུག་པོ་གོ་ཆ་དྲུག་དག་པ་ཡང་ཡིན་ལ། ཡང་ཡུམ་གྱི་རྩ་བའི་སྔགས་ལ་སོགས་པ་དག་པ་ཡང་ཡིན་པས། ཕྱག་རྒྱ་འདི་ཡིས་ལུས་མཛེས། ཞེས་པ་རུས་པའི་རྒྱན་དྲུག་རང་ལ་བྱ་ཡང་གསུང་སྟེ་སྔ་མ་གཟུང་ངོ༌། །རྡོ་རྗེ་ཕག་མོའི་སྔགས་ནི་རྩ་བའི་སྔགས་ཏེ་དག་བྱེད་དོ། །མགྲིན་པའི་རུས་པའི་མགུལ་དོ་ནི་དག་བྱ་མགྲིན་པའི་རུས་པའི་མགུལ་དོ་སྟེ་ཡུམ་གྱི་རྩ་བའི་སྔགས་སུ་མོས་པ་བྱའོ། །སྙིང་པོའི་སྔགས་ནི་ཡབ་ཀྱི་སྙིང་པོ་སྟེ་དག་བྱེད་དེ། དེའི་དག་བྱ་ནི་དཔའ་བོ་ཟེར་ཡང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྐུ་ལ་ཡོད་པའི་ཕྲེང་བ་ནི། མི་མགོ་རློན་པ་བརྒྱའི་ཕྱེད་ནི་ལྔ་བཅུ་སྟེ་དེས་དོ་ཤལ་དུ་བརྒྱན་པ་དེ་སྙིང་པོའི་སྔགས་ཀྱི་ངོ་བོར་མོས་པ་བྱའོ། །གསང་སྔགས་ཡི་གེ་བདུན་ནི་ཡབ་ཀྱི་སྙིང་པོ་ཡི་གེ་བདུན་པ་སྟེ་དག་བྱེད་དོ། །རུས་པའི་རྒྱན་ཆ་ཡིས་ནི་རྣ་བར་བརྒྱན་ནི་དག་བྱ་སྟེ། རུས་པའི་རྒྱན་ཆ་དེ་སྔགས་དེར་མོས་པ་བྱའོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་ནི། ཡུམ་གྱི་ཉེ་བའི་སྙིང་པོའོ། །ཨོཾ་སརྦ་ཤུདྡྷ་ལ་སོགས་པ་སྟེ་དག་བྱེད་དོ། །པགས་པའི་གོས་ནི་དག་བྱ་སྟེ། གླང་པོ་ཆེའི་པགས་པ་དང༌། སྟག་གི་པགས་པའི་ཤམ་ཐབས་ཏེ་ཡུམ་གྱི་ཉེ་བའི་སྙིང་པོའི་སྔགས་སུ་མོས་པ་བྱའོ། །རྣལ་འབྱོར་མ་དྲུག་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་དྲུག་ཡིན་ལ། དེའི་སྔགས་ནི་དག་བྱེད་ཨོཾ་བྃ་ལ་སོགས་པ་ཡུམ་གྱི་ཆོ་གའི་སྔགས་སོ། །སྐ་རགས་ནི་རུས་པའི་སྐ་རགས་ཏེ་དག་བྱ་ཡིན་ལ། དེ་དཔའ་མོའི་གོ་ཆ་དྲུག་ཏུ་མོས་པ་བྱས་པས་རྣམ་པར་བརྒྱན་པའོ། །འཁོར་ལོ་ཀུན་ནི་འཁོར་ལོ་ལྔ་ཡིན་ལ། དེ་རྣལ་འབྱོར་མ་ནི་ཌཱ་ཀི་ལ་སོགས་པ་སུམ་ཅུ་རྩ་དྲུག དེ་དག་ནི་སྔགས། ཨོཾ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་ལ་སོགས་པ་སུམ་ཅུ་རྩ་དྲུག་སྟེ་དག་བྱེད་དོ། །བཏུང་བའི་ཐོད་པ་ནི་ལྷ་ཐམས་ཅད་ཀྱི་ཕྱག་གཡོན་ན་ཡོད་པའི་ཐོད་པ་རྣམས་དག་བྱ་སྟེ། དེ་དག་སྔགས་དེ་རྣམས་སུ་མོས་པ་བྱ་བ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་སྔགས་ནི་ཡུམ་གྱི་སྙིང་པོ་གང་ཡིན་པ་དེ་དག་བྱེད་དོ། །ཐོད་པ་ནི་ཐོད་པ་སྐམ་པོ་ལྔ་ཡིན་ལ། དེས་ལྷ་ཐམས་ཅད་ཀྱི་མགོ་བོར་ཏེ་དཔྲལ་བའི་སྟེང་དུ་རྣམ་པར་བརྒྱན་པ་སྟེ། ཡུམ་གྱི་སྙིང་པོའི་སྔགས་སུ་མོས་པ་བྱའོ། །འདི་དག་གི་འཕྲོ་ནི་འོག་ནས་འབྱུང་བའི་ཁ་ཊྭཱཾ་ག་ནི་ལྷའི་སྐུ་ཞེས་པ་ལ་སོགས་པ་སྟེ། དེ་དག་ཀྱང་འདིར་སྦྱངས་ལ་དག་པ་ཕྱོགས་གཅིག་ཏུ་དྲན་པར་བྱའོ། །དེ་དག་ནི་བླ་མ་ཕམ་ཐིང་པ་ལ་སོགས་པ་རྣམས་ནི་མཉམ་པར་གཞག་པའི་རྗེས་ལ་དག་པ་དྲན་པར་བསྒོམ་པར་བཞེད། །བླ་མ་ནཱ་རོ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ནི་མཉམ་གཞག་རང་དུ་འདོད། བླ་མ་ལོ་ཙཱ་བ་ནི་ཉམས་ལེན་མཛད་ཙ་ན་དག་པ་དྲན་པ་བརྗེད་ཀྱི་དོགས་ནས་བསྐྱེད་རིམ་མཉམ་གཞག་གི་རྗེས་རང་ལ་དག་པ་དྲན་པ་བསྒོམས་ནས་དེ་ནས་མཆོད་པ་ལ་སོགས་པ་མཛད་གསུང་ངོ༌། །གཉིས་པ་ཞལ་བཞི་པའི་སྔགས་བརྗོད་དེ། སྲུང་བའི་འཁོར་ལོ་བྱ་བ་ནི། དེ་ལྟར་བདག་ཉིད་རྣམ་པར་བསམས་ཏེ་ཞེས་པ་ནི་སྔར་བསྟན་པ་དེ་ལྟར་བདག་ཉིད་མཉམ་པར་གཞག་པའི་རྗེས་ལ་དག་པ་དྲན་པ་དེ་རྣམས་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ཏེ། དེ་ནས་སྟན་ལས་ལངས་ནས་སྤྱོད་ལམ་བྱེད་པའི་ཚེ། སྔར་བསྒོམས་པའི་སྲུང་བའི་འཁོར་ལོ་བཞག་པའི་དུར་ཁྲོད་ཚུན་ཆད་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་རང་གཙོ་བོ་ཡབ་ཡུམ་ལ་བསྡུས་ལ། རང་ལ་དཔའ་བོ་དང་དཔའ་མོའི་གོ་ཆ་བཅིངས་ནས་སྟན་ལས་ལངས་ཏེ། ཚམ་ངམ་སྔགས་ནི་ཕྱག་བཅུ་གཉིས་པའི་ང་རྒྱལ་གྱིས་སེ་གོལ་གཏོགས་ཤིང༌། སུམྦྷ་ནི་ཕྱོགས་གཡོན་སྐོར་མཚམས་གཡས་སྐོར་དུ་བརྗོད་པ་སྔོན་དུ་འགྲོ་བས་ཤིན་ཏུ་བསྲུང་ནི་སྲུང་བའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། དེ་ནས་འོག་ཏུ་འབྱུང་བའི་རང་ལྷག་པའི་ལྷ་སྦྱོར་བས། །སེམས་ཅན་ཀུན་ལ་བརྟག་པར་བྱ། །ཞེས་པའི་ཚིག་གཉིས་པོ་འདིར་སྦྱར་ལ། །རྗེས་ཀྱི་སྤྱོད་ལམ་བྱེད་པའི་དུས་སུ་རང་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ་བ་ནི། རང་ལྷག་པའི་ལྷ་ཕྱག་བཅུ་གཉིས་པའི་ང་རྒྱལ་དུ་རྟག་ཏུ་སྦྱོར་ཞིང་བསྒོམ་པ་དེས། སེམས་ཅན་ཀུན་ལ་བརྟག་པར་བྱ། །མིག་གིས་སེམས་ཅན་གང་མཐོང་བ་ཐམས་ཅད་བཅོམ་ལྡན་འདས་ཕྱག་བཅུ་གཉིས་པ་ཡབ་ཡུམ་གྱི་སྐུར་མོས་པ་བྱ། སྒྲ་ཐམས་ཅད་རྐང་པ་བརྒྱད་པའི་སྔགས་སུ་མོས་པ་བྱ། དེ་དང་ལྡན་པས་སྤྱོད་ལམ་བྱེད་པའི་ཚེ། ངག་དག་པ་རྐང་པ་བརྒྱད་པའི་སྔགས་བརྗོད་ཅིང་རང་ལ་མཆོད་པ་བྱ་བ་ནི། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད་ཅེས་སྨོས་ཏེ། དེ་ཡང་འགྲོ་བ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི་སྔགས་བརྗོད་ཅིང༌། མཆོད་ཅེས་པ་ནི། ཏིང་ངེ་འཛིན་གྱིས་གཟུགས་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་ལྷར་དམིགས་ཏེ། དེ་རྣམས་ཀྱིས་བདག་ཉིད་ལ་མཆོད་པའི་བསམ་པས་ལོངས་སྤྱད་པའོ། །དེའི་ཚེ་འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ་ནི་བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པར་བསྟན་ནས། བར་ཆད་བྱེད་པ་བྱུང་ན་ཡང་འཇིགས་པ་མེད་པར་བྱ་བའམ། ཡང་ན་འཇིགས་པ་ཐམས་ཅད་འདོད་པའི་ལོངས་སྤྱད་ཐམས་ཅད་ལ་སྤྱད་དུ་རུང་ངམ་མི་རུང་སྙམ་པའི་འཇིགས་པ་སྟེ། དེ་སྤངས་ལ་ཐམས་ཅད་ལྷར་བྱས་ཏེ། འཇིགས་པ་དང་ཉམ་ང་བ་མེད་པར་ལོངས་སྤྱད་པར་བྱའོ། །དེའི་དོན་བསྡུ་བ་ནི། དེ་ལྟར་གཟུགས་ལ་སོགས་པ་ཐམས་ཅད་ལྷར་བྱས་ཏེ་འཇིགས་པ་མེད་པར་ལོངས་སྤྱད་པར་རྣལ་འབྱོར་པ་བདག་ཉིད་ཀྱིས་བསམ་མོ། །དེ་ལྟ་བུ་དེ་གང་གི་སྡོམ་པ་ཡིན་ཞེ་ན། འཁོར་ལོ་བདེ་མཆོག་སྡོམ་པ་ལ་ཞེས་པ་སྟེ། དེ་ནི་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པའི་སྡོམ་པ་ཡིན་ནོ། །དེ་ལྟ་བུ་དེ་ལ་བློ་སྟེ་སྒྲུབ་པ་པོ་ཤེས་རབ་དང་ལྡན་པ་ལམ་འདི་ལ་ཞུགས་པའི་སྒྲུབ་པ་པོ་དེས་སྤྱོད་ལམ་ཐམས་ཅད་དུ་དེ་ལྟར་རྣམ་པར་སྤྱོད་པ་ཡིན་ནོ། །དེ་ཐམས་ཅད་བསྡུས་ནས་བསྟན་པ་ནི་ཚངས་པར་སྤྱོད་པ་རྟག་གྱུར་ནས། ཞེས་སྨོས་ཏེ། དེ་ཡང་ཚངས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་པར་བྱ་བའི་དོན་དུ་སྤྱོད་པ་ནི། རྣལ་འབྱོར་པ་རྣམ་པ་བཞི་ལ་རྟག་ཏུ་བརྟེན། རྒྱུན་དུ་གནས་ན་ཐ་མལ་པའི་ཉེས་པས་མི་གོས་པ་ནི། ཚངས་པར་སྤྱོད་པ་རྟག་ཏུ་གྱུར་ནས་ཞེས་བྱའོ། །རིགས་ལྔ་ལ་ནི་ཞེས་པ་ལ་སོགས་པས་བསྐྱེད་རྫོགས་བརྟན་པར་བྱེད་པའི་སྤྱོད་པ་སྟོན་ཏེ། དེ་ལ་སྤྱིར་སྦྱིན་བྱ་དབང་བཞི་བྱིན་ནས། བསླབ་བྱ་བསྐྱེད་རྫོགས་གཉིས་ལ་བསླབས་ཏེ་གྲོགས་སྤྱོད་པ་བཞིས་བརྟན་པར་བྱས་ནས། ཐོབ་བྱ་མཆོག་དང་ཐུན་མོང་གཉིས་ཐོབ་པ་ལས། དེ་ཡན་ཆད་ཀྱིས་བསྐྱེད་པའི་རིམ་པ་ཐམས་ཅད་རྫོགས་པར་བསྟན། རྫོགས་པའི་རིམ་པ་གཞུང་འོག་ནས་འབྱུང་ཡང་དོན་སྔར་བསྟན་པའི་དབང་དུ་བྱས་ནས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྟན་ནས། སྐབས་འདིར་སྤྱོད་པ་སྟོན་པ་ལ། དེ་ལ་གཉིས་ཏེ། རང་དོན་གྱི་སྤྱོད་པ་དང༌། གཞན་དོན་གྱི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། བསྐྱེད་རིམ་བརྟན་པར་བྱེད་པའི་སྤྱོད་པ་སྤྲོས་བཅས་དང༌། རྫོགས་རིམ་བརྟན་པར་བྱེད་པའི་སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དོ། །དང་པོ་ནི། རྗེས་སྤྱོད་ལ་རུས་པའི་རྒྱན་དྲུག་བཏགས་ནས་བསྐྱེད་རིམ་གསལ་འདེབས་པར་བྱེད་པ་སྟེ། འོག་གི་ཁ་ཊྭཱཾ་ག་ནི་ལྷའི་སྐུ། ཞེས་པ་ལ་སོགས་པའི་ཚིག་བཞི་དང༌། འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཅིག་གིས་སྟོན་ཏོ། །གཉིས་པ་རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ་ནི། སྤྱིར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དེ་བླང་དོར་ཐམས་ཅད་དང་བྲལ་བ་ཡིན་པ་ལ། རྫོགས་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པ་དེ། དེའི་སྟེང་དུ་བློ་འགྲོར་མ་བཏུབ་པར་གྲོགས་ཕྱག་རྒྱ་བསྟེན་པ་ལ་རིགས་ལ་བཟང་ངན་དང་བཟའ་བཏུང་ལ་སོགས་པ་ལ་ཞིམ་མི་ཞིམ་དང་གཙང་མི་གཙང་ལ་སོགས་པའི་བླང་དོར་དང་འཇིག་རྟེན་གྱི་ཆོས་བརྒྱད་ལ་བླང་དོར་དང༌། རྗེས་ཀྱི་དུས་སུ་ཡུལ་གྱི་རྐྱེན་གྱིས་གནོད་ན་དེ་སྤང་བའི་ཕྱིར། ཉིན་མོ་བྲམ་ཟེ་ལ་སོགས་པ་རང་གི་སྤྱོད་པ་བྱེད་ཅིང༌། མཚན་མོ་གྲོགས་ཕྱག་རྒྱ་དང་ཟས་ཀྱི་ཁྱད་པར་ཤ་ལྔ་ལ་ལོངས་སྤྱོད་པ་དང་བཅས་པ་དང༌། རིགས་ལ་སོགས་པ་ལ་བླང་དོར་གྱི་རྟོག་པ་མེད་པར་གསང་སྤྱོད་བྱེད་པ་ནི། རིགས་ལྔ་ལ་ནི་ཀུན་སྤྱོད་པ། །ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། ཕྱིའི་ཡུལ་རྐྱེན་གྱིས་མི་གནོད་པའི་སྟེང་དུ་ཡུལ་བརྟན་པས་ལྷར་རྟོགས་པའི་གྲོགས་སུ་འགྲོ་བའི་ཚེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ་ནི་རྣམ་པར་མི་རྟོག ཅེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །དེ་ལྟར་རང་དོན་གྱི་སྤྱོད་པ་གསུམ་རིམ་གྱིས་སྤྱད་པས་དྲོད་དང་ཡེ་ཤེས་ཁྱད་པར་ཅན་སྐྱེ་སྟེ། བསད་པ་གསོ་བ་ལ་སོགས་པའི་ནུས་པ་ཐོབ་པའི་རྣལ་འབྱོར་པ་དེས། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་བ་ནི། དོགས་པ་ཐམས་ཅད་རྣམ་སྤངས་ཏེ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཅེས་པས་བསྟན་ཏེ། དེ་ཡང་སློབ་དཔོན་བིརྺ་པ་ལྟ་བུར་ཉམ་ང་མེད་པས་སེམས་ཅན་མང་པོ་གསོད་པར་སྣང་བ་དང༌། ཉི་མ་དང་ཟླ་བ་འཛིན་པར་སྣང་བ་དང༌། ཆུ་བོ་གྱེན་ལ་བཟློག་པ་ལ་སོགས་པ་གཞན་དོན་དུ་བྱེད་པའོ། །ད་ནི་ཆོས་སྐུ་ལམ་དུ་བྱེད་པ་རྫོགས་པའི་རིམ་པ་བསྒོམ་པ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་བསྐྱེད་པའི་རིམ་པ་རྒྱས་པ་དང༌། འབྲིང་དང༌། བསྡུས་པ་གསུམ་གང་རུང་ཅིག་ལ་གནས་ནས། རྫོགས་པའི་རིམ་པ་བསྒོམ་པ་ནི། གསུམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་དང༌། ཡི་གེ་བསྡུ་བ་དང༌། ཐིག་ལེ་བསྡུ་བའོ། །དེ་དག་གི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་ནི། མངོན་པར་རྟོགས་པའི་ཡི་གེར་ཤེས་པར་བྱ་ལ། ཡི་གེའི་དོན་ནི། རྡོ་རྗེ་སེམས་དཔའ་བསྡུ་བ་ལྟར་ན། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་བསྒོམ་པ་ནི། ཨཱ་ལི་ཞེས་པ་ཨཱ་ལིའི་བརྡས་བསྟན་པ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན། ཀཱི་ལི་ནི་ཀཱ་ལིའི་བརྡས་བསྟན་པའི་དཔའ་བོ་ཉི་ཤུ་རྩ་ལྔ། མདུན་ཞེས་པ་ནི་པཱུརྺའི་སྒྲ་དོན་དུ་མ་ལ་འགྲོ་བ་ལ། འདིར་དང་པོའམ་སྔོན་དུ་བསམས་ནས་ཞེས་པའི་དོན་ཡིན་ནོ། །རྣལ་འབྱོར་ཆེན་པོ་ནི། བསྐྱེད་པའི་རིམ་པ་ལ་གནས་ནས་རྫོགས་རིམ་བསྒོམ་པར་འདོད་པའི་རྣལ་འབྱོར་པ་དེས། ངལ་བསོ་སྟེ་ཞེས་པ་ནི་བསྐྱེད་པའི་རིམ་པ་ལ་གནས་ནས་རྫོགས་པའི་རིམ་པ་ལ་ངལ་བསོ་བའོ། །དེ་ཡང་ཇི་ལྟར་ངལ་བསོ་ཞེ་ན། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། དཔེ་ཟླ་བ་ཉ་གང་བ་ལྟ་བུ་ཞིག་ལྟེ་བའི་རྩ་བ་ནི། གཙོ་བོའི་ལྟེ་བའི་རྩ་བར་གནས་པར་བསམ་མོ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ་ནི་ཨཱ་ལི་དང་ཀཱ་ལི་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཡི་གེ་ཧཱུྃ་ཡིན་ཏེ། དེས་རྡོ་རྗེ་སེམས་དཔའི་ཐུགས་མཚོན་པས་སོ། །དེའི་དབུས་སུ་ནི་གཙོ་བོའི་ལྟེ་བར་ཟླ་བའི་དབུས་སུ་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའི་སྐུར་བསྒོམས་པ་ནི་སྐུ་སྟེ་མཚན་དང་དཔེ་བྱད་དང་ཞལ་ཕྱག་ལ་སོགས་པའི་རྣམ་པ་ཅན། གསུང་ནི་སེམས་ཅན་ཐམས་ཅད་ཆོས་ཀྱིས་ཚིམ་པར་བྱེད་པ། ཐུགས་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པར་བྱེད་པའོ། །རྡོ་རྗེ་ནི་དེ་གསུམ་དབྱེར་མི་ཕྱེད་ཅིང་རོ་གཅིག་པའི་བདག་ཉིད་ཅན། དེ་ལྟ་བུའི་ལྷའི་སྐུ་ནི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྟེ་དེ་བསྒོམ་པར་བྱའོ། །དེ་ནས་དེའི་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྣོད་བཅུད་ལ་སོགས་པ་བདག་དང་རྟག་པ་ལ་སོགས་པ་མེད་པར་བྱས་ཏེ་བསྡུ་བ་ནི། གོང་བུ་ལས་འདས་པ་སྟེ། དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་དང༌། ཡི་གེའི་གོང་བུ་ལས་འདས་ཏེ། ནཱ་དར་གནས་པའོ། །དེའི་ཚེ་དངོས་པོ་མེད་པའི་སེམས་ཉིད་མིན། །ཞེས་པ་ནི་ནཱ་ད་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཙམ་གྱི་རང་བཞིན་ལ་སེམས་གཏད་ལ་བསྒོམ། དེའི་ཚེ་ལྷག་མཐོང་བདེ་བ་ཤས་ཆེ་སྟེ། སེམས་རྒོད་པར་གྱུར་པ་དེའི་ཚེ་ཞི་གནས་ཤས་ཆེ་བར་འདོད་ན། དེ་ཡང་སྟེ། ནཱ་ད་ཤིན་ཏུ་ཕྲ་བ་དེ་ཡང་ཇེ་ཕྲ་ཇེ་ཕྲ་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་དུ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པར་བསྒོམས་ཏེ། དེ་ནི་ཡུལ་ལོ། །སེམས་ཉིད་ནི་ཡུལ་ཅན་ཏེ་དེ་ཡང་ཡོད་པ་དང་མེད་པ་ལ་སོགས་པ་གང་དུ་ཡང་བརྟག་པར་མི་བྱའོ། །དེ་ལྟར་ཆོས་ཐམས་ཅད་སེམས་ཉིད་སྟོང་པར་རོ་གཅིག་ཏུ་ཐིམ་པའི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དེ་བསྒོམ་པར་བྱའོ། །དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་དེ་མཚན་ཉིད་ཅི་འདྲ་ཞེ་ན། ཡོད་མེད་ལ་སོགས་པ་མཐའ་བཞི་དང་བྲལ་པ་སྟེ། གང་ལྟར་ཡང་མ་གྲུབ་པ། དེ་ཡང་དང་པོ་ནས་མཐའ་བཞི་དང་བྲལ་བར་གནས་པ་དེ། དེ་ལྟར་རྟོགས་པ་སྟེ། དེ་ཡང་དཔེ་ཆུ་ལ་ཆུ་བཞག་པ་བཞིན་ནོ། །དེ་ལྟར་ཡང་སློབ་དཔོན་ས་ར་ཧ་པས། །ཀྱེ་ཧོ་འདི་ནི་རང་བཞིན་དག་པ་ཡིན། །ཞེས་པ་ནས། ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱ། །ཞེས་པ་དང༌། ཡང༌། ཆུ་དང་མར་མེ་རང་གསལ་ཅིག་ཏུ་ཞོག །ཅེས་གསུངས་ཏེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་དེ་བསམས་ནས། ཞེ་ན་དེ་ལ་ཡང་དང་ཡང་དུ་གོམས་པར་བྱས་པ་ལས། མཐར་དབང་གསུམ་པའི་དུས་ཀྱི་དཔེའི་ཡེ་ཤེས་དང་འདྲ་བའི་བདེ་སྟོང་ཁྱད་པར་ཅན་ཏེ། འདི་ནི་སྟོང་པ་སྔོན་དུ་སོང་བའི་བདེ་བ་བསྒོམ་པའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི། དེ་ལས་གཟུངས་ནི་ཐོབ་པར་འགྱུར། །ཞེས་སྨོས་ཏེ། དེ་ལས་ཏེ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་གོམས་པར་བྱས་པ་དེ་ལས་གཟུངས་ནི་གཟུགས་བཞི་དང༌། སྐུ་བཞིའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སོགས་པ་ལ་ཐོབ་པར་འགྱུར་རོ། །ཡང་ན་དཔེ་ལ་ལ་ལས། དེ་ནས་འཛིན་པ་ཐོབ་པར་འགྱུར་བྱ་བའི་འགྱུར་ཡོད་དོ། །དེ་ལྟར་ན་དེས་ནི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་བསྒོམས་པས་མཐར་ཕྱིན་པའི་དེ་ནས་འཛིན་པ་སྟེ། འཁོར་བ་ཇི་སྲིད་ཀྱི་བར་དུ་མི་འབྲལ་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་བསྟན་པའི་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པ་དེ་ལ་དཔེ་བཅུ་ཐམ་པའི་སྒོ་ནས་རྟོགས་པར་བྱ་སྟེ། དང་པོ་རྩ་བའི་དཔེ་ལྔ་ནི། རྡོ་ཁབ་ལེན་གྱིས་ལྕགས་གཡོ་བའི་དཔེ་དང༌། ལྕི་བས་དངུལ་ཆུ་སྡུད་པ་དང༌། རུས་སྦལ་ཡན་ལག་འཁུམས་པ་དང༌། སྐར་མདའ་གཅིག་ལ་གཅིག་ཐིམ་པ་དང༌། ལན་ཚྭ་ཆུ་ལ་ཐིམ་པའི་དཔེའོ། །ཡན་ལག་གི་དཔེ་ལྔ་ནི། ཉི་མ་དང་འོད་ཟེར་གྱི་དཔེ་དང༌། མེ་ལོང་དང་གཟུགས་བརྙན་གྱི་དཔེ་དང༌། ན་མཁའ་དང་སྤྲིན་གྱི་དཔེ་དང༌། མཚོ་དང་རླབས་ཀྱི་དཔེ་དང༌། གར་མཁན་དང་གར་མཁན་གྱི་ཆ་ལུགས་གི་དཔེ་དང༌། དེ་ལྟ་བུའི་དཔེ་དུ་མས་གློ་བུར་དུ་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་བསམ་གྱིས་མི་ཁྱབ་པ་ལས་མ་འདས་ཤིང༌། ཐམས་ཅད་དེའི་ངང་དུ་ཐིམ་པ་ཡིན་པ་ཤེས་པར་བྱའོ། །ཡང་རྫོགས་རིམ་གཉིས་པོ་དེ་ལ་གཞན་སྔ་མ་དང་འདྲ་བ་ལས། ཁྱད་པར་དུ་ཟླ་བའི་སྟེང་དུ་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ཅིག་བསྒོམ་མོ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ་ནི། ཡི་གེ་ནི་ཨ་ཀྵ་ར་ན་མི་འགྱུར་བས་ཡི་གེ་སྟེ། ཆོས་ཀྱི་སྐུ་ཡིན་ལ། དེ་མཚོན་པའི་ཐིག་ལེ་དམར་པོ་བསྒོམ་པ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་དེའི་དབུས་སུ་ནི་པདྨ་འདབ་མ་བཞི་བའི་ལྟེ་བའི་དབུས་སུ་བསྒོམ་མོ། །སྐུ་ནི་ཤར་གྱི་འདབ་མའི་སྟེང་ཡི་གེ་བསྡུ་བ་ལ། སའི་རླུང་གི་ས་བོན་ལ་སེར་པོ་དང༌། ཐིག་ལེ་བསྡུ་བ་དང༌། ཐིག་ལེ་སེར་པོ་གཉིས་དང༌། བྱང་གི་འདབ་མའི་ཆུའི་རླུང་གི་ས་བོན་ཝྃ་དང༌། ཐིག་ལེ་དཀར་པོའོ། །གསུང་ནི་ནུབ་ཀྱི་འདབ་མའི་སྟེང་གི་མེའི་རླུང་གི་ས་བོན་དང༌། ཐིག་ལེ་དམར་པོ་གཉིས། ཐུགས་ནི་ལྷོའི་འདབ་མའི་སྟེང་གི་རླུང་གི་རླུང་གི་ས་བོན་ཡ་དང༌། ཐིག་ལེ་སྔོན་པོ་གཉིས། རྡོ་རྗེ་ཅན་གྱི་དབུས་ཀྱི་ལྟེ་བའི་ཐིག་ལེ་དམར་པོའོ། །ལྷའི་སྐུ་ནི་ཡི་གེ་བཞི་དང་ཐིག་ལེ་ལྔ་པོ་དེ་ཆོས་ཀྱི་སྐུའི་ངོ་བོ་ཡིན་པས་དེ་སྐད་ཅེས་བྱ་ལ། གོང་བུ་ལས་འདས་པ་ནི་འབྱུང་བ་བཞིའི་རླུང་རིམ་པ་བཞིན་དུ་དབུ་མར་ཞུགས་པ་དང༌། ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་བྱུང་བ་ན་གཅིག་ལ་གཅིག་རིམ་གྱིས་བསྡུས་ཏེ་རང་རང་གི་གོང་བུ་ལས་འདས་ནས། དབུས་ཀྱི་ཐིག་ལེ་དམར་པོ་ཡང་སྟོང་པར་ཐིམ་པ་ལས་ནམ་མཁའ་ལྟ་བུར་འབྱུང་བར་འགྱུར་རོ། །དེའི་ཚེ་སེམས་རིག་པ་གསལ་བ་འདི་ཡང་རྒྱུན་ཆད་ནས་གནས་སམ་ཞེ་ན། དངོས་པོ་མེད་པའི་སེམས་ཉིད་མིན་ཏེ་སེམས་རིག་པ་གསལ་བ་ཙམ་གྱི་ངོ་བོར་གནས་པའོ། །དེ་ལྟར་ན་སེམས་རིག་པ་གསལ་བ་ཙམ་དུ་གཟུང་ངམ་ཞེ་ན། དེ་ཡང་བསམ་གྱིས་མི་ཁྱབ་པར་བསམ་མོ། །དེའི་ཕྱིར་སེམས་ཉིད་རིག་པ་གསལ་བ་ཙམ་དུ་ཡང་བརྟག་པར་མི་བྱ་སྟེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་དེ་བསམ་ཞིང་བསྒོམས་ན་དེའི་ཕན་ཡོན་དེ་ལས་གཟུངས་ཐོབ་པ་ནི་སྔ་མ་དང་འདྲའོ། དེའི་ཚེ་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན། སྦྱོར་ལམ་གྱི་ཐད་ཀར་ཕྱིན་པ་ཡིན་ཞེས་བླ་མ་ཕམ་ཐིང་པ་ལ་སོགས་པ་གསུང༌། བླ་མ་དུས་འཁོར་བ་མཐོང་བའི་ལམ་གྱི་ཐད་སོར་ཕྱིན་པ་ཡིན་གསུང༌། དེ་དག་གིས་ནི་རྫོགས་པའི་རིམ་པ་ཆོས་སྐུ་ལམ་དུ་བྱེད་པ་བསྟན་ལ། སྤྱིར་མངོན་པར་རྟོགས་པ་འདི་སྐུ་གསུམ་ལམ་དུ་བྱེད་པ་ཡིན་པས་ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་སྐུ་ལམ་དུ་བྱེད་པ། སྐུའི་དཀྱིལ་འཁོར་བསྒོམ་པ་ལོངས་སྐུ་ལམ་དུ་བྱེད་པ། རྫོགས་པའི་རིམ་པ་བསྒོམ་པ་ཆོས་སྐུ་ལམ་དུ་བྱེད་པའོ། །དེ་ལྟར་ཡང་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་ཤེས་པ་ཡིན་ནོ། །ཡང་སྐུ་གསུམ་ལམ་དུ་བྱེད་པ་ལུགས་གཅིག་ནི། བདེ་བ་ཆེན་པོའི་འཁོར་ལོ་ངོ་བོ་ཉིད་ཀྱི་སྐུའམ། བདེ་བ་ཆེན་པོའི་སྐུ། ཐུགས་ཀྱི་འཁོར་ལོ་ཆོས་སྐུ། གསུང་གི་འཁོར་ལོ་ལོངས་སྐུ། སྐུའི་འཁོར་ལོ་དང༌། དམ་ཚིག་གི་འཁོར་ལོ་སྤྲུལ་པའི་སྐུའོ། །ཡང་རང་གི་བསྒོམ་པའི་སྔགས་སྐྱེས་ལ་ཞིང་སྐྱེས་སུ་ཞེན་པ་སྤྲུལ་སྐུ། དེ་ལྷན་སྐྱེས་སུ་ཞེན་པ་བྱེད་པ་ལོངས་སྐུ། དེ་ཆོས་སྐུ་ལས་བྱུང་བར་ཞེན་པ་བྱེད་པ་ཆོས་སྐུ་སྟེ་དེ་ལྟར་སྐུ་གསུམ་ལམ་དུ་བྱེད་པའོ། །དེ་ལྟར་ན་སྒྲུབ་ཐབས་བསྐྱེད་རྫོགས་འདི་སྟན་གཅིག་ལ་སྒོམ་པར་བྱེད་པའི་ལུགས་ཡིན་པས་དབང་བསྐུར་བའི་བར་གྱི་ལྷ་བསྐྱེད་པ་རྫོགས་ནས་མཆོད་པ་རྣམས་ཀྱིས་མཆོད་དེ་བསྟོད་ནས། རྫོགས་པའི་རིམ་པ་གསུམ་པོ་གང་རུང་ཅིག་བསྒོམ། དེ་ནས་བཟླས་པ་བྱས་ལ་དག་པ་དྲན་པ་བསྒོམས་ཏེ་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །ཡང་གལ་ཏེ་བསྐྱེད་རིམ་གཅིག་པུ་བསྒོམ་པ་ཡིན་ན། མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་ཡན་ཆད་ཟིན་པའི་རྗེས་ལ་བཟླས་པ་བྱ་སྟེ། དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་གཙོ་བོ་ལ་བསྡུས་ལ་དག་པ་དྲན་པར་བསྒོམ། དེ་ནས་ཞལ་བཞི་པའི་སྔགས་ཀྱིས་བསྲུང་བ་བྱ་སྟེ། རང་ལྷའི་ང་རྒྱལ་དང་ལྡན་པས་དངོས་པོ་ཐམས་ཅད་ལྷར་བྱས་ལ་གཟུགས་ལ་སོགས་པ་ཐམས་ཅད་ལྷར་བྱས་ཏེ། རང་ཉིད་ལ་མཆོད་པའི་བསམ་པས་བརྟན་པར་བྱ་ཞིང༌། དེ་ལྟར་རྒྱུན་མི་འཆད་པར་ཐུན་བཞིར་བསྒོམ་པར་བྱའོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་འདི་ནི་དོན་ཉམས་སུ་ལེན་པའི་ཚེ། སྔར་གྱི་རྣམ་པར་སྣང་མཛད་གང་ཡིན་པ། །ཐོད་པའི་མགོ་བོས་རྣམ་པར་བརྒྱན། །ཞེས་པའི་རྗེས་སུ་དག་པ་དྲན་པར་ཉམས་སུ་ལེན་པ་ཡིན་ཡང་གཞུང་འདི་ཉིད་དུ་བཤད་པ་མཛད་དེ། འདི་དག་དངོས་སུ་ཐོགས་ནས་བསྐྱེད་རིམ་བརྟན་པར་བྱེད་པའི་སྤྲོས་བཅས་ཀྱི་འཕྲོས་ཡིན་གསུང༌། དེ་ལ་ཁ་ཊྭཱཾ་ག་ཞེས་པ་ནི། ལག་པ་གཡོན་པའི་གྲུ་མོ་ན་མར་བཅུག་སྟེ་བསྣམས་པ་ཡིན་ལ། ལྷའི་སྐུ་ནི་དེ་ཉིད་རང་གི་ངོ་བོ་ཡབ་དཔལ་ཧེ་རུ་ཀར་དྲན་པར་བྱའོ། །ཌ་མ་རུའི་སྒྲ་ནི་ལག་པ་གཡས་ཀྱིས་སྒྲོགས་པ་སྟེ་རྣམ་པ་ཡིན་ལ། རང་གི་ངོ་བོ་ཤེས་རབ་སྟེ་ཡུམ་ཕག་མོའམ་སྟོང་པ་ཉིད་དུ་བསྒོམ་པར་ཤེས་པར་བྱའོ། །ཉིན་མོ་ནི་ཉིན་མོའི་སྣང་བ་སྟེ་རྣམ་པ་ཡིན་ལ། བཅོམ་ལྡན་རྡོ་རྗེ་ཅན་ནི་རང་གི་ངོ་བོ་སྟེ། ཉེ་བར་དམིགས་པའི་རང་བཞིན་ཅན་ནམ་ཡབ་དཔལ་ཧེ་རུ་ཀར་མོས་པ་བྱའོ། །མཚན་མོ་རྣམ་པ་ཡིན་ལ། རྣལ་འབྱོར་མ་ནི་རང་གི་ངོ་བོ་སྟེ་མཚན་མོའི་སྣང་བ་ཐམས་ཅད་མི་དམིགས་པའི་རང་བཞིན་ཡུམ་རྡོ་རྗེ་ཕག་མོ་ཡིན་པར་ཤེས་པར་བྱའོ། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །ཞེས་པ་ནས། ཀ་ནི་གང་དུ་ཡང་མི་གནས་པའོ། །ཞེས་པའི་བར་འདི་མཉམ་ལངས་ལ་ཉམས་སུ་ལེན་པའི་ཚེ་དག་པ་དྲན་པར་ཡང་ཁྱེར་བར་བྱའོ། །དེ་ལྟར་མངོན་པར་རྟོགས་པ་ཉམས་སུ་ལེན་པའི་ཚེ་རྟེན་གྱི་གང་ཟག་རབ་འབྲིང་བཞི་བསྡུ་བ་མ་དག་པ་དང་དག་པ་དང་འདྲེས་པ་བསྒོམ་པ་གསུམ་དུ་བསྡུས་པ་དང༌། དེས་ཉམས་སུ་བླང་བའི་ལམ་མངོན་པར་རྟོགས་པ་བསྟན་ནས། ད་ནི་མངོན་པར་རྟོགས་པ་ཉམས་སུ་བླངས་པ་ལས་བྱུང་བའི་ཕན་ཡོན་ནམ་འབྲས་བུ་བསྟན་པ་ནི། མྱ་ངན་འདས་བྱུང་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་སྔར་བསྟན་པའི་རིམ་པ་གཉིས་སྐུ་གསུམ་ལམ་དུ་བྱེད་པ་ལ་གོམས་པར་བྱས་པ་ལས་ཐོག་མར་ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་མཚན་ཉིད་ཅན་རྟོགས་པ་འབྱུང་ལ། དེ་ལས་གཟུགས་སྐུ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་འཕྲུལ་ཞིང་སྣང་བ་འབྱུང་སྟེ། དེ་ཡང་མྱ་ངན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པ་རྣམས་སྤངས་པ་ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་ལ། དེ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་སྣང་བ་ལས་བྱུང་བའི་ཡབ་ཧེ་རུ་ཀ དེའི་ཡེ་ཤེས་ཀྱི་ཆ་ལས་བྱུང་བ་ཞེས་པ་འཕྲུལ་བ་ནི། དཔའ་བོ་རྣམས་ཏེ་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་སོ། །དེའི་འཕྲུལ་བྱེད་གང་ཡིན་ཞེ་ན། དྲུག་པ་ནི། སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེའི་སེམས་ནི་དབྱིངས་རྟོགས་པའི་ཡེ་ཤེས་ཏེ། དེ་ལས་སྤྲུལ་པའོ། །འོ་ན་ཡུམ་ཕག་མོའམ། རྣལ་འབྱོར་མ་རྣམས་ཀྱིས་རྣམ་པར་སྣང་བ་དེ་གང་ལས་བྱུང་ཞིང་གང་གིས་འཕྲུལ་ཞེ་ན། འཕྲུལ་བྱེད་ཆོས་ཀྱི་སྐུ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡོད་པ་ལས་དབྱིངས་ལས་འཕྲུལ་པའི་དབང་དུ་བྱས་ཏེ་བསྟན་པ་ནི། དག་པའི་ཆོས་ཀྱི་སྤྲུལ་པ་ནི། ཞེས་པ་ལ་སོགས་པའི་ཚིག་གཉིས་མོས་ཏེ། དེ་ཡང་དག་པའི་ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ལ། དེ་ལས་སྤྲུལ་ཞིང་བྱུང་བ་ནི་རྣམ་པ་ཡུམ་ཕག་མོའི་གཟུགས་སུ་བསྟན་པ་ཡིན་ལ། དེ་ལས་དཔའ་མོ་སུམ་ཅུ་རྩ་དྲུག་པོ་རྣམས་འཕྲུལ་པའོ། །དཔའ་བོ་རྣམས་ཀྱི་འཕྲུལ་བྱེད་ཡེ་ཤེས་ཡིན་པས་ན་གཉིས་མེད་ཀྱི་ཡེ་ཤེས་ཉིད་བསྟན་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ནི་ཟག་པ་མེད་པའི་ཡེ་ཤེས་དང་དབྱིངས་རོ་གཅིག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་གཉིས་རང་གང་མེད་ཅེ་ན། ཧེ་ནེ་རྒྱུ་ཚོགས་རྣམ་སྤངས་པས། ཞེས་པ་རྒྱུ་དང་སོགས་ཀྱིས་འབྲས་བུ་ལ་སོགས་པའི་གཉིས་ཐམས་ཅད་རྣམ་པར་སྤངས་པ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །དེ་ལྟར་གཉིས་ཐམས་ཅད་མེད་པར་ཅི་སྟེ་ཞེ་ན། རུ་ནི་ཚོགས་དང་བྲལ་བ་ཉིད། །ཅེས་སྨོས་ཏེ། རུ་ནི་རྒྱུ་དུ་མའི་ཚོགས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །རྒྱུ་དུ་མའི་ཚོགས་པ་དང་བྲལ་བ་ཅི་སྟེ་ཞེ་ན། ཀ་ནི་གང་དུའང་མི་གནས་པ། །ཞེས་སྨོས་ཏེ། དེ་ནི་རྒྱུ་དང་བྲལ་བས་རིགས་པས་བརྟགས་ན་འབྲས་བུའི་དམིགས་པའང་གང་དུ་ཡང་མི་གནས་པའི་ཕྱིར་ཏེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །སེམས་ལ་རྣམ་གནས་ཞེས་པ་ལ་སོགས་པ་ནི་གོང་དུ་བསྟན་པ་རྣམས་ཀྱི་སྐུ་གསུམ་ལམ་དུ་བྱེད་པའོ། །རྣལ་འབྱོར་བཞི་ལམ་དུ་བྱེད་པའི་རྣལ་འབྱོར་པ་ཚེ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ་ཞེས་སྟོན་པ་ཡིན་ཏེ། དེ་ཡང་སེམས་མ་རྣམ་གནས་ཟེར་ཡང་སྐུ་གསུམ་ལམ་དུ་བྱེད་པ་ལ་རྟག་ཏུ་སེམས་རྣམ་པར་གནས་པའི་རྣལ་འབྱོར་པ་དེ། མྱ་ངན་ལས་འདས་པ་སྟེ། དམན་པའི་མྱ་ངན་ལས་འདས་པ་ཐ་མལ་པའི་འཆི་བ་མི་སྟོན་ཏེ། ཚེ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་ཚེ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་འཆི་བའི་ཚེ་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་ཐོབ་པར་སྟོན་པ་ནི། འཕོ་བའི་ཚེ་ན་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་འཕོ་བའི་ཚེ་ནི། འཆི་བའི་དུས་ནའོ། །རྣལ་འབྱོར་པ་ནི་སྐུ་གསུམ་ལམ་དུ་བྱེད་པ་བསྒོམ་པའི་རྣལ་འབྱོར་པའི། དེ་ལྟ་བུའི་རྣལ་འབྱོར་པ་དེ་ཉིད་ཀྱི་ཤེས་པའི་སྣང་བ་ལ་རང་གིས་སྔར་བསྒོམས་པའི་ཚེ། སྔགས་སྐྱེས་དང་དབྱེར་མེད་པར་ཞེན་པ་བྱས་པའི་ལྷན་ཅིག་སྐྱེས་པ་དང་ཞིང་སྐྱེས་ཀྱི་དཔལ་ཁྲག་འཐུང་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་རྣམས་ཀྱིས་མེ་ཏོག་ལག་ན་ཐོགས་པ་དང༌། དེ་བཞིན་དུ་སྣ་ཚོགས་པའི་རྒྱལ་མཚན་དང༌། བ་དན་དང་ཌ་མ་རུ་ལ་སོགས་པའི་རོལ་མོའི་སྒྲ་སྣ་ཚོགས་དང༌། གླུའི་མཆོད་པ་སྣ་ཚོགས་པ་ལ་སོགས་པ་དང་བཅས་པས་མདུན་དུ་བསུ་ནས། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད་ཅེས་སྦྱར་རོ། །དེ་ཡང་མཁའ་སྤྱོད་ལ་མཆོག་གི་མཁའ་སྤྱོད་དང༌། ཐུན་མོང་གི་མཁའ་སྤྱོད་གཉིས་ལས་འདི་ཕྱི་མ་ཡིན་ཏེ། རྣལ་འབྱོར་པ་རང་ཉིད་མཁའ་སྤྱོད་ལ་ཐོགས་པ་མེད་པར་སྤྱོད་ཅིང་སྤྲུལ་པའི་སྐུ་ཐམས་ཅད་ལ་ཆོས་ཉན་པའི་གནས་སུ་འཁྲིད་པར་བྱེད་དེ། དེ་ནི་འཁོར་ལོ་བདེ་མཆོག་དངོས་མ་ཡིན་ཡང༌། དེ་དང་འདྲ་བའི་དངོས་གྲུབ་ཡིན། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་པ་ནི་རྣལ་འབྱོར་པ་རང་མཁའ་སྤྱོད་ཀྱི་གནས་སུ་ཁྱིམ་ནས་ཁྱིམ་མེད་པར་བགྲོད་པ་བཞིན་དུ་འགྲོ་བ་དེ་ལ་འཇིག་རྟེན་ཐ་མལ་པ་རྣམས་རྣལ་འབྱོར་པ་འཆི་བ་ཞེས་བྱ་བའི་རྣམ་པར་རྟོག་པ་ཟད་པར་བྱེད་དོ། །མངོན་པར་རྟོགས་པའི་ཚིག་དོན་རྣམས། །བླ་མའི་དྲིན་གྱིས་དྲི་མེད་བྲིས་པ་ལས། །དགེ་བ་གང་དེས་འཁོར་བའི་སེམས་ཅན་རྣམས། །ཆུ་བོ་བཞི་རྒལ་བདེ་མཆོག་གནས་ཐོབ་ཤོག །བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་ཚིག་གི་དོན་དཀའ་བ་རྣམས་གསལ་བར་བྱེད་པའི་བཤད་པ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བ། བྱང་ཕྱོགས་ཁ་བ་ཅན་གྱི་རིའི་རྒྱུད་དུ་སྐྱེས་པ་ཤཱཀྱའི་སྲས་ཀྱི་དགེ་སློང་སུ་བཛྲ་ཞེས་བྱ་བས་དཔལ་ཕུག་པོ་ཆེ་ཡོན་ཏན་འབྱུང་གནས་ཀྱི་གྲུབ་པ་བརྙེས་པའི་གནས་ཕུག་ཆུང་གི་དགོན་པར་སྦྱར་བ་རྫོགས་སོ།།  །།མངྒ་ལཾ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*