རྒྱ་བོད་ཀྱི་སྡེ་བའི་གྱེས་མདོ།

༼ཏ༽

༄༅། རྒྱ་བོད་ཀྱི་སྡེ་པའི་གྱེས་མདོ་བཞུགས།།

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་གང་ལ་བརྟེན་པ་ཡིས། །སངས་རྒྱས་བསྟན་པ་འཕེལ་བའི་ཚུལ། །དགེ་འདུན་སྡེ་ལ་རག་ལས་པས། །དེ་ཡི་དབྱེ་བ་བརྩམ་པར་བྱ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་འཕེལ་བའི་ཚུལ་ལ་གཉིས་ཏེ། རྒྱ་དང་བོད་དོ། །རྒྱ་ལ་བཞི་སྟེ། ཕལ་ཆེན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་བརྟེན་པ་དང༌། མང་པོས་བཀུར་བའོ། །ཕལ་ཆེན་གྱི་སྡེ་ལ་ལྔ་སྟེ། ཤར་གྱི་རི་བོའི་སྡེ་དང༌། ནུབ་ཀྱི་རི་བོའི་སྡེ་དང༌། གངས་རིར་གནས་པའི་སྡེ་དང༌། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང༌། བཏགས་པར་སྨྲ་བའི་སྡེའོ། །དེ་ལ་ཡང་ཁ་ཅིག་བཟང་པོ་ལམ་པ་ཡང་ཟེར་རོ། །ཐམས་ཅད་ཡོད་པར་སྨྲ་བ་ལ་བདུན་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང༌། འོད་སྲུང་བའི་སྡེ་དང༌། ས་སྟོན་པའི་སྡེ་དང༌། ཆོས་སྲུང་པའི་སྡེ་དང༌། མང་དུ་ཐོས་པའི་སྡེ་དང༌། གོས་དམར་ཅན་གྱི་སྡེ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། །ཡང་ཁ་ཅིག་ན་མང་དུ་ཐོས་པ་ལ་ཡུལ་འཁོར་བཟང་པོ་ཡང་ཟེར་རོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ལ་རྒྱལ་སྲས་ལམ་པ་ཡང་ཟེར་རོ། །གནས་བརྟན་པའི་སྡེ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ་དང༌། འཇིགས་བྱེད་རི་ལ་གནས་པའི་སྡེ་དང༌། གཙུག་ལག་ཁང་ཆེན་ལ་གནས་པའི་སྡེའོ། །མང་པོས་བཀུར་བ་ལ་གསུམ་སྟེ། ས་སྒྲོགས་རིགས་ཀྱི་སྡེ་དང༌། རྗེས་སུ་སྲུང་བའི་སྡེ་དང༌། གནས་མ་བུའི་སྡེ་སྟེ་བཅོ་བརྒྱད་དོ། །དེ་ལྟར་སྡེ་པ་ཐ་དད་པར་ཀློག་པའི་འཁོར་ལོ་ནས། ཡུལ་དོན་སློབ་དཔོན་གྱི་བྱེ་བྲག་གིས་ཐ་དད་རྣམ་པ་བཅོ་བརྒྱད་གྱེས། ཤཱཀྱ་སེང་གེའི་བསྟན་པ་ནི། དེ་ལྟར་རྣམ་པ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེ། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཞེས་གསུངས་སོ། །དེ་ཐམས་ཅད་ཀྱང་གཉིས་སུ་འདུས་ཏེ། མདོ་སྡེ་པ་དང༌། བྲེ་བྲག་ཏུ་སྨྲ་བའོ། །ཕལ་ཆེན་པ་ནི་དང་པོ་ཡིན་ལ། དེ་ལས་གཞན་པ་ནི་ཕྱི་མ་ཡིན་ནོ། །ཞེས་མཁས་པ་ཆེན་པོ་གསུང་ངོ༌། །གཉིས་པ་བོད་ཀྱི་སྡེ་པ་རྣམས་ནི། ཐམས་ཅད་ཡོད་སྨྲའི་སྡེ་པ་རྣམས་ཀྱི་མཁན་པོའི་བྱེ་བྲག་གིས་སྡེ་རིགས་སོ་སོར་བསྟན་ཏོ། །དབུས་ཀྱི་སྡེ་བཞི་ལ་ཀླུ་མེས་དང༌། སྦ་དང༌། རག་ཤ་དང༌། འབྲིང་ཚོའོ། །ཀླུ་མེས་ལ་སྡེ་བཞི། རྒྱལ་ལྷ་ཁང་ནས་མཆེད་པ་ཞང་སྐོར་དང༌། རྒྱལ་སར་ཁང་ནས་མཆེད་པ་ཀླན་སྐོར་དང༌། ཡེར་བ་བ་རིང་ནས་མཆེད་པ་སྡོག་སྐོར་དང༌། སོལ་ནག་ཐང་པོ་ཆེ་ནས་མཆེད་པ་ཀླུ་མེད་ཀྱི་སྐོར་རོ། །སྦ་ལ་གཉིས་སུ་བྱུང་སྟེ། ཡུང་ང་གུར་ནས་གྱེས་པའི་སྦ་གཅེན་གྱི་རྒྱུད། ལན་པ་རྟ་བྲེས་ནས་གྱེས་པའི་རྒྱུད་སྦ་གཅུང་གི་རྒྱུད་དོ། །རག་ཚོ་ལ་གཉིས་ཏེ། ལན་པ་སྤྱིལ་བུ་ནས་གྱེས་པའི་རག་ཤ་གཅེན་གྱི་རྒྱུད་དང༌། གོ་རོ་མཚར་རྣ་ནས་གྱེས་པའི་རག་ཤ་གཅུང་གི་རྒྱུད་དོ། །ལྷས་ཀྱི་ཀླུ་མགོན་ནས་གྱེས་པའི་འབྲིང་ཚོ་སྟོད་པ་དང༌། སྐར་ཆུང་ལྷ་ཁང་ནས་གྱེས་པའི་འབྲིང་ཚོ་བར་པ་དང༌། སྙེ་ཐང་བྲག་སྣ་ནས་གྱེས་པའི་འབྲིང་ཚོ་སྨད་པའོ། །སྨད་ཚོ་ནི་སྦ་རག་གི་བྱེ་བྲག་ཡིན་པས་རྨ་ཤཱཀྱ་བྱང་ཆུབ་ཀྱིས་སྦ་དང་རག་ཤ་ལ་སྡོམ་པ་བླངས་ནས་འཕན་ཡུལ་འཇོག་པོའི་ཀླུ་གོང་བཟུང༌། དེ་ལ་དར་བྱང་ཆུབ་གསལ་བས་སྡོམ་པ་བླངས་ནས་རྡོལ་པོ་འོན་འཆང་རྡོ་རྗེ་བཟུང༌། རྨ་ཤཱཀྱ་བྱང་ཆུབ་ལ། ཞང་ཤཱཀྱ་སེང་གེས་སྡོམ་པ་བླངས་ནས་ཕོད་མོད་ལྷ་ཁང་བཟུང༌། དེ་ཚོ་ལས་མཆེད་པ་ལ་སྨད་ཚོ་ཟེར་རོ། །ར་སྒྲེང་དང༌། འོར་དང༌། གསང་ཕུ་གསུམ་ཇོ་བོའི་གནས་གསུམ་ཟེར་ནས་སྨད་ཀྱི་སྡེ་རིགས་བཞི་པོ་གང་དུའང་མི་གཏོགས་མོད་ཀྱི། ད་ལྟ་ནི་ར་སྒྲེང་སྦ་རག་སྒྲེལ། འོར་རྨ་ཚོ་དང་འབྲེལ་གསང་ཕུ་འབྲིང་ཚོ་དང་འབྲེལ་ལོ། །གཙང་གི་སྡེ་གཉིས་ལ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སྐོར་ལ། སྟོད་སྨད་བར་གསུམ་བྱུང༌། ལོ་ཚོ་སྟོད་པ་ལ་གསུམ་སྟེ། སྟག་ལ་བྱང་ཆུབ་ཀྱི་སྟག་ཚོ་དང༌། རྒྱ་ཤཱཀྱའི་བནྡེའི་སྐོར་གྱི་རྒྱ་ཚོ་དང༌། སྐྱོ་ཤེས་རབ་རྡོ་རྗེའི་སྐོར་གྱི་སྐྱོ་དང༌། དེ་གསུམ་བསྡམས་ན་རྒྱ་ཚོ་སྟག་ཚོ་སྐྱོ་ཚོ་གསུམ་སྟེ། སྟོད་ཀྱི་ཁྲལ་ཚོ་གསུམ་ཡིན། ཨ་མེ་ཞུ་གཅིག་མའི་སྐོར་དང༌། ལི་བློ་གྲོས་གཞོན་ནུའི་སྐོར་དང༌། འདར་རྡོ་རྗེ་རིན་ཆེན་གྱི་སྐོར་ལ། འདར་ཚོ་གསུམ་ཞེས་ཟེར་ཏེ། དེ་དག་ལ་ཞང་ཚོ་ལི་ཚོ་འདར་ཚོ་གསུམ་ཟེར་རོ། །ལོ་ཚོ་སྨད་པ་ལ་ཁྲལ་ཚོ་ཕྱེད་དང་དྲུག་ཡོད་དེ། ཀྱི་ཞལ་གཉིས། བརླག་ཚོ་གླང་ཚོ་གཉིས། ན་ག་རྒྱན་གོང༌། རྒྱན་གོང་བ་མོ་སྐོར་རོ། །དེ་ལ་ན་ག་རྒྱན་སྐོར་གསུམ་ཁྲལ་ཚོ་ཕྱེད་དུ་བྱེད་དེ། དེའི་སྐོར་ལ། པན་གྱི་བྱ་ཚ་དང༌། པ་ཚབ་ཀྱི་མ་ཇོ་ཕུག་ལྷ་ཁང་དང༌། མགུར་མོ་ལྷ་ཁང་དང༌། སྣ་བཞི་ལྷ་ཁང་རྣམས་ཡིན་མོད་ཀྱིས། ཞྭ་ལུའི་གསེབ་ཏུ་སོང་ནས་མེད་དོ། །རྒྱན་ཚོ་ཝ་མོ་སྐོར་ལ་ཉིད་ཀྱིས་འོང་ཁ། སྣ་རིས་གོང་མ། ཤབ་ཀྱི་འདར་སྒང་དང༌། སྲད་ཀྱི་ལྟང་ལྡང་དེ་ཚོ་ལས་མཆེད་པ་ནི། ཝ་མོ་སྐོར་ཞེས་བྱ་བ་ཡིན། མ་རལ་ཐད་ནས་མཆེད་པ་ནི་རྒྱ་ཚོ་ཡིན། དབྱེའི་ལྷ་ཁང་ནས་མཆེད་པ་སྐྱོ་ཚོ་ཡིན། སྐད་དེས་ལྷོ་བྲག་ཏུ་བྱོན་ནས་མཁན་པོ་བྱས་པ་ལ་རྩྭ་ཚོ་ཞེས་བྱས་ཏེ། གཉལ་ལྷོ་བྲག་གཡོ་རུ་སྟོང་པ་གསུམ་ལ་སྡེ་པ་གནམ་གྱི་སྐར་མ་ཙམ་ཞིག་ཡོད་དེ། སྟག་ལོ་ལྷ་ཁང་ནས་གྱེས་པ་ལ་སྟག་ཚོ་ཟེར། འཕྲང་བྲག་དམར་ལས་གྱེས་པ་ཚོ་ལ་ཞ་ཚོ་ཟེར། ལྷ་ཁང་རྨ་རུ་ནས་གྱེས་པ་ལ་ཞུ་ཚོ་ཟེར། འོལ་ཚལ་གྲགས་པ་དེ་དེ་ནས་མཆེད་པ་ཡིན། ཤབ་ཀྱི་ན་རང་སྒོ་མཚོ་ནས་གྱེས་པ་ཚོ་ལ་འདར་ཚོ་ཟེར། ཀྱི་ཚོ་ལ་སྟོད་སྨད་བར་དང་གསུམ་སྟེ། སྟོད་པ་ལ་ཁྲལ་ཚོ་བཞི། གྲང་ཆུང་སྐོར་དང༌། རྒྱ་ཚོ་དང༌། བར་ཚོའོ། །རྦ་གཙུག་ཆེན་གྱི་མཁན་པོ་བྱས་ནས་གྲང་ཆུང་ནས་གྱེས་པ་ཚོ་ལ་གྲང་ཆུང་སྐོར་ཟེར། རྒྱ་ཤཱཀྱ་བནྡེས་མཁན་པོ་བྱས་ནས་ཉི་རོང་ཁོང་བརྐྱང་བཟུང་ནས་དེ་ལས་མཆེད་པ་ཚོ་ལ་རྒྱ་ཚོ་ཟེར། ཀྱི་སྟོན་བརྩོན་འབར་གྱིས་མཁན་པོ་བྱས་ནས་དུག་ཆུང་བཟུང་ནས་དེ་ནས་མཆེད་པ་ཚོ་ལ་ཁྲི་ཚོ་ཟེར། ས་ཕུག་འཛིན་གྱིས་ས་རྦད་ཀྱིས་མཁན་པོ་བྱས་པ་ཚོ་ལ་སར་ཚོ་ཟེར། ཀྱི་ཚོ་བར་པ་ལ་གཉིས་ཏེ། འཁྲིས་བྱ་བསྐྱུངས་སྐོར། ཀྱི་ཚོ་སྨད་པ་ལ་གཉིས་ཏེ། གྱེ་རེ་གླང་ར་ནས་མཆེད་པ་ལ་གླང་ར་སྐོར་ཟེར། མྱུག་གི་གནས་སར་ནས་མཆེད་པ་ལ་ཨུར་ཚོ་ཟེར། ལྕེ་ཤེས་རབ་རྡོ་རྗེས་མཁན་པོ་བྱས་ནས་ཞྭ་ལུ་ནས་མཆེད་པ་ལ་ཀ་བཞི་དང་གདུང་དྲུག་མགོ་རལ་པ་ཅན་དང་བདུན་བྱ་བ་བྱུང་སྟེ། ཀ་བཞི་ནི་གུར། དགའ་བ་གདོང་གཉིས། གཡུས་ནི་སེར་གཉིས་ཏེ་བཞིའོ། །གདུང་དྲུག་ནི་ཁོ་རེ་ལྷ་ཁང་དང༌། རེ་ལྷ་ཁང་དང༌། ཕོ་འགལ་དང༌། འདོལ་ཆུང་གཉིས། ཞ་ཕུ་དང་རྒྱ་ཐང་ངོ༌། །མགོ་རལ་པ་ཅན་ནི་ཉང་སྟོད་བྱང་ཆད་དོ། །དེ་ཚོ་ལ་ཞྭ་ལུ་སྐོར། གསུམ་པ་ཀླག་ཚོ་ལ་གསུམ་སྟེ། ཀླག་བྱང་ཆུབ་རྒྱལ་མཚན་གྱིས་མཁན་པོ་མཛད་ནས་ཆུ་མིག་བཟུང་སྟེ། དེ་ནས་མཆེད་པ་ལ་ཆུ་མིག་སྐོར་ཟེར། ཀླག་གི་གྲོགས་པོ་འགར་གྱིས་བསྙེམས་པ་བཟུང༌། སྡོག་གིས་སྤུན་གསུམ་བཟུང་བ་ཡིན་མོད་ཀྱིས། སྡེ་པ་ཐ་དད་ཀྱི་མིང་མ་བྱུང༌། ཀླག་བྱང་ཆུབ་རྒྱལ་མཚན་གྱི་མཁན་བུ། ཀླག་ཤཱཀྱ་ཡེ་ཤེས་ཀྱི་མཁན་པོ་བྱས་པའི་རྐྱང་བཙུན་སྤྲ་མོས་བཟུང་བའི་གནས་སྐོར་ལ། རྐང་ཚོ་ཟེར། ཀླང་ཚོ་ལ་སྟོད་སྨད་གཉིས་བྱུང་སྟེ། ཀླང་བཙུན་བྱམས་པས་ཀྲི་གོང་བཟུང་ནས་དེ་ནས་མཆེད་པ་ལ་ཀླང་ཚོ་སྟོད་པ་ཟེར། དེས་གཡས་རུ་གཙང་འཕྲང་བཟུང་ནས་དེ་ལས་མཆེད་པ་ལ་སྨད་པ་ཟེར། གཉིས་པ་ཚོང་ཚོ་ལ་གསུམ་སྟེ། སྟོད་སྨད་བར་པའོ། །སྟོད་པ་ལ་གཉིས། སྐལ་རྒྱན་སྐོར་རོ། །བར་པ་ལ་གཉིས། གནས་རྙིང་པ་དང་གནས་གསར་སྐོར་རོ། །ཚོང་བཙུན་གྱིས་ཤབ་ཀྱི་ལྷ་མོ་ལུང་བཟུང་ནས་དེ་ལས་མཆེད་པ་ལ། གནས་རྙིང་ཟེར་རོ། །ལྕང་ར་ནས་མཆེད་པ་གནས་གསར་སྐོར་རོ། །ཚོང་ཚོ་ལ་སྨད་པ་ལྔའོ། །ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང་ནས་རྩིས་ལྷ་ཁང་ཕུལ་བའི་ཚེ་ཁོ་རང་གི་ཉེ་གནས་ལྕང་བཙུན་ལ་གཏད། དེས་མཁན་པོ་མཛད་པ་ཚོ་ལ་ལྕང་སྐོར་ཟེར། དེ་ལ་གསུམ་བྱུང་སྟེ། རྩིས་པ་སྐོར་ལ་ལྕང་ཚོ་སྨད་པ་ཟེར། ལྕེ་དང་བྱེ་མདའ་བ་ཚོ་ལ་བར་པ་ཟེར། སྐྱེགས་དང་ཟེ་ཐང་དང་ཤོང་ཁུར་སྐོར་ཚོ་ལ་སྟོད་པ་ཟེར། དེ་ནས་ཨ་མེ་ཚོང་བཙུན་ཡོ་ལྕགས་ཤ་རིས་ཉང་ཚོ་ཕུལ་ནས་བཟུང་བའི་ཚེ། ཁོང་གིས་མཁན་པོ་མཛད་ནས་ར་བློ་གྲོས་བཟང་པོ་དང་འཁམས་པ་རིན་ཆེན་བཟང་པོ་དང་གཉིས་རབ་ཏུ་བྱུང་བསྙེན་པ་རྫོགས་པར་མཛད་ནས། དེ་གཉིས་ལ་ཉང་ཚོ་གཏད། དེ་གཉིས་ཀྱིས་མཁན་པོ་བྱས་པ་ལ་ར་ཚོ་དང༌། ཁམས་ཚོ་བྱ་བ་བྱུང་སྟེ། ར་ལ་ཕྱུག་ཚང་དགྲ་བཅོམ་གྱིས་ངུར་སྨྲིག་ཕུལ་ནས་དེའི་སྐོར་ལ་ར་ཚོ་ཟེར། འཁམས་པའི་མཁན་བུ་ཁྲོ་བ་འབར་བ་རྒྱལ་མཚན་གྱིས་ཚུལ་ཆེན་འོག་མ་དང༌། ཡུང་གིས་གནས་གསར་བཟུང་སྟེ། འཁམས་པའི་མཁན་བུ་གཅིག་གིས་རོང་གི་ལྕང་མཁར་བཟུང༌། དེ་ཚོ་འཁམས་ཚོའོ། །དེ་གཉིས་ལ་ཉ་ཚོ་སྐོར་དུ་གྲགས་སོ། །དེ་ནས་ཨ་མོ་ལ་བྱ་ཆོས་མཁར་པོ་ཆེ་ཕུལ་བའི་ཚེ། ཁོང་གིས་མཁན་བུ་རྒྱ་རྒྱལ་བུ་ཚུལ་ལེས་བྱ་ཆོས་ནས་བྲང་ཐང་བསྐྱེད་དོ། །དེའི་མཁན་བུ་ཀཽ་ཡེས་འབྱུང་གིས་དམུ་བསྐྱེད། དེ་གཉིས་ལས་མཆེད་པ་ཚོ་ལ་བྱ་སྐོར། དེ་ཨ་མེས་མར་བྱོན་པའི་ཤུལ་དུ་ཡོན་བདག་མོ་གཉོས་མོས་སྨོན་གྲོ་ཕུལ། དེའི་མཁན་བུ་མར་པ་ཡེ་ཤེས་རྡོ་རྗེ་ལ་གཏད། དེས་མཁན་པོ་མཛད་ནས་རྣལ་པོ་གྲགས་པ་རྒྱལ་མཚན་རབ་ཏུ་བྱུང་སྟེ། མཁན་ཕུག་བཟུང༌། མར་པའི་མཁན་བུ་གཅིག་གིས་རྐྱུས་ཐང་བཟུང༌། མར་པའི་མཁན་བུ་གཉི་བ་ཆེན་པོ་དོང་ཕུག་བཟུང༌། དེ་ནས་མཆེད་པ་ལ་དོང་ནག་སྐོར་ཟེར། ཚས་ཁ་ཐུང་བྲག་དམར་པོ་བཟུང༌། དེ་ནས་མཆེད་པ་ལ་ཁ་ཐུང་སྐོར་ཟེར། ཅོང་རོས་ནང་གོང་གི་མང་ར་བཟུང༌། དེ་ནས་མཆེད་པ་ལ་མང་ར་སྐོར། ཚོ་བཙུན་གྱི་མཁན་བུ་ཞང་པ་ཚབ་ཁྲོད་པས་ར་སོགས་མཚར་ལ་བཟུང༌། དེས་མཁན་པོ་བྱས་པའི་དགེ་མཐོང་གིས་རོང་ས་དོ་དང༌། སྟག་ཚལ་མཁར་སར་དང་རྒྱན་མཁར་རྐྱང་ཐུར་ཚོ་བཟུང༌། ཞང་གིས་ཁྱིམ་སེར་གྱི་སྒང་ཁྲོད་དང༌། བྲག་གཤོང་དང༌། བཙན་མོ་ལྡིང་དང༌། རྩིས་ཀྱི་ཡང་དབེན་བཟུང་དེ་ཚོ་ལ་དེ་ཚོ་སྐོར་ཟེར། སྤྱིར་འཁམས་སུ་བཀའ་དྲིན་ཞུས་པ་ལ་དེ་ཚོ་དང་མཉམ་པོར་ཤངས་པ་སྡེ་པ་དབུ་དཀར་བ་དང༌། འོ་བརྒྱད་སྤུན་གཉིས་ཀྱིས་ཀྱང་ཕྱིན་པ་ཡིན་མོད་ཀྱི་སྡེ་པས་གྲུ་མོ་སྤངས་རྩ་བརྩིགས་ཏེ། ཚོང་ཚོའི་གསེབ་ཏུ་སོང༌། འོ་བརྒྱད་སྤུན་གཉིས་ཀྱིས་སྡེ་གང་ཡང་མ་བཟུང༌། སྤྱིར་དེ་ལྟར་ཡིན་པ་ལ་འབྲེ་གཉིས་ཀྱི་བྱུང་ལུགས་ནི། འབྲོ་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱིས་རྟ་ནག་བྱེ་ཚང་བཟུང་ནས་མཁན་བུ་ཀྲོག་གེ་ཆུང་ལ་བརྟེན་ནས་ཡར་སྟག་སྡེ་ཆོས་ལུང་གི་སྐོར་ཚོ་མཆེད། བར་ཤངས་ཀྱི་བྱེ་ཕུག་ནས་ཤངས་ཀྱི་འབྲེ་ཚོ་མཆེད་དོ། །འཇད་དུ་འབྲེ་ཚོ་བ་བཞི་ལ་ཉང་བཙུན་སྨོན་ལམ་རྒྱལ་མཚན་གྱིས་སྟོང་ཁྲོད་བཟུང་ནས་དེའི་སྐོར་ཚོ་མཆེད་དོ། །ལྕང་བཙུན་དཀོན་མཆོག་རྒྱལ་མཚན་གྱིས་ཁྱེལ་གྱི་ལུག་ལམ་བཟུང་ནས་ལྕང་ཚོ་མཆེད་དོ། །མི་བཙུན་རྡོ་རྗེ་རྒྱལ་མཚན་གྱིས་འཇད་ཀྱི་མར་སྟོང་བཟུང་ནས་མི་ཚོ་སྟོད་སྨད་དུ་གྱེས་སོ། །གནས་བརྒྱད་པའི་མཁན་པོ་ལ་བརྟེན་ནས་དེ་དག་གི་སྡེ་སྐོར་གྱེས་སོ། །ལམ་མོ་བྱེ་ཚང་ནས་རྟ་ནག་གི་འབྲེ་ཚོ་གྱེས། འོ་བསྐོལ་ཕྱའི་སྟོན་ཚང་མན་ཆད་ནས་དབུས་ཀྱི་རྟག་ཕྲུ་དགོན་པ་མན་ཆད་བྱེ་ཚང་ནས་ཆད་དོ། །ཝ་ཞྭ་ཡེ་ཤེས་གཡུང་དྲུང་གིས་འོ་ཐུག་གི་ར་ཤ་བཟུང༌། དེ་ནས་སྣ་ནམ་འདྲེ་སྣ་བཟུང༌། ཕྱིས་སྟག་གིས་གནས་མོ་ཆེ་བཟུང༌། དེའི་ལམ་སྟེགས་སུ་ཁོ་ར་རེ་ཁང་འཁོར་བཟུང༌། དེ་ནས་ལྡན་གྱི་གྲེ་ཤོད་བཟུང༌། དེའི་མཁན་བུ་སོག་སྟོན་ཡོན་ཏན་ཚུལ་ཁྲིམས་ཀྱི་བླ་མས་ལྡན་གྱི་བ་སོ་ཐང་བཟུང༌། ཁོ་ར་གཉན་པ་གོང་དང༌། ཁུ་ལུང་ལྷ་གྲལ་དང་ཉང་སྨད་བུད་ཁ་བཟུང༌། འདྲེ་བརྡས་དང་འཚལ་ཞབས་དང་དཔག་ཚལ་བཟུང༌། སོག་གི་མཁན་བུ་ཡང་འདུལ་བ་འཛིན་པས་སྟག་གི་དཔེ་ཅན་བརྩིགས། སོག་གི་མཁན་བུ་དགེ་བཤེས་ཞུས་ཀླས་པོ་ཆེ་བཟུང༌། དེ་ཐམས་ཅད་ལ་ཝ་ཚོ་ཟེར་བ་ཡིན། དེ་རྣམས་ནི་སྨད་ནས་ཡར་མཆེད་པའི་ལུགས་ཡིན་ནོ། །སྟོད་ནས་མར་དར་བ་ལ། འཛིམ་པ་ཤེས་རབ་འོད་ཀྱིས་འཛིམ་གྱི་གཙུག་ལག་ཁང་བཞེངས། དེ་ནས་མཆེད་པ་ཚོལ་བུ་ཚོ་སྨད་པ་ལ་རྒྱལ་གྱི་ཐང་མར་རྩག་གི་དུར་ལུང་བཟུང༌། ས་སྐོར་གྱི་དེང་ལག་ཁ། མདོ་ཐང་གི་འགྱེས་ལུང༌། བཙན་འཁོར་གྱི་རི་ཆུང༌། རོང་གི་ཐི་ལུང་སྟེ། གནས་དྲུག་པོ་མཆེད་དོ། །བྱང་ཆུབ་སེམས་དཔའ་བྲག་ཆི་ལུང་བཟུང་ནས། ཡར་དམུ་རྫིང་བཟུང༌། མར་དགུན་ལྷས་བཟུང་སྟེ། དེ་ཚོ་བྱང་ཆུབ་སེམས་དཔའི་སྐོར་རོ། །མོན་གྲོ་འདུལ་བ་འཛིན་པས་ཨརྠ་ཤལ་གྱི་མོན་མཁར་བཟུང་བའི་པུ་ཚོ་བར་པའོ། །པུ་ཚོ་སྟོད་པ་ལ་ཐོ་ལིང་གསེར་ཁང༌། རྒྱ་ཞིང་གི་ལྷ་ཁང༌། ཁ་ཆར་གྱི་ལྷ་ཁང༌། སྙིང་པོའི་གཙུག་ལག་ཁང༌། ན་མོའི་གཙུག་ལག་ཁང༌། ཉ་ཚོ་རིགས་དང༌། ཚ་ཚ་སྒང་ལ་སོགས་པ་པུ་ཚོ་སྟོད་པའོ། །བློ་ལྡན་གང་གིས་སྡེ་པ་ཡི། །དབྱེ་བ་རྣམ་དག་ཤེས་འདོད་ན། །མཁས་པ་རྣམས་ཀྱིས་སྦྱར་བ་ཡི། །ལེགས་པའི་གཏམ་འདི་ཤེས་པར་གྱིས། །འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག།  ཤུ་བྷཾ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*