དྲི་བའིཚུལ་འགའ་ཞིག

༼ཐ༽

༄༅། །དྲི་བའི་ཚུལ་འགའ་ཞིག་བཞུགས།།

༄༅། །སྭ་སྟི། དཔལ་ལྡན་ས་སྐྱ་པཎྜི་ཏས་བློ་གསལ་ཞིང་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ལ་ཇི་ལྟར་དྲི་བའི་ཚུལ་བསྟན་པའི་ཕྱིར་སྨྲས་པ། སྐྱོབ་པ་ཤཱཀྱ་སེང་གེ་ཡི། །བསྟན་པའི་མཇུག་འདིར་གང་སྐྱེས་པ། །བདག་གཞན་ཐར་པར་འདོད་པ་དང༌། །ཐེ་ཚོམ་དྲྭ་བ་འདྲལ་འདོད་ཅིང༌། །ཐམས་ཅད་མཁྱེན་པ་ཐོབ་འདོད་པས། །ཞུམ་པ་དོར་ལ་འདི་དག་དྲིས། །སྒྲ་དང་སྒྲ་ཉམས་ཇི་ལྟ་བུ། །སྒྲ་ལ་སྒྲ་དང་ཁམས་ཀྱི་དོན། །དེ་སྒྲུབ་པ་ཡི་རྣམ་དབྱེ་དང༌། །བྱེད་པའི་ཚིག་ནི་ཇི་ལྟ་བུ། །ཕོ་མོ་མ་ནིང་གང་ཞིག་ཡིན། །དེ་དག་གང་གིས་ཇི་ལྟར་བསྒྲུབ། །གྲུབ་པའི་དོན་ནི་གང་ཞིག་ཡིན། །ཚིག་བསྡུ་བ་དང་དབྱེ་བ་གང༌། །བསྡུ་བ་རྣམ་པ་དུ་ཞིག་ཡོད། །བརྟག་པའི་བསྡུ་བ་ཇི་ལྟ་བུ། །ཕྱེ་བའི་ཚིག་ནི་དུ་ཞིག་ཡོད། །ཉེ་བར་བསྒྱུར་བ་ཇི་ལྟ་བུ། །མདོ་ཞེས་བྱ་བའི་དོན་ཅི་ཞིག །དེ་བཞིན་འགྲེལ་དང་འགྲེལ་བཤད་དང༌། །བསྡུས་པའི་དོན་དང་དཀའ་འགྲེལ་ཅི། །བཤད་པ་དང་ནི་བཤད་སྦྱར་གང༌། །ངག་དང་ཚིག་གི་དོན་གང་ཞིག །མི་མངོན་པ་དང་བྱིང་བ་གང༌། །ཚིག་གི་རྒྱན་རྣམས་ཇི་ལྟ་བུ། །ཟད་པར་མི་འགྱུར་གང་ཞིག་ཡིན། །ཡི་གེ་མིང་དང་ཚིག་རྣམས་དང༌། །རབ་ཏུ་བྱེད་དང་ལེའུ་དང༌། །བརྗོད་བྱ་ལེའུ་དང་རིམ་པར་ཕྱེ། །ཆོས་ཀྱི་ཕུང་པོ་ཞེས་བྱ་གང༌། །དེ་ལྟ་བུ་ཡིས་ང་ལ་དྲིས། །སྡེབ་སྦྱོར་ཞེས་བྱ་གང་ཞིག་ཡིན། །དེ་ཡི་ལྕི་ཡང་ཇི་ལྟར་སྒྲིག །ངལ་སོ་བ་ཞེས་བྱ་བ་གང༌། །སྡེབ་སྦྱོར་དེ་ཡི་དབྱེ་བ་དུ། །རྒྱུད་འཕེལ་གྱི་ནི་སྡེབ་སྦྱོར་གང༌། །དེ་ལ་བྱེ་བྲག་ཇི་ལྟ་བུ། །འཕགས་པའི་སྡེབ་སྦྱོར་ཇི་ལྟར་སྒྲིག །དེ་ལ་ཕྱེ་ན་དུ་ཞིག་ཡོད། །རོལ་ཅིང་སྒེག་པའི་སྡེབ་སྦྱོར་གང༌། །དྲང་སྲོང་རྣམས་ཀྱིས་ཇི་ལྟར་སྦྱར། །རང་བྱུང་སྡེབ་སྦྱོར་ཅི་ཡི་དོན། །མཁས་རྣམས་སྤྱོད་པའི་སྡེབ་སྦྱོར་གང༌། །ལུང་ལས་གྲགས་པའི་ཚིག་བཅད་ཅི། །པྲེ་ཤོ་དྷ་རའི་ཚིག་སྦྱོར་གང༌། །དེ་ལྟ་བུ་ཡིས་ང་ལ་དྲིས། །ཚིགས་སུ་བཅད་པ་ཞེས་བྱ་གང༌། དེ་ལ་རིགས་དང་ཡོན་ཏན་གྱི། །སྦྱོར་བའི་དབྱེ་བ་དུ་ཞིག་ཡོད། །གཽ་ཌའི་ཚིགས་བཅད་ཇི་ལྟར་སྦྱོར། །བེ་དྷརྦྷ་ཡི་སྦྱོར་ལུགས་གང༌། །རྗེས་སུ་མཚུངས་པའི་སྦྱོར་བ་ཅི། །མི་མཚུངས་པ་ཞེས་གང་ལ་བྱ། །ཕྱེད་ཀྱིས་རྫོགས་པ་ཇི་ལྟ་བུ། །བཟླས་ནས་སྦྱོར་བའི་ཚིགས་བཅད་གང༌། །བསྣོལ་ཏེ་འདོན་པ་ཇི་ལྟ་བུ། །ཡི་གེ་ཕྱུང་བཅུག་ཇི་ལྟར་བྱེད། །ཚིག་གི་རྒྱན་རྣམས་ཇི་ལྟ་བུ། །དཔེ་ཡི་སྐྱོན་ཡོན་གང་ཞིག་ཡིན། །སྒེག་པ་ལ་སོགས་ཉམས་རྣམས་ཀྱི། །རྒྱན་ནི་གང་དང་གང་དུ་སྦྱོར། །ཟུར་གྱིས་ལྟ་བའི་ཚིགས་བཅད་གང༌། །དོན་གྱིས་གོ་བ་ཇི་ལྟ་བུ། །དེ་ལྟ་བུ་ཡིས་ང་ལ་དྲིས། །སྙན་ངག་སྦྱོར་བ་ཇི་ལྟར་ཡིན། །དེ་ཡི་བརྗོད་བྱ་གང་ལ་འཇུག །ལུང་དང་གཙུག་ལག་རིགས་པ་དང༌། །མི་འགལ་བར་ནི་ཇི་ལྟར་སྦྱོར། །ལུང་ལས་བརྗོད་པ་ཇི་ལྟ་བུ། །གཙུག་ལག་ལས་ནི་འབྱུང་བ་གང༌། །རིགས་པས་གྲུབ་པའི་སྙན་ངག་ཅི། །དེ་ལ་ཚིག་སྦྱོར་སྐྱོན་ཅན་གང༌། །སྐྱོན་མེད་སྦྱོར་བ་ཇི་ལྟ་བུ། །རིགས་དང་ཡོན་ཏན་ལས་རྣམས་དང༌། །ལུས་ངག་ཡིད་ཀྱི་བྱ་བ་གང༌། །སྦྱིན་སོགས་དམ་པའི་ཕྲིན་ལས་དང༌། །དཔའ་སོགས་འཇིག་རྟེན་བྱ་བ་དང༌། །སྒྱུ་སོགས་དམན་པའི་སྒྲུབ་པ་དང༌། །དགོད་སོགས་ཡ་མཚན་སྐྱེད་པ་ལ། །དོན་གང་ལ་ནི་སྒྲ་གང་འཇུག །དཔེ་ཅན་ལ་ནི་དཔེ་ཅི་སྦྱོར། །སྔོན་དང་ཕྱི་མ་ད་ལྟར་གྱི། །སྐྱེས་རབས་སྣ་ཚོགས་འཆད་པ་ལ། །དེ་ཡི་སྙན་ཚིག་ཇི་ལྟ་བུ། །དེ་ལྟའི་ཚིག་གིས་ང་ལ་དྲིས། །འཇིག་རྟེན་འཇིག་རྟེན་འདས་པའི་མིང༌། །ས་དང་ས་འོག་བར་སྣང་གི །གྲགས་དང་མ་གྲགས་ཇི་སྙེད་དང༌། །སྒྲ་དང་སྒྲ་ཉམས་བརྗོད་པ་ཅི། །ཚོགས་པར་དབྱུང་དང་དབྱུང་མིན་གང༌། །བསྒྲུབ་པར་ནུས་དང་མི་ནུས་ཅི། །ཡི་གེ་རེ་རེའི་ངེས་བརྗོད་གང༌། །གཅིག་ལ་དུ་མ་ཇི་ལྟ་བུ། །དུ་མ་གཅིག་ཏུ་འགྱུར་བ་གང༌། །དེ་ལྟའི་ཚིག་གིས་ང་ལ་དྲིས། །དྲི་བའི་ཚུལ་བསྟན་པ་འདི་མཛད་པའི་འཕྲོ་ལ་ལས་པར་འདུག་གོ།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*