གཏོར་མ་བརྒྱ་རྩ།

༼ཏ༽

༄༅། །གཏོར་མ་བརྒྱ་རྩ་བཞུགས།།

༄༅། །ཨོཾ་སྭ་སྟི། དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ། །ཁམས་གསུམ་སེམས་ཅན་བུ་བཞིན་སྐྱོང་བའི་མ། །སྲིད་གསུམ་ཡིད་ཀྱི་མུན་པ་སེལ་མཛད་པའི། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་སོགས་མཁའ་སོགས་དགེ་སྦྱོང་སོགས། །ལྷན་སོགས་གཞི་སོགས་འབྲོག་གནས་སོགས། །བགེགས་སོགས་རིགས་དྲུག་ཡི་དྭགས་སོགས། །གནོད་བྱེད་མ་ཐོབ་རྣམས་ལ་སྦྱིན། །ལས་དང་པོ་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར། གཏོར་མ་བརྒྱ་རྩ་གཏོང་བའི་ཚུལ་བརྗོད་པར་བྱའོ། །དེ་ལའང་གཏོར་ཟན་གཙང་མ་ལ། དཀར་གསུམ་དང༌། མངར་གསུམ་ལ་སོགས་པ་ཡོད་ན་སྦག ཆུ་གཙང་མ་དང༌། གཏོར་སྣོད་བཅུའམ་ལྔ། བུམ་པ་སོགས་སྣོད་དང་བཅས་པ་སྟ་གོན་བྱས་ལ། ཟན་གསུམ་ཚན་གསུམ་དང༌། གཉིས་ཚན་གཅིག་གིས་བརྒྱ་རྩ་བརྒྱད་དུ་བྱ་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཕུལ་ལ། འཕགས་པ་རྣམས་མཉེས་ཤིང་རིགས་དྲུག་རྣམས་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱ་སྙམ་དུ་སེམས་བསྐྱེད་ལ། དང་པོ་ཟན་བཅུ་ཆུས་སྦྱངས་ལ། ཨོཾ་ཨཱཿཧཱྃ། ཞེས་ལན་གསུམ་བརྗོད་པས་བདུད་རྩིར་བསམ་ཞིང༌། བཅུ་ཚན་དང་པོ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་ཉེར་གཅིག་གིས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཉིས་པ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་ལ་སོགས་པ་མཁའ་འགྲོའི་ཚོགས་རྣམས་དང༌། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་དང༌། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་བཅུ། རྒྱལ་པོ་ཆེ་པོ་སྡེ་བཞི། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་ལ་སོགས་པ། དཔལ་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་དང༌། བླ་མ་དམ་པ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་ཤིང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བ། དཔལ་རྡོ་རྗེ་གདན་གྱིས་གཙོ་བྱས་རྒྱ་གར་དང༌། བོད་ཀྱི་གཙུག་ལག་ཁང་དང༌། གདན་ས་ཁྱད་པར་ཅན་རྣམས་སྐྱོང་ཞིང༌། བསྟན་པ་ལ་མངོན་པར་དགའ་བའི་ལྷ་ཀླུ་འབྱུང་པོའི་ཚོགས་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བསྟན་པའི་རྩ་ལག་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང༌། རྣལ་འབྱོར་པ་བདག་ཅག་ཆོས་སྒྲུབ་པ་འཁོར་བཅས་ཀྱི། སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་བྱུང་བ་མི་དང་མི་མ་ཡིན་པའི་གནོད་པ་དང༌། རྐྱེན་ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། གསུམ་པ། རིག་པ་འཛིན་པའི་ས་ལ་གནས་པ་རྣམས་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ལྷའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཙམ་གྱིས་ཕན་འདོགས་ནུས་པ། སྨོན་ལམ་གྱི་ས་ལ་དབང་བ། དམོད་པ་འདོར་ནུས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་རྣམས་བདེ་ཞིང་སྐྱིད་པ་དང༌། བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་བཅས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཆོས་བཞིན་འགྲུབ་པའི་སྨོན་ལམ་བཟང་པོ་གདབ་ཏུ་གསོལ། བཞི་པ་ཡན་ཆོད་ལ་སྔགས་ཉེར་གཅིག་རེ་དང༌། མན་ཆོད་ལ་བདུན་བདུན་བརྗོད་དོ། །བཞི་པ་བདག་ཅག་འགྲོ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ལྷ་དང༌། རྣམ་ཐོས་སྲས་དང༌། ཛམྦྷ་ལ་དང༌། ནོར་རྒྱུན་མ་དང༌། ཚོགས་ཀྱི་བདག་པོ་ལ་སོགས་པ་ནོར་ལྷའི་ཚོགས་རྣམས་དང༌། བདག་ཅག་འཁོར་དང་བཅས་པ་ལ་སྲུང་སྐྱོབ་མཛད་པའི་ལྷ་ཚོགས་རྣམས་ལ་འབུལ་ལོ། །ནད་དང༌། དབུལ་བ་དང༌། ཕོངས་པ་དང༌། འཇིགས་པ་མེད་པ་དང༌། ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། ལྔ་པ། རྡོ་རྗེ་གདན་གྱིས་གཙོ་བྱས་པའི་འཛམ་བུ་གླིང་གི་གཞིའི་བདག་པོ་རྣམས་དང༌། ཁྱད་པར་དུ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང༌། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཏུ་ཡུལ་ཕྱོགས་དང༌། ས་ཆ་འདི་ཉིད་ན་གནས་པའི་ལྷ་དང༌། ཀླུ་དང༌། བཙན་དང༌། བདུད་དང༌། ས་བདག གཉན་མཐུ་བོ་ཆེ། གཞི་བདག་གནས་བདག་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་ཕེབས་པ་དང༌། ལོ་ཕྱོགས་རྟག་ཏུ་ལེགས་པ་དང༌། མི་ནད་དང༌། ཕྱུགས་ནད་དང༌། མུ་གེ་དང༌། འཁྲུག་པ་ཞི་ཞིང་མི་འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། དྲུག་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ་དང༌། ནོར་བུ་བཟང་པོ་ལ་སོགས་པ་འབྲོག་གནས་མཆེད་ལྔ་འཁོར་དང་བཅས་པ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང༌། རྒྱལ་བ་ཁྱུ་མཆོག་ལ་སོགས་པ་ཕྱོགས་མཚམས་སྲུང་བར་བྱེད་པའི་གནོད་སྦྱིན་ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་འཁོར་དང་བཅས་པ་དང༌། འཕྲོག་མ་བུ་ལྔ་བརྒྱ་འཁོར་དང་བཅས་པ་དང༌། འབྲོག་གནས་མཆེད་ཀྱི་ཚོགས་རྣམས་ལ་འབུལ་ལོ། །སེམས་ཅན་གྱི་སྲོག་དང༌། གཟི་བརྗིད་དང༌། མདངས་འཕྲོག་པ་ལ་སོགས་པ་གནོད་འཚེའི་བསམ་པ་ཞི་ཞིང༌། ཁྱད་པར་དུའང་བདག་ཅག་ཆོས་སྒྲུབ་པའི་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ནས། ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདུན་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག རིམས་བདག ཡམས་ཀྱི་བདག་མོ། གདུག་པ་ཅན་གནོད་བྱེད་ཀྱི་ཚོགས། ས་དང་བར་སྣང་ལ་གནས་ནས་འདོད་པའི་གེགས་བྱེད་ཅིང་མི་འདོད་པ་སྐྱེད་པར་བྱེད་པ་རྣམས་ལ་སྦྱིན་ནོ། །དེང་ཕྱིན་ཆད་བསམ་ངན་དང་གདུག་རྩུབ་དང་གནོད་འཚེ་ཐམས་ཅད་ཞི་ཞིང་གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་གྱུར་ཅིག བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལའང་གནོད་པའི་བསམ་པ་བསལ་ནས་ཕན་སེམས་དང་ལྡན་པར་གྱུར་ཅིག བརྒྱད་པ། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །རིགས་དྲུག་སོ་སོའི་ལན་ཆགས་བུ་ལོན་བྱང་ཞིང༌། སྡུག་བསྔལ་མཐའ་དག་དང་བྲལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག དགུ་པ། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་ལ་སོགས་པ་ཕྱིའི་སྒྲིབ་པ་ཅན་དང་ནང་གི་སྒྲིབ་པ་ཅན་དང་མེ་ལྕེའི་འཁོར་ལོ་ཅན་དང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་དང་མཁའ་ལ་རྒྱུ་བ་དང་ཀླུངས་ན་གནས་པ་དང་བྱིངས་ན་གནས་པ་དང་ཁ་འཐོར་གྱི་ཚོགས་བཀྲེས་སྐོམ་དང་དབུལ་ཕོངས་ཀྱིས་བསྡུས་པ་མཐའ་དག་ལ་སྦྱིན་ནོ། །སོ་སོའི་མདུན་དུ་ཟས་སྐོམ་བདུད་རྩིའི་ཆར་ཆེན་པོ་ཕབ་ནས། ལུས་དང་སེམས་ལ་ཕན་པ་དང༌། བདེ་བར་ལོངས་སྤྱོད་ཅིང་ཚིམ་པར་གྱུར་ཅིག སེར་སྣའི་སྡིག་སྒྲིབ་བྱང་ཞིང༌། ཡི་དྭགས་ཀྱི་སྡུག་བསྔལ་དང་བྲལ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག བཅུ་པ། བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་དང་བཅས་པ་རྣམས་ལ་ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་ཀྱི་མགྲོན་བུ་ལོན་མ་ཁྱེར་བ་དང༌། ཚེ་འདིར་ཡང་ཐུགས་ཟུར་དང་སྤྱན་ཟུར་ལ་ཕོག་པ་རྣམས་དང༌། གནོད་བྱེད་ཀྱི་ཚོགས་ངོས་མ་ཟིན་པ་རྣམས་ལ་སྦྱིན་ནོ། །ལན་ཆགས་ཐམས་ཅད་བྱང༌། བུ་ལོན་ཐམས་ཅད་ཁྱེར་བ་དང༌། ཕྲག་དོག་ཏུ་གྱུར་པ་དང༌། གནོད་བྱེད་ཀྱི་ཚོགས་རྣམས་གཏོར་མ་འདིས་མཉེས་ཤིང་རེ་བ་ཐམས་ཅད་སྐོང་བར་གྱུར་ཅིག བཅུ་གཅིག་པ། མ་ཐོབ་པ། མ་སླེབ་པ། ཁ་ཞན་ཅིང་དབང་ཆུང་བ། གཏོར་མ་ལ་རེ་བ། གློ་བུར་དུ་ལྷགས་པའི་འབྱུང་པོ་རྣམས་དང༌། སྐལ་བ་ཆད་པ། ཁ་ཞན་པ། དབང་ཆུང་བ། ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །སོ་སོར་ཟས་སྐོམ་གྱིས་ཚིམ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཅེས་བརྗོད་དོ། །བདུན་པ་མན་ཆད་ལ་སྔགས་བདུན་བདུན་བརྗོད་པའི་རྗེས་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པར་བྱའོ། །མཇུག་ཏུ་ཁ་ཟས་མ་ཐོབ་པའི་ཡི་དྭགས་རྣམས་ལ་ཆུ་སྦྱིན་པར་བྱ་སྟེ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པ་གཡས་པས་མཆོག་སྦྱིན་མཛད་པར་བསྒོམས་ལ། ཆུ་དང་སྣོད་ཟས་ཀྱིས་མ་གོས་པར་བྱས་ལ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། ལག་པ་གཡས་པའི་མཐིལ་དུ་བཞག་ལ། ཕྱག་གཡས་ནས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ཁ་འབར་མ་དང་འཇུར་འགེགས་ཅན་ལ་སོགས་པའི་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཚིམ་པར་བསམ་ཞིང༌། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པ་དང༌། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པས་བསྔོས་ལ། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་པས་ཆུ་སྦྱིན་བྱའོ། །འཇིག་རྟེན་པའི་མགྲོན་རྣམས་ལ་ཐུན་མོང་དུ་ཡེ་དྷརྨཱ་དང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་པ་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ནས་འདོད་པའི་དོན་ཐམས་ཅད་བསྒོ་བར་བྱའོ། །སེ་གོལ་བརྡབས་ནས། སརྦ་བྷཱུ་ཏ་གཙྪ། ཞེས་པས་མགྲོན་རྣམས་རང་རང་གི་གནས་སུ་སོང་བར་བསམ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གནས་སྐབས་སུ་བར་ཆད་ཞི་ཞིང༌། མཐར་ཐུག་སངས་རྒྱས་ཐོབ་པའི་ཐབས་ཀྱི་མཆོག་གཏོར་མ་ཡིན་ནོ། །ཁྱད་པར་དུ་ཡང་ཚེ་འདི་ནས་བཟུང་ནས་སྐྱེ་བ་ནས་སྐྱེ་བར་ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་ཏེ། ནོར་སྒྲུབ་ཀྱི་མཆོག་སྦྱིན་པ་ཡིན་ཞིང་གཏོར་མ་ལ་སྦྱིན་པ་རྣམ་པ་བཞི་ཚང་བའི་ཕྱིར་རོ། །ལས་དང་པོ་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གནས་སུ་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*