ཨརྒའི་ཆོ་ག་དང་རབ་ཏུ་གནས་པ་དོན་གསལ།

༼ཏ༽

༄༅། །ཨརྒའི་ཆོ་ག་དང་རབ་ཏུ་གནས་པ་དོན་གསལ་བ་བཞུགས།།

༄༅། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྟེན་གསར་པ་ལ་བྱ་བའི་ཨརྒའི་ཆོ་ག་ནི། གཙུག་ལག་ཁང་དང་མཆོད་རྟེན་ལ་ནི་སའི་ཆོ་ག་རྒྱས་པར་བྱས་ལ། དེའི་རྗེས་ལ་མཎྜལ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། འདིར་གཙུག་ལག་ཁང་ཆེན་པོ་དཀོན་མཆོག་གསུམ་གྱི་རྟེན་བསམ་གྱིས་མི་ཁྱབ་པས་གང་བ་ཅིག་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའམ། མཆོད་རྟེན་ཆེན་པོ་བྱིན་རླབས་དང་ལྡན་པ་ཅིག་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྱའོ། །པུ་སྟི་དང་བྲིས་སྐུ་ལ་སོགས་པ་བྱེད་ནའང་རས་འདུལ་བྱས་པ་དང༌། ཤོག་སྐྱའི་པུ་སྟི་ལྟ་བུའི་དྲུང་དུ་མཆོད་པ་དང་གཏོར་མ་བཤམས་ལ། བདག་ལྷའི་ང་རྒྱལ་དང་ལྡན་པར་བྱ། རས་སམ་ཤོག་བུའི་སྟེང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། མཆོད་པས་མཆོད་ལ། བྲིས་སྐུ་དང་ཆོས་འདི་ལྟ་བུ་ཞེས་བྱ་བ་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་ལ། མཆོད་པ་དང་གཏོར་མ་བཏང་སྟེ་དེ་བཞིན་གཤེགས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཚོན་དང་པིར་དང་སྣག་ཚ་དང༌། སྨྱུ་གུ་རྣམས་ལའང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པར་བསམས་ལ། ཡི་དམ་གྱི་ལྷའི་གསང་སྔགས་འགའ་བཟླས། ལྷ་བཟོ་དང་ཡིག་མཁན་ཡང་བདུད་རྩི་འཁྱིལ་བ་ལྟ་བུའི་ཁྲོ་བོའི་སྐུར་བསྒོམས་ལ། སྐུ་གསུང་ཐུགས་ཀྱི་གནས་སུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་བཞག་གོ །རྟེན་གསར་པ་བྱ་བའི་ཨརྒ་འདི་ནི་མདོར་བསྡུས་པ་ཙམ་ཡིན་གྱི། རྒྱས་པར་ཤེས་པར་འདོད་ན་ཨརྒའི་གཞུང་རྒྱས་པ་ཉིད་དུ་བལྟ་བར་བྱའོ། །རྟེན་རྙིང་པ་སྤོ་བའི་ཨརྒ་བྱེད་པར་འདོད་ན། རྟེན་མི་མཁོ་བ་སྤོ་བ་དང༌། བཟང་བ་ངན་པར་སྤོ་བ་ལ་ནི་ཨརྒ་མི་རུང༌། ཡི་དྭགས་ཀྱིས་བདག་ཏུ་བཟུང་བ་ལ་ཡང་ནུས་པ་ཆེན་པོ་མེད་ན་མི་ལེགས། དེ་མིན་པ་རྙིང་པ་གསོ་བ་དང་འོ་བརྒྱལ་བའི་གནས་ནས་འོ་མི་བརྒྱལ་བའི་གནས་སུ་སྤྱན་འདྲེན་པར་འདོད་པ་དང༌། རྟེན་ངན་པ་བཟང་པོར་བྱེད་པ་དག་ལ་གང་ཟག་མཆོག་སློབ་དཔོན་པདྨ་ལྟ་བུས་མཛད་པ་ཡིན་ཡང༌། གསུང་གི་རབ་གནས་རྒྱས་པ་ཡིན་ན། དེ་ཉིད་ཀྱི་རབ་གནས་འཛུད་པའི་ཕྱིར་རབ་གནས་དབྱུང་བ་ལ་ཉེས་པ་མེད་དེ། སློབ་དཔོན་ཨཱརྻ་དེ་ཝ་སེམས་ཀྱི་སྒྲིབ་སྦྱོང་ལས། མཆོད་རྟེན་གསོ་བའི་བསམ་པ་ཡིས། །བཤིག་པར་གྱུར་ལ་ཉེས་པ་མེད། །ཅེས་གསུངས་སོ། །དེའང་རྟེན་དེའི་སྤྱན་སྔར་གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ལ། བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ནས་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་དེ། བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བར་གཤེགས་པའི་རྟེན་རྙིང་པ་སྤོ་བའམ་གསོ་བར་འཚལ་ཞིང༌། དེའང་སང་ནང་པར་བགྱིད་པར་འཚལ་ཞེས་གསོལ་བ་གདབ། དེ་བཞིན་དུ་ཆོས་སྐྱོང་བའི་སྲུང་མ་རྣམས་ལའང་གཏོར་མ་བཏང་ལ་གསོལ་བ་གདབ། ཡང་ན་ནང་པར་རྟེན་གྱི་སྤྱན་སྔར་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས་ལ། བདག་གི་རྣལ་འབྱོར་རྫོགས་པར་བྱས་ཏེ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་དེ་སྔ་མ་བཞིན་དུ་བརྗོད་དོ། །སང་ནང་པར་ཞེས་པའི་སྐབས་སུ། ད་ནི་རབ་གནས་སྤོ་བར་འཚལ། ཞེས་པ་གཞུག དེ་ནས་མེ་ལོང་གཡའ་ཡོངས་སུ་དག་པ་ཅིག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་ལ། གང་ཟག་ཁྱད་པར་ཅན་གྱིས་བྱས་པའི་རྟེན་ཡིན་ཡང་མེ་ལོང་གི་ནང་དུ་སྤྱན་དྲངས་པ་ལ་བཞུགས་སུ་གཞུག དེ་ལ་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་བཅུག་ལ་མེ་ལོང་གི་ནང་དུ་གཞུག དེ་ཅིའི་ཕྱིར་ཞེ་ན། རྟེན་དེ་བདེན་ན་མེ་ལོང་གི་ནང་གི་འདིའང་བདེན། མེ་ལོང་གི་མི་བདེན་ན་རྟེན་འདིའང་མི་བདེན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུའམ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསུངས་པའི་ཕྱིར་རོ། །དེ་ནས་མེ་ལོང་གི་རྟེན་དེ་ལ་མཆོད་བསྟོད་བསྡུས་པ་ཙམ་ཞིག་བྱས་ལ། སྟེང་འོག་མི་འཁྲུལ་པའི་མཚན་མ་བྱས་ཏེ་དར་སེར་པོ་སོགས་ཀྱིས་གཡོགས་ལ་རྒྱབ་ངོས་སུ་རྒྱ་བཏབ་ལ། རྟེན་གསར་པ་ཚར་ནས་རབ་གནས་བྱེད་བྱེད་དུ་ཁ་མི་དབྱེ་མཆོད་པ་བཟང་སར་བཞུགས་སུ་གཞུག རྟེན་རྙིང་པའི་ས་རྡུལ་དམན་པ་རྣམས་གསར་པ་བྱེད་པའི་ཟླ་ལ་མ་ལུས་པར་བཏབ། གལ་ཏེ་ཡུལ་རྒྱང་མ་རིང་དུ་གྱུར་ནས་སྤོ་བར་མི་ནུས་ན། ཆུའི་སྐྱེ་བོ་ལ་ཕན་པའི་ཕྱིར་ཆུ་བོ་ཆེན་པོར་དོར་རོ། །དེའང་མི་ནུས་ན་ཐ་མལ་པ་ལོངས་སྤྱོད་དུ་མི་གཞུག་པར་མཆོད་རྟེན་ལྟ་བུར་བྱས་ལ་རབ་གནས་བྱས་ཏེ་གཞག་གོ །དེ་ནས་རྟེན་གསར་པ་དེ་ཚར་བ་དང༌། རབ་གནས་བྱེད་པའི་ཚེ་སྟ་གོན་གྱི་ནུབ་མོ་ནི་མི་དགོས། དངོས་གཞིའི་ནུབ་མོ་མེ་ལོང་ལ་སྤྱན་དྲངས་པ་ལ་དར་སེར་པོའི་ཞལ་ཕྱེ་སྟེ། སྔར་གང་མཛད་པའི་ཡན་ལག་བཞི་རྫོགས་ཡོད་པ་དེ་ཡེ་ཤེས་པའི་ཚུལ་དུ་རྟེན་གསར་པ་དེ་ལ་གཞུག སླར་ཡེ་ཤེས་སེམས་དཔའ་གཞན་ཡང་སྤྱན་དྲངས་ཏེ་དེ་ལ་གཞུག མཆོད་པ་རྒྱས་པས་མཆོད་པ་ལ་སོགས་པ་རབ་གནས་ཀྱི་བྱ་བ་རྣམས་ཡོངས་སུ་རྫོགས་པར་བྱའོ། །རྟེན་གསར་པ་བྱེད་པ་དང་རྙིང་པ་སྤོ་བའི་ཨརྒའི་ཆོ་ག་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ། །རྫོགས་སོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །གང་ཞིག་སྤྲོས་པ་ཀུན་དང་རྣམ་བྲལ་ཡང༌། །ཐུགས་རྗེས་རྟག་ཏུ་གཞན་གྱི་དོན་མཛད་པ། །འགྲོ་བའི་རྩ་ལག་རྡོ་རྗེ་སེམས་དཔའ་དང༌། །གཉིས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རབ་གནས་རྒྱུད་དང་བསྟན་བཅོས་དུ་མ་ནི། །འཐོར་བ་སྡུད་མཛད་རིན་ཆེན་བཟང་པོ་ཡི། །གསུང་གི་རྗེས་འབྲངས་རབ་ཏུ་གནས་པ་ཡི། །ཆོ་ག་འགྲོ་ལ་བརྩེ་བས་བྲི་བར་བྱ། །འདིར་རབ་ཏུ་གནས་པར་བྱ་བ་ནི། གཞུང་རྒྱས་པ་རྣམས་ཉན་པར་ནུས་ཀྱང་རུང༌། མི་ནུས་ཀྱང་རུང་སྟེ། བླ་མ་རིན་ཆེན་བཟང་པོའི་སྡོམ་གྱི་རྗེས་སུ་འབྲངས་ནས། རྒྱུད་ཀྱི་སྟེང་དུ་འདི་ལྟར་རྟོགས་པར་བྱ་སྟེ། དེ་ལ་དོན་དམ་པར་རབ་ཏུ་གནས་པ་བྱ་མི་དགོས་ཀྱང༌། ཀུན་རྫོབ་ཙམ་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་བའི་ཕྱིར་རབ་ཏུ་གནས་པ་བྱ་དགོས་པར་བཤད་དེ། དེའང་རབ་ཏུ་གནས་པའི་རྒྱུད་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ཀྱིས་ནི་རབ་ཏུ་བཏགས། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བཏགས། །དམ་པའི་དོན་དུ་དཔྱད་པ་ན། །གང་ཞིག་གང་གིས་རབ་ཏུ་གནས། །གདོད་མ་ནས་ཞི་སྐྱེ་མེད་ལ། །ཅི་འདྲེས་ཇི་ལྟར་རབ་ཏུ་གནས། །དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོགས་པའི་རྒྱུ་རུ་མཛད་པར་ཟད། །ཅེས་གསུངས་སོ། །དེས་ན་དོན་དམ་པར་རབ་ཏུ་གནས་པ་བྱ་མི་དགོས་ཀྱང༌། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་བའི་ཕྱིར་རབ་ཏུ་གནས་པར་བྱའོ། །དེ་ལ་བདུན། གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ཡོངས་སུ་དག་པ་དང༌། གང་གིས་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་དང༌། གང་དུ་རབ་ཏུ་གནས་པར་བྱ་བའི་གནས་དང༌། གང་གི་ཚེ་རབ་ཏུ་གནས་པར་བྱ་བའི་དུས་དང༌། ཇི་ལྟ་བུས་རབ་ཏུ་གནས་པར་བྱ་བའི་ཡོ་བྱད་ཡོངས་སུ་རྫོགས་པ་དང༌། ཇི་ལྟར་རབ་ཏུ་གནས་པར་བྱ་བའི་ཆོ་ག་དང༌། དེ་ལྟར་རབ་ཏུ་གནས་པར་བྱས་པའི་དགོས་པ་སྟེ། བདུན་གྱིས་རྟོགས་པར་བྱའོ། །དེ་ལ་དང་པོ་གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ནི། རྒྱུད་ལས། བརྡུངས་པ་དང༌། བྲིས་པ་དང༌། འབུར་དུ་བྱས་པ་ལ་སོགས་པའི་རབ་ཏུ་གནས་པར་བྱ་བའི་ཆོ་གར་གསུངས་པ་ཞེས་བྱ་བ་དང༌། སྐུ་གཟུགས་མཚན་ཉིད་དང་ལྡན་པ་སྟེ། ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང༌། །དེ་འདྲར་རབ་ཏུ་གནས་པར་བྱ། །ཞེས་གསུངས་པས་ན། སངས་རྒྱས་ཀྱི་སྐུ་གསུམ་གྱི་རྟེན་དང༌། ཆོས་དང་དགེ་འདུན་གྱི་རྟེན་ཇི་ལྟར་བྱ་བའི་ཆོ་ག་དང༌། སྐུ་གཟུགས་དང་མཆོད་རྟེན་གྱི་ཆ་དབྱེ་བ་དང༌། རིང་བསྲེལ་དང་གཟུངས་ཇི་ལྟར་གཞུག་པའི་ཆོ་ག་དང་བཅས་པ་རྣམས་བརྗོད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྟེན་ནི་གསུམ་སྟེ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་རྟེན་ནོ། །དང་པོ་ཆོས་ཀྱི་སྐུའི་རྟེན་ཡང་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བའི་རྒྱུད་ལ་བརྟེན་ནས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་གྱི་རྟོག་པ་ཞེས་བྱ་བ་ལས་འབྱུང་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་རྟེན་ནི་གསུམ་སྟེ། ལྷུང་བཟེད་ཁ་ཕུབ་པ་ལྟར་ཡོངས་སུ་གྲགས་པ་དང༌། ཁང་བུ་ལྟར་ཡོངས་སུ་གྲགས་པ་དང༌། རྒྱལ་མཚན་ལྟར་ཡོངས་སུ་གྲགས་པའོ། །དང་པོ་ནི་གང་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བཟེད་ཁ་ཕུབ་པ་ལྟར་ཡོངས་སུ་ཟླུམ་པོ་སྟེ། འདི་ནི་ཆོས་ཀྱི་སྐུ་མཚན་མ་ཐམས་ཅད་དང་བྲལ་བ་མཚོན་པ་སྟེ། བིམྦ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི། ཁང་བུ་ལྟར་གྲུ་བཞི་པ་ཤིན་ཏུ་མཛེས་པ་རྐྱང་པའམ་བརྩེགས་པའང་རུང་སྟེ། འདི་ནི་ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་རྫོགས་ཤིང༌། མཉམ་པ་ཉིད་མཚོན་པའི་རྟགས་ཏེ། ཁང་བུ་ཞེས་བརྗོད་པ་ཡིན་ནོ། །གསུམ་པ་ནི། མཆོད་རྟེན་གྱི་རྣམ་པ་སྟེ། འདི་ལ་བརྒྱད་ཡོད་དེ། ཐམས་ཅད་དུའང་གདན་ཁྲིའི་རྣམ་པ་ལ་ནི་ངེས་པ་མེད་དེ། གྲུ་བཞིའམ། ཟླུམ་པོའམ། པདྨའམ། ཟླ་གམ་ལ་སོགས་པ་ཇི་ལྟར་མཛེས་པ་སྟེ། འདི་ནི་རྨང་དགེ་བ་བཅུ་ཞེས་བྱ་བ་ཡིན་ནོ། །མགུར་ཆུ་ཟླ་བའི་དཀྱིལ་འཁོར་ཡན་ཆད་ནི་ཐམས་ཅད་མཐུན་ཏེ། འོན་ཀྱང་སྒོ་མངས་ཀྱི་བུམ་པ་ལ་ནི་ཕྱོགས་བཞིར་སྒོ་རེ་འབྱུང་སྟེ། འདི་དག་གི་རྣམ་པར་དག་པ་ནི་འོག་ཏུ་བརྗོད་པར་བྱའོ། །བར་གྱི་བང་རིམ་ཐོག་མ་པདྨ་བརྩེགས་པ་ནི་ཟླུམ་པོ་པདྨའི་འདབ་མ་ཅན་བཞིའམ་བདུན་ཕྱོགས་བཞིར་བརྩེགས་པའོ། །འདི་ནི་སེར་སྐྱའི་གྲོང་ཁྱེར་དུ་བལྟམས་པ་བསྟན་པའི་མཆོད་རྟེན་ཏེ། བདེ་གཤེགས་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །གཉིས་པ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཞེས་བྱ་བ་ནི་བང་རིམ་བཞི་པ་སྟེ། འདི་ནི་རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་རྟེན་ཏུ་གྱུར་པའི་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །གསུམ་པ་བཀྲ་ཤིས་སྒོ་མངས་ཆོས་ཀྱི་འཁོར་ལོའི་མཆོད་རྟེན་ནི། ཕྱོགས་རེ་ལ་སྒོ་བཞིའམ་བརྒྱད་དམ་བཅུ་གཉིས་སམ་བཅུ་དྲུག་ཏུ་ཡོད་པ་སྟེ། བདེན་པ་བཞིའམ། རྣམ་པར་ཐར་པ་བརྒྱད་དམ། རྟེན་འབྲེལ་བཅུ་གཉིས་སམ། སྟོང་པ་ཉིད་བཅུ་དྲུག་སྟེ། མདོར་ན་ཆོས་ཀྱི་སྒོ་དུ་མ་སྟོན་པའི་མཚོན་བྱེད་དེ། ཝཱ་རཱ་ཎ་སཱིར་ཡེ་ཤེས་ཀྱི་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །བཞི་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་མཆོད་རྟེན་ནི། ཕྱོགས་བཞི་ན་འབུར་བཞི་ཡོད་པ་བང་རིམ་བཞི་པ་སྟེ། འདི་ནི་མཉན་དུ་ཡོད་པ་ན་མུ་སྟེགས་ཕམ་མཛད་ཀྱི་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །ལྔ་པ་ལྷ་ལས་བབས་པའི་མཆོད་རྟེན་ནི་ཕྱོགས་བཞི་ནས་སྐས་གདང་ལྟ་བུ་ཡོད་པ་སྟེ། དེ་བདེ་བར་གཤེགས་པ་རྣམས་སེམས་ཅན་གྱི་དོན་ལ་བྱོན་པར་མཚོན་པ་སྟེ། འདི་ནི་གྲོང་ཁྱེར་གསལ་ལྡན་དུ། སུམ་ཅུའི་ལྷས་མཆོད་པའི་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །དྲུག་པ་དགེ་འདུན་གྱི་དབྱེན་འདུམ་པའི་མཆོད་རྟེན་ནི། བང་རིམ་བཞི་པ་དེ་དག་གི་ཟུར་ཡང་བཅད་པ་ལྟ་བུ་སྟེ། བང་རིམ་རེ་རེ་ལ་ཟུར་བརྒྱད་དང་ལོགས་བརྒྱད་ཡོད་པར་མངོན་པ་སྟེ། རྣམ་པར་འཕྲུལ་པ་དུ་མས་སེམས་ཅན་གྱི་དོན་མཛད་པར་མཚོན་པ་སྟེ། འདི་ནི་རྒྱལ་པོའི་ཁབ་ཏུ་བྱམས་དངོས་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །བདུན་པ་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། རྣམ་པར་ཐར་པའི་སྒོ་གསུམ་མཚོན་པ་བང་རིམ་གསུམ་པ་ཟླུམ་པོ་སྟེ། འདི་ནི་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་བྱིན་རླབས་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །བརྒྱད་པ་ཆོས་རྒྱལ་མྱ་ངན་མེད་པ་ནི། གདན་ཁྲི་གང་ཡང་རུང་བའི་སྟེང་དུ་མགུར་ཆུ་ཡན་ཆད་བཞུགས་པ་སྟེ། འདི་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚོན་བྱེད་དེ། འདི་ནི་གྲོང་ཁྱེར་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་མཆོད་རྟེན་གྱི་རྣམ་པར་དག་པ་ནི། རྨང་དགེ་བ་བཅུ་དང༌། བང་རིམ་དང་པོ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང༌། གཉིས་པ་ནི་ཡང་དག་པར་སྤོང་བ་བཞི། གསུམ་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། བཞི་པ་ནི་དབང་པོ་ལྔ། བུམ་རྟེན་མགུར་ཆུ་ནི་སྟོབས་ལྔ། བུམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། པུ་ཤུ་སྟེ་བྲེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད། སྲོག་ཤིང་ནི་ཤེས་པ་བཅུ། འཁོར་ལོ་བརྩེགས་མ་བཅུ་གསུམ་ལས། བཅུ་ནི་སྟོབས་བཅུ། ལྷག་མ་གསུམ་ནི་དྲན་པ་ཉེ་བར་གཞག་པ་གསུམ་མོ། །ཆར་ཁེབས་ཏེ་གདུགས་ནི་ཐུགས་རྗེ་ཆེན་པོའོ། །ཏོག་ནི་མཉམ་པ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཏེ། འདི་དག་ནི་མཆོད་རྟེན་གྱི་ངོ་བོ་ཡིན་ནོ། །དེའང་ལུང་ལས་འཁོར་ལོ་རྣམས་ལ་ནི་གདུགས་ཞེས་བྱ་སྟེ། སངས་རྒྱས་ཀྱི་མཆོད་རྟེན་ལ་ནི་གདུགས་བཅུ་གསུམ་མོ། །རང་སངས་རྒྱས་ལ་ནི་བདུན་ནོ། །དགྲ་བཅོམ་པ་ལ་ནི་ལྔའོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་ལ་ནི་གསུམ་མོ། །རྒྱུན་དུ་ཞུགས་པ་ལ་ནི་གཅིག་གོ །སོ་སོ་སྐྱེ་བོ་རྣམས་ཀྱི་ནི་མཆོད་རྟེན་བྱི་བོ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་ཆོས་ཀྱི་སྐུའི་རིང་བསྲེལ་ཞེས་བྱ་བ། གཟུངས་བཞུགས་ན་ནི་སངས་རྒྱས་ཀྱི་མཆོད་རྟེན་དུ་འགྱུར་བའི་ཕྱིར་ཐམས་ཅད་ལའང་འཁོར་ལོ་བཅུ་གསུམ་ཐོབ་པ་ཡིན་ནོ། །གདུགས་ལ་ནི་ཆར་ཁེབས་ཞེས་བཤད་དོ། །དེ་ལས་གཞན་པའི་མཆོད་རྟེན་གྱི་རྒྱན་རྣམས་ཀྱང༌། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་པ་སྟེ། སྡོམ་ལ། རྡོ་རིང་ཐེམ་སྐས་རྒྱལ་མཚན་དང༌། །མེ་ཏོག་ཕྲེང་དང་འཇིག་རྟེན་སྐྱོང༌། དྲིལ་བུ་ཟླ་བ་གདུགས་དང་ཏོག །མེ་ལོང་ཅོད་པཎ་བ་དན་ནོ། །དེ་ལ་རྡོ་རིང་ནི་མི་འཇིགས་པ་བཞིའོ། །ཐེམ་སྐས་ནི་བསྲུང་བ་མེད་པ་གསུམ་མོ། །ཆུ་སྲིན་གྱི་རྒྱལ་མཚན་གྱིས་ནི་བདུད་བཞི་ལས་རྒྱལ་བའོ། །མེ་ཏོག་གི་ཕྲེང་བས་ནི་ཚུལ་ཁྲིམས་ཀྱི་ཕུང་པོས་བསྒྲུབས་པའི་མཚན་དང་དཔེ་བྱད་དང་ལྡན་པ། འཇིག་རྟེན་སྐྱོང་བས་ནི་བདེན་པ་བཞི་བཤད་པས་སྐྱེ་བོ་བཞི་ལ་ཕན་འདོགས་པ། དྲིལ་བུས་ནི་ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་སྟོན་པ། ཟླ་ཚེས་ཀྱིས་ནི་བླ་ན་མེད་པའི་ཡེ་ཤེས་ཀྱིས་བྱང་ཆུབ་ཀྱི་སེམས་སྣང་བར་བྱེད་པ། གདུགས་ཀྱིས་ནི་བླ་ན་མེད་པའི་སྐྱབས་བྱེད་པས་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པར་འགྱུར་བ། ཏོག་ནི་ཆོས་ཀྱི་སྐུའི་སྟེང་ནས་གཡོགས་པ་ཏོག་ཆེན་པོ་སྟེ། མངོན་པར་ཤེས་པ་དྲུག་གོ །མེ་ལོང་ནི་ཡེ་ཤེས་བཞི། དར་གྱི་ཅོད་པཎ་ནི་བླ་ན་མེད་པའི་ཡེ་ཤེས་རྒྱས་པ་སྟེ་བྱང་ཆུབ་ཀྱི་ཅོད་པཎ་ཐོབ་པ། བ་དན་གྱིས་ནི་བླ་ན་མེད་པའི་ཆོས་ཀྱི་སྙན་པའི་གྲགས་པས་ཀུན་ཏུ་ཁྱབ་པའོ། །དེ་ལྟར་མཆོད་རྟེན་གྱི་རྒྱན་རྣམས་ཀྱང་སངས་རྒྱས་ཉིད་ཀྱི་རྣམ་པར་འཕྲུལ་པ་ཡིན་ནོ། །མཆོད་རྟེན་གྱི་རྣམ་པར་དག་པ་འདི་དག་ནི། སློབ་དཔོན་ཞི་བའི་སྙིང་པོས་མཛད་པའི་མཆོད་རྟེན་གྱི་ཆ་དབྱེ་བ་ལས་བྱུང་བའོ། །ཆོས་ཀྱི་སྐུའི་གཟུགས་བརྙན་ཇི་ལྟར་བྱ་བའི་ཚུལ་བསྟན་ཟིན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རིགས་ལྔ་ལ་སོགས་པའི་རྣམ་པར་འཕྲུལ་པ་མཛད་པ་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ལ་སོགས་པས་བཞུགས་ཤིང་རྒྱན་དང་ན་བཟའ་དུ་མས་བརྒྱན་པ། བྱང་ཆུབ་སེམས་དཔའི་འཁོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱའོ། །སྤྲུལ་པའི་སྐུ་རྣམས་ནི་རབ་ཏུ་མཛེས་ཤིང་མཐོང་ན་མི་མཐུན་པ་མེད་པ། དབུའི་གཙུག་ཏོར་དང་བཅས་པ་རྡོ་རྗེའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའམ་བཞེངས་པའི་ཚུལ་ལོ། །བཞུགས་པ་ལ་ཕྱག་རྒྱ་ལྔ་སྟེ། ཆོས་འཆད་པ་དང༌། བདུད་བཏུལ་བས་ཏེ་ས་གནོན་དང༌། མཆོག་སྦྱིན་དང༌། ཏིང་ངེ་འཛིན་གྱིས་བཞུགས་པ་དང༌། མི་འཇིགས་པ་སྦྱིན་པས་བཞུགས་པའོ། །འོག་མ་བཞི་ཀའི་ཕྱག་གཡོན་པ་ནི་ཆོས་གོས་ཀྱི་མཐའ་འཛིན་པས་མཉམ་གཞག་ཡིན་ནོ། །བཞེངས་པ་ལ་གསུམ་སྟེ། གཡས་པ་སྐྱབས་སྦྱིན་པ་དང༌། མཆོག་སྦྱིན་པ་གཉིས་ཀྱིས་ནི་གཡོན་པས་ཆོས་གོས་ཀྱི་མཐའ་འཛིན་པ་ཡིན་ལ། གཡས་པས་འཁར་གསིལ་འཛིན་ཞིང༌། གཡོན་པ་ལྷུང་བཟེད་འཛིན་པ་བསོད་སྙོམས་ལ་གཤེགས་པའི་ཕྱག་རྒྱ་ཡིན་ནོ། །དེ་མ་ཡིན་པའི་སྤྲུལ་པའི་སྐུ་དུ་མའི་རྣམ་འཕྲུལ་དང༌། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ནི་འདིར་བརྗོད་པར་ག་ལ་ནུས་ཏེ། རང་རང་གི་རྒྱུད་དང༌། སྒྲུབ་ཐབས་ཀྱི་སྟེང་དུ་རྟོགས་པར་བྱའོ། །གསུང་གི་རྟེན་གླེགས་བམ་ལ་སོགས་པ་ཇི་ལྟར་བྲི་བ་ནི་རྟོགས་པར་སླ་ལ། བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། ཉན་ཐོས་ཀྱི་དགེ་འདུན་གྱི་རྟེན་བྲི་བ་ལ་སོགས་པ་རྣམས་ནི་རང་རང་གི་སྟེང་དུ་རྟོགས་པར་བྱའོ། །དེ་དག་ནི་དཀོན་མཆོག་གསུམ་གྱི་རྟེན་རྒྱས་པར་བྱ་བའི་ཆོ་ག་ཡིན་ནོ། །དུས་ཐམས་ཅད་དུ་བྱ་བའམ་ཆོས་ཀྱི་སྐུའི་རྟེན་ཆེན་པོའི་ནང་དུ་བཞུགས་པའང་རུང་སྟེ། སཱཙྪ་བྱེད་པའི་ས་ཕྱོགས་སུ་གཏོར་མ་གཏང་ཞིང་ས་བླང༌། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུྃ། ཞེས་བརྗོད་ལ་རིན་པོ་ཆེ་སྣ་བདུན་དུ་བྱིན་གྱིས་བརླབས། ཨོཾ་བཛྲ་མུཏྐ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཞེས་བརྗོད་པས་བརྐོ། དེ་ནས་ཚེ་འདས་པའི་དོན་བྱེད་ན་བ་བྱུང་ལྔ་དང༌། དྲི་ཞིམ་པོའི་ཆུ་སྦྱར་བ་ཐོགས་ཏེ་རུས་བུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་དཀར་པོ་བསམས་ལ། དེའི་བདུད་རྩིའི་ཆུས་ཚེ་འདས་པའི་སྡིག་པ་ཐམས་ཅད་དག་པར་བསམ་ཞིང༌། ངན་སོང་སྦྱོང་བའི་སྔགས་དང༌། ཨོཾ་བཛྲ་པྲ་མརྡྷ་ན་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་ཟློས་ཞིང་དྲི་ཞིམ་པོའི་ཆུས་རུས་བུ་བཀྲུ། དེ་ནས་ཞིབ་པར་སྦྱངས་ལ་འཇིམ་པ་དང་བསྲེས་ཏེ། འཇིམ་པའི་ཕུང་པོ་ཆེན་པོར་བྱ་སྟེ། དེའང་སྦྱོང་རྒྱུད་ལས། ཐལ་བ་དེ་དང་རུས་པའི་རྡུལ། །སྔགས་ཀྱི་བཏབ་པའི་དྲི་ཡི་ཆུས། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་ལ་འཇིམ་པ་དང༌། །དེ་ཀུན་བསྲེས་ལ་བརྫིས་ནས་ཀྱང༌། །ཞེས་གསུངས་པ་ཡིན་ནོ། །དེ་ནས་འཇིམ་པའི་ཕུང་པོ་དེ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་བསམས་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ་འོག་མིན་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕོག་སྟེ་གསོལ་བ་བཏབ་པས། དེའི་ཐུགས་ཀ་ལས་ཀྱང་འོད་ཟེར་བྱུང་བས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས། འཇིམ་པ་ལ་ཕོག་པས་འཇིམ་པའང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་ཅིང༌། ལག་པ་གཡོན་པའི་མཐེ་ཆུང་མཐེ་བོས་མནན་པ་གན་རྐྱལ་དུ་བཞག་པའི་སྟེང་དུ་གཡས་པའང་དེ་བཞིན་བྱས་ལ་ཁ་བུབ་ཏུ་མནན་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ་ས་མ་ཡེ་ས་མ་ཏེ། ཤཱནྟེ། དནྟེ། ས་མ་རོ་བ་ཨ་ན་ལཾ་བྷེ། ཏ་རཾ་བྷེ་ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛེ་ནི་ར་ཀུ་ལེ་ནི་ར་བ་ནེ། སརྦ་བུདྡྷ་ཨ་དྷིཥྛཱ་ན། ཨདྷིཥྛི་ཏེ་སྭཱ་ཧཱ། ཞེས་ཉེར་གཅིག་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿཞེས་བྱ་བ་དང༌། རྟེན་འབྲེལ་སྙིང་པོ་དང༌། གཙུག་ཏོར་དྲི་མ་མེད་པའི་གཟུངས་ལ་སོགས་པ་ཅི་འགྲུབ་པ་བྲིས་ནས་ནང་དུ་བཅུག་ལ། འབི་འབི་བྱས་ལ་སྐུའམ་མཆོད་རྟེན་དུ་བྱས་ཏེ། དེའང་སྦྱོང་རྒྱུད་ལས། གཟུགས་སུ་བྱ་བའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྟར་བྱས་ལ། །ཞེས་འབྱུང་བ་ཡིན་ནོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བླང་བའི་སྔགས་སོ། །ཡེ་ཤེས་ལྔའི་རང་བཞིན་རྒྱས་པར་བསམ་ཞིང༌། ཨོཾ་བཛྲོདྦྷ་བ་ཡེ་སྭཱ་ཧཱ། འབི་འབི་བྱ་བའི་སྔགས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པར་བསམ་ཞིང༌། ཨོཾ་བཛྲ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། འབི་འབིའི་ནང་དུ་གཟུངས་བཞུགས་པའི་སྔགས་སོ། །བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོས་བསྒོས་པར་བསམ་ཞིང༌། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྣུམ་དང་ས་དཀར་བསྐུ་བའི་སྔགས་སོ། །ཐབས་དང་ཤེས་རབ་ཟུང་དུ་ཆུད་པར་བསྒོམས་ལ། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། རྒྱར་གཞུག་པའི་སྔགས་སོ། །ཡེ་ཤེས་ཆེན་པོའི་ངོ་བོར་གྱུར་པར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་ཨཱ་ཀོ་ཊ་ཡ་ཧཱུྃ། ཞེས་པ་དང༌། རྟེན་འབྲེལ་སྙིང་པོའང་བཟླས་ཏེ་བརྡུང་བའི་སྔགས་སོ། །རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བསམ་ཞིང༌། ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། དབྱུང་བའི་སྔགས་སོ། །ཐབས་དང་ཤེས་རབ་འབྲེལ་བས་ཆོས་ཀྱི་སྐུ་འགྲུབ་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ་བཛྲ་སུ་ར་ཏི་ས་མ་ཡ་སྟྭཾ། བཞུགས་སུ་གསོལ་བའི་སྔགས་སོ། །དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ག་ཀཱ་ཡ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨཱ་ཎ་ཀཱ་ཡ་ས་མ་ཡ་སྟྭཾ། ཞེས་པས་སྐུ་གསུམ་གྱི་ངོ་བོ་གྲུབ་པ་ཡིན་ནོ། །དེ་ནས་འོག་ཏུ་མཆོད་རྟེན་ལ་མངའ་དབུལ་བའི་སྐབས་སུ་འབྱུང་བའི་སྲོག་ཤིང་དང༌། ཆུ་སྲིན་གྱི་རྒྱལ་མཚན་ལ་སོགས་པའང་བྱས་ལ་ཐམས་ཅད་ལའང་ཅི་གྲུབ་པ་དབུལ་ལོ། །མདོར་ན་དེ་ལྟ་བུའི་རྟེན་རྒྱས་བསྡུས་ཐམས་ཅད་ཀྱང་བཟོ་བོས་བྱ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །ད་ནི་མཆོད་རྟེན་གྱི་ནང་དུ་རིང་བསྲེལ་ལ་སོགས་པ་བཞུགས་སུ་གཞུག་པའི་ཚུལ་ནི། སྤྱིར་རིང་བསྲེལ་ནི་རྣམ་པ་བཞི་སྟེ། སྐུ་གདུང་གི་རིང་བསྲེལ་དང༌། སྐུ་གདུང་ཉུངས་འབྲུ་ལྟ་བུའི་རིང་བསྲེལ་དང༌། དབུ་སྐྲ་དང་སེན་མོ་ལ་སྐུ་བལ་གྱི་རིང་བསྲེལ་ཞེས་བརྗོད་པ་དང༌། གཟུངས་རྣམས་ལ་ཆོས་ཀྱི་སྐུའི་རིང་བསྲེལ་ཞེས་བརྗོད་པ་ཡིན་ནོ། །ཆོས་ཀྱི་སྐུའི་རིང་བསྲེལ་ལ་མཆོད་རྟེན་གྱི་ནང་དུ་བཞུགས་པར་བཤད་པའི་གཟུངས་ལྔ་ཡིན་ཏེ། གཙུག་ཏོར་རྣམ་རྒྱལ་དང༌། གཙུག་ཏོར་དྲི་མེད། གསང་བའི་རིང་བསྲེལ་ཟ་མ་ཏོག བྱང་ཆུབ་སྙིང་པོ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་རྣམས་ཡིན་ནོ། །གཞན་ཡང་གསང་སྔགས་ཀྱི་རྒྱུད་སྡེ་དང༌། མདོ་སྡེ་ནས་འབྱུང་བའི་སྔགས་བྱིན་རླབས་ཅན་རྣམས་བྲིས་ནས་བཞུགས་སུ་བཅུག་ན་བསོད་ནམས་དཔག་ཏུ་མེད་ཅིང་བྱིན་རླབས་ཆེའོ་ཞེས་བླ་མ་རྣམས་གསུང་ངོ༌། །དེ་དག་བཞུགས་པའི་རིམ་པ་ནི། ཏོག་དང་ཏོག་ལ་བཞུགས་ས་མེད་ནའང༌། འཁོར་ལོའི་ཐོག་མར་སངས་རྒྱས་ནས་བཟུང་ནས་བདག་གི་རྩ་བའི་བླ་མའི་བར་གྱི་མཚན་རྣམས། གུར་གུམ་ལ་སོགས་པའི་དྲི་བཟང་པོས་ཡི་གེ་གསུམ་དང་སྤེལ་བའམ། ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་བཅས་པ་སྤེལ་ལ་བཞུགས་སུ་གཞུག དེ་ཡང༌། ཨོཾ་ཨཱཿན་མོ་བཛྲ་དྷ་རཱ་ཡ་ཧཱུྃ། ཞེས་བྱ་བའམ། རྗེ་བཙུན་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བྱ་བ་ལྟ་བུའམ། ཨོཾ་ཨཱཿན་མོ་ནཱ་གཱརྫུ་ནཱ་ཡ་ཧཱུྃ། ཞེས་པ་ལྟ་བུའམ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་པ་ལྟ་བུ་དང༌། ཨོཾ་ཨཱཿན་མཿཤྲཱི་བི་རཱུ་པཱ་ཡ་ཧཱུྃ་ཞེས་བྱ་བ་ལྟ་བུའམ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་པ་ལྟ་བུ་དང༌། ཨོཾ་ཨཱཿན་མཿཨཱ་ནནྡ་གརྦྷཱ་ཡ་ཧཱུྃ་ཞེས་བྱ་བའམ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ས་སྐྱ་པ་ཀུན་དགའ་སྙིང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་བྱ་བའི་བར་དུ་སྟེ། མདོར་ན་རང་གི་བརྒྱུད་པ་རྣམས་ཡོངས་སུ་རྫོགས་པའི་མཚན་བྲིའོ། །དེ་ནས་རང་གི་ཡི་དམ་གྱི་ལྷའི་གསང་སྔགས་རྣམས་བཞུགས་སུ་གཞུག་གོ །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་བྱ་བ་ནི་སྲོག་ཤིང་བརྟན་པའི་སྔགས་ཡིན་ཏེ། སྲོག་ཤིང་གི་ཕྱོགས་བཞི་དང༌། སྐུ་གཟུགས་ལྟ་བུ་ཡིན་ན་ཐུགས་ཀར་བཞུགས་སོ། །ཨོཾ་སརྦ་བིདྱཱ་སྭཱ་ཧཱ་ཞེས་བྱ་བ་ནི་རིག་པ་ཆེན་མོའི་སྔགས་ཡིན་ཏེ། མཆོད་རྟེན་གྱི་བྲེ་དང་སྐུ་གཟུགས་ཀྱི་དབུར་བཞུགས་སུ་གཞུག་གོ །དེ་ནས་བུམ་པར་མཆོད་རྟེན་གྱི་གཟུངས་སྔགས་དང༌། གཟུངས་བྱིན་རླབས་ཅན་མཐའ་དག་བཞུགས་སུ་གཞུག་སྟེ། དེའང་ཐོག་མར་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི། དེ་ནས་རྣལ་འབྱོར་གྱི་རྒྱུད་ཀྱི། དེ་ནས་སྤྱོད་པའི་རྒྱུད་ཀྱི། དེ་ནས་བྱ་བའི་རྒྱུད་ཀྱི་གཟུང་སྔགས་རྣམས་བཞུགས་སུ་གཞུག་སྟེ། ནང་ཡངས་ཤིང་གཟུངས་ཀྱིས་མ་ཁེངས་ན། བུམ་སྟོད་ཡན་ཆད་དུ་དེ་དག་བཞུགས་སུ་བཅུག་ལ། དེ་མན་ཆད་དུ་རྒྱུད་སྡེ་དང་སྡེ་སྣོད་རྣམས་བཞུགས་སུ་གཞུག་གོ །དེའང་གཟུངས་རྣམས་སྟོད་དུ་བཞུགས་སུ་གཞུག་པ་ནི་སྙིང་པོའམ་གཟུངས། ཞེས་བྱ་བ་རྒྱུད་རྣམས་ཀྱི་ནང་ནས་དམ་པ་ཡིན་ལ། རྒྱུད་རྣམས་དང་མདོ་སྡེ་རྣམས་རྨད་དུ་བཞུགས་སུ་གཞུག་པ་ནི་ཆོ་ག་དང་ལས་ཚོགས་ཕྲ་མོའི་ཆོ་ག་དང་བྱ་བའི་རྣམ་གྲངས་གཞན་འབྱུང་བས་སོ། །བླ་མ་རྣམས་ཀྱི་གདུང་རྣམས་ནི་བྲིར་བཞུགས་སོ་ཞེས་ཀྱང་ཟེར་ན། ཇི་ལྟར་མཐོ་བར་བཞུགས་ན་ཆོས་དང་མཐུན་པར་མཐོང་སྟེ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་རིང་བསྲེལ་ཡོད་ན་དེ་དང་ལྷན་ཅིག་མཐོ་དམན་མེད་པར་སྦམས་ཏེ་འབྲུ་དང་སྤོས་དང་རིན་པོ་ཆེས་བརྒྱན་ལ་བཞུགས་སུ་གཞུག་གོ །བླ་མ་དང་གང་ཟག་མཆོག་མ་གཏོགས་པའི་རུས་བུ་མཆོད་རྟེན་གྱི་ནང་དུ་གཞུག་པར་མི་བྱ་སྟེ། སེམས་ཅན་དེ་ལ་གནོད་པར་འགྱུར་རོ། །ཞེས་ལུང་ལས་འབྱུང་ངོ༌། །ཅིས་ཀྱང་འཇུག་ནའང་རུས་བུ་ཞིབ་བར་བཏགས་ལ་འཇིམ་པ་དང་བསྲེས་ཏེ་གཟུངས་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ལ་སཱཙྪར་བཏབ་སྟེ་བཞུགས་སུ་གཞུག་གོ །གང་ཟག་མཆོག་རྣམས་ལའང་དེ་ལྟར་བྱས་ན་ལེགས་སོ་སྙམ་དུ་སེམས་སོ། །པདྨར་ནག་པོ་ཆེན་པོ་དང༌། ཚོགས་ཀྱི་བདག་པོ་དང༌། ཛམྦྷ་ལ་དང་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་པ་ཆོས་སྐྱོང་བ་རྣམས་ཀྱི་གཟུངས་སྔགས་བྲིས་ལ་བཞུགས་ཏེ་སྲུང་མར་བསྒོའོ། །གཞན་ཡང་སྨན་ལྔ་དང༌། འབྲུ་ལྔ་དང༌། དྲི་ལྔ་དང༌། རིན་པོ་ཆེ་ལྔ་དང༌། སྙིང་པོ་ལྔ་སྟེ། བཅུད་ཉི་ཤུ་རྩ་ལྔའང་གཞུག་གོ །དེ་ནས་དཔའ་བོ་གྲུབ་པའི་རྒྱུད་ནས་འབྱུང་བ་བཞིན་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་བྲིས་ལ། མར་དང་སྦྲང་རྩིས་བར་བསྡམས་ཏེ། བསྐྱེད་ལ་མཉེས་པའི་མཆོད་པ་བྱའོ། །ནང་དུ་བཞུགས་པ་ཐམས་ཅད་སྔོན་ལ་རབ་ཏུ་གནས་པ་མདོར་བསྡུས་པ་བྱས་ལ། དེ་ནས་གདོད་བཞུགས་སུ་གཞུག་པར་བྱའོ། །དེ་ནས་གནོད་སྦྱིན་མཉེས་པར་བྱས་པའི་འཁོར་ལོས་ཞབས་བསྡམ་མོ། །གཟུངས་བཞུགས་པའི་རིམ་པ་གཞན་ཁོ་བོས་མང་དུ་ཐོས་ཞིང་མཐོང་མོད་ཀྱི། ལུང་དང་རིགས་པས་མ་བརྒྱན་ལ་འདི་ནི་རྒྱུད་དང་བསྟན་བཅོས་ལས་ཀྱང་མཐོང་ཞིང་བླ་མའི་མན་ངག་གིས་ཀྱང་བརྒྱན་པ་ཡིན་ནོ། །རྟེན་ཇི་ལྟར་བྱ་བའི་ཆོ་ག་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། རྒྱུད་ལས་སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང༌། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །ཞེས་འབྱུང་སྟེ། དེ་ལ་དེ་ཉིད་བཅུ་ནི། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང༌། །ལས་ལ་སྦྱར་དང་སླར་བསྡུ་བའོ། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཞེས་བྱ་བ་ནི། རྡོ་རྗེ་སློབ་དཔོན་དུ་དབང་ཐོབ་པ། བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་བསྙེན་པ་ཡོངས་སུ་རྫོགས་པ། རབ་ཏུ་གནས་པ་ཐོས་ཤིང་ཤེས་ལ་ཆོ་ག་མཐོང་བ། ལོངས་སྤྱོད་ཀྱི་སྲིད་པ་ལ་སོགས་པའི་སྒོ་ནས་བདག་ཆེད་ཆེར་མི་འཛིན་པའོ། །ལས་རྣམས་ཀུན་ལ་མཁས་པ་ནི། དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་ལ་མཁས་ཤིང་འདྲི་ནུས་པའོ། །གསུམ་པ་གང་དུ་རབ་ཏུ་གནས་པར་བྱ་བའི་གནས་ནི། བཀྲ་ཤིས་ཤིང་ཉམས་དགའ་བ་སྟེ། གཞུང་གཞན་ལས་རྒྱས་པར་ཤེས་པར་བྱའོ། །བཞི་པ་དུས་ནམ་གྱི་ཚེ་བྱ་བ་ནི། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་འབྱུང་ལ། ཤིས་པའི་དུས་ངེས་པར་བཟུང་བ་དེའང་རྒྱུད་ལས། ཟླ་བ་ཤིས་པ་ནི། དཔྱིད་ཟླ་ར་བ་དཔྱིད་ཟླ་འབྲིང༌། །དགུན་ཐ་དཔྱིད་ཀྱི་ཐ་ཆུངས་སམ། །དབྱར་ཟླ་ར་བ་དབྱར་འབྲིང་པོ། །ཉི་མ་བྱང་དུ་བགྲོད་པ་ཡི། །དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །རིམ་བཞིན་དེ་ལྟར་གསུམ་པའམ། །བཅོ་ལྔ་དེ་བཞིན་བརྒྱད་པ་དང༌། །བཅུ་གསུམ་པ་ཡང་དེ་བཞིན་ནོ། །གང་ཚེ་གཟའ་དང་ཚེས་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་བཀྲ་ཤིས་འཕེལ་བར་བྱེད། །གནམ་སྟོང་དང་ནི་དེ་བཞིན་དུ། །ཉི་ཤུ་དགུ་ལ་བྱ་བ་མིན། །ཞེས་འབྱུང་ངོ༌། །གཉིས་པ་སྐར་མའི་ཤིས་པའང༌། ཐམས་ཅད་དུ་ནི་ཆུ་སྟོད་དང༌། །སྣར་མ་གྲོ་ཞུན་དེ་བཞིན་དབོ། །ལག་པ་སྣྲོན་དང་སྣུབས་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་ཀྱང་ནི་དེ་བཞིན་ཏེ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་དགུ་འཕེལ་ཞིང་དེ་ཡི་ནི། །རབ་ཏུ་གནས་པ་མཆོག་ཏུ་བྱེད། །སྐར་མ་དབོ་ལ་རབ་གནས་བྱ། །དེ་ནི་ཤེས་རབ་ཆེན་པོར་འགྱུར། །ཡིད་ལ་འདོད་པ་གང་ཅིའང་རུང༌། །དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། །སྣྲུབས་དང་བྱི་བཞིན་དག་གིས་ནི། །བཀའ་རྣམས་ཡོངས་སུ་ཤེས་པར་འགྱུར། །ལག་པས་སྐལ་བ་བཟང་པོར་འགྱུར། །སྣར་མས་གཞན་ལས་རྒྱལ་བར་འགྱུར། །མགོ་ཡིས་ཉེ་བར་ཞི་བར་སྤྱོད། །ཆུ་སྟོད་ཆུ་སྨད་བུ་འཕེལ་འགྱུར། །རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས། །རྒྱལ་ལ་ཐམས་ཅད་དུ་ནི་རྒྱལ། །སྣྲོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །ཞེས་གསུངས་སོ། །གསུམ་པ་གཟའ་ཤིས་པའང༌། ཕུར་བུ་གཟའ་ལྷག་པ་ཝ་སངས། །ཟླ་བའི་གཟའ་རྣམས་ཞེས་བྱ་བ། །འདི་རྣམས་ལས་བྱས་བཟང་ལྡན་ཏེ། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཉི་མ་སྤེན་པ་མིག་དམར་ནི། །ནོར་རྣམས་འཇོམས་པས་སྤང་བར་བྱ། །ཞེས་གསུངས་སོ། །ཚེས་དང་གཟའ་འཛོམ་པའི་བཟང་བ་ནི། གསུམ་པ་བདུན་པ་དྲུག་པ་དང༌། །བཅུ་དང་བཅུ་གཅིག་ཟླ་བ་ཤིས། །གཉིས་པ་བཞི་པ་དེ་བཞིན་བརྒྱད། །བཅུ་དང་བཅུ་གཅིག་གཟའ་ལྷག་བཟང༌། །གཉིས་གསུམ་བདུན་དང་དེ་བཞིན་དགུ། །དེ་བཞིན་བཅུ་གཅིག་ཕུར་བུ་ཤིས། །དྲུག་བདུན་བཅུ་པ་དོར་བ་ཡིན། །པ་ཝ་སངས་ནི་ཀུན་ཏུ་དགེ །དུས་སྦྱོར་ཞི་བ་ལ་བརྟེན་ནས། །དེ་ལ་ལྷག་པར་གནས་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །ལྔ་པ་ཡོ་བྱད་ནི། འོག་ནས་འབྱུང་བ་རྣམས་ལེགས་པར་བརྟགས་ལ། མ་ཚང་བ་མེད་པའི་ཡོ་བྱད་གྱ་ནོམ་ཞིང་ཁྱད་པར་དུ་འཕགས་པར་གྱུར་པས། བྲེལ་བ་མེད་པར་བཤམས་ཏེ། རབ་ཏུ་གནས་པ་ནི་བཀྲ་ཤིས་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དྲུག་པ་ཆོ་ག་ལ་གསུམ། རྒྱས་པ་དང༌། འབྲིང་དང༌། བསྡུས་པའོ། །དང་པོ་ལ་ཡང་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། སྡོམ་ལ། ལེགས་བཤམ་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱང་བཀྲུ་ཞིང་ཕྱི་བ་དང༌། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་ལ་དགུག་གཞུག་བྱ། །རྒྱས་གདབ་མཆོད་བསྟོད་གཏོར་མ་བཏང༌། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་བསྲུང་སྟ་གོན་ནོ། །ཞེས་བྱ་བ་སྟེ་འདི་ལ་དོན་བཅུ་གསུམ་སྟེ། བཤམ་པ་དང༌། བདག་བསྐྱེད་པ་དང༌། བུམ་པ་སྟ་གོན་དང༌། རྟེན་སྦྱང་བ་དང༌། བཀྲུ་ཞིང་ཕྱི་བ་དང༌། རྟེན་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲང་ཞིང་གཞུག་པ་དང༌། རྒྱས་གདབ་པ་དང༌། མཆོད་ཅིང་བསྟོད་དེ་གཏོར་མ་གཏང་བ་དང༌། སྙན་གསན་ཕབ་ལ་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་པ་དང༌། རྟེན་དགབ་པ་དང༌། བདག་བསྲུང་བའོ། །དང་པོ་ལེགས་པར་བཤམས་པ་ནི། སྔར་གྱི་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་དང༌། ཕྱུགས་ལྷས་དང་ཡང་ཐོག་ལ་སོགས་པ་རྣམས་སུ་ནི་སའི་ཆོ་ག་མི་དགོས་ལ། སྔར་མ་སྦྱངས་པའི་སའི་ཕྱོགས་སུ་ནི་སའི་ཆོ་ག་ལེགས་པར་བྱ་དགོས་ཏེ། གཞུང་གཞན་དུ་རྟོགས་པར་བྱའོ། །དེ་ནས་སྤྱིར་མདུན་དུ་སྒྲུབ་པའི་དཀྱིལ་འཁོར་ཡོད་པ་དང༌། མེད་པའི་ལུགས་གཉིས་མཛད་དེ། སྒྲུབ་པའི་དཀྱིལ་འཁོར་ཡོད་པའི་ལུགས་སུ་བྱེད་ན་ནུབ་གཉིས་པའི་ལུགས་སུ་བྱ་དགོས་ཏེ། སྔ་ཉིན་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་ཐིག་གདབ། མཆོད་པ་དང་གཏོར་མ་རྒྱས་པར་བཤམ། བདག་བསྐྱེད་བྱས་ལ་མཆོད་དེ། བཟླས་པ་ཅི་རིགས་བྱ། དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པ་དང༌། ལྷ་སྟ་གོན་དུ་གནས་པ་དང༌། བུམ་པ་སྟ་གོན་དུ་གནས་པ་དང༌། སློབ་མ་ཡོད་ན་སྟ་གོན་དུ་གནས་པ་ཡང་བྱ། མེད་ན་མི་དགོས་སོ། །དེའི་ནུབ་མོ་རབ་ཏུ་གནས་པའི་རྟེན་ནི། སྤྱན་དྲངས་ལ་ལེགས་པར་བཞུགས་སུ་གསོལ་བ་ཙམ་གྱི་སྟ་གོན་ལས་གཞན་ཅི་ཡང་བྱ་མི་དགོས་སོ། །ནང་པར་སྔ་དྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བྲི་བ་དང༌། མཆོད་གཏོར་ལ་སོགས་པ་རྒྱས་པར་བཤམས་ལ། ཕྱི་མ་རེད་ཀྱི་དུས་སུ་བདག་བསྐྱེད་ཅིང་མཆོད་པ་དང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒྲུབ་པ་དང་མཆོད་པ་དང༌། སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་མ་ཡོད་ན་འཇུག་ཅིང་དབང་བསྐུར་བྱས་ལ། གདོད་རྟེན་གྱི་སྟ་གོན་ལ་འཇུག་པར་བྱའོ། །དཀྱིལ་འཁོར་མེད་པའི་ལུགས་སུ་བྱེད་ན། རབ་ཏུ་གནས་པའི་ལྷ་ལ་མཆོད་པའི་ཚུལ་གྱིས་གླིང་བཞི་རི་རབ་དང་བཅས་པའི་ཐིག་གདབ་བོ། །དེའང་ཕྱོགས་རེ་རེ་ལ་ཆ་ལྔ་ལྔ་སྟེ་བཅུ་པར་བྱ། དབུས་ཀྱི་ཆ་གཉིས་ལ་པདྨ་བྱ། ཕྱི་རོལ་གྱི་ཟུར་ཀུན་ཏུ་བསྐོར་བ་ལ་ལྕགས་རི་བྱ། ཕྱོགས་བཞི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་བང་རིམ་ལྟར་ཇེ་ཆུང་ཇེ་ཆུང་བྱས་པའོ། །མཚམས་དེའི་ཟུར་ཐིག་གིས་བཅད་པའི་གྲུ་བཞི་པ་བཞིར་བྱས་པའི་ཐིག་དབྱེ། རྡུལ་ཚོན་སྣ་ཚོགས་ཀྱིས་དབུས་སུ་པདྨ་འདབ་བརྒྱད་བྲི། ཕྱོགས་བཞིར་རིའི་རྒྱལ་པོ་རི་རབ་བང་རིམ་བཞི་པ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོ། ཟུར་བཞི་ན་མར་སྔོན་པོ་གྲུ་བཞི་པའི་ཕྲེང་བ་བྱས་པའོ། །དེའི་ཕྱི་རོལ་དུ་གླིང་བཞི་གླིང་ཕྲན་བརྒྱད། ཤར་ཟླ་གམ། ལྷོ་སོག་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞི། དེ་དག་གི་གཡས་གཡོན་དུ། ཤར་དུ་དཔལ་བེའུ་དང་འཁོར་ལོ། ལྷོར་པདྨ་དང་རྒྱལ་མཚན། ནུབ་ཏུ་གདུགས་དང་བུམ་པ། བྱང་དུ་དུང་དང་ཉ་བྲིའོ། །དེའི་ཕྱི་རོལ་དུ་ལྕགས་རིས་ཀུན་ཏུ་བསྐོར་བར་བྱའོ། །གང་ལྟར་ཡང་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་རྒྱ་ཆེན་པོ་བཤམ། རང་གི་ཡི་དམ་ལྷའི་གཏོར་མ་དང༌། ཆོས་སྐྱོང་གི་གཏོར་མ་དང༌། ཆ་གསུམ་དང༌། ཡུལ་གང་ན་གནས་པའི་གཞིའི་བདག་པོའི་གཏོར་མ་རྣམས་ཀྱང་ཅི་འབྱོར་པ་བཤམ་མོ། །དེ་ནས་བུམ་པ་ནི་ལྷའི་བུམ་པ་ལྔའམ་གཅིག ལས་ཐམས་ཅད་པའི་བུམ་པ་གཅིག དྲི་མ་ཁྲུས་ཀྱི་བུམ་པ་བརྒྱད་དམ་གཅིག་གིས་ལེགས་པར་བཀྲུ། ཁ་བརྒྱན་དང་མགུལ་ཆིངས་བཅིང༌། ཁ་དང་ཞབས་སུ་གུ་གུལ་གྱི་དུད་པས་བདུག་ཅིང༌། ཁྲོ་བོའི་སྔགས་བཟླ། ཡུངས་ཀར་གྱིས་བྲབ། ཆུ་གཙང་མས་དགང༌། ལྷའི་བུམ་པར། སྨན་ལྔ། འབྲུ་ལྔ། རིན་ཆེན་ལྔ་གཞུག དྲི་མ་ཁྲུས་ཀྱི་བུམ་པ་བརྒྱད་དུ་དྲི་སྣ་ཚོགས་དང༌། མངར་གསུམ་དང༌། ཞོ་དང་ཨ་རུ་ར་ལ་སོགས་པ་འབྲུ་སྣ་ཚོགས་དང༌། འབྲས་ཡོས་དང༌། སྨན་སྣ་ཚོགས་དང༌། རིན་པོ་ཆེ་སྣ་ཚོགས་རྣམས་བླུགས་པར་བྱའོ། །གཅིག་ལས་མེད་ན་དེ་དག་བརྒྱད་ཀ་གཅིག་ཏུ་བླུགས་པར་བྱའོ། །དྲི་མ་ཁྲུས་ཀྱི་བུམ་པ་ལ་ནི་མཚན་མ་མི་དགོས་ལ། ལྷའི་བུམ་པ་ལྔའམ་གཅིག་ཀྱང་རུང་སྟེ། རིགས་ལྔའི་མཚན་མ་གདགས། ལས་ཐམས་ཅད་པའི་ལ་སྣ་ཚོགས་རྡོ་རྗེ་བྲིས་ལ་གདགས་པར་བྱའོ། །དེ་ནས་རྟེན་སྤྱན་དྲང་དུ་བཏུབ་པའི་རིགས་རྣམས་ལ་ཁྲུས་སའི་སྟེགས་བུ་བརྩིག་པར་བྱ་སྟེ། ཀུན་དགའ་སྙིང་པོའི་གཞུང་ལས། ཡིད་དང་མཐུན་པར་ཁྲུས་ས་བརྩིག །ཟུར་བཞི་པ་ལ་གྲུ་བཞི་པ། །ཁྲུ་གང་ཙམ་གྱི་ཚད་དམ་ནི། །མེད་ན་ལེགས་པར་བྲི་བར་བྱ། །ཞེས་འབྱུང་བས་རྩིག་པའི་སྟེང་ངམ་སའི་ཕྱོགས་བྱུགས་པའི་སྟེང་དུ་ཚོན་སྣ་ཚོགས་སམ། དཀར་པོས་ཀྱང་རུང་སྟེ། པདྨ་འདབ་མ་བརྒྱད་ལ་བཀྲ་ཤིས་ཀྱི་རྫས་བརྒྱད་བྲི། དེ་རས་དཀར་པོས་གཡོགས་ལ། དེའི་སྟེང་དུ་སྣོད་བཟང་པོ་ཅིག་གི་སྟེང་དུ་རབ་གནས་ཀྱི་རྟེན་མ་ཡིན་པ། བྱིན་རླབས་ཅན་སངས་རྒྱས་ཀྱི་རིང་བསྲེལ་ལམ་རྡོ་རྗེ་ལ་སོགས་པ་བཞག་ལ། དེའི་རྩར་ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཞེས་བྱ་བ་དང༌། རྟེན་འབྲེལ་སྙིང་པོ་གྲོ་ག་ལ་གི་ཝང་ངམ་གུར་གུམ་གྱིས་བྲིས་པ་དང༌། རིན་པོ་ཆེ་དང་དྲི་བཟང་པོ་རྣམས་ཀྱང་གཞག་པར་བྱའོ། །དེ་ནས་ཕྱེད་མ་རེད་ཀྱི་དུས་ལ་བབ་པ་དང༌། དཀྱིལ་འཁོར་དང་རབ་གནས་ཀྱི་རྟེན་ལ་ཁ་བལྟ་བའམ་ཁ་ཕྱོགས་པའི་ཚུལ་གྱིས་རྡོ་རྗེ་སློབ་དཔོན་ཁྲུས་བྱ། གོས་བཟང་པོ་བགོས། དབུ་རྒྱན་དང་སོར་གདུབ་ལ་སོགས་པའི་རྒྱན་དང་ལྡན་པས། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་གསོ་སྦྱོང་བླངས་ལ། སྟན་བཟང་པོ་ལ་འདུག་སྟེ། རྡོ་རྗེ་དང་དྲིལ་བུ་དང་བུམ་པ་ལ་སོགས་པ་ཉེ་བར་མཁོ་བ་རྣམས་མདུན་དུ་ལེགས་པར་བཞག་ལ། སློབ་མའི་ཚོགས་དང་བཅས་པས་བདུད་རྩི་འཁྱིལ་པའི་སྔགས་ཟློས་ཤིང༌། རྡོ་རྗེ་དང་དྲིལ་བུ་དང༌། དུང་དང༌། ཆ་ལང་ལ་སོགས་པའི་རོལ་མོའི་སྒྲས་བྱིན་དབབ་པར་བྱའོ། །དེ་དག་གི་དོན་ནི་དང་པོ་ལེགས་པར་བཤམ་པ་ཡིན་ནོ། །གཉིས་པ་བདག་བསྐྱེད་པ་ནི་རྡོ་རྗེ་འབྱུང་བའམ་རྡོ་རྗེ་སེམས་དཔའ་འབྱུང་བའམ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བསྡུས་པའམ། ངན་སོང་སྦྱོང་བའི་རྒྱུད་ནས་བཤད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བསྡུས་པའང་རུང་སྟེ། བདག་གི་རྣལ་འབྱོར་རྫོགས་པར་བྱ། དེ་ལ་ཅི་འབྱོར་པས་མཆོད་ནས་བཟླས་པ་ཅུང་ཟད་ཅིག་བྱ། དེ་ནས་དཀྱིལ་འཁོར་རྫོགས་པ་ཡིན་ན་བསྡུས་ཏེ་བདག་དཔའ་བོ་གཅིག་པའི་ང་རྒྱལ་དུ་བྱས་པ་ནི་བདག་བསྐྱེད་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་གསུམ་པ་བུམ་པ་སྟ་གོན་ནི་སྔར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མེད་པའི་དབང་དུ་བྱས་ན་བུམ་པ་སྟ་གོན་འདིར་བྱ་དགོས་ཏེ། ལྷའི་བུམ་པ་དུ་ཡོད་པའི་ནང་དུ། བདག་གི་རྣལ་འབྱོར་དང་མཐུན་པའི་ལྷའི་དཀྱིལ་འཁོར་རྫོགས་པའམ། དཔའ་བོ་གཅིག་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་མཆོད་ཅིང༌། རང་རང་གི་བཟླས་པ། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་པ་ལ་སོགས་པ་བཟླ། དེ་ནས་ལས་ཐམས་ཅད་པའི་བུམ་པར་རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ་རབ་ཏུ་ཁྲོས་པ་ཕྱག་གཉིས་ཀྱིས་མཆེ་བ་འཛིན་པ་བསྐྱེད་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས། དྲི་མ་ཁྲུས་ཀྱི་བུམ་པ་བརྒྱད་དུ་ལྷ་བསྐྱེད་ནི་མི་དགོས་རང་རང་གི་སྔགས་བཟླས་སོ། །ལྷ་རྣམས་ཀྱི་བུམ་པ་ལ་མཆོད་བསྟོད་བྱས་ལ། དུང་ཆོས་ཀྱི་ཆུ་བླུགས་པས་ལྷ་རྣམས་འོད་དུ་ཞུ་བར་བསམ་མོ། །བཞི་པ་རྟེན་སྦྱང་བ་ལ་གཉིས། བགེགས་སྦྱང་བ་དང་སྡིག་པ་སྦྱང་བའོ། །དང་པོ་ལ་གསུམ། ཞི་བས་སྦྱང་བ་དང༌། ཞི་དྲག་ཕྱེད་མས་སྦྱང་བ་དང༌། དྲག་པོས་སྦྱང་བའོ། །དང་པོ་ནི་གཏོར་མ་ཅི་འབྱོར་པ་བཤམས་ལ། ལན་གསུམ་གྱིས་རྟེན་ལ་བསྐོར་ཞིང༌། བྱིན་རླབས་མི་དགོས་པར་ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་བརྗོད་ལ་རྔན་པ་བྱིན་ཏེ་བགེགས་བསྐྲད། ཞི་དྲག་ཕྱེད་མས་སྦྱང་བ་ནི་ཏིང་ལོ་དང་ཆང་བུ་ནི་རྫས་ཞི་བ། སྔགས་སུམ་བྷ་ནི་ཟློས་པ་ནི་དྲག་པོ་སྟེ། རྟེན་ལ་གཡས་སྐོར་དུ་ལན་གསུམ་བསྐོར་ལ་ཕྱིར་དོར། དྲག་པོས་སྦྱང་བ་ནི་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བརྡེག མཚོན་ཆ་ལ་སོགས་པས་བསྡིགས་ཤིང༌། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་གདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་པས་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་ཅུང་ཟད་མཆོད་ལ་བསྟོད་དེ། ཧཱུྃ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་ཁྲོ་བོའི་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པར་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོ་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱིས་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་ཞིང་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་ལ་མུས་འཇོམས་མཛད་པའི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་དབྱངས་དང་བཅས་པའམ་དབྱངས་མེད་ཀྱང་རུང་སྟེ། སྔགས་དང་སྤེལ་ཞིང་བརྗོད་པས་བགེགས་བསྐྲད་པར་བྱའོ། །སྡིག་པ་སྦྱང་བ་ནི་སློབ་དཔོན་དང་ཡོན་བདག་གཉིས་ཀའི་དོན་ཡིན་ཏེ། བདག་གི་མདུན་དུ་ཏིལ། གཡས་སུ་མེ་གཡོན་དུ་ཆུ་བཞག་ལ། དེ་ནས་བདག་གི་སྙིང་གའི་ཧཱུྃ་ལས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་ཡི་གེ་ཀཾ་ནག་པོའི་རྣམ་པར་འཐོན་ནས། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་མདུན་གྱི་ཏིལ་ལ་ཐིམ་པར་བསྒོམ། དེ་ནས་ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས་གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བར་བསམ་མོ། །དེ་ནས་ལྔ་པ་ཁྲུས་བྱ་བ་ནི། བཟོ་བོ་ལ་སོགས་པའི་མི་གཙང་བ་དང་མ་དག་པའི་དྲི་མ་སྦྱོང་བའི་དགོས་པ་ཡིན་ཏེ། དེའང་དངོས་སུ་བཀྲུར་འོས་པ་རྣམས་ནི་དངོས་སུ་བཀྲུ། དངོས་སུ་བཀྲུར་མི་འོས་པ་རྣམས་ནི་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང༌། ཐོག་མར་འབྲུ་མར་དང་དྲི་ཞིམ་པོས་བྱུག དེ་ནས་སྲན་དཀར་གྱི་ཕྱེ་མ་ལ་སོགས་པའི་བདག་ཆལ་གྱིས་མཉེ། དེ་ལ་དཱུར་བའི་པིར་གྱིས་དྲུད་ལ་དེ་ནས་དྲི་སྣ་ཚོགས་ཀྱི་བུམ་པ་ཐོགས་ཏེ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཁྲུས་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ལ་བཀྲུའོ། །དེ་ནས་དར་དཀར་པོ་ལ་དྲི་ཞིམ་པོའི་ཆུས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿཞེས་བརྗོད་ཅིང༌། དྲིའི་ཐིག་ལེ་ལྔ་བྱས་ལ་ཕྲག་པ་ལ་བསྐོན་ལ་དེའི་ཆུའི་རྡུལ་ཕྲ་རབ་བླང་ཞིང༌། ཀཱ་ཡ་བི་ཤོ་དྷ་ནི། ཞེས་བརྗོད་ལ་སྐུ་ཕྱི་བར་བྱའོ། །དེ་ནས་ཡང་ཏིལ་མར་ལ་སོགས་པའི་རྫས་གསུམ་གྱིས་བྱུགས་ལ། མངར་གསུམ་གྱི་བུམ་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲུའོ། །ཡང་སྔ་མ་ལྟར་སྐུ་ཕྱིའོ། །འོག་མ་རྣམས་ལ་ཡང་རྫས་གསུམ་གྱིས་བསྐུ་བ་དང༌། །དེ་ནས་བུམ་ཆུས་བཀྲུ་ཞིང་སྐུ་ཕྱི་བ་རྣམས་མཚམས་ཀུན་ཏུ་བྱ་བར་ཤེས་པར་བྱའོ། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བའི་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ལ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང༌། ཞོའི་བུམ་པས་ཁྲུས་བྱའོ། །དེ་ནས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཕ་ལ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང༌། འབྲུ་སྣ་ཚོགས་ཀྱི་བུམ་པས་ཁྲུས་བྱའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པའི་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བྲཱི་ཧི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང༌། འབྲུ་སྣ་ཚོགས་ཀྱི་བུམ་པས་ཁྲུས་བྱའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ལཱརྫ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་འབྲས་ཡོས་ཀྱི་བུམ་པས་ཁྲུས་བྱའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོ་ཥ་དྷི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་སྨན་སྣ་ཚོགས་ཀྱི་བུམ་པས་ཁྲུས་བྱའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པས་ཁྲུས་བྱའོ། །དེ་ལྟར་རྫས་གསུམ་གྱིས་བཀྲུ་བ་བརྒྱད་དང༌། བུམ་པ་བརྒྱད་ཀྱིས་བཀྲུ་བ་བརྒྱད་དང༌། སྐུ་ཕྱི་བརྒྱད་སྤེལ་མར་བྱའོ། །དེ་ནས་དྲི་སྣ་ཚོགས་ཀྱི་བུམ་པ་འབའ་ཞིག་གིས་བཀྲུ་ཞིང༌། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་མཛད་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་པ། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་པ་བཞིན་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་དག་པར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པར། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཞིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་པས། །ཐུབ་པའི་སྙན་པ་གང་བྱུང་བས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་འགྲོ་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་གྱུར་ཅིག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པས་ཁྲུས་འདི་གསོལ་བར་བགྱི། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་སྭཱ་ཧཱ། གཞན་ཡང་ཇི་ལྟར་ཤེས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་བཀྲུའོ། །དེ་ནས་དྲུག་པ་རྟེན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་ཞེས་བརྗོད་ལ། རྟེན་ཐམས་ཅད་མི་དམིགས་པར་བྱ། སྟོང་པའི་ངང་ལས་གླང་པོ་ཆེ་ལ་སོགས་པའི་རིགས་ལྔའི་གདན་དང༌། རིན་པོ་ཆེའི་ཁྲིའི་གདན་དང༌། པདྨའི་གདན་དང༌། ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ་རྟེན་ངོ་ཤེས་པ་རྣམས་ནི་རང་རང་གི་ས་བོན་དང་ཕྱག་མཚན་དང་ལས་སོ་སོར་བསྐྱེད། རྟེན་ངོ་མི་ཤེས་པ་རྣམས་ནི་ཡི་གེ་གསུམ་ལས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྐྱེད། མཆོད་རྟེན་དང་ལྷ་ཁང་ནི་བྷྲཱུྃ་ལས་རྣམ་པར་སྣང་མཛད་དུ་བསྐྱེད་ལ། དེ་ཞུ་བ་ལས་བྱུང་བའི་མཆོད་རྟེན་དང་ལྷ་ཁང་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེའི་ནང་དུ་སེང་གེ་ལ་སོགས་པ་རིགས་ལྔའི་གདན་གྱི་སྟེང་དུ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿལས་རིགས་རྣམ་པ་ལྔ་ཀ་ལེགས་པར་བསྐྱེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པས་གང་བར་བསྒོམ། པུ་སྟི་རྣམས་ནི་ཨ་ལས་འོད་དཔག་ཏུ་མེད་པར་བསྐྱེད། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མཚན་རྣམས་ནི་ཧཱུྃ་ལས་མི་བསྐྱོད་པར་བསྐྱེད། ཁང་བཟངས་དང་རྟ་བབས་དང༌། ལྗོན་ཤིང་དང་རྡོ་རིང་དང་ཆུ་མིག་དང་ཁྲོན་པ་ལ་སོགས་པ་རྣམས་ནི། བྷྲཱུྃ་ལས་རྣམ་པར་སྣང་མཛད་དུ་བསྐྱེད་བར་བྱའོ། །དེ་དག་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམས་ཏེ་དེ་དག་གི་གདན་ཡང་པདྨ་དང་ཟླ་བ་ཡིན་ནོ། །དེ་ནས་བདུན་པ་སྤྱན་དྲང་ཞིང་དགུག་པ་ལ་གསུམ། སྤྱན་དྲང་བ། མཆོད་པ། དགུག་གཞུག་བྱ་བའོ། །དང་པོ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཞེས་བརྗོད་ཅིང༌། ནམ་མཁའི་ཕྱོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་ཚོགས་བསྡུའོ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ནི་ལག་པ་གཉིས་བསྣོལ་ཏེ། དཔུང་པའི་ཐད་ཀར་གུང་མོ་དང་སེ་གོལ་བརྡབས་པའི་སྒྲ་བརྗོད་པ་ཡིན་ནོ། །དེ་ནས་དེ་དག་མདུན་གྱི་ནམ་མཁར་ཉེ་བར་སྤྱན་དྲང་བར་བྱ་བ་ནི། རྡོ་རྗེ་དྲིལ་བུ་འཛིན་པའི་སྔགས་པས་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་ལ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་དག་བྱས་གཟུགས་བརྙན་ནི། །མཆོད་པས་འདི་རུ་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་སྦྱིན་པར་མཛད་དུ་གསོལ། །ཞེས་བྱ་བས་མདུན་དུ་སྤྱན་དྲང་ངོ༌། །སྤྱན་དྲངས་པ་དེ་ལ་མཆོད་པ་ནི། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་བཛྲ་ག་ག་ན་ས་མ་ཡེ་ཧཱུྃ་ཞེས་བརྗོད་ཅིང་མཆོད་ཡོན་དབུལ་ལོ། །དེ་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ལ་སོགས་པས་སྐུ་ཁྲུས་གསོལ་ཞིང༌། པདྨ་ཀ་མ་ལཱ་ཡ་སྟཱཾ་ཞེས་བྱ་བ་ལ་སོགས་པས་གདན་ཕུལ་ནས། མེ་ཏོག་ལ་སོགས་པ་ཅི་འབྱོར་པའི་མཆོད་པ་བྱའོ། །དེ་ནས་གཞུག་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཞེས་བརྗོད་དེ། ཡེ་ཤེས་སེམས་དཔའ་ཉེ་བར་སྤྱན་དྲང༌། རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞེས་བརྗོད་པས་དམ་ཚིག་པ་ལ་ཡེ་ཤེས་པ་གཞུག རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་སྥོ་ཊ་བཾ། ཞེས་བརྗོད་པས་རོ་གཅིག་འདྲེས་པར་བསམས་ལ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨ་བེ་ཤ་ཨ་ཞེས་བརྗོད་པས་དམ་ཚིག་པ་དེ་དག་ཡེ་ཤེས་པའི་ངོ་བོར་དགྱེས་ཤིང་དབང་དུ་བྱའོ། །གཞན་ཡང་སྔར་བརྗོད་པའི་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱ་དང༌། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་ནས་ནི་གཤེགས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདིར་ནི་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་རླབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་བྱ་བས་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པའང་སྤྱན་དྲངས་ལ་གཞུག་པར་བྱའོ། །དེ་ནས་བརྒྱད་པ་རྒྱས་གདབ་པ་ནི། རྟེན་ལ་ཡེ་ཤེས་པ་བརྟན་པར་བྱ་སྟེ། བྱ་སྤྱོད་ཀྱི་རྒྱུད་ཡིན་ན། རིགས་གསུམ་སྤྱིའི་དམ་ཚིག་གི་ཕྱག་རྒྱའི་རྒྱས་གདབ་སྟེ། དེ་ལ་རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལ་གུང་མོ་གཉིས་གཤིབས་ནས། བརྐྱང་སྟེ་དེའི་རྒྱབ་ཏུ་མཛུབ་མོ་གཉིས་ཕན་ཚུན་རའི་ཚུལ་དུ་བྱས། མཐེ་བོང་དང་མཐེ་ཆུང་གཤིབས་ཏེ། ར་རེ་རེའི་ཚུལ་དུ་བྱས་ལ། དེ་ལྟར་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བྱས་ལ། ཨོཾ་ས་མ་ཡ་ཧྃ། ཞེས་བརྗོད་ལ་རྟེན་དེའི་སྙིང་གར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཅིག་བསྒོམ། པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ཁ་ཕྱེ་སྟེ་པདྨའི་འདབ་མའི་ཚུལ་དུ་བྱས་ལ། ས་མ་ཡ་ཧོ་ཞེས་བརྗོད་ལ་ཐུགས་ཀར་པདྨ་བསྒོམ་མོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྦྱར་ཏེ་བསྒྲེངས་ལ་ས་མ་ཡ་སྟྭཾ་ས་མ་ཡ་ཧཾ་ཞེས་བརྗོད་ལ་ཐུགས་ཀར་འཁོར་ལོ་བསྒོམ། ཡང་ན་ཡི་གེ་འབྲུ་གསུམ་བརྗོད་པས་ཀྱང་ཆོག་གསུང་ངོ༌། །ཡོ་གའི་ཡིན་ན་ཕྱག་རྒྱ་བཞིའི་རྒྱས་གདབ། རྣལ་འབྱོར་ཆེན་པོའི་ཡིན་ན། དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམ་པར་བྱའོ། །ཡོ་གའི་ལུགས་ཡིན་ཞིང་ཕྱག་རྒྱ་བཞི་མི་ཤེས་ནའང་འདིས་བཏུབ་བོ། །དགུ་པ་མཆོད་བསྟོད་བྱ་ཞིང་གཏོར་མ་གཏང་བ་ནི། རང་རང་གི་ཆོ་ག་བཞིན་མཆོད་པས་བསང་ཞིང་བྱིན་གྱིས་བརླབས་ལ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་སོ་སོར་བཞེས། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། མུན་པའི་ཚོགས་ནི་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ཕྱོགས་ཀུན་དྲི་ཡིས་ཁྱབ་མཛད་པ། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་པ། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཨོཾ་བཛྲ་གྷཎྜེ་ར་ཎ་པྲ་ར་ཎ་ས་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་བེ་ཏ་བཛྲ་དྷརྨ་ཧྲྀ་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཕྲེཾ་ཨ་ཁཾ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པའི་མཆོད་པའི་ཁྱད་པར་རྒྱ་ཆེན་པོས་མཆོད་པར་བྱའོ། །དེ་ནས་བསྟོད་པར་བྱ་སྟེ། ཧཱུྃ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་རྡོ་རྗེ་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང༌། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །ཞེས་བྱ་བ་དང༌། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོར་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་གྱུར་པ། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེའི་ཐབས་དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །དེ་ནས་གཏོར་མ་གཏོང་བ་ནི། ཡི་དམ་གྱི་ལྷ་དང་ནག་པོ་ཆེན་པོ་ལ་སོགས་པའི་ཆོས་སྐྱོང་ལ་གཏོར་མ་གཏོང་བ་ནི་རང་རང་གི་གཞུང་གིས་ཤེས་ལ། ལོག་འདྲེན་དང་འབྱུང་པོ་དང་ཕྱོགས་སྐྱོང་རྣམས་ལ་གཏང་བའི་གཏོར་མ་ཆ་གསུམ་ནི་ཆོ་ག་ལོགས་ཤིག་ཏུ་བརྗོད་ཟིན་པས་དེར་བལྟ་བར་བྱའོ། །བཅུ་པ་སྙན་གསན་དབབ་ཅིང་ལྷ་ལྷག་པར་གནས་པར་བྱ་བ་ནི། ནང་པར་དངོས་གཞིའི་དུས་སུ་རྟེན་བྱིན་གྱིས་བརླབ་པའི་ཕྱིར་བྱོན་པར་ཞུའོ་ཞེས་སྙན་གསན་འབེབས་པ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྔགས་པས། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་སྤྱན་དབྱེ་བས། །ཀུན་གྱི་བྱིན་གྱིས་བརླབ་པའི་ཕྱིར། །བདག་ནི་རྡོ་རྗེ་ཆེ་གེ་མོས། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པ་དག་གིས། །རབ་གནས་ནང་པར་བགྱིད་པར་འཚལ། །ཚོགས་པ་ཐམས་ཅད་རབ་གནས་པ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་ལ་མིང་འདི་ཞེས་བྱ་བ་ནི། སྤྱིའི་ཚིག་ཡིན་ཏེ། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཞེས་བྱ་བ་ལྟ་བུ་ལ་སོགས་པ་རང་རང་གི་ལྷའི་མཚན་གཞུག་པར་བྱའོ། །དེ་ནས་མཆོད་བསྟོད་བསྡུས་པ་ཅིག་བྱ། བཅུ་གཅིག་པ་ཡི་གེ་བརྒྱ་པ་བརྗོད་དེ་བཟོད་པར་གསོལ་ལ། ཨོཾ་བཛྲ་མུཿཞེས་བརྗོད་ཅིང་སེ་གོལ་གཏོགས་ཏེ་རྟེན་གྱི་ཡེ་ཤེས་ནམ་མཁའི་ཕྱོགས་སུ་བཞུགས་སུ་གསོལ་ལ། དེ་ལ་ཕྱག་དང་མཆོད་པ་བསྡུས་པ་ཙམ་ཞིག་བྱའོ། །བཅུ་གཉིས་པ་རྟེན་དགབ་པ་ནི། ཨོཾ་ཨཱཿབཛྲ་ཝསྟྲ་ཧཱུྃ་ཞེས་བརྗོད་ལ་ན་བཟའ་སེར་པོས་རྟེན་དེ་དག་ལ་བཀབ་ལ་བཞག་སྟེ། རྒྱལ་པོ་རྒྱལ་སར་མ་ཐོན་པ་རྒྱལ་སྲིད་ལ་མི་དབང་བ་ལྟར། རབ་གནས་མ་ཟིན་པ་དེ་མཆོད་པའི་འོས་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅུ་གསུམ་པ་བདག་བསྲུང་བ་ནི་བདག་གི་རྣལ་འབྱོར་ནི། རྣལ་འབྱོར་གྱི་རྒྱུད་ཡིན་ན་དམ་ཚིག་གི་ཕྱག་རྒྱ་བཀྲོལ་ལ་བདག་གིའང་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ། མཆོད་དེ་བཟོད་པར་གསོལ་ལ་དངོས་གྲུབ་བླངས་ལ་བདག་ལས་ཀྱི་སེམས་དཔའ་བཞིས་བསྲུང་བར་བྱ་སྟེ། ལས་ཀྱི་སེམས་དཔའ་བཞིའི་ཕྱག་རྒྱ་བཅའ་ཞིང༌། ཨོཾ་བཛྲཀརྨ་ཀཾ ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་སནྡྷི་བཾ། ཞེས་བྱ་བས་བསྲུང༌། ཕྱག་རྒྱ་མི་ཤེས་ནའང་སྔགས་ཙམ་གྱིས་བསྲུང༌། དེའང་མི་ཤེས་ནའང་སྐུ་གསུང་ཐུགས་ཀྱི་གནས་སུ་ཡི་གེ་གསུམ་གྱིས་བསྲུང་བར་བྱའོ། །དེ་ནས་ཉལ་བའི་རྣལ་འབྱོར་རང་རང་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ་སྟེ། རྟེན་སྟ་གོན་དུ་གནས་པའི་ཆོ་གའོ། །ཕྱིད་ཉིན་དངོས་གཞིའི་ཆོ་ག་ལ། སྡོམ་ནི་ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱང་བཀྲུ་ཞིང་ཕྱི་བ་དང༌། །རིང་བསྲེལ་ཞུགས་ཤིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲང་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང༌། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་བྱ་བ་སྟེ། འདི་ལ་དོན་བཅུ་གསུམ་སྟེ། བདག་བསྐྱེད་པ་མཆོད་ནས། མདུན་གྱི་དཀྱིལ་འཁོར་ཡོད་ན་གསལ་བཏབ་ལ། མཆོད་པ་དང༌། དེ་ནས་རྟེན་སྦྱང་བ་དང༌། བཀྲུ་ཞིང་ཕྱི་བ་དང༌། རིང་བསྲེལ་བཞུགས་པ་དང༌། གསོལ་བ་གདབ་པ་དང༌། རྟེན་བསྐྱེད་པ་དང༌། སྤྱན་དྲང་ཞིང་དགུག་གཞུག་བྱ་བ་དང༌། རྒྱས་གདབ་པ་དང༌། དབང་བསྐུར་བ་དང༌། མཆོད་ཅིང་བསྟོད་པ་བྱ་བ་དང༌། སྤྱན་དབྱེ་བ་དང༌། བརྟན་པར་བཞུགས་སུ་གསོལ་བ་དང༌། མངའ་དབུལ་རྒྱས་པར་བྱ་བའོ། །དེ་ལ་དང་པོ་བདག་བསྐྱེད་པ་ནི། ཐོ་རངས་ཀྱི་ཆ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་གསར་པ་སྔར་བཞིན་དུ་བཤམ་མོ། །བདག་གི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་འབྱུང་བ་ལ་སོགས་པའི་རྣལ་འབྱོར་རྫོགས་པར་བྱས་ལ་བསྡུ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཡོད་ན་གསལ་བཏབ་ལ་མཆོད་བསྟོད་བྱའོ། །དེ་ནས་རྟེན་སྤྱན་དྲང་དུ་བཏུབ་ན་ཁྲུས་སའི་སྟེགས་བུའི་སྟེང་དུ་སྤྱན་དྲངས་ལ་བྱ། མི་བཏུབ་ན་དེ་ཉིད་དུ་བཞུགས་པ་ལ་བྱའོ། །གཉིས་པ་རྟེན་སྦྱང་བ་དང༌། གསུམ་པ་བཀྲུ་ཞིང་ཕྱི་བ་ནི་སྟ་གོན་གྱི་སྐབས་བཞིན་རྒྱས་པར་བྱའོ། །བཞི་པ་རིང་བསྲེལ་བཞུགས་པ་ནི། སངས་རྒྱས་ཀྱི་རིང་བསྲེལ་ལམ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཞེས་བྱ་བ་དང༌། རྟེན་འབྲེལ་གྱི་སྙིང་པོ་དང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ནི། །ཐམས་ཅད་དུ་ཡང་སྡོམ་པ་ལེགས། །ཞེས་བྱ་བའི་ཚིགས་དེ་དག་གུར་གུམ་མམ་གི་ཝང་གིས་བྲིས་ལ་དབུའི་ཕྱོགས་སུ་བུག་པ་ཡོད་ན་གཞུག བུག་པ་མེད་པའམ་སའི་མཆོད་རྟེན་དང་སྐུ་གཟུགས་ལ་སྔར་བཞུགས་ཟིན་ན་རིང་བསྲེལ་མི་དགོས་ཏེ། གཟུངས་དང་སོ་སོར་ཐར་པ་བྲིས་ལ་དབུ་འམ་བྲེ་ལ་གདགས། བྲིས་སྐུ་ལ་སོགས་འི་དབུའི་རྒྱབ་ཏུ་བྲི་བར་བྱའོ། །ལྔ་པ་གསོལ་བ་གདབ་པ་ནི། དེའི་ཡོན་ཏན་དྲན་པ་རྗེས་སུ་འགྲོ་བས་གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དེ་ནི། རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཡང་དག་པར་ལྡན་པ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ཡང་དག་པར་ལྡན་པ་དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང༌། ཡང་དག་པར་ལྡན་པ་དང༌། ཆོ་འཕྲུལ་གསུམ་དང༌། ཏིང་ངེ་འཛིན་གསུམ་དང༌། བསླབ་པ་གསུམ་དང༌། ཚངས་པའི་གནས་བཞི་དང༌། བསམ་གཏན་བཞི་དང༌། འཕགས་པའི་བདེན་པ་བཞི་དང༌། ཡང་དག་པར་ལྡན་པས་དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས། ཤེས་བྱའི་ཡུལ་ཐམས་ཅད་ལ་མངའ་བརྙེས་པས་ཉོན་མོངས་པ་མ་ལུས་པ་ལ་སོགས་པ་རྣམས་སྤངས་པ་དང༌། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང༌། སྐྱེས་བུ་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པའི་མཐར་ཐུག་པ་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་པའི་སྐབས་སུ་དེ་ན་གནས་པ་ཐམས་ཅད་ཀྱིས་རབ་ཏུ་གནས་པར་བགྱིའོ་ཞེས་ཚིག་མཐུན་པར་བརྗོད་ཅིང༌། རབ་ཏུ་གནས་པའི་རྟེན་དེ་ལ་མེ་ཏོག་གི་ཆར་དབབ་པ་དང༌། སྤོས་ཀྱིས་བདུག་པ་དང༌། དུང་དང་ཆ་ལང་ལ་སོགས་པའི་སྒྲ་རྣམས་ཀྱང་དབུལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བྱ་བ་དང༌། དེ་ནས་ལྷ་སོ་སོར་རང་རང་གི་ངོ་ཤེས་པའི་སྔགས་དང་རང་གི་ཡི་དམ་གྱི་ལྷའི་གསང་སྔགས་ཀྱང་ཅུང་ཟད་གཅིག་བཟླས་ལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ངོ་མཚར་ཆེན་པོ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ། བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱིས་པས། དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ༌། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་ལྗོན་ཤིང་རྩད་ནས་བཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱིར་རྒོལ་བ་དང༌། ལྟ་བ་ཕྱིན་ཅི་ལོག་པ་དང༌། ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་བསྐམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་རབ་ཏུ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་དེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་རྩེར་རྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་གཞིལ་བར་བགྱིའོ། །ཞེ་སྡང་གི་མཚོན་རྩེ་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་ཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང༌། བདེ་བ་ཆེན་པོའི་གྲོང་ཁྱེར་དུ་གཞུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩལ་ཞིང་གནང་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ལ། དེའི་ཚེ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་གནང་བར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །དྲུག་པ་རྟེན་བསྐྱེད་པ་དང༌། བདུན་པ་ཡེ་ཤེས་པ་སྤྱན་དྲངས་ནས་བགེགས་བསལ་ལ་མཆོད་ཅིང༌། དགུག་གཞུག་བྱས་ལ་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་ནས་བཞུགས་པ་དང༌། བརྒྱད་པ་རྒྱས་གདབ་པ་རྣམས་ནི་སྔར་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་རྒྱས་པར་བྱའོ། །དགུ་པ་དབང་བསྐུར་བ་ནི། བྱ་སྤྱོད་ཀྱི་ལུགས་དང་མཐུན་པར་བྱེད་ན། ཆུ་དང་ཅོད་པཎ་དང་ཕྱག་མཚན་གྱི་དབང་བསྐུར་ལ་རིགས་ཀྱི་བདག་པོའི་རྒྱས་གདབ། འདིར་ནི་རྣལ་འབྱོར་གྱི་རྒྱུད་གཙོ་བོར་བྱས་པས། རིག་པའི་དབང་ལྔ་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ལ་རིགས་ཀྱི་བདག་པོའི་རྒྱས་གདབ། རྣལ་འབྱོར་ཆེན་པོའི་ལུགས་ཡིན་ན་དབང་བཞི་ཀ་བསྐུར་བར་བྱའོ། །ཞེས་ཀྱང་གསུང་ངོ༌། །བཅུ་པ་མཆོད་ཅིང་བསྟོད་པ་ནི། སྔར་སྟ་གོན་གྱི་སྐབས་སུ་བསྟན་པ་བཞིན་ནམ། གཞན་ལ་ཕན་པའི་འོད་ཟེར་དུ་བསྟན་པའི་ཚུལ་གྱིས་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། ཕྱི་ནང་གི་ལྷ་མོ་བརྒྱད་དང༌། རིན་ཆེན་སྣ་བདུན་དང༌། འདོད་ཡོན་ལྔའི་མཆོད་པས་ཀྱང་མཆོད་དོ། །བསྟོད་པ་ཅི་ཤེས་པ་རྒྱས་པས་ཀྱང་བསྟོད་པར་བྱའོ། །བཅུ་གཅིག་པ་སྤྱན་དབྱེ་བ་ནི་གསེར་གྱི་ཐུར་མས་དཀྱིལ་འཁོར་ལས་རྡུལ་ཚོན་ཕྲ་མོ་ཞིག་བླངས་ལ་སྤྱན་གྱི་ཐད་ཀར་བྱུག་ཅིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་གྱིས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ་སྤྱན་དབྱེའོ། །བཅུ་གཉིས་པ་བརྟན་པར་བཞུགས་སུ་གསོལ་བ་ནི། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་མ་ཞུགས་པའི་བར་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ་ལོ། །བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ས་དང་ཆུ་དང་མེ་དང༌། རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ་ལོ། །ཞེས་བྱ་བ་དང༌། རྡོ་རྗེས་རྟེན་དེ་དག་ལ་རེག་ཅིང༌། ཨོཾ་སུ་པྲ་ཏིཥྛ་བཛྲ། ཞེས་བརྗོད་ལ་བརྟན་པར་བཞུགས་སུ་གསོལ་བར་བསམས་ལ། རྟེན་དེ་དག་མཆོད་རྟེན་དང་སྐུ་གཟུགས་དང་གླེགས་བམ་དང་ཕྱག་མཚན་དང་ལྷ་ཁང་ལ་སོགས་པ་ཉིད་དུ་གྱུར་པར་བསམ་མོ། །དེ་ནས་བཅུ་གསུམ་པ་མངའ་གསོལ་བའམ་མངའ་དབུལ་བ་རྒྱས་པར་བྱ་བ་ལ་བཞི་སྟེ། མཆོད་བསྟོད་རྒྱས་པས་མངའ་དབུལ་བ་དང༌། བྱེ་བྲག་ཏུ་ཉེ་བར་མཁོ་བས་མངའ་དབུལ་བ་དང༌། སྦྱིན་སྲེག་གམ་ཙ་རུའི་བཟའ་བས་མངའ་དབུལ་བ་དང༌། བཀྲ་ཤིས་དང་རབ་གནས་ཀྱི་སྔགས་དང༌། མེ་ཏོག་གཏོར་བས་མངའ་དབུལ་བའོ། །དང་པོ་ནི་མཆོད་ཡོན་དང་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། རོལ་མོ་དང༌། ཕྱི་ནང་གི་ལྷ་མོ་བརྒྱད་དང༌། རིན་ཆེན་སྣ་བདུན་དང༌། འདོད་ཡོན་ལྔ་དང༌། མཆོད་པ་ཉི་ཤུ་པ་དང༌། མཆོད་པ་ཉི་ཤུ་རྩ་ལྔ་ལ་སོགས་པ་དང༌། བསྟོད་པའི་མཆོད་པ་སྣ་ཚོགས་ཀྱི་ཀྱང་བསྟོད་པར་བྱ་སྟེ། རྒྱས་པར་ཤེས་པར་འདོད་པ་རྣམས་ཀྱི་ནི་ཁོ་བོས་བྱས་པའི་ངན་སོང་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ལ་ཕན་པའི་འོད་ཟེར་དུ་བསྟན་པ་ལྟར་བྱ་ལ། དེ་ཙམ་བྱ་བར་མི་ནུས་པ་རྣམས་ཀྱིས་བསྟོད་པ་བསྡུས་པ་ཙམ་ཞིག་བྱེད་པར་འདོད་ན། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པས་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པ་གོ་འཕང་དམ་པ་བརྙེད་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་ཅིག་ཙམ་ནི་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བརྗོད་པར་བྱའོ། །དེ་ཙམ་མི་ནུས་པ་རྣམས་ཀྱིས་གོང་དུ་སྟ་གོན་གྱི་སྐབས་སུ་བསྟན་པ་ལྟར་ཉམས་སུ་བླང་བར་བྱའོ། །གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་བས་མངའ་དབུལ་བ་ནི་གཉིས་ཏེ། སྤྱི་དང༌། བྱེ་བྲག་གི་མངའ་དབུལ་བའོ། །དང་པོ་སྤྱིའི་སྡོམ་ནི། དཀྱིལ་འཁོར་ཁྲུས་དང་ན་བཟས་བརྒྱན། །རྣམ་ལྔ་རིན་ཆེན་བདུན་དང་བཅུད། །གདུགས་སོགས་དག་ནི་སྤྱི་ཡིའོ། །དེ་ལ་དང་པོ། གླིང་བཞི་རི་རབ་དང་བཅས་པའི་དཀྱིལ་འཁོར་གྱི་རི་མོ་དབུལ་བར་བྱ་སྟེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་གཏོར། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཤིང་ཕུལ་བ་ཡིས། །འགྲོ་རྣམས་རྣམ་དག་ཞིང་ལ་སྤྱོད་པ་ཤོག །ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་གཉིས་པ་ཡང་དྲི་ཞིམ་པོའི་ཆུས་བཀྲུ་ཞིང༌། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་ན་བཟའ་ནི། མཆོད་རྟེན་དང་གླེགས་བམ་ལ་སྣ་ཚོགས་པའི་ན་བཟའ་དབུལ་བ་དང༌། གཞན་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་ཅན་རྣམས་དང༌། ན་བཟའ་མཛེས་པར་བལྟབ་ཅིང༌། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་མོས་པས་དབུལ་བར་བགྱི། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པ་དང༌། སངས་རྒྱས་སྤྲུལ་སྐུའི་ཆ་ལུགས་ཅན་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྣམས་ལ། ངུར་སྨྲིག་གི་ཆོས་གོས་དབུལ་ཞིང༌། དྲི་མེད་མཚན་ལ་སྒྲིབ་གསལ་མི་མངའ་ཡང༌། །དང་བས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཡིས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟྲཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་རྒྱན་གྱི་ཁྱད་པར་མང་པོ་དབུལ་ཞིང༌། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཞིང༌། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལངྐཱ་ར་བྷུ་ཥ་ཎི་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་ལྔ་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་ཅི་འབྱོར་པ་དབུལ་ཞིང༌། རྒྱལ་བ་ཟག་མེད་འབྱོར་ལ་མངའ་བསྒྱུར་ཡང༌། །འགྲོ་བའི་དོན་སླད་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། དྲུག་པ་རིན་ཆེན་སྣ་བདུན་དབུལ་བ་ནི། རིན་ཆེན་སྣ་བདུན་བྲིས་པའི་གཟུགས་དང་ཡིད་ཀྱིས་བསམས་ལ་དབུལ་ཞིང༌། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བས་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨོཾ་བཛྲ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། བདུན་པ་སྣོད་མཛེས་པ་གཅིག་གམ་ལྔའི་ནང་དུ། སྨན་ལྔ་དང༌། འབྲུ་ལྔ་དང༌། རིན་ཆེན་ལྔ་དང༌། དྲི་ལྔ་དང༌། སྙིང་པོ་ལྔ་མང་དུ་བླུགས་ལ་དབུལ་ཞིང༌། རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་མངའ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་བརྒྱད་པ་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་བྲེ་དང༌། རོལ་མོ་ལ་སོགས་པ་དབུལ་ཞིང༌། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང༌། །ཏིང་འཛིན་བླ་བྲེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་པཱ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། དེ་དག་ནི་ཐུན་མོང་གི་མངའ་དབུལ་བརྒྱད་དོ། །དེ་ནས་བྱེ་བྲག་གི་ལ་སྐུ་གཟུགས་ཀྱི་མངའ་དབུལ་བ་ནི། སྡོམ་ལ། སྤུ་གྲི་འབྲེག་གཅོད་སོ་མངས་དང༌། །རྨང་གཟེར་ཚེམས་ཤིང་སྦབས་བཞར་རོ། །དེ་ལ་ལྔའི་དང་པོ་ནི། འདྲེག་སྤྱད་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྣམས་ལ་གསེར་གྱི་སྤུ་གྲིས་དབུ་སྐྲ་དང་ཞལ་སྤུ་འདྲེག་པའི་ཚུལ་བྱ་ཞིང༌། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང༌། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འདྲེག་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙ་ཨུདྨཱུ་ལ་ཨཱཿཧཱུྃ་སྭཱ་ཧཱ། ཡང་འདྲེག་སྤྱད་ཀྱིས་ཐུན་མོང་དུ་སེན་མོ་འདྲེག་པའི་ཚུལ་བྱ་ཞིང༌། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང༌། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱིས། །སེན་མོའི་འདྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ཁ་ཙྪེ་ད་ནི་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་སངས་རྒྱས་ལོངས་སྐུའི་ཆ་ལུགས་ཅན་རྣམས་དང༌། བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་གསེར་གྱི་སོ་མངས་ཀྱིས་དབུ་སྐྲ་ཤད་པའི་ཚུལ་བྱ་ཞིང༌། དབུ་སྐྲ་རིན་ཆེན་ལྕང་ལོ་མ་དཀྲུགས་ཤིང༌། །མཛེས་ཤིང་ལྟ་བས་མི་ངོམས་སྐྱོན་བྲལ་ཡང༌། །བདག་བློ་སྦྱང་ཕྱིར་རྐྱེན་དང་འཚམ་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་བཱ་ལ་ཤོ་དྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་གསུམ་པ་རྨང་གཟེར་གྱིས་ཤངས་ཀྱི་སྤུ་འཐོག་པའི་ཚུལ་བྱ་ཞིང༌། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བས་བསྒྲུབས་ཕྱིར་སྐྱོན་ལས་ངེས་གྲོལ་ཡང༌། །མོས་པས་འཛིན་སྤྱད་དམ་པ་ཕུལ་པ་ཡིས། །འགྲོ་བས་ཡེ་ཤེས་བླ་མེད་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷཱ་ར་ཎ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་གསེར་རམ་དངུལ་ལས་བྱས་པའི་ཚེམས་ཤིང་གིས་སོ་བྲུད་པའི་ཚུལ་དུ་བྱ་ཞིང༌། དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་བསྒྱུར་ཡང༌། །བདག་ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དནྟ་ཤོ་དྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། ལྔ་པ་གསེར་གྱི་སྦབས་བཞར་གྱིས་སྙན་བྲུ་བའི་ཚུལ་དུ་བྱ་ཞིང་དབུལ་བ་ནི། བསྙེན་བསྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོས་དག་ན་ཡང༌། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱིས། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ཨོཾ་བཛྲ་ཀརྞ་ཤོ་དྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། དེ་དག་ནི་སྐུ་གཟུགས་ལ་མངའ་དབུལ་བ་ལྔ་ཡིན་ནོ། །མཆོད་རྟེན་ལ་བྱེ་བྲག་ཏུ་མངའ་དབུལ་བ་བརྒྱད་ལ། སྡོམ་ནི། སྲོག་ཤིང་འཁོར་ལོ་ཅོད་པཎ་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཞེས་བྱའོ། །དེ་ལ་དང་པོ་སྲོག་ཤིང་དབུལ་བར་བསམ་ཞིང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཡུན་རིང་དུ་མི་ནུབ་ཅིང་བརྟན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག གཉིས་པ་འཁོར་ལོ་ཕུལ་བར་བསམ་ཞིང༌། ཨོཾ་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ཐོབ་པར་གྱུར་ཅིག རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག གསུམ་པ་དར་གྱི་ཅོད་པཎ་དབུལ་ཞིང༌། ཨོཾ་པ་ཊ་ཀ་ལཾ་པ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པཎ་དང་ལྷབ་ལྷུབ་ལ་སོགས་པ་མཆོད་པ་དང༌། བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང༌། དེ་དག་གིས་མཆོད་རྟེན་དང༌། སྐུ་གཟུགས་དང༌། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག བཞི་པ་འཕན་དབུལ་བ་ནི། ཨོཾ་པ་ཏཾ་ཀཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པའི་སྙན་པ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག ལྔ་པ་ཆུ་སྲིན་གྱི་རྒྱལ་མཚན་དབུལ་བ་ནི། ཨོཾ་ཀུཾ་བྷི་ར་དྷྭ་ཛཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་འཛིན་མི་གཏོང་བས་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག དྲུག་པ་གདུགས་དབུལ་ཞིང༌། ཨོཾ་བྷྲ་མ་ཎཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག བདུན་པ་མེ་ཏོག་གི་ཕྲེང་བ་དབུལ་ཞིང༌། ཨོཾ་རཏྣ་མཱ་ལཱ་ཏྲཱཾ་ཞེས་བྱ་བ་དང༌། ན་མཿཏྲཻ་ཡཱ་དྷྭ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏ། པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏ་དྱ་ཐཱ། ཨོཾ་པུཥྤེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་ལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག བརྒྱད་པ་རིན་པོ་ཆེ་ལ་སོགས་པའི་གདན་ཕུལ་བར་བསམ་ཞིང༌། ཨོཾ་པུཎྱ་དྷ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཀྱིས་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང༌། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང༌། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང༌། ཐམས་ཅད་དུ་ཐོགས་པ་མེད་པ་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང༌། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་དང༌། ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང༌། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག ཅེས་བྱ་བ་སྟེ། དེ་དག་ནི་མཆོད་རྟེན་གྱི་མངའ་དབུལ་བ་བརྒྱད་དོ། །དེ་ནས་བྱེ་བྲག་ཏུ་གླེགས་བམ་ལ་མངའ་དབུལ་བ་ནི། སྡོམ་ལ། བཞུགས་ཁྲི་དང་ནི་ན་བཟའ་དང༌། །གླེགས་ཤིང་དང་ནི་གླེགས་ཐག་གོ །དེ་ལ་དང་པོ་བཞུགས་ཁྲི་དབུལ་བ་ནི། །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲཱ་ས་ན་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་ན་བཟའ་དབུལ་བ་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་པས་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་གླེགས་ཤིང་དབུལ་ཞིང༌། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང༌། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོ་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྲ་པྲཛྙཱ་ཨུ་པཱ་ཡ་ཨ་དྷྭ་ལ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་བཞི་པ་གླེགས་ཐག་དབུལ་ཞིང༌། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང༌། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་སྒྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུསྟ་ཀ་བནྡྷཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། དེ་དག་ནི་གླེགས་བམ་ལ་མངའ་དབུལ་བ་ཡིན་ནོ། །དེ་ནས་སྤྱི་དོན་གསུམ་པ་སྦྱིན་སྲེག་གམ་ཙ་རུའི་བཟའ་བས་མངའ་དབུལ་བ་ནི། གྲུབ་ན་རྒྱས་པའི་སྦྱིན་སྲེག་ལེགས་པར་བྱས་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཉེས་པར་བྱ། མ་གྲུབ་ན་སྣོད་བཟང་པོའི་ནང་དུ་ལྷ་བཤོས་ཆེན་པོ་རྒྱན་སྣ་ཚོགས་པས་བརྒྱན་པ་བཞག་ལ། དེའི་མཐའ་མ་ན་ཕར་བཟའ་བ་དང༌། བཅའ་བ་དང༌། བཏུང་བ་སྣ་ཚོགས་པ་བཤམས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བྱ་བས། ནམ་མཁའི་མཐའ་དང་མཉམ་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་ཞིང༌། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །རྣལ་འབྱོར་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་དཱི་པྱ་ཨ་ནེ་ས་མ་དིཔྟྱ་ན་པྲཱ་ཎེ་ན་སྭཱ་ཧཱ། ཞེས་པས་དབུལ་བར་བྱའོ། །སྤྱི་དོན་བཞི་པ་བཀྲ་ཤིས་དང་རབ་གནས་ཀྱི་སྔགས་ཀྱིས་མངའ་དབུལ་བ་ནི། རྟེན་ལ་གཟུངས་ཐག་བཏགས་ལ་ཀུན་གྱིས་བཟུང་བའམ། ཡང་ན་རྡོ་རྗེས་རེག་པར་བྱ་བའམ། དེ་ལྟར་མ་བྱས་ཀྱང་ཉེས་པ་མེད་དེ། ཐམས་ཅད་ཀྱི་ལག་ཏུ་མེ་ཏོག་གཏད་ལ་བླ་མས་ཀྱང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་པ་ཅིག་གདོན། སྒྲུབ་པའི་གྲོགས་གང་ཞིག་གིས་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ་བཀྲ་ཤིས་མང་དུ་བརྗོད། བླ་མ་གྲོགས་མཆོག་དང་བཅས་པ་རྣམས་ཀྱིས་རབ་ཏུ་གནས་པའི་སྔགས་མང་བར་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་ལ་སྔགས་ཟློས་ཤིང་མེ་ཏོག་གི་ཆར་དབབ། གཞན་རྣམས་ཀྱིས་གླུ་དང་རོལ་མོ་ལ་སོགས་པ་དཔག་ཏུ་མེད་པར་བྱའོ། །དེ་ལ་རབ་ཏུ་གནས་པའི་སྔགས་ནི། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷུ་ཁཾ་བཛྲཱི་བྷ་བ། དྲྀ་ཌྷོ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་མཆོད་བསྟོད་བསྡུས་པ་ཅིག་ཀྱང་བྱའོ། །མཇུག་གི་ཆོ་ག་ལ། སྡོམ་ནི། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླང༌། །བཟོད་པར་གསོལ་ཏེ་གཤེགས་སུ་གསོལ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་བྱ་བའོ། །དེ་ལ་དོན་བཅུ་གསུམ་སྟེ། གཏོར་མ་སྦྱིན་པ་དང༌། ཆོས་སྐྱོང་བསྒོ་བ་དང༌། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་གསོལ་བ་གདབ་པ། བཟོད་པར་གསོལ་ལ་གཤེགས་སུ་གསོལ་བ། རྟེན་ལ་ཡོན་བདག་བསྒོ་བ། དེ་ལ་ཤིས་པ་བྱ་བ། རྟེན་ཅུང་ཟད་མཆོད་པ། བསོད་ནམས་ཡོངས་སུ་བསྔོ་བ། སློབ་དཔོན་མཆོད་པ། དགའ་སྟོན་བྱ་བ། སླར་ཡང་ཤིས་པ་བྱ་བ། ལས་ཀྱི་རྗེས་བསྡུ་བ། མཚན་མོ་སྦྱིན་སྲེག་བྱ་བའོ། །དེ་ལ་དང་པོ་ནི་རང་གི་ཡི་དམ་གྱི་ལྷ་ལ་གཏོར་མ་དབུལ། གཏོར་མ་ཆ་གསུམ་གྱིས་ཕྱོགས་སྐྱོང་ལ་སོགས་པ་མཉེས་པར་བྱའོ། །གཉིས་པ་ཆོས་སྐྱོང་བསྒོ་བ་ནི། ནག་པོ་ཆེན་པོ་ལ་སོགས་པ་ལ། ཤ་ཁྲག་གི་གཏོར་མ་རྒྱ་ཆེན་པོ་ཕུལ་ལ། ཁྱོད་ཀྱིས་རབ་ཏུ་གནས་པར་བྱས་པའི་རྟེན་འདི་ལ་བསྲུང་བ་དང་སྐྱང་བར་གྱིས་ཤིག་ཅེས་བསྒོ། ཆོས་སྐྱོང་དེ་ནུས་པ་བསྐྱེད་པར་བྱ་བའི་ཕྱིར་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང༌། ཨོཾ་བཛྲ་རཀྵ་ཧཱུྃ་ཞེས་བརྗོད་ལ་རྡོ་རྗེའི་གོ་བསྐོན་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱིན་གྱིས་བརླབ། དེ་ནས་བདག་གི་བཀའ་ལས་མི་འདའ་བར་བྱ་བའི་ཕྱིར་རྡོ་རྗེ་ཐོགས་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱི་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །འཇིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་དང༌། ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བསྲུངས་ལ། དེའི་མགོ་བོར་རྡོ་རྗེ་བཞག་པའི་ཚུལ་དུ་བྱས་ལ་དམ་ལ་བཞག་སྟེ། བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་བསྲུང་བ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང༌། རྟེན་འདི་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་གྱིས་ཤིག ཅེས་བསྒོ་ཞིང་དམ་ལ་གཞག་པར་བྱའོ། །འདིར་ཚོགས་ལ་རོལ་ལོ། །གསུམ་པ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་གསོལ་བ་གདབ་པ་ནི། ཅུང་ཟད་ཅིག་མཆོད་ནས། དེ་བཞིན་གཤེགས་པའི་ཚོགས་ལ་བདག་ཇི་ལྟར་འདོད་པའི་དོན་གསོལ་བ་གདབ་ལ་དངོས་གྲུབ་བླང་བར་བྱའོ། །བཞི་པ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་ནི། དེའང་དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་བ་ཡིན་གྱི་རྟེན་གྱི་རབ་གནས་ཀྱི་ལྷ་གཤེགས་སུ་གསོལ་བ་ནི་མ་ཡིན་ནོ། །དེ་ལ་ཐོག་མར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། །འདི་སྐད་དུ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དང༌། །གང་དག་ཆོ་གའི་བྱ་བ་ལ། །ནོངས་གྱུར་དེ་དག་བཟོད་པར་རིགས། །ཀུན་དུ་ཞི་དང་རྒྱས་པ་རུ། །ཡོན་བདག་རྣམས་ལ་མཛད་ནས་ཀྱང༌། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་ལ། །ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ། །བསྐལ་པ་བརྒྱ་རུ་སྲུང་བ་དང༌། །མཆོད་པ་ཆེན་པོ་མཛད་དུ་གསོལ། །དགེས་ཤིང་ཡིད་བཟང་གྱུར་ནས་ནི། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་བོ་སྲུང་མཛད་ནས། །རང་གནས་དགེས་པར་བཞུགས་སུ་གསོལ། །ཞེས་བརྗོད་པར་བྱའོ། །ལྔ་པ་རྟེན་ལ་ཡོན་བདག་བསྒོ་བ་ནི། སྦྱིན་བདག་བོས་ལ། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པར། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་བརྗོད་ལ། སླར་ཡང་འདི་སྐད་དུ། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་ལེགས་པར་ཚར་བར་བྱས་ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་མཆོད་པ་ཆེན་པོ་ཞག་བདུན་དུ་གྱིས་ཤིག དེ་ནས་ཅི་འབྱོར་པའི་མཆོད་པས་རྒྱུན་མི་འཆད་པར་མཆོད་པར་གྱིས་ཤིག་ཅེས་བསྒོའོ། །དྲུག་པ་ཤིས་པར་བྱ་བ་ནི། ལས་ཐམས་ཅད་པའི་བུམ་པས་ཡོན་བདག་ལ་བསངས་ལ། དེ་ཡི་དམ་གྱི་ལྷར་བསྒོམས་ཏེ་མེ་ཏོག་གི་ཕྲེང་བ་རེ་རེ་ལག་ཏུ་གཏད་དེ་ཕྱག་བྱེད་དུ་གཞུག་གོ །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། ཁྲོ་བོ་ལ་བསྟོད་པ་དང༌། བདུད་རྩི་འཁྱིལ་པ་དང་སུཾ་བྷ་ནིས་བཀྲ་ཤིས་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་ཅིང་བསལ། མེ་ལོང་ལ་སོགས་པ་བཀྲ་ཤིས་ཀྱི་ཡོ་བྱད་རྣམས་བསོགས་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ནི་འཕེལ་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུ་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་པའི། །བཀྲ་ཤིས་དེས་ཀྱང་དོན་ནི་ཀུན་འགྲུབ་ཤོག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་འདུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཅེས་བརྗོད་ཅིང༌། བཀྲ་ཤིས་ཀྱི་རྫས་རྣམས་རབ་གནས་ཀྱི་ལྷ་ལ་འབུལ་བའི་ཚུལ་བྱ། བླ་མ་དང་ཡོན་བདག་གིས་ཀྱང་བཀྲ་ཤིས་ཀྱི་རྫས་ལ་རེག་པར་བྱས་པས། བདག་ཅག་ཡོན་བདག་འཁོར་དང་བཅས་པ་རྣམས་རྫས་དེ་དག་གིས་བཀྲ་ཤིས་པར་འགྱུར་རོ། །དེ་ནས་བདུན་པ་ནི་རྟེན་ལ་ཅི་འབྱོར་པའི་མཆོད་བསྟོད་བསྡུས་པ་ཅིག་བྱའོ། །བརྒྱད་པ་བསོད་ནམས་བསྔོ་བ་ནི། བླ་མ་དང་ཚོགས་པ་ཐམས་ཅད་ཀྱི་ལག་ཏུ་མེ་ཏོག་བཟུང་ལ་གྱུར་ཅིག་ཅེས་བརྗོད་པའི་རྗེས་ལ་མགྲིན་གཅིག་ཏུ་གྱུར་ཅིག་ཅེས་ཀུན་གྱིས་བརྗོད་ཅིང་རྟེན་དང་ཡོན་བདག་ལ་མེ་ཏོག་དོར་བར་བྱའོ། །དེ་ལ་འདི་སྐད་དུ། བདག་མིང་འདི་ཞེས་བགྱི་བ་འཁོར་དང་བཅས་པ་དང༌། ཡོན་བདག་ཆེ་གེ་མོ་ཞེས་བྱ་བ་འཁོར་དང་བཅས་པ་ཐམས་ཅད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། ཆོས་དང་དགེ་འདུན་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་ཤིང་སླར་བསྡམ་ལགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་ཕྱིར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །སྦྱིན་བདག་ཆེ་གོ་མོ་ཞེས་བགྱི་བས་སྐུ་གཟུགས་ཟིན་ཅིང་རྫོགས་པར་བྱས། རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བགྱི་བ་ལ་རབ་ཏུ་གནས་པར་གསོལ་བ་བཏབ་སྟེ། བདག་གིས་ཀྱང་སྔོན་དུ་བསྙེན་པ་རྫོགས་པར་བྱས། ས་ཆོག་དང༌། སྟ་གོན་དུ་གནས་པའི་ཆོ་ག་དང༌། དཀྱིལ་འཁོར་དང་འབྲེལ་བའི་བྱ་བ་ཡོངས་སུ་རྫོགས་པར་བྱས། སྐུ་གཟུགས་སྟ་གོན་དུ་གནས་པའི་ཆོ་ག་དང༌། དངོས་གཞིའི་ཆོ་ག་ལ་སྔོན་དུ་འགྲོ་བ་སྦྱང་བ་དང་བཀྲུ་བ་དང༌། ཡན་ལག་བཞི་རྫོགས་ཀྱིས་རབ་ཏུ་གནས་པ་བྱས། མཆོད་པ་རྒྱས་པ་དང༌། མངའ་དབུལ་བ་རྒྱས་པ་ཡང་བགྱིས། བཀྲ་ཤིས་པའི་བྱ་བ་དང༌། སླར་ཡང་མཆོད་པ་ཡང་བགྱིས། ཆོས་སྐྱོང་རྣམས་ལ་སྲུང་མར་བསྒོ་བ་དང༌། ཡོན་བདག་ལ་ཡོན་བདག་ཏུ་གཏད་དེ་མཆོད་པ་ཡང་བསྒོས། ཉེས་པ་བཟོད་པར་གསོལ་ཞིང་སླར་ཡང་གསོལ་བ་གདབ་པ་ཡང་བགྱིས་ཏེ། དེ་ལྟར་དེ་དག་བགྱིས་པའི་དགེ་བའི་རྩ་བ་འདིས་བདག་ཅག་འཁོར་དང་བཅས་པ་དང༌། སྦྱིན་བདག་འཁོར་དང་བཅས་པས་ཐོག་དྲངས་ནས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་མི་ཁོམ་པ་བརྒྱད་སྤངས་པའི་དལ་བ་དང་འབྱོར་པ་རྙེད་པར་དཀའ་བའི་མིའི་ལུས་ཐོབ་པར་གྱུར་ཅིག མིའི་ལུས་ཀྱང་རིགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ལོངས་སྤྱོད་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཚེ་རིང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ནད་མེད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཤེས་རབ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག སྐལ་བ་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག དད་པ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག རིགས་མཐོ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་དམ་པའི་ཆོས་སྤྱོད་པ་ལ་སྤྲོ་ཞིང་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་དཔག་ཏུ་མེད་པ་གཏང་ནུས་པར་གྱུར་ཅིག སྲིད་པར་སྐྱེ་བ་ཀུན་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་ཚད་མེད་པ་བསྲུང་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བསམ་གྱིས་མི་ཁྱབ་པ་སྒོམ་ནུས་པར་གྱུར་ཅིག དགེ་བའི་ཆོས་མ་ལུས་པ་ཡོངས་སུ་སྡུད་པའི་བརྩོན་འགྲུས་ཚད་མེད་པ་རྩོམ་པར་གྱུར་ཅིག གཟུགས་མེད་པའི་ཁམས་བསལ་བའི་ཏིང་ངེ་འཛིན་ཐོབ་པ་ལ་མཉམ་པར་འཇོག་པར་གྱུར་ཅིག ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་གྱུར་ཅིག ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་དགེ་བའི་བཤེས་གཉེན་དང་མི་འབྲལ་ཞིང༌། དེ་མཉེས་པར་བྱས་ནས་དེའི་རྗེས་སུ་འཛིན་པར་གྱུར་ཅིག དོན་དམ་པ་དང་ཀུན་རྫོབ་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་གྱུར་ཅིག ལམ་བསྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང༌། ལམ་ལྔ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཕ་རོལ་ཏུ་ཕྱིན་པ་བཅུས་ས་བཅུ་རྣམ་པར་དག་པ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག ས་བཅུ་མཐར་ཕྱིན་ནས་ཀྱང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བཅུ་དང་ལྡན་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་བཞིས་མཛེས་པ། བསྲུང་བ་མེད་པ་གསུམ་གྱིས་བསྲུངས་བ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་སྐུ་གསུམ་གྱི་བདག་ཉིད་ཅན་ཐོབ་པར་གྱུར་ཅིག མཐོང་བའི་ཆོས་ཚེ་འདི་ཉིད་ལའང་དུས་མ་ཡིན་པར་འཆི་བའི་ཉེས་པ་ཐམས་ཅད་ཞི་བ་དང༌། འགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བ་དང༌། ནད་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞིའི་ཉེས་པ་ཐམས་ཅད་མི་འབྱུང་བ་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། དགྲ་ལ་སོགས་པ་མིའི་གནོད་པ་ཐམས་ཅད་མི་འབྱུང་བ་དང༌། སྟག་དང་སེང་གེ་དང་གླང་པོ་ཆེ་ལ་སོགས་པ་གཅན་གཟན་གྱི་ཉེས་པ་ཐམས་ཅད་མི་འབྱུང་བ་དང༌། ས་གཡོ་བ་དང༌། སྐར་མདའ་ལྟུང་བ་དང༌། ལྕེ་འབབ་པ་ལ་སོགས་པའི་ཉེས་པ་ཐམས་ཅད་མི་འབྱུང་བ་དང༌། ས་དང་ཆུ་དང་མེ་དང་རླུང་དང་གཡང་ས་ལ་སོགས་པ་འབྱུང་བའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག མདོར་ན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། ཚེ་རིང་བ་དང༌། ནད་མེད་པ་དང༌། ལོངས་སྤྱོད་ཀྱིས་བྲེལ་བ་མེད་པ་དང༌། བསམ་པ་ཐམས་ཅད་ཆོས་དང་མཐུན་པར་གྲུབ་པར་གྱུར་ཅིག རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །བདག་གི་དགེ་བ་ཐམས་ཅད་ཡོངས་སུ་བསྔོ། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །མདོར་ན་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་བཞིན་དུ། བདག་གིས་བགྱིས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཡོངས་སུ་བསྔོས་པ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །བསོད་ནམས་འདི་དག་གི་མཐུ་དང་བྱིན་གྱིས་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་བདག་ཅག་གིས་བསྔོས་པ་དང་སྨོན་ལམ་དུ་བཏབ་པ་དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག གྲུབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དགུ་པ་སློབ་དཔོན་མཆོད་པར་བྱ་བ་ནི། བླ་མས་སྦྱིན་བདག་གི་ལག་པ་གཡས་པ་ནས་བཟུང་ལ། བླ་མ་ཡོངས་སུ་མཉེས་པ་ཡིས། །ལས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར། །ཐ་ན་བསྙེན་བཀུར་ཙམ་གྱིས་ཀྱང༌། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་འབྱུང་བས། ཅི་འབྱོར་པའི་ཡོན་ཕུལ་ཅིག་ཅེས་བརྗོད་པར་བྱའོ། །དེས་ཀྱང་བླ་མའི་ཕྱག་ཏུ་མེ་ཏོག་ཕུལ་ལ་ཕྱག་བྱ་སྟེ། ཅི་འབྱོར་པའི་ཡོན་བླ་མ་ལ་དབུལ་བར་བྱའོ། །བཅུ་པ་དགེ་འདུན་ལ་སོགས་པའི་ཚོགས་པ་རྣམས་ལ་དགའ་སྟོན་ཆེན་པོ་བྱའོ། །བཅུ་གཅིག་པ་སླར་ཡང་ཤིས་པར་བྱ་བ་ནི། །ཅི་གྲུབ་པའི་བཀྲ་ཤིས་དང་གླུ་ལ་སོགས་པའི་ཆོ་ག་ཅི་རིགས་པ་ཅིག་བྱའོ། །བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་བ་ནི། དཀྱིལ་འཁོར་ཕྱགས་ལ་འབུད་དཀྲོལ་ལ་སོགས་པའི་སྒྲ་དང་བཅས་པས་རྡུལ་ཚོན་ཆུར་དོར་བར་བྱས་ལ། མཆོད་པའི་ཡོ་བྱད་ཐམས་ཅད་མཆོད་པ་དང༌། སྦྱིན་པར་བྱས་ལ་སའི་ཕྱོགས་རྣམས་ལེགས་པར་བྱུག་པར་བྱའོ། །དེའང་རྒྱུད་ལས། དེ་ནས་དཀྱིལ་འཁོར་ཕྱི་བྱ་ཞིང༌། །བ་ཡི་ལྕི་བས་བྱུག་པར་བྱ། །རྡུལ་ཚོན་ཆུ་བོ་ཆེན་པོར་དོར། །དེ་ཡིས་ཡོན་བདག་ལེགས་པར་འགྱུར། །ཞེས་བྱ་བ་དང༌། སྤྱིའི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་མཆོད་པའི་ཡོ་བྱད་ཀུན། །སློབ་དཔོན་འབའ་ཞིག་དབང་བར་བཤད། །ཅེས་བྱ་བ་དང༌། ཡང་ན་ཇི་ལྟར་བྱ་བ་ནི། །གདུགས་དང་རྒྱལ་མཚན་འཕན་ལ་སོགས། །དེ་བཞིན་གཤེགས་པའི་རྟེན་ལ་དབུལ། །དེ་ལ་མཆོད་པའི་ཡོ་བྱད་ཀུན། །ཅི་དགར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་བཞིན་དུ་ཤེས་པར་བྱའོ། །བཅུ་གསུམ་པ་ཆོ་ག་ལྷག་ཆད་ལ་སོགས་པའི་ཉེས་པའི་སྐྱོན་སྦྱང་བར་བྱ་བའི་ཕྱིར། གྲུབ་ན་མཚན་མོར་ཞི་བའི་སྦྱིན་སྲེག་བྱ། མ་གྲུབ་ན་ཡི་གེ་བརྒྱ་པ་མང་དུ་བཟླས་པར་བྱའོ། །ཡོན་བདག་གིས་ཀྱང་རྟེན་དེ་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང༌། དེ་ནས་ཀྱང་ཅི་གྲུབ་པའི་མཆོད་པ་རྒྱུན་དུ་བྱའོ། །རབ་ཏུ་གནས་པའི་ཆོ་ག་རྒྱས་པར་བསྟན་ཟིན་ཏོ། །རབ་ཏུ་གནས་པ་འབྲིང་དུ་བྱ་བར་འདོད་ན། སང་ནང་པར་གཟའ་སྐར་ལ་སོགས་ཤིས་པར་འོང་བ་ཤེས་པར་བྱས་ལ་དགོངས་མོར་མཆོད་པ་དང་གཏོར་མ་བུམ་པ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཚང་བར་བསོགས་ལ། ནང་པར་ཐོ་རངས་རྟེན་གྱི་སྤྱན་སྔར་ལེགས་པར་བཤམས་ནས་བདག་གི་རྣལ་འབྱོར་རྫོགས་པར་བྱས་ནས་ཅུང་ཟད་མཆོད་དེ་བསྟོད་ལ་བཟླས་པ་ཅུང་ཟད་ཅིག་བྱའོ། །དེ་ནས་བུམ་པ་ལ་བཟླས་པ་ཚུལ་བཞིན་དུ་བྱས་ཏེ། སྟ་གོན་དུ་གནས་པའི་དགབ་པ་ཡན་ཆོད་བྱ་མི་དགོས་ལ། དངོས་གཞིའི་སྐབས་སུ་འབྱུང་བ་རྟེན་སྦྱང་བ་ནས་བརྩམས་ཏེ་ལས་ཀྱི་རྗེས་བསྡུ་བའི་བར། དངོས་གཞི་ནས་འབྱུང་བ་ལྟར་ཉམས་སུ་བླང་བར་བྱའོ། །རབ་ཏུ་གནས་པ་འབྲིང་དུ་བྱ་བ་བསྟན་ཟིན་ཏོ། །རབ་ཏུ་གནས་པ་བསྡུས་པ་བྱེད་པར་འདོད་ན། དུས་ཁྱད་པར་ཅན་གྱི་དུས་སུ་རྟེན་གྱི་སྤྱན་སྔར་མཆོད་པ་དང་གཏོར་མ་ཅི་འབྱོར་པ་དང༌། བུམ་པ་གཅིག་ལེགས་པར་བཤམ། བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ལ་ཅུང་ཟད་མཆོད་དེ་བསྟོད་ལ་བཟླས་པ་ཅུང་ཟད་བྱ། བུམ་པ་བྱིན་གྱིས་བརླབས་ལ་བཟླས་པ་ཅུང་ཟད་བྱ། དེ་ནས་རྟེན་སྦྱང་བ་དང་བཀྲུ་བ་སྔ་མ་ལྟར་བྱ། དེ་ནས་རྟེན་བསྐྱེད་པ་དང་ཡེ་ཤེས་པ་གཞུག་པ་དང༌། རྒྱས་གདབ་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པ་སྔར་བཞིན་བྱ། མཆོད་པ་ཅི་འབྱོར་པ་དང༌། བསྟོད་པ་གང་ཡང་རུང་བས་བསྟོད། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་གྲུབ་པ་ཅིག་དང༌། རབ་ཏུ་གནས་པའི་སྔགས་མང་དུ་བཟླས་ལ་མེ་ཏོག་གི་ཆར་དབབ་ཅིང་མངའ་དབུལ། ཆོས་སྐྱོང་བའི་སྲུང་མ་ལ་གཏོར་མ་སྦྱིན་ཞིང་སྲུང་མར་བསྒོ། །རྟེན་ལ་མ་བཅུག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དངོས་གྲུབ་བླངས་ལ། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། སྨོན་ལམ་རྣམ་པར་དག་པ་གདབ་ཅིང་རྟེན་ཡོན་བདག་ལ་གཏད་ལ་བླ་མས་ཡོན་བླང༌། ལས་ཀྱི་རྗེས་བསྡུ་ཞིང་དགའ་སྟོན་བྱའོ། །རབ་ཏུ་གནས་པ་མདོར་བསྡུས་པའང་བསྟན་ཟིན་ཏོ། །སྤྱི་དོན་བདུན་པ་རབ་ཏུ་གནས་པ་མ་བྱས་པའི་ཉེས་པ་དང༌། བྱས་པའི་ཕན་ཡོན་ནི། རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་དང༌། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང༌། །དེ་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ལ། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་ཞིག་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་བྱ་བ་དང༌། ཆོ་ག་ཡོ་བྱད་དམན་པ་ལ་ཉེས་པ་ཡོད་དེ། ཆོ་ག་དམན་པ་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མ་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་སོ། །ལེགས་པར་བྱས་ཤིང་མཆོད་པའི་ཕན་ཡོན་ཡང༌། ཆོ་ག་བདག་ཉིད་ནུས་པ་ཡིས། །རྟོག་པ་ལས་གསུངས་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་པ་དང༌། དེ་བཞིན་དུ་ཡང་སྔགས་གནས་པས། །མཆོད་ལྡན་མཆོད་པ་བྱེད་པ་དང༌། དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་རུ་ནི་མཆོད་པར་འགྱུར། །ཞེས་གསུངས་སོ། །དེས་ན་རབ་གནས་ལེགས་པར་བྱས་ན། འཇིག་རྟེན་འདི་དང་ཕ་རོལ་དང་སངས་རྒྱས་ཀྱི་འབྲས་བུའི་བར་དུ། ཇི་ལྟར་སྨོན་ལམ་བཏབ་པ་ལྟར་འགྲུབ་པ་ཡིན་ནོ། །རབ་ཏུ་གནས་པའི་ཕན་ཡོན་བསྟན་ཟིན་ཏོ། །ཀུན་མཁྱེན་སྡུད་མཛད་རབ་གསལ་ཟླ་བ་དང༌། །རབ་འབྱོར་བསྐྱངས་དང་ཀུན་དགའ་སྙིང་པོ་དང༌། །ཤེས་རབ་བསྐྱངས་དང་ཞི་བའི་སྙིང་པོ་དང༌། །དགེ་མཚན་བཤེས་གཉེན་བདེ་བའི་རྡོ་རྗེ་དང༌། །དད་བྱེད་གོ་ཆ་རིན་ཆེན་བཟང་པོ་དཔལ། །ཡོན་ཏན་ཚུལ་ཁྲིམས་བློ་གྲོས་གྲགས་པ་དང༌། །དཔལ་ལྡན་བླ་མ་ཐུགས་རྗེ་ཆེན་པོ་ལས། །རིམ་པར་བརྒྱུད་དེ་བདག་ལ་ལེགས་པར་བབས། །ཀུན་གྱི་དགོངས་པ་ལེགས་པར་བསྐངས་པས་ན། །དོན་གསལ་འདི་ལ་ཐམས་ཅད་མཉེས་གྱུར་ནས། །ངེས་པར་བདག་ལ་བྱིན་གྱིས་བརླབས་པས་ན། །བདག་ནི་བློ་གྲོས་བདེ་ཞིང་སྤྲོ་བར་འགྱུར། །ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །འདི་འདྲའི་གཞུང་ལ་སྤྲོ་བར་གྱུར་པ་ཡི། །སྡེ་སྟོན་དཀོན་མཆོག་གྲགས་ཀྱིས་ཡུན་རིང་དུ། །གསོལ་བ་ཡང་ནས་ཡང་དུ་བཏབ་པ་དང༌། །མདོ་སྨད་གླིང་ཁའི་ཡུལ་དུ་སྐྱེས་པ་ཡི། །དེ་གོང་གོ་ལྡེ་སྟོན་པས་གསོལ་བཏབ་ནས། །གཞུང་དོན་མ་ལུས་བསྡུས་པའི་དོན་གསལ་འདི། །དཔལ་ལྡན་ས་སྐྱའི་དགོན་པར་འབད་དེ་བྲིས། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ནི། །དྲི་མེད་འོད་ཟེར་མཐའ་ཡས་འཕྲོས་པ་ཡིས། །འགྲོ་བའི་མི་ཤེས་རབ་རིབ་གཏན་བཅོམ་ནས། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །རབ་ཏུ་གནས་པའི་རྒྱུད་དང༌། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་དང༌། སློབ་དཔོན་པྲཛྙཱ་པཱ་ལི་ཏ་པས་མཛད་པ་དང༌། སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་བསྒྲུབ་པའི་ཆོ་ག་དང༌། སྐུ་གཟུགས་སྤྱན་དབྱེའི་ཆོ་ག་ཞིབ་མོ་དང༌། སློབ་དཔོན་དགེ་མཚན་བཤེས་གཉེན་གྱིས་མཛད་པའི་ཁྲུས་ཀྱི་ཆོ་ག་རྣམས་ཀྱི་དོན་བསྡུས་པ། བླ་མ་རིན་ཆེན་བཟང་པོས་མཛད་པའི་སྡོམ་གྱི་ཚིག་སྟེ། དེ་རྣམས་ཀྱི་འགྲེལ་པ་དོན་གསལ་བར་བྱེད་པ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ། །ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང༌། འདིས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱས་ནས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུའང་ལམ་གྱི་བར་ཆད་ཐམས་ཅད་ཞི་བ་དང་བསམ་པ་ཐམས་ཅད་ཆོས་དང་མཐུན་པར་གྲུབ་པར་གྱུར་ཅིག འདི་ནི་རབ་ཏུ་གནས་པའི་རྒྱུད་ལ་སོགས་པ་གོང་དུ་བསྟན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་གསལ་བྱེད་ཡིན་མོད་ཀྱི། བསྟན་བཅོས་རྣམས་བྲི་བར་མི་ནུས་ནའང་རྒྱུད་དང་སྡོམ་ཚིག་གི་སྟེང་དུ་དོན་གསལ་བའི་ཚིག་འདིས་ཐམས་ཅད་ཀྱི་དོན་ལུས་པ་མེད་པར་རྟོགས་པར་འགྱུར་རོ། །རྫོགས་སོ། །ཕན་བདེ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*