དཔུང་བཟང་གི་མདོའི་འགྲེལ་པ།

༼ཏ༽

༄༅། །དཔུང་བཟང་གི་མདོའི་འགྲེལ་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་མདོ་སྡེ་འདི་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་པའི་ལྷའི་བྱེ་བྲག་རྣམས་ཀྱི་རིག་སྔགས་དང་གསང་སྔགས་རྣམས་བཤད་པ་གང་ཡིན་པ་དེ་དག རིགས་གསུམ་སྟེ་དེ་བཞིན་གཤེགས་པ་དང༌། པདྨ་དང༌། རྡོ་རྗེ་དང༌། དེ་བཞིན་དུ་གཞན་ཡང༌། ནོར་ཅན་དང༌། ལྔས་རྩེན་དང༌། འཇིག་རྟེན་པའི་རིགས་གསུམ་དུ་ཡང་དག་པར་བསྡུས་པ་བསྟན་ཏོ། །དེ་དག་གི་རིགས་དང༌། རིག་སྔགས་དང༌། གསང་སྔགས་དང༌། ལས་ཀྱི་དབྱེ་བ་དང༌། མཉེས་པར་བྱ་བའི་ཐབས་ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལ། དེ་ལས་གཞན་དག་ཏུ་ནི་ཅུང་ཟད་ཙམ་དུ་བསྟན་པ་དང༌། གཞན་དུ་ནི་མ་གསུངས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རིག་སྔགས་ཐམས་ཅད་མཉེས་པར་བྱ་བའི་ཐབས་སུ་གྱུར་པ། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌། གྲུབ་པའི་སྤྱོད་པ་བསྟན་པ་རྣམས་དཔུང་བཟང་གིས་ཞུས་པའི་སྔགས་ཀྱི་མདོ་སྡེ་ལེའུ་བཅུ་གཅིག་པ་འདིར་གཏན་ལ་ཕབ་པ་བསྟན་ཏོ།།  །།འདི་འཆད་པའི་མཁན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཡིན་ལ། ཞུ་བ་པོ་ནི་ཕྱག་ན་རྡོ་རྗེའི་སྲས་ཡབ་ཀྱི་དཔུང་པ་བཟང་པོ་ལས་འཁྲུངས་པས་དཔུང་པ་བཟང་པོ་ཞེས་བྱའོ། །དེ་གཉིས་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དང༌། གཟུངས་དང༌། ཏིང་ངེ་འཛིན་དང༌། སོ་སོ་ཡང་དག་པར་རིག་པ་དང༌། དབང་དང༌། བཟོད་པ་དང༌། རྣམ་པར་ཐར་པ་ཐམས་ཅད་ཀྱི་ཕ་རོལ་དུ་སོན་པ། བྱང་ཆུབ་སེམས་དཔའི་སྒྲིབ་པ་མ་ལུས་པར་སྤངས་པས་བཤད་པའོ། །རྒྱུད་སྡེ་བཞི་ལས་ཕྱོགས་བྱ་བའི་རྒྱུད་དུ་རྟོགས། རྒྱུད་ཀྱི་མཚན་ཞུ་བ་པོ་ལ་བཏགས་སོ། །གཞུང་བཤད་པའི་ཐབས་འདི་ནི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་རྗེས་སུ་འབྲངས་ཏེ་བསྡུས་པའི་དོན་ཐམས་ཅད་མཁས་པ་ཆེན་པོ་དེས་མཛད་པ་ཡིན་ནོ།།  །།ལེའུ་ལྔ་པར་དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་རྒྱའི་ཚད་དོ། །ཚོན་རྩི་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང་ནག་པོ་རྣམས་ཏེ། དེ་ཡང་དབུས་སུ་ནི་ཁྲུས་བྱེད་པའི་ས་ཁྲུ་དོ་དོར་རོ། །ཕྱོགས་ཀྱི་ལྷ་རྣམས་ཀྱི་གནས་ནི་ཡོངས་སུ་གཟུང་ཞེས་པ་ནི། དེའི་ཕྱིར་རིམ་པ་ཁྱོན་ཁྲུ་གང་པ་ཞིག་ཡོད་པའི་སུམ་ཆ་འཁོར་བར་བཞག་སྟེ། སུམ་གཉིས་ལ་ལྷ་རྣམས་དགོད་པ་ནི་གསང་བའི་དཀྱིལ་འཁོར་ལས་ཇི་སྐད་དུ། བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་རྒྱ་ཞུགས་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཡིན། །བདེན་བྲལ་གྱི་ནི་རལ་གྲི་ཡིན། །ཆུ་བདག་གི་ནི་ཞགས་པར་བཤད། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེ་ར་ཡི་དབྱུག་ཐོ་ཡིན། །དབང་ཕྱུག་གི་ནི་རྩེ་གསུམ་གསུངས། །ས་ཡི་ཕྱག་རྒྱ་བུམ་པ་ཡིན། །ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ། །ཞེས་གསུངས་ཏེ། ཤར་ཕྱོགས་ནས་བརྩམ་པར་བྱའོ། །ཟླ་བ་ནི་མདུང་རྩེ་གསུམ་པ་དང་རྡོ་རྗེའི་བར་དུ་བཞག་སྟེ་དཀར་པོར་བྱའོ། །ཉི་མ་ནི་རལ་གྲི་དང་ཞགས་པའི་བར་དུ་བཞག་སྟེ་ཤིན་ཏུ་དམར་པོར་བྱའོ། །སའི་ལྷ་མོའི་བུམ་པ་ནི་ཞགས་པ་དང་རྒྱལ་མཚན་གྱི་བར་དུ་གཞག་གོ །སྒོ་བཞི་པ་ལ་ཞེས་པ་ཡང་རྒྱུད་དེ་ཉིད་ལས། དབུས་སུ་སྒོ་ནི་གདོད་པར་བྱ། །ངོས་གཉིས་སུ་ནི་ཆ་དག་ཀྱང༌། །བཞི་བཞི་དག་ནི་དོར་བར་བྱ། །ཞེས་གསུངས་སོ། །ཀུ་ཤའི་རྩྭ་ཡང་དགྲམ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་རི་མོ་ལ་མ་རེག་པར་མཐའ་མ་ཐོག་ཐག་རྩེ་མོས་རྩ་བ་མནན་ལ་བསྐོར་རོ། །གཞན་གཞུང་དོན་མན་ངག་དང་བསྡུས་དོན་རྣམས་མཆན་དུ་བཀོད་དེ་ཐམས་ཅད་མ་ལུས་པར་བྱས་སོ། །འཕགས་པ་དཔུང་པ་བཟང་པོའི་གཞུང་དུ་མ་འདུས་པ་བག་ཙམ་བྲིས་པ་ཨི་ཐི།།  །།ཡང་བསྡུས་དོན་ལུགས་གཅིག་ལ་འཁོར་བ་ལ་སྐྱོ་བ་བསྐྱེད་པ་དང༌། མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་བདེན་པ་བཞི་ལ་འཇུག་པར་བྱ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་བསྟན་ཏོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །ཞེས་པ་དང༌། ཉི་མས་མུན་ནག་གཏན་ནས་བསལ་བ་ལྟར། །ཞེས་པའི་བར་རོ། །ཚོར་བ་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། ཚོལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ། །ཞེས་པ་ནས། རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ། །ཞེས་པའི་བར་རོ། །སེམས་དྲན་པ་ཉེ་བར་གཞག་པ་ནི། སེམས་ནི་གློག་དང་སྤྲེའུ་དང་མཚུངས་པ། །ཞེས་པ་ནས། དད་པའི་སེམས་ཀྱིས་ཐོབ་པར་འགྱུར་བ་ཡིན་གྱི་བར་རོ། །ཆོས་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། འདོད་རྒྱལ་ལས་ཀྱང་མ་བྱུང་དུས་ལས་མིན། །ཞེས་པ་ནས། གང་ཞིག་གཞན་འགྱུར་དེ་ནི་ལྟ་ངན་གསུངས། །ཞེས་པའི་བར་རོ། །དྲན་པ་ཉེ་བར་གཞག་པ་སྒོམ་པ་ལ་མི་མཐུན་པའི་ཕྱོགས་སྤངས་པ་ནི། ཚིག་རྩུབ་ཕྲ་མ་ཀྱལ་པ་སྨྲ་བ་དང༌། །ཞེས་པ་ནས། སེར་སྣ་དྲེགས་དང་རྒྱགས་པ་རྣམས་སྤངས་ཏེ། །ཞེས་པའི་བར་རོ།།  །།འདི་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་འདུན་པ་བསྐྱེད་དོ། །སྔར་མ་སྐྱེས་པ་རྣམས་མི་སྐྱེ་བའི་དབང་དུ་མཛད་ནས། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང༌། །ཞེས་པ་ནས། འདི་དག་ངས་ནི་ཁྱོད་ལ་མདོར་བཤད་དོའི་བར་དང༌། །ཡང༌། གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །ཅེས་པ་ནས། ཕུལ་བའི་ལྷ་བཤོས་རྣམས་ཀྱང་བཟའ་མི་བྱ། །ཞེས་པའི་བར་རོ། །འདི་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་རོ། །གཉེན་པོ་བསྐྱེད་པ་ནི། མ་སྐྱེས་པ་རྣམས་བསྐྱེད་པའི་དབང་དུ་མཛད་ནས། དགེ་དང་མི་དགེའི་ཤེས་པ་བཟུང་ནས་ནི། །ཞེས་པ་ནས། བསོད་ནམས་མ་ལུས་ཡོངས་སུ་བཟུང་བའི་བདག །ཅེས་པའི་བར་རོ། །འདིས་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་འདུན་པའོ། །གཉེན་པོ་བསྐྱེད་པ་ལ་དགེ་བའི་ཆོས་སྐྱེས་པ་རྣམས་ཀྱི་རྗེས་སུ་འཇུག་པའི་དབང་དུ་མཛད་ནས། དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། །ཡང༌། ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། །ཞེས་པ་ནས་བསོད་ནམས་མ་ལུས་ཅན་ནི་འཕེལ་འགྱུར་གྱི། །བར་དང་ཡང༌། ཇི་ལྟར་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱི། །ཞེས་པ་ནས། མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ། །ཅེས་པའི་བར་གྱིས། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང༌། ཕྱིར་ཞིང་དབུལ་བ་དང༌། ཡོངས་སུ་རྫོགས་པར་བྱ་བའི་འདུན་པ་བསྐྱེད་དོ། །ཡང་དག་པར་སྤོང་བའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏེ། འདུན་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། དེ་ཡིས་བདེ་བར་གཤེགས་ལ་དང་བསྐྱེད་ནས། །ཞེས་པ་དང༌། ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཞེས་པའི་བར་གྱིས། མོས་པའི་དབང་གིས་བརྩོན་འགྲུས་ལ་སེམས་རྩེ་གཅིག་པར་བྱེད་པའོ།།  །།བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང༌། །ཞེས་པ་ནས། སྔགས་པ་སྐད་ཅིག་ཙམ་ཡང་གནས་མི་བྱ། །ཞེས་པའི་བར་རོ། །འདི་ནི་བརྩོན་འགྲུས་ལ་རྟག་ཏུ་སེམས་རྩེ་གཅིག་ཏུ་བྱེད་པའོ། །སེམས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། བྱམས་དང་སྙིང་རྗེའི་ཆུ་ཡིས་གདབ་ཅེས་པས། སྔོན་གྱི་ཏིང་ངེ་འཛིན་གྱི་ས་བོན་ལ་བརྟེན་ནས་རང་བཞིན་གྱི་སྙིང་རྗེ་ཆེན་པོས་སེམས་འཛིན་ཅིང་སེམས་རྩེ་གཅིག་ལ་རེག་པར་བྱེད་པའོ། །དཔྱོད་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །ཞེས་པ་ནས། བཟློག་ནས་དགེ་ལ་ཅི་བདེར་གཞག་པར་བྱ། །ཞེས་པའི་བར་དང༌། ཡང༌། ལེ་ལོ་འདོད་ཆགས་མི་དགེ་ལྡན་པའི་སེམས་པ་ནས། གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར། །ཞེས་པས། འདིར་ནི་དམིགས་པ་རབ་ཏུ་བྱེད་པས་སེམས་རྩེ་གཅིག་ཏུ་བྱེད་པའོ། །སེམས་ལས་སུ་རུང་བའི་དགོས་པ་གང་ཞེ་ན། ལེ་ལོ་དང་ནི་གདམས་ངག་རྣམས། །འདི་དག་ཉེས་པ་ལྔར་འདོད་དོ། །དེའི་བར་རོ། །དེའི་རྒྱུ་ནི་སྤོང་བའི་འདུ་བྱེད་བརྒྱད་དེ། གནས་དང་དེ་ལ་གནས་པ་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་པའི་བར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སེམས་ལས་སུ་རུང་ནས། དེའི་འོག་ཏུ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་དབང་པོ་ལྔ་གཞག་གོ །དད་པའི་དབང་པོའི་དབང་དུ་མཛད་ནས། དཀོན་མཆོག་གསུམ་ལ་དད་པ་བརྟན་པར་བྱ། །ཞེས་པས་སོ། །བརྩོན་འགྲུས་ཀྱི་དབང་པོའི་དབང་དུ་མཛད་ནས། སོས་ཀའི་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །ཞེས་པ་ནས། བརྩོན་འགྲུས་ཆེན་པོའི་མེ་ཡིས་སྡིག་པ་བསྲེག །ཅེས་པའི་བར་རོ། །དྲན་པའི་དབང་པོའི་དབང་དུ་མཛད་ནས། མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང༌། །ཞེས་པ་ནས། བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །ཞེས་པའི་བར་དང༌། འགྲེང་དང་འདུག་དང་གཉིད་ལོག་ཉལ་བ་དང༌། །རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ་བའི་བར་རོ། །ཡང༌། བདེ་གཤེགས་ཆོས་དང་དགེ་འདུན་དྲན་བྱས་ཏེའི་ཚིག་གསུམ་མོ། །ཡང༌། ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ་བའི་བར་དང༌། ཡང༌། །ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང༌། །ཞེས་པ་ཚིག་བཞི་པའི་བར་རོ། །ཡང༌། གང་གི་ཚེ་ན་སེམས་འདི་དང་བ་ཡིས། །དཀོན་མཆོག་གསུམ་གྱི་གདུང་ཡང་བསབས་པ་ཡིན་གྱི་བར་རོ། །འདིས་དྲན་པའི་དབང་པོ་ཚུལ་ཁྲིམས་སྒྲུབ་པ་བསྟན་ཏོ།།  །།ཏིང་ངེ་འཛིན་གྱི་དབང་པོའི་དབང་དུ་མཛད་ནས། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད་ཀྱི་བར་རོ། །ཡང༌། ཚེ་རབས་གཞན་དུ་གང་དང་གང་བྱས་པའི། །དྭང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར་གྱི་བར་རོ། །འདིས་ཏིང་ངེ་འཛིན་རྩེ་གཅིག་གི་མཚན་ཉིད་སེམས་ཀྱི་བསླབ་པ་བསྟན་ཏོ། །ཤེས་རབ་ཀྱི་དབང་པོའི་དབང་དུ་མཛད་ནས། ལས་ཀྱི་དབང་འགྱུར་བདག་པོ་མེད་པ་དང༌། །ཞེས་པ་ནས། དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང་གི་བར་རོ། །དེས་ནི་ཤེས་རབ་ཀྱི་དབང་པོས་ཆོས་རྣམ་པར་དབྱེ་བ་བསྟན་ཏོ། །དད་པ་ལ་སོགས་པ་རྣམས་སྟོབས་དང་ལྡན་པས་སྟོབས་སོ། །ཆོས་མཆོག་གི་འོག་ཏུ་མཐོང་ལམ་འབྱུང་བས། སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས་འབྱུང་ངོ༌། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །ཞེས་པ་ནས། གསང་སྔགས་དང་ནི་ལེ་ལོ་མེད། །ཅེས་པའི་བར་དང༌། ཡང༌། ཆགས་དང་རྣམ་བྲེལ་དགེ་ལ་དགའ་བ་དང༌། །ཚིག་བཞིའི་བར་རོ། །ཡང༌། ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ། །ཞེས་པ་ནས། ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར་གྱི་བར་རོ། །འདིས་དྲན་པའི་སྟོབས་ཀྱིས་དམིགས་པ་མི་ཡེངས་པར་བསྟན་པའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། ལུས་དང་ངག་ཡིད་ལག་པ་མིག་དང་ནི། །དེ་སྲིད་དུ་ནི་འབུམ་མམ་ཉིས་འབུམ་བཟླས། །ཞེས་པའི་བར་གྱིས། རང་བཞིན་གྱི་ཡན་ལག་བྱང་ཆུབ་ཀྱི་ངོ་བོ་བསྟན་ཏོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། ཇི་ལྟར་རི་དྭགས་དབང་པོ་བཀྲེས་པ་དག །ཅེས་པ་ནས། འབད་པ་མཆོག་རྣམས་ཀྱིས་ཀྱང་བསྟན་པར་བྱ་བའི་བར་གྱིས། ཉེས་པ་བྱུང་བའི་ཡན་ལག་སོ་སོ་སྐྱེ་བོ་ལས་འདའ་བ་བསྟན་ཏོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཞེས་པ་ནས། དེ་ཚེ་བཟླས་བརྗོད་དགོས་པ་མེད་པར་འགྱུར་གྱི་བར་གྱིས། ཕན་ཡོན་གྱི་ཡན་ལག་ལུས་དང་སེམས་ལ་ཕན་འདོགས་པ་བསྟན་ཏོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། དངོས་གྲུབ་ཉེ་ན་ཟློས་ལ་དགའ་བ་དང༌། །ཞེས་པ་ནས་དེ་ཚེ་ཉི་ཤུ་ཉེ་བར་འགྱུར་བ་ཡིན་གྱི་བར་གྱིས། ཀུན་ནས་ཉོན་མོངས་པ་གཞི་མེད་པ་རྣམ་པར་དག་པ་བསྟན་ཏོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །ཞེས་པ་ནས། ལུས་ལ་ཆོས་ཉིད་དེ་བཞིན་འབར་བར་འགྱུར་གྱི་བར་གྱིས། ལུས་སེམས་གཉིས་སྦྱངས་ནས་མཉམ་པ་ལ་བཞག་སྟེ་ཉོན་མོངས་པ་སྤོང་བ་བསྟན་ཏོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། སྣ་རྩེར་ལྟ་ཞིང་རྣམ་པར་རྟོག་པ་སྤོང༌། །ཞེས་པ་ནས། སེམས་ནི་ལས་སུ་རུང་བར་འབྱུང་བར་ངེས་ཀྱི་བར་གྱིས། ཀུན་ནས་ཉོན་མོངས་པ་མེད་པར་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་གིས་མཐོང་ལམ་ཐོབ་པས་མཐོང་ལམ་གྱི་འོག་ཏུ་སྒོམ་ལམ་བསྟན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་རྣམས་མིང་ཙམ་བརྗོད་པ་མི་ཤེས་པས་རེ་རེ་ནས་བསྟན་ཏེ། ལྟ་བའི་དབང་དུ་མཛད་ནས། འཇིགས་དང་ཚགས་པ་བརྒྱ་བྱིན་ཁྱབ་འཇུག་དང༌། །ཞེས་པ་ནས། སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོའི་བར་དང༌། ལོག་པར་ལྟ་བ་རྣམ་སྤངས་པའི། །ཚིག་གཉིས་ཀྱིས། མཐོང་ལམ་གྱི་རྟོགས་པ་འདི་ལྟར་རྟོགས་སོ་ཞེས་ཡོངས་གཅོད་བསྟན་ཏོ། །ཡང་དག་པའི་རྟོགས་པའི་དབང་དུ་མཛད་ནས། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །ཞེས་པ་ནས། བསྟན་བཅོས་ངན་པ་ཀློག་ཅིང་སློབ་པ་སྤང༌། །མི་མཐུན་པའི་ཕྱོགས་མ་བརྟགས་མ་དཔྱད་པའི་ཚིག་མི་སྨྲ་བ་བསྟན་པ། ཡང་དག་པའི་ངག་གི་དབང་དུ་མཛད་ནས། ཡུལ་པའི་གཏམ་དང་མི་དབང་བསྟན་པ་དང༌། །ཞེས་པ་ནས། འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱའི་བར་གྱིས། མི་མཐུན་པའི་ཕྱོགས་ཀྱི་གཏམ་སྤང་བའོ། །ཡང་དག་པའི་ལས་ཀྱི་དབང་དུ་མཛད་ནས། བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང༌། །ཞེས་པ་ནས། བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱའི་བར་དང༌། ཡང༌། སྔགས་པ་གསང་སྔགས་བསླབ་པ་མནོས་པ་ནི། །ཞེས་པ་ནས། བདག་ཉིད་བསྲུང་བྱ་བསྒྲུབ་ལ་འཇུག་པར་བྱའི་བར་གྱིས། སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པ་ནི་ཚུལ་ཁྲིམས་དང་ལྡན་པར་བསྟན་པའོ། །ཡང་དག་པའི་འཚོ་བའི་དབང་དུ་མཛད་ནས། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཞེས་པ་ནས། ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ་ཀྱི་བར་དང༌། ཡང༌། གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས་སུ། །ཞེས་པ་ནས། ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང༌། །ཞེས་པའི་བར་དང༌། ཡང༌། གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །ཞེས་པ་ནས། འཐབ་མོ་འགྱེད་དང་མི་བལྟ་མི་བྱའོ། །ཞེས་པའི་བར་གྱིས་མི་མཐུན་པའི་ཕྱོགས་བྱིང་རྒོད་དང་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་གི་རྒྱུ་དྲན་པ་ནི་ཡང་དག་པའི་དྲན་པའོ།།  །།ཡང་དག་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡང་བའི། །ཞེས་པ་ནས། འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོག་པར་འགྱུར་གྱི་བར་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བར་བསྟན་ཏོ།།  །།ཚོགས་ཀྱི་ལམ་ལ་གནས་པས་ཀྱང་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་དགོས་པར་བསྟན་པ་ནི། དེ་བཞིན་འདིས་ནི་མཐོ་རིས་ཐར་པ་ཐོབ། །ཅེས་པ་ནས། དགེ་བའི་ལས་དེ་ཡང་དག་བསྐྱེད་པ་ཡིན་གྱི་བར་རོ། །འཕགས་པའི་བདེན་པ་བཞི་དང་སྦྱར་བ་བཤད་ཟིན་ཏོ། །དེ་ལྟར་སྒྲུབ་པའི་རྣལ་འབྱོར་པ་འཁོར་བ་ལ་སྐྱོ་ཞིང་མྱ་ངན་ལས་འདས་པར་གཞོལ་བ་དེ། སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་དོན་དུ་ཏིང་ངེ་འཛིན་སྦྱང་བའི་ཕྱིར། ལྷའི་གནས་པ་བསམ་གཏན་བཞི་བསྒོམ་དགོས་པར་སྟོན་ཏོ། །དེ་ལ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་རྟོག་པ་དང་དཔྱོད་པའི་དབང་དུ་མཛད་ནས། གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང༌། །ཞེས་པ་ནས། དཀྱུས་རིང་མིག་ཅན་གཞན་ནི་མ་མཐོང་བླ། །ཞེས་པའི་བར་དང༌། ཡང༌། སྟག་དང་སྦྲུལ་དང་མེ་འདྲའི་འཇིག་རྟེན་དག །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །ཞེས་པས། གཉེན་པོའི་ཡན་ལག་བསྟན་ཏེ། དེ་གཉིས་ཀྱིས་འདོད་པ་དང་གནོད་སེམས་དང་འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བའི་དབང་དུ་མཛད་ནས། དགའ་བ་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །ཞེས་ཕན་ཡོན་གྱི་ཡན་ལག་བསྟན་ཏེ། རྟོག་དཔྱོད་གཉིས་ཀྱིས་གཉེན་པོ་བྱས་པས་མི་མཐུན་པའི་ཕྱོགས་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པའི་དབང་དུ་མཛད་ནས། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །ཞེས་པས་གཉེན་པོ་དང་ཕན་ཡོན་བསྟན་ཏོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། །ནང་རབ་ཏུ་དང་བ་དང༌། དགའ་བ་དང་བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །ནང་རབ་ཏུ་དང་བའི་དབང་དུ་མཛད་ནས། སེམས་ནི་དང་བས་ལྷ་ཡི་བདེ་བ་དང༌། །མཐོ་རིས་དང་ནི་བྱང་གྲོལ་འཐོབ་པར་འགྱུར། །ཞེས་པ་རྟོག་དཔྱོད་གཉིས་དང་སྐྱོན་དུ་མཐོང་སྟེ་དེའི་གཉེན་པོ་བསྟན་ཏོ།།  །།ཡན་ལག་ལྷག་མ་གསུམ་སྔ་མ་དང་འདྲའོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་བཏང་སྙོམས་ཀྱི་དབང་དུ་མཛད་ནས། བཏང་སྙོམས་ལྡན་ཞེས་གསུངས་ཏེ། སེམས་མཉམ་པ་ཉིད་དང༌། སེམས་རྣལ་དུ་འདུག་པ་དང༌། སེམས་ལྷུན་གྱིས་གྲུབ་པའོ། །དྲན་པ་དང་ཤེས་བཞིན་གྱི་དབང་དུ་མཛད་ནས། དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །ཞེས་པ་ཚིག་བཞིས་བསྟན་ཏེ། དྲན་པ་དང་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཤེས་བཞིན་ནི་གཞན་དུ་མི་གཡེང་བ་སྟེ། འདི་དག་གིས་ནི་དགའ་བ་ནི་རྣམ་པར་རྟོག་པ་སྤོང་བས། གཉེན་པོའི་ཡན་ལག་ཏུ་བསྟན་ཏོ། །བདེ་བ་དང་སེམས་རྩེ་གཅིག་པའི་ཡན་ལག་རྣམས་གོ་རིམ་བཞིན་ནོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་དང་པོ་གཉིས་ནི་བདེ་བའི་གཉེན་པོའི་ཡན་ལག་གོ །གསུམ་པའི་དབང་དུ་མཛད་ནས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང༌། །ཞེས་པ་ནས། སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ་བའི་བར་གྱིས་ཕན་ཡོན་གྱི་ཡན་ལག་བསྟན་ཏོ། །བཞི་པ་སེམས་རྩེ་གཅིག་པ་ཉིད་ནི། དེ་གཉིས་ཀའི་གནས་ཀྱི་ཡན་ལག་གོ །འདིའི་དགོས་པ་རྣམས་ནི་སེམས་རྣམ་པར་གཡེང་བ་ལས་བླན་པའོ། །དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་པ་ནས། དེ་གོམས་པ་ལས་འདུ་མི་བྱེད་ཅེས་པའི་བར་གྱིས་ལྷའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ།།  །།བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི། གནས་སྐབས་གང་དུ་ཡང་སེམས་ཅན་གྱི་དོན་ལྷུར་ལེན་པ་ལ་གཞོལ་བའི་ཕྱིར་རོ། །དེའི་འོག་ཏུ་ཚངས་པའི་གནས་ཚད་མེད་པ་བཞི་བསྒོམ་དགོས་པར་བསྟན་ཏེ། བྱམས་དང་ཞེས་པས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྙམ་པའི་ཏིང་ངེ་འཛིན་དང༌། སྙིང་རྗེ་དང་ཞེས་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་ཏིང་ངེ་འཛིན་དང༌། དགའ་དང་ཞེས་པས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་ན་རེ་དགའ་སྙམ་པའི་ཏིང་ངེ་འཛིན་དང༌། བཏང་སྙོམས་དང་ལྡན་ཞེས་པས། དགྲ་གཉེན་ཐ་མལ་གྱི་རྟོག་པ་མེད་པར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་ཏིང་ངེ་འཛིན་ཏོ། །བྱང་ཆུབ་སེམས་དཔའ་གནོད་སེམས་དང༌། །ཞེས་པ་ནས། ཉེས་དམིགས་རྣམ་པ་མང་ལ་རེག །བྱ་བ་དང༌། ཡང་ཉེས་པ་འདི་ཀུན་བྱམས་སོགས་ལ། །ཞེས་པ་ནས། དོན་དུ་འཁོར་བའང་ཡོངས་མི་གཏོང༌། །ཞེས་པའི་བར་གྱིས་ཚངས་པའི་གནས་བཞི་དང་སྦྱར་བ་བཤད་ཟིན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་རྟོགས་པ་ལ་འཇུག་པའི་ཡུལ་རྣམ་པར་ཐར་པའི་སྒོ་གསུམ་དགོས་པར་བསྟན་ཏེ། དེ་ལ་སྟོང་པ་ཉིད་བསྟན་པའི་དབང་དུ་མཛད་ནས། གཟུགས་ཀྱི་འབྱུང་བ་ཆེན་པོ་བཞི་དང་ལྡན། །ཞེས་པ་ནས། གཟུགས་ནི་སྟོང་པའི་ཕུང་པོ་བཞི་ཡང་རིག་པར་གྱིས་ཀྱི་བར་གྱིས་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་ཏོ། །མཚན་མ་མེད་པའི་དབང་དུ་མཛད་ནས། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །ཞེས་པ་ནས། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང༌། །ཞེས་པས། གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པ་ཉེ་བར་ཞི་བ་བསྟན་ཏོ། །སྨོན་པ་མེད་པའི་དབང་དུ་མཛད་ནས། ཡུལ་པའི་གཏམ་དང་མི་དབང་བརྟེན་པ་དང༌། །ཞེས་པ་ནས། འདོད་ཆགས་གཏམ་དང་སྨད་འཚོང་གཏམ་མི་བྱའི་བར་གྱིས། གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་རྟེན་ཡང་བསྟན་ཏོ། །འདིར་ཚིགས་སུ་བཅད་པ་ཡོངས་སུ་ཤེས་དང་སྤང་བ་དང༌། །ཞེས་པ་ནས། དོན་རྣམས་གསུམ་དུ་ཡང་དག་བསྒྲགས། །ཞེས་པའི་བར་གྱིས། རྣམ་པར་ཐར་པའི་སྒོ་གསུམ་དང་སྦྱར་བ་བཤད་ཟིན་ཏོ། །བསྡུས་པའི་དོན་ལས་གཞན་ནི་དངོས་སུ་གོ་བར་ཟད་ལ། འདིར་རྒོལ་བའི་བརྗེད་བྱང་དུ་བྱས་པ་རྫོགས་སོ།།  །།དཔུང་བཟང་གི་མན་ངག་འདི་དག་ནི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྗེས་སུ་འབྲངས་བ་ཡིན་ནོ། །བརྒྱུད་པ་མི་གསུང་བར་འདུག བནྡེ་གཤིན་རྗེས་དཔལ་ས་སྐྱའི་དབེན་གནས་དམ་པར་ཞུས་སོ། །འདི་སྔགས་ཕྱི་རྒྱུད་ཀྱི་འདུལ་བ་ཡིན་ནོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*