དོན་ཡོད་ཞགས་པའི་ཆོ་གའི་ལག་ལེན་ས་སྐྱ་པའི་ལུགས།

༼ཏ༽

༄༅། །དོན་ཡོད་ཞགས་པའི་ཆོ་གའི་ལག་ལེན་ས་སྐྱ་པའི་ལུགས་བཞུགས།།

༄༅། །ན་མོ་བུདྡྷཱ་ཡ། དེ་ཉིད་དོན་སྟོན་བླ་མ་དང༌། །སྤྱན་རས་གཟིགས་མགོན་ལ་བཏུད་དེ། །དོན་ཡོད་རྒྱལ་པོ་རྟོག་པ་ཡི། །ཆོ་ག་འགྲོ་ལ་བརྩེ་བས་བྲི། །འཕགས་པ་དོན་ཡོད་ཞགས་པའི་མདོའི་རྟོག་པ་བསྡུས་པ་རྩ་བའི་རྒྱུད་འདིའི་ལག་ཏུ་བླང་བའི་ཐབས་ལ་གཉིས། ཉམས་སུ་ལེན་པའི་གང་ཟག་དང༌། དེས་ཉམས་སུ་བླང་བའི་ཐབས་སོ། །དང་པོ་ནི། གདུལ་དཀའ་བ་ལ་སོགས་པའི་གང་ཟག་གང་ཡང་རུང་བ་རྗེས་སུ་འཛིན་པ་ཡིན་མོད་ཀྱི། འོན་ཀྱང་བླ་མ་ལས་མཉན་པ་དང༌། རྗེས་སུ་བཟླས་པ་དང༌། བྱིན་གྱིས་བརླབ་པ་དང༌། དམ་བཅའ་བའི་ལུང་བཞི་ཐོབ་པ། ཟས་ངན་པ་བདུན་ནམ། བུ་རམ་མ་གནང་ན་བརྒྱད་སྤང་བའོ། །དེ་ལ་ལུང་བླང་བ་ནི་བཞི་སྟེ། ཐོས་པ་དང༌། རྗེས་སུ་བཟླས་པ་དང༌། དམ་བཅའ་བ་དང༌། བྱིན་གྱིས་བརླབ་པའི་ལུང་ངོ༌། །དང་པོ་ནི་བླ་མ་ལས་མཉན་པ་ཉིད་དོ། །གཉིས་པ་ནི། ཡར་ངོའི་ཚེས་བརྒྱད་ཀྱི་ནང་པར་སྔ་བར་ལངས་ལ། སློབ་དཔོན་དང་སློབ་མ་ཁྲུས་བྱ་བ་དང༌། རྟེན་དགྲམ་པ་དང༌། མཆོད་པ་དང་གཏོར་མ་བཤམ་པ་དང༌། སློབ་དཔོན་རང་ཉིད་སྡོམ་པ་དང་ལྡན་པར་བྱ་བའི་ཕྱིར། འདི་ཉིད་ཀྱི་སངས་རྒྱས་རྗེས་དྲན་གྱིས་མཆོད་ཅིང་སྡོམ་པ་གཟུང་བའི་བར་དང༌། སློབ་མ་ལ་ཡང་འདི་ཉིད་ཀྱི་སངས་རྒྱས་རྗེས་སུ་དྲན་པ་བསླབས་པས་སློབ་དཔོན་གྱི་སྡོམ་པ་གཟུང་བའི་བར་རྣམས་འོག་ནས་འབྱུང་བའི་གསོ་སྦྱོང་བཞིན་བྱའོ། །གཟུངས་ཀློག་པའི་ཚེ། འཕགས་པའི་རྗེས་སུ་བཟླས་པ་བྱེད་པར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱི་རྗེས་སུ་བཟླས་པ་བྱེད་པས། གོང་འོག་གཉིས་ལན་རེ་གཟུངས་དངོས་ལན་གསུམ་རྗེས་སུ་བཟླས་པ་བྱ་སྟེ། རྗེས་སུ་བཟླས་པའི་ལུང་ངོ༌། །གསུམ་པ་ནི། དེ་ནས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་པ་དོན་ཡོད་ཞགས་པའི་གཟུངས་ཅི་རིགས་པར་འདོན་པར་ཡི་དམ་བགྱིད་པར་དམ་འཆའ་ལགས་སོ། །ཞེས་ལན་གསུམ་བཟླས་ཏེ། དམ་བཅའ་བའི་ལུང་ངོ༌། །བཞི་པ་ནི། མགོན་པོ་ཞེས་བྱ་བ་ནས་དགོངས་སུ་གསོལ་ཡན་ཆད་སྔར་དང་འདྲ་བ་ལས། དེའི་རྗེས་ལ་བདག་མིང་འདི་ཞེས་བྱ་བ། དོན་ཡོད་ཞགས་པའི་སྙིང་པོའི་བྱིན་རླབས་དང་ལྡན་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་བླ་མས། སློབ་མའི་མགོ་ལ་མེ་ཏོག་དང་བཅས་པའི་ཕྱག་བཞག་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག ཅེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་བྲིས་སྐུ་ལ་མཆོད་བསྟོད་དང༌། ཐུན་མོང་དུ་གཏོར་མ་སྦྱིན་པར་བྱའོ། །དུས་ནི་ཟས་མ་ཟོས་པའི་སྔོན་དུ་བྱ་ཞིང༌། དེའི་ཉིན་པར་སློབ་དཔོན་དང་སློབ་མ་གསོ་སྦྱོང་ལ་གནས་པར་བྱའོ། །ལུང་བླང་བའི་ཆོ་གའོ། །གཉིས་པ་སྤང་བྱའི་ཟས་ནི། མདོ་ཉིད་ལས་འབྱུང་བ་ལྔ་དང༌། བྱ་བའི་རྒྱུད་སྤྱི་ནས་བཀག་པ་གསུམ་མོ། །དང་པོ་མདོ་ནས་འབྱུང་བ། ཤ་དང་བཙོང་དང་སྒོག་སྐྱ་དང་བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་བསྲུང་བར་འདོད་པས་ཞེས་སོ། །གཉིས་པ་ནི། བུ་རམ་དང༌། ཏིལ་དང༌། ལ་ཕུག་གོ །དེ་ཉམས་སུ་བླང་བའི་ཐབས་ལ་གསུམ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ཀྱི་སྦྱོར་བ་རྒྱས་པར་བྱ་བའོ། །དང་པོ་ལ་གཉིས། དུས་རྒྱུན་དུ་ཉམས་སུ་བླང་བ་དང༌། དུས་ཁྱད་པར་ཅན་ལ་ཉམས་སུ་བླང་བའོ། །དང་པོ་ནི། མདོ་ཉིད་ལས་ཉིན་རེ་དུས་གསུམ་དུ་བཀླག་པར་བྱའོ་ཞེས་བྱ་བས་བསྟན་པས། དེ་ཐོག་མར་བརྗོད་པར་བྱའོ། །དེའང་བཟླས་པའི་ཐབས་ནི། དུས་རྒྱུན་དང་ཁྱད་པར་གཉིས་ཀ་ལ་ཐུན་མོང་དུ་གྱུར་པ་མདོ་བཀླག་པའི་ཐབས་ནི། སངས་རྒྱས་རྗེས་སུ་དྲན་པ་འདོན་པ་སྟེ། དེ་ལས་གཞུང་ལས་སྔགས་ཀྱི་ཚིག་སེམས་པར་བྱེད་པ། དོར་བ་མེད་པ། གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་འདི་ནི། སངས་རྒྱས་རྗེས་སུ་དྲན་པའོ། །དེས་གདོན་པར་བསྟན་ཏེ། བཟླས་པའི་ཐབས་ནི། འདིར་ཕྱོགས་གཅིག་ཏུ་བརྗོད་ན། དོན་ཡོད་ཞགས་པ་འདོན་པའི་གང་ཟག་དེས་རྟག་ཏུ་ནང་པར་བཞིན་གསོ་སྦྱོང་བླང་བའམ། ཡང་ན་མ་བླངས་ཀྱང་རུང་སྟེ། ཟས་སྤང་བར་བྱ་བ་རྣམས་ཅི་གྲུབ་དུ་སྤངས་ལ། ཇི་ལྟར་གྲུབ་པའི་ཁྲུས་དང་གཙང་སྦྲ་ལ་བརྟེན་ཏེ། སྔ་དྲོ་ལ་སོགས་པ་གང་ཡང་རུང་བ་ལ། དེ་བཞིན་གཤེགས་པའི་རྟེན་གྱི་དྲུང་ངམ། རྟེན་མེད་ཀྱང་རུང་སྟེ། དངོས་སུ་འབྱོར་པའི་མཆོད་པ་བཤམ་པའམ། མ་འབྱོར་ཀྱང་བར་ཆད་དུ་གྱུར་པ་མེད་དེ། ལུས་བདེ་བར་གནས་པས། བླ་མ་དང་དཀོན་མཆོག་ལ་དངོས་སམ། ཡིད་ཀྱིས་ཕྱག་བྱས་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་དགོད་པར་བྱ། དེའི་དོན་དུ་བདག་གིས་གཟུངས་གདོན་པ་ལ་སོགས་པ་བྱའོ་ཞེས་པ་བྱང་ཆུབ་ཀྱི་སེམས་ལན་འགའ་ཡིད་ལ་བྱའོ། །དེ་ནས་སངས་རྒྱས་རྗེས་སུ་དྲན་པས་ཀློག་སྟེ། དེ་ལ་གཉིས། གཟུགས་ཀྱི་སྐུའི་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་ཀྱི་སྐུའི་སངས་རྒྱས་རྗེས་སུ་དྲན་པའོ། །དང་པོ་ནི། ཕུང་པོ་ལྔ་དང་བྲལ་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་འབྱུང་བས་བསྟན་ཏེ། འཕགས་པ་ནི་ཕུང་པོ་ལྔ་དང་བྲལ་བའི་ཕྱིར་རོ། །དེའང་རྟེན་གྱི་སྐུ་ཡོད་དམ་མེད་ཀྱང་རུང་སྟེ། ཡོན་ཏན་དེ་དང་དབྱེར་མེད་དུ་མདུན་དུ་རི་བོ་པོ་ཏ་ལའི་གསེབ་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེན་པོའི་ནང་དུ། འཁོར་བསམ་གྱིས་མི་ཁྱབ་པའི་དབུས། པདྨའི་གདན་དང་ཟླ་བའི་སྟེང་དུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱུགས་བདག་གི་ཆ་ལུགས་ཀྱིས་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང༌། དབུའི་གཡས་ན་ཟླ་ཚེས་ཕྱེད་པས་བརྒྱན་པ། ཚངས་པ་ཆེན་པོ་བཞིན་རལ་པའི་ཐོར་ཚུགས་སྟེང་དུ་བཅིངས་པ། ལྷའི་དྲང་སྲོང་གི་ཆ་ལུགས་རི་དྭགས་ཀྲྀཥྞ་སཱ་རིའི་པགས་པས་སྣམ་དཀྲིས་བྱས་ལ། ཕྱག་གཡས་པ་མཆོག་སྦྱིན་ཞིང༌། གཡོན་པས་པདྨ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། དར་གྱི་ཤམ་ཐབས་ཅན། འོད་ཟེར་བརྒྱ་ཕྲག་མ་ལུས་པ་འགྱེད་ཅིང༌། དབུའི་སྤྱི་གཙུག་ན། སངས་རྒྱས་འོད་དཔག་མེད་ཀྱིས་བརྒྱན་པར་བལྟས་ལ། མཆོད་པ་བྱ་སྟེ། དེའང་དངོས་སུ་བཤམས་པ་ཡོད་ན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསངས་ལ་བསྐྱེད། བཤམས་པ་མེད་ན་བསམས་པས་བཏུབ། གང་ལྟར་ཡང་བསྐྱེད་པ་དང་དབུལ་བ་ནི། ནམ་མཁའི་ཁམས་ཐམས་ཅད་གང་ཞིང་ཐོགས་པ་མེད་པའི་མེ་ཏོག་ལ་སོགས་པས་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་བརྗོད་པས་མེ་ཏོག་དབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་པས་བདུག་སྤོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་མར་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་དྲི་མཆོག ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་ཞལ་ཟས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་རོལ་མོ་དབུལ། ཇི་ལྟར་ཤེས་པའི་བསྟོད་པ་ཡང་བྱའོ། །གཏོར་མ་ཡོད་ནའང་འདིར་བཏང་ངོ༌། །དེ་ནས་ཆོས་ཀྱི་སྐུའི་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། མདོ་ལས། སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ། དོར་བ་མེད་པ། གོས་པ་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། རྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡེང་བ་མེད་པ། ཕུང་པོ་ལྔ་དང་བྲལ་བའི་སྦྱོར་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པར་བྱའོ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ནི། རང་གི་སེམས་ཀྱི་རྣམ་པར་འཕྲུལ་པ་དེ་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིར་ཡང་མ་གྲུབ་པར་བསམས་ལ། གཟུགས་སྐུའི་སངས་རྒྱས་ལྷའི་སྐུ་དང༌། ཆོས་ཀྱི་སྐུའི་སངས་རྒྱས་བདག་མེད་པ་དང༌། དེ་གཉིས་ཡིད་ལ་བྱེད་པས་མདོ་གདོན་པར་བྱའོ། །དེའང་སྔ་དྲོ་གཟུངས་དངོས་ལན་གསུམ་གོང་འོག་རེ་རེ། དེ་བཞིན་དུ་ཉིན་གུང་གསུམ། ཕྱི་མ་རེད་གསུམ་མམ། དེ་ལྟར་མི་ནུས་ན་གཅིག་པར་རམ། དུས་གཉིས་སམ་གསུམ་ལས་མང་བར་ཡང་རུང་སྟེ་གཟུངས་དངོས་དགུ་འདོན། དེ་ལྟར་མི་ནུས་ན་དུས་གསུམ་དུ་རེ་རེ་སྟེ། གཟུངས་གསུམ་མམ་དུས་ཅིག་ཅར་དུ་གསུམ་གདོན་པ་ཡང་རུང༌། ཉི་ཤུ་རྩ་གཅིག་ལ་སོགས་པ་དེ་བས་མང་ཡང་རུང་སྟེ་ཇི་ལྟར་ནུས་པས་གདོན་ནོ། །གང་ལྟར་ཡང་རུང་སྟེ་མདོ་བཟླས་པའི་རྗེས་ལ། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པར་བསྔོ་བར་བྱ་སྟེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ན་འཆི་བའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་བྱ་བས་བསྔོས་ལ། ཇི་ལྟར་བདེ་བའི་སྤྱོད་ལམ་གཞན་བྱའོ། །དུས་རྒྱུན་དུ་ཉམས་སུ་བླང་བའི་ཆོ་ག་བསྟན་ཏེ། ཐུན་མོང་དུ་གྱུར་པ་གཟུངས་བཟླས་པའི་མན་ངག་དང་བཅས་པ་བསྟན་ཟིན་ཏོ། །དུས་ཁྱད་པར་ཅན་ལ་ཉམས་སུ་བླང་བ་ལ། སྦྱོར་དངོས་རྗེས་གསུམ་ཚང་བ་དང༌། དངོས་གཞི་རྐྱང་པར་ཉམས་སུ་བླང་བའོ། །དང་པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སུ་བྱ་བའོ། །དང་པོ་ལ་ཟླ་བ་ཡར་ངོའི་ཚེས་བདུན་གྱི་ཚེ་གནས་ཁང་ཕྱག་དར་བྱ། གོས་གསར་པ་གྱོན། བདག་ཉིད་ལུས་ཐམས་ཅད་དམ་ཡན་ལག་ལྔ་ཁྲུས་བྱ། བྲིས་སྐུ་དགྲམ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་རེ་རེའམ་ལྔ་ལྔ་ལ་སོགས་པ་ཅི་འབྱོར་པ་བཤམ། གཏོར་མ་ནི་ཟས་ངན་པ་བརྒྱད་དང་བྲལ་བ། ཆང་བུ་མ་བྱས་པ་དཀར་གསུམ་དང་བཅས་པ་ཅི་འབྱོར་པ་བཤམ། དེ་ནས་འཕགས་པའི་བྲིས་སྐུ་ལ་སོགས་རྟེན་གྱི་དྲུང་དུ་ཕྱག་བྱ་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། གཟུགས་སྐུའི་སངས་རྒྱས་རྗེས་དྲན་བྲིས་སྐུ་དང་ཐ་དད་མེད་ཅིང་གཉིས་སུ་མེད་པར་བསྒོམ་པ་དང༌། མཆོད་པ་དབུལ་བ་དང༌། བསྟོད་པ་བྱ་བ་དང༌། ཆོས་སྐུའི་སངས་རྒྱས་རྗེས་སུ་དྲན་པ་བསམ་པ་རྣམས་ནི། སྔར་རྒྱུན་དུ་ཉམས་སུ་བླང་བའི་སྐབས་སུ་བསྟན་པ་བཞིན་དུ་བྱའོ། །དེ་ནས་གཏོར་མ་ནི་འདིར་གཏང་བའམ། གཟུངས་ཐོན་པའི་རྗེས་ལ་གཏང་ཡང་རུང་ངོ༌། །དེའི་ཆོ་ག་ནི་སྔར་བཤམས་པ་དེ་ཆུས་སྦྱངས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསང༌། ཨོཾ་ཨཱཿཧཱུྃ་ཞེས་པ་ལན་གསུམ་ལ་སོགས་པ་བརྗོད་པས་ལྷ་དང་མི་དང་དེ་དག་ལས་ཀྱང་འདས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ཐམས་ཅད་གང་བར་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས། འཕགས་པ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཚིམ། རིགས་དྲུག་གི་དུཿཁ་ཟད་ནས་བདེ་བ་ཁྱད་པར་ཅན་ཐོབ་པར་བསམ། སེ་གོལ་གྱི་སྒྲ་ལན་གསུམ་གཏོགས། ཆོས་ཀྱི་སྦྱིན་པ་ཅི་རིགས་པར་བྱའོ། །གཏོར་མའི་ཆོ་ག་སྟེ་སྔོན་དང་ཕྱི་མ་གང་དུ་ཡང་རུང་ངོ༌། །དེ་ལྟར་མཆོད་པའམ་གཏོར་མའི་རྗེས་ལ་འཕགས་པའི་རྗེས་སུ་བཟླས་པ་བྱེད་པར་བསམ་ཞིང༌། རང་གིས་གསོ་སྦྱོང་གི་ཚིག་ལན་གསུམ་བརྗོད་ལ། བདག་སྡོམ་པ་དང་ལྡན་པར་བྱའོ། །འདི་ནི་རབ་ཏུ་བྱུང་བའི་ཕྱོགས་ལའང་བླང་དགོས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ལུགས་ཡིན་པའི་ཕྱིར་རོ། །དེ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ཉི་ཤུ་རྩ་གཅིག་བཟླས་སོ། །དེ་ནས་གཟུངས་བཟླས་ཏེ། དབུ་ནས་བཟུང་སྟེ་ཕྱི་མ་ལ་ཡང་ངོའི་བར་ལན་གཅིག གཟུངས་དངོས་གསུམ་མམ་བདུན་བཟླས། དེ་མན་ཆད་ཚར་གཅིག་བཀླག དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུངས་བཀླག་པར་བྱའོ། །དེ་ནས་སྔར་མ་བཏང་ན་གཏོར་མ་གཏང༌། གང་ལྟར་ཡང་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་མཁྱེན་པར་བསྔོས་ལ། ཇི་ལྟར་བྱ་བའི་སྤྱོད་ལམ་བྱའོ། །ཉི་མ་ཕྱེད་ལའང་ཁྲུས་བྱ་བ་ནས་བརྩམས་ཏེ། དགེ་བ་བསྔོ་བ་ཡན་ཆད་སྔ་མ་བཞིན་ནོ། །ཕྱི་དྲོའི་དུས་སུ་ཡང་ཁྲུས་ནས་བཟུང་ནས་དགེ་བ་བསྔོ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །འོན་ཀྱང་ཉིན་ཕྱེད་དང༌། ཕྱི་མ་རེད་གསོ་སྦྱོང་བླང་མི་དགོས་སོ། །སྦྱོར་བའི་དུས་ཀྱི་ཉིན་པར་གྱི་ཁ་ཟས་ནི་དེའི་བར་ནི་ཁ་ཟས་ངན་པ་རྣམས་སྤངས་པའི་ཟན་དང༌། དཀར་གསུམ་ཉི་མ་ཕྱེད་ཡན་ཆད་བཟའ། ཕྱེད་མན་ཆད་ཇ་དང་ཞུན་མར་དང་ཆུ་མ་ཡིན་པ་གང་ཡང་མི་བཏུང་མི་བཟའ། ཁམས་ཤིན་ཏུ་ངན་ན། བུ་རམ་ཟ་ན་ཡང༌། བྱ་བའི་རྒྱུད་སྤྱི་ལས་བཀག་པ་ཙམ་ལས་མེད་པས་ན་ཉེས་པ་ཆུང་ངོ༌། །དེའི་ཉིན་པར་དང་མཚན་མོ་གཉིད་མེད་པའི་བར་ཚུན་ཆད་སངས་རྒྱས་རྗེས་སུ་དྲན་པ་དང༌། གསང་སྔགས་བཟླས་པ་དང༌། གཏོར་མ་གཏང་བ་ལ་སོགས་པ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིད་ཀྱང་སངས་རྒྱས་རྗེས་སུ་དྲན་པ་དང་བསྲེས་ལ་ལོག་གོ །སྦྱོར་བའོ། །དེ་ནས་དངོས་གཞི་ནི། ཚེས་བརྒྱད་ཀྱི་ནང་པར་སྔ་བར་ལངས་ལ། གནས་ཕྱག་དར་བྱས་ཏེ་ཁྲུས་བྱ། གོས་གསར་པ་གྱོན། སྨྲ་བཅད་བྱ། རྟེན་དགྲམ་པ་དང༌། མཆོད་པ་བཤམ་པ་ནས་བཟུང་སྟེ་དགེ་བའི་རྩ་བ་བསྔོ་བའི་བར་ཐམས་ཅད་སྔ་མ་དང་འདྲ་མོད་ཀྱི། འོན་ཀྱང་མཆོད་པ་དང་བསྟོད་པ་དང༌། གསོ་སྦྱོང་བླང་བ་དང༌། གཟུངས་བཟླ་བའི་བར་ངག་ཏུ་བརྗོད་རྒྱུ་ཐམས་ཅད་ཡིད་ཀྱིས་བཟླ་བར་བྱ། ཚིག་ཏུ་མི་བརྗོད་པ་དང༌། གཟུངས་དངོས་སུ་བདུན་ནམ་ཉི་ཤུ་རྩ་རེ་རེ་གདོན་པའོ། །དེ་བཞིན་དུ་ཉི་མ་ཕྱེད་དང་ཕྱི་མ་རེད་ཀྱི་དུས་སུའང་སྔར་གྱི་བཞིན་བྱའོ། །སྔགས་སྦྱོར་བ་ལས་ཀྱང་ཁྱད་པར་གྱི་ཆོས་ནི་གསུམ་སྟེ། གཟུངས་མང་བར་བཟླ་བ་དང༌། མི་སྨྲ་བར་ངག་གི་ལས་ཐམས་ཅད་ཡིད་ཀྱིས་བྱ་བ་འདི་བྱ་བའི་རྒྱུད་ཀྱི་བསམ་གཏན་གྱི་ཡན་ལག་ཡིན་པས་སྨྲ་བ་བཅད་པ་དང༌། རགས་པའི་ཟས་སྤང་བའོ། །འདི་ལ་གཉིས། སྨྱུང་གནས་ཀྱི་གནས་པ་དང༌། དཀར་གསུམ་བཟའ་བས་བྱའོ། །དང་པོ་ལའང་རབ་འབྲིང་གསུམ་སྟེ། རབ་མཆིལ་མའང་མི་མིད་ན་གཞན་ལྟ་སྨོས་ཅི་དགོས་ཏེ། ཅིའང་མི་བཟའ་མི་བཏུང་བ་སྟེ། འདི་ཁོ་ན་སྨྱུང་བའི་གཙོ་བོ་ཡིན་པས་བྱ་བ་དང༌། མཆིལ་མ་ཙམ་མིད་པ་དང༌། ཆུ་ཙམ་འཐུང་བའོ། །གཉིས་པ་དཀར་གསུམ་ཟ་བའི་བྱ་བ་ནི། རྒས་ཤིང་ནད་པ་རླུང་ཅན་རྣམས་སྨྱུང་གནས་བྱས་ན་ཚེའི་བར་ཆད་དུ་དོགས་པའི་གང་ཟག་རྣམས་ལ་ཡིན་གྱིས་གཞན་དུ་མ་ཡིན་ནོ། །དེ་ཡང་ཉིན་ཕྱེད་ཡན་ཆད་ཟ་བ་ཡིན། ཕྱི་དྲོ་ཟ་བ་མ་ཡིན་ནོ། །དཀར་གསུམ་ཞེས་བྱ་བ་འོ་མ་དང་ཞོ་དང་མར་ཏེ། དེ་གསུམ་བསྲེས་ནས་བསྐོལ་གྲངས་པའོ། །དེའི་ཉིན་བར་གྱི་ཐུན་མཚམས་རྣམས་ཀྱང་མི་སྨྲ་བར་དགེ་བ་མང་པོས་དུས་འདའ་བར་བྱའོ། །གཉིད་ཀྱང་སངས་རྒྱས་རྗེས་སུ་དྲན་པ་དང་བསྲེས་ལ་གཉིད་ལོག་སྟེ། གཉིད་ཀྱི་ཚེ་མཆིལ་མ་ལྟོར་སོང་བ་ལ་ནི་ཉེས་པ་མེད་དོ། །གཟུངས་ཟློས་པའི་དུས་སུ་གློའམ། སྦྲིད་པའམ། སྒྲེགས་པའམ། འོག་རླུང་བྱུང་ན། ཁྲུས་སམ་ཉེ་རེག་གམ་ཁ་བཤལ་ཏེ་འཐོར་འཐུང་བྱས་ལ། བཟླས་བརྗོད་བསྐྱར་ཏེ་བྱའོ། །ཞེས་བྱ་བའི་རྒྱུད་སྤྱི་ལས་འབྱུང་སྟེ་ཉམས་སུ་བླང་བར་བྱའོ། །བསྲུང་ལུགས་གཞན་ཡང་འབྱུང་བ་འདི་ཡིན་ཏེ། གློ་ལ་སོགས་པ་དགག་པར་བྱ་བ་དེས་ན་སྦྱོར་བའི་ཚེ་སྨྱུང་གནས་བྱས་པས། དངོས་གཞིའི་ཚེ་གློ་ལ་སོགས་པ་དེ་དག་མི་འབྱུང་བས་བཟླས་བརྗོད་བདེ་བར་འགྲུབ་ལ། དངོས་གཞིའི་ཚེ་དཀར་གསུམ་བཟའ་ཞིང་བྱ་ལ། རྗེས་ཀྱི་ཚེ་གསོ་སྦྱོང་སྤྱི་དང་མཐུན་པ་ཙམ་གྱིས་ཐམས་ཅད་འགྲུབ་བོ་ཞེས་ཀྱང་བྱ་བའི་རྒྱུད་སྤྱི་ཀུན་ནས་འབྱུང་ན་ཡང༌། གློ་ལ་སོགས་པ་བསྡམ་པ་ནི་སྔར་བཞིན་འདིར་ཡང་བྱ་ཞིང༌། སྨྱུང་གནས་ཀྱི་བྱ་བ་ནི་འདིར་སྤྱི་དང་མི་མཐུན་ཏེ། འདིར་གོང་དུ་བརྗོད་པ་བཞིན་ཉམས་སུ་བླང་བར་བྱའོ། །དངོས་གཞིའི་ཆོ་གའོ། །དེ་ནས་རྗེས་ཀྱི་བྱ་བ་ཚེས་དགུའི་ནང་པར་ཁམས་དང་བསྟུན་ལ། ཁམས་ངན་ན་ཁྲུས་ཀྱི་རྗེས་སམ་སྔོན་ནམ་མཆོད་གཏོར་བཤམས་པའི་རྗེས་ལ་ཟས་ཀྱི་བྱ་བ་ཅུང་ཟད་བྱ། འབྲིང་ན་གཏོར་མ་ཡན་ཆད་ཚར་ནས་བྱ། ཁམས་རབ་ཏུ་བཟང་ན་དགེ་བ་བསྔོ་བ་ཡན་ཆད་ཚར་བ་དང་ཁ་ཟས་བྱའོ། །དེའི་ཉིན་པར་གྱི་བྱ་བ་ནི། དུས་གསུམ་དུ་བྱ་བ་ལ་སོགས་པ་ཐམས་ཅད་ཚེས་བདུན་དང་འདྲའོ། །རྗེས་ཀྱི་བྱ་བའོ། །དེ་ལྟར་ལན་བདུན་བྱས་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་མཉམ་མོ། །གཞུང་ནས་ཀྱང་བཤད་པའི་ཡོན་ཏན་འབྱུང་ངོ༌། །འགའ་ཞིག་བརྒྱ་རྩ་བརྒྱད་ལ་སོགས་པ་བསྲུང་བར་འདོད་ཅིང་དེའང་མྱུར་དུ་ཚང་བར་འདོད་པས། ཚེས་བརྒྱད་དང༌། བཅུ་བཞི་དང༌། ཉི་ཤུ་གསུམ་དང༌། དགུ་ལ་དངོས་གཞི་བྱས་ལ། དེའི་གོང་འོག་ལ། སྦྱོར་བ་དང་རྗེས་བྱའོ། །ཞེས་ཀྱང་མན་ངག་བརྒྱུད་པ་ལས་ཐོས་སོ། །སྤྱི་དོན་གཉིས་པ་དངོས་གཞི་རྐྱང་པར་ཉམས་སུ་བླང་བ་ནི། གལ་ཏེ་གོང་དུ་བསྟན་པའི་ཁྱད་པར་གྱི་ཆོ་ག་ཐམས་ཅད་བྱེད་མི་ནུས་པས་ཚེས་བརྒྱད་ལ་སོགས་པ་དུས་ཁྱད་པར་ཅན་རྣམས་ཐམས་ཅད་དམ། གང་རུང་ལ་སྨྱུང་གནས་སམ། དཀར་གསུམ་ཟ་བའམ། གསོ་སྦྱོང་རྐྱང་པ་ཡང་རུང་སྟེ། གང་རུང་རེ་ལ་གནས་པས་གཟུངས་བཟླས་ཞེས་གསུངས་ཏེ། འདི་ནི་མདོ་ཉིད་ནའང་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྨྱུང་བར་གནས་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་འབྱུང་བས་ཅི་གྲུབ་ཀྱིས་དངོས་གཞི་རྐྱང་བར་བྱའོ། །དུས་ཁྱད་པར་དུ་ཉམས་སུ་བླང་བ་བསྟན་ཟིན་ཏོ། །དེ་བཞིན་གཤེགས་པ་རྣམས་ཉེ་བར་བསྙེན་པའི་ཆོ་ག་བསྟན་ཟིན་ཏོ། །ད་ནི་འདིར་སྒྲུབ་པ་ཆེན་པོའི་ཆོ་ག་བརྗོད་པར་བྱ་སྟེ། འདི་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སུ་བྱ་བའོ། །དང་པོ་ནི་གཉིས། བྲིས་སྐུ་བྲི་བ་དང༌། ཡོ་བྱད་བཤམ་པའོ། །དང་པོ་ནི་ལྷ་བཟོ་མཁན་རི་མོའི་ཆ་ལ་མཁས་པ། གསོ་སྦྱོང་འཛིན་དུ་བཅུག་སྟེ། མགོ་རྩོམ་པ་ནས་བཟུང་སྟེ། ཇི་སྲིད་མ་ཚར་གྱི་བར་དུ་གསོ་སྦྱོང་ལ་གནས་པར་བྱའོ། །གལ་ཏེ་གསོ་སྦྱོང་འཛིན་མི་ནུས་ན་དེ་སྤངས་ཏེ། འཛིན་ནུས་པ་བཙལ་ལ། དེས་ཚེས་གཅིག་ནས་བཟུང་སྟེ། ཉའི་བར་གྱིས་རྫོགས་པར་འདྲིས་གཞུག་གོ །བྲི་བའི་གཞི་ནི། རས་གཙང་མ་སྐྲ་མ་སོང་བ་ཡིན་ནོ། །ཚོན་མ་འབགས་པ་ལྷག་མ་མ་ཡིན་པ་སྲོག་ཆགས་དང་འབྲེལ་བའི་སྦྱིན་མ་འདྲེས་པས་བྲིའོ། །གལ་ཏེ་དེ་ལྟ་བུའི་སྦྱིན་ལས་མེད་ན་ཡང་རྭ་ལ་སོགས་པ་གཙང་མར་བྱས་པའི་སྦྱིན་ལ་ཡང་བཏུབ་བམ་བསམ་མོ། །དབྱིབས་ཀྱི་ཁྱད་པར་ནི་སྔར་གཟུགས་ཀྱི་སྐུའི་སངས་རྒྱས་རྗེས་དྲན་གྱི་སྐབས་སུ་བསྟན་མོད། འོན་ཀྱང་པོ་ཏ་ལ་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་བྲག་དང༌། ཡན་ལག་བརྒྱད་ལྡན་གྱི་ཆུ་དང༌། ལྡུམ་བུ། མེ་ཏོག་སྣ་ཚོགས་དང༌། རི་དང་ཆུ་ལ་རྒྱུ་བའི་སྲོག་ཆགས་མཛེས་པ་སྣ་ཚོགས་དང༌། ལྷའི་དྲང་སྲོང་དང་རིག་འཛིན་སྒྲུབ་པ་དང༌། མིའམ་ཅི་གླུ་ལེན་པ་དུ་མ་དང༌། གཡས་ཕྱོགས་སུ་སྒྲུབ་པ་པོ་བདག་ཉིད་གདོང་གྱེན་དུ་ལྟ་བ་ཐལ་མོ་སྦྱར་བའམ། མཆོད་རྫས་ཐོགས་པ་བྲི་བར་བྱའོ། །ཞེས་བྱ་བ་རྒྱས་པ་ལས་འབྱུང་ངོ༌། །གྲངས་ནི་དཔའ་བོ་གཅིག་པའམ། ལྷ་ལྔའམ། ལྷ་མང་པོ་ལ་སོགས་པ་གང་མོས་པ་བྱའོ། །དེ་ལྟར་བྲིས་པ་ལ་རབ་ཏུ་གནས་པ་རྒྱས་པར་བྱའོ། །དེ་ནས་སྒྲུབ་པ་ལ་འཇུག་སྟེ། ཚེས་གཅིག་ནས་བཅོ་ལྔའི་བར་ཚུན་ཚད་དུ་རིག་པ་སྟོང་ཕྲག་བརྒྱད། མིའི་གྲངས་ཇི་ཙམ་གྱིས་ཐོན་པའི་མི་བསགས་ལ་གདོན་པར་བྱའོ། །གཉིས་པ་ཡོ་བྱད་བཤམ་པ་ནི། དཀྱིལ་འཁོར་ཁྲུ་དོ་པའམ། ཁྲུ་བཞི་པ་ལ། བའི་རྣམ་ལྔས་ལེགས་པར་བྱུགས་ཤིང་ཙནྡན་དཀར་པོ་དང༌། གླ་རྩི་དང༌། གུར་གུམ་དང༌། ག་པུར་གྱིས་ཀྱང་ཀུན་ཏུ་བྱུགས་ལ། མེ་ཏོག་སིལ་མས་ཀུན་ཏུ་གཏོར་བར་བྱའོ། །དེའི་དབུས་སུ་འོང་བར་སྟེང་ནས་བྲིས་སྐུ་དགྲམ་མོ། །ཕྱོགས་མཚམས་བརྒྱད་དུ་བུམ་པ་མཛེས་ཤིང་གཙང་བ། འབྲུ་ལ་སོགས་པ་བཅུད་དང་ཆུས་བཀང་ཞིང༌། མགུལ་ཆིངས་དང་ཁ་རྒྱན་དང་མེ་ཏོག་ཕྲེང་བ་དང༌། བ་དན་ལ་སོགས་པས་མཛེས་པར་བྱས་པ་བརྒྱད་གཞག་གོ །ཉེ་བར་སྤྱོད་པ་བརྒྱད་ནི། ཕྱོགས་མཚམས་བརྒྱད་དུ་འཇོག་པའི་ལྷ་བཤོས་རྒྱུ་བརྒྱད་ལས་བྱས་པ་སྟེ། འོ་ཐུག་དང༌། སྦྱར་ཐུག་དང༌། ཁ་ཌ་ཀ་བྱ་དང༌། འབྲས་ཆན་དང༌། ལག་ཕན་དང༌། བུ་རམ་དང༌། ཤ་ཁར་དང༌། ཞུན་མར་རྣམས་སོ། །དེ་ལྟར་མ་འབྱོར་ན་ལྷ་བཤོས་ཆེ་ཞིང་མཛེས་པ་བརྒྱད་བཤམ་མོ། །ཉེ་བར་མཁོ་བ་དྲུག་ཅུ་རྩ་བཞི་ནི། མཆོད་པའི་ཡོ་བྱད་ཁ་དོག་དང༌། དྲི་དང་རྒྱུ་དང༌། དབྱིབས་ཀྱི་ཁྱད་པར་མི་འདྲ་བས་ཆེ་བ་དྲུག་ཅུ་རྩ་བཞི་སྟེ། མེ་ཏོག་སེར་པོ་དམར་པོ་ལ་སོགས་པ་དང༌། ཙནྡན་དང་གུར་གུམ་ལ་སོགས་པ་དང༌། ལྷ་བཤོས་ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་ལྟ་བུ་སྟེ། དེ་ལྟ་བུས་ཕྱེ་བས་མཆོད་པ་དྲུག་ཅུ་རྩ་བཞིའོ། །དེ་ལྟར་མ་འབྱོར་ན་ལྷ་བཤོས་ཆུང་བ་དྲུག་ཅུ་རྩ་བཞི་བྱ་ཞིང༌། གཞན་མེ་ཏོག་ལ་སོགས་པ་ཇི་ལྟར་འབྱོར་པ་བཤམ་པར་བྱའོ་ཞེས་མན་ངག་ལས་ཐོས་སོ། །གཏོར་མ་ནི། ཤ་ཁྲག་ལ་སོགས་པ་ཟས་ངན་པ་རྣམས་སྤངས་ལ། ཆང་བུ་མ་བྱས་པ་དེའང་ཇི་ལྟར་འབྱོར་པ་བཤམ་མོ། །ཨ་ཀ་རུའི་བདུག་པ་ནི་ཅིས་ཀྱང་དགོས་ལ། བདུག་པ་གཞན་ནི་ཅི་འབྱོར་པའོ། །དེ་ལྟ་བུའི་མཆོད་པ་དེ་དག་ཀྱང་འབྱོར་པའི་བྱེ་བྲག་གིས་ཉིན་ཞག་གཅིག་ལ་ལན་དྲུག་ཡོད་དམ། བཞིའམ། གསུམ་མམ། ཤིན་ཏུ་འབྱོར་པ་ཆུང་བས་ཀྱང་སྔ་དྲོ་བཤམས་ཤིང་ཕྱི་དྲོའི་སྲོད་སྤོ། སྲོད་བཤམས་པ་སྔ་དྲོ་སྤོ་བར་བྱའོ། །སྦྱོར་བའོ། །དངོས་གཞི་ནི་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་ནས་བཟུང་སྟེ། དགེ་བའི་རྩ་བ་བསྔོ་བའི་བར་རྣམས་ནི་སྔར་གྱི་རྣམས་དང་མཐུན་ལ། གྲངས་ནི་སྟོང་ཕྲག་བརྒྱད་འདོན་པ་ཡིན་ནོ། །དེ་ལ་ཉི་མ་གཅིག་གིས་ཚང་བར་བྱེད་པ་ནི། མི་མང་པོ་འཚོགས་ཏེ་སྨྱུང་བར་གནས་པས་འདོན་ལ། ཉི་མ་མང་དུ་བྱེད་ན་དཀར་གསུམ་ཟ་ཞིང་བཟླས་སོ། །ཡང་མི་མང་པོས་འདོན་ན་ནི་སྨྱུང་གནས་སམ་དཀར་གསུམ་ཟ་བ་གང་རུང་གིས་བྱེད་པ་ཡིན། དེ་ལ་སྨྱུང་གནས་ཀྱིས་ཀློག་ན་ཉིན་གཅིག་མི་གསུམ་གྱིས་ཐུན་བྱེད། དེའི་ནང་པར་གཞན་གསུམ་གྱིས་ཐུན་བྱེད་དེ་གཞན་དང་བསྒྲེའོ། །དཀར་གསུམ་ཟ་ཞིང་བྱེད་ན་བླའོ། །རང་གཅིག་པུས་བྱེད་ན་དཀར་གསུམ་ཟ་ཞིང་བཟླས་པ་བྱའོ། །དངོས་གཞིའོ། །རྗེས་ཀྱི་བྱ་བ་ནི། མཆོད་པ་ཆེན་པོ་བྱ་བ་དང༌། དགེ་འདུན་ལ་དགའ་སྟོན་བྱ་བ་དང༌། གཏོར་མ་དང་བསྔོ་བ་ལ་སོགས་པ་བྱའོ། །རྗེས་ཀྱི་བྱ་བའོ། །ཕན་ཡོན་རྣམས་ནི། རྒྱས་པར་མདོ་ཉིད་དུ་རྟོགས་པར་བྱའོ། །སྒྲུབ་པའི་ཆོ་ག་བསྟན་ཟིན་ཏོ། །ལས་ལ་སྦྱར་བ། དངོས་གྲུབ་ཀྱི་ལས་ཉི་ཤུ་རྩ་ལྔ་ནི་རྟོག་པའི་གཞུང་ཉིད་དུ་རྟོགས་པར་གསལ་བས་ན་འདིར་མ་བྲིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱི་ལག་ལེན་ནི། རང་གིས་ཚུལ་ཁྲིམས་གང་དང་འགལ་བར་བྱས་པ་དེ་ཡོངས་སུ་རྫོགས་པར་བྱ་བ་ནི། ཆོ་ག་ཐམས་ཅད་གསོ་སྦྱོང་བྱ་བ་བསྟན་པ་དང་འདྲ་ལ། ནང་རེ་བཞིན་གསོ་སྦྱོང་བླང་ཞིང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ཉིད་འདོན་ཏེ། དེ་ལ་ཡུན་རིང་དུ་བྱའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཀུན་ལ་ཡང་སྦྱར་བ་ལག་ཏུ་བླང་བར་བྱའོ། །ཆོ་ག་ཐམས་ཅད་བསྟན་ཟིན་ཏོ། །རྣལ་འབྱོར་གྱི་རྒྱུད་དང་མཐུན་པའི་སྒྲུབ་ལུགས་ནི་སྒྲུབ་ཐབས་ཀྱི་སྟེང་དུ་རྟོགས་པར་བྱ་བས་འདིར་མ་བྲིས་སོ། །འདི་ནི་བྱ་བའི་རྒྱུད་ཀྱི་སྒྲུབ་ལུགས་ཏེ། །འཁྲུལ་མེད་རྒྱུད་དང་མཐུན་པའི་ཆོ་ག་ཡིན། །བདག་ཉིད་ལྷ་ལྔའི་རྣལ་འབྱོར་ལ་སོགས་པ། །བདག་བསྐྱེད་མཐའ་དག་རྣལ་འབྱོར་རྒྱུད་ཀྱིའོ། །འཇིག་རྟེན་མགོན་པོའི་ཚུལ་ཁྲིམས་འབྱུང་གནས་བློ། །རྡོ་རྗེ་གདན་གྱི་བླ་མ་རྣམ་བཞི་ལ། །རིན་ཆེན་གྲགས་པས་དཔལ་ལྡན་བླ་མ་ལས། །ལེགས་འོངས་བྲིས་པས་འགྲོ་རྣམས་རང་བྱུང་ཤོག །དོན་ཡོད་ཞགས་པའི་རྟོག་པ་ལག་ཏུ་བླང་བའི་རིམ་པ་དྲི་མ་མེད་པ་ཞེས་བྱ་བ། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།།  །།ཆོས་རྗེ་ས་སྐྱ་པཎྜི་ཏ། རྩང་པོ་ཞོར་བ། བླ་མ་ལ་རུ་བ། སློབ་དཔོན་གྲགས་པ་དཔལ། བླ་མ་འཕགས་པ་མཁན་ཆེན་བུ་སྟོན། དེས་བདག་ལའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*