གསང་སྔགས་ནང་གི་ལྷུང་བཟེད་བརྟག་པ།

༼ཉ༽

༄༅། །གསང་སྔགས་ནང་གི་ལྷུང་བཟེད་བརྟག་པ་བཞུགས།།

༄༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་གཞལ་ཡས་ཁང་བརྟག་པ་ལ་སྤྱི་དོན་རྣམ་པ་བརྒྱད་དེ། བཅང་བའི་ཐབས་དང༌། མཚན་ཉིད་བསྟན་པ་དང༌། དབྱིབས་བསྟན་པ་དང༌། ཁ་དོག་དང༌། དུམ་བུའི་གྲངས་དང༌། རང་ས་དང༌། དགྲ་སའི་མཚམས་བཅད་པ་དང༌། རང་གཞན་གཉིས་ཀའི་ཚོགས་ཀྱི་མཚམས་རྣམ་པར་གཞག་པ་དང༌། བཟང་ངན་སོ་སོར་བརྟག་པའོ། །དང་པོ་ནི་ཐོད་པ་བཅད་ནས་བྱི་དོར་ལེགས་པར་བྱས་པ་ལ། ཆང་གི་ནང་དུ་ལེགས་པར་བཀྲུས་ལ། སྲང་ལ་བཅལ་ཏེ། དྲི་བཟང་གིས་བྱུགས་ལ། ཟས་སྣ་དང༌། འབྲུ་སྣ། རིན་པོ་ཆེ་སྣ་ལྔ། དྲི་བཟང་ལ་སོགས་པས་བཀང་སྟེ། ན་བཟའ་མང་པོ་གསོལ་ལ། རིན་པོ་ཆེའི་བུམ་པ་མགུལ་ཆིངས་དཀར་པོ་ཅན་ལ་གང་ཡང་རུང་བའི་གཟུངས་བཟླས་ལ། དེའི་སྟེང་དུ་ཐོད་པ་བཞག་ནས་མཚམས་བཅད་དེ། བུམ་པའི་གཟུངས་ཐག་ནས་བཟུང་ལ། སྔགས་འབུམ་ཚོ་དགུ་གྲངས་ཀྱི་བསྙེན་པའོ། །སྔགས་ནི། ཨོཾ་ཀ་པཱ་ལ་བོ་དྷི་ཙིཏྟ་ཨོཾ་ཨཱཿཧཱུྃ། ཞེས་པའི་སྔགས་ཉིན་རེ་ལ་ལན་གསུམ་མམ་དགུ་བཟླ་ཞིང༌། ནམ་མཁའ་ལ་ལན་དགུ་སྤར་ཏེ། སངས་རྒྱས་ཐོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཐོད་ལ་ཕྱག་འཚལ་ལོ། །གཞལ་ཡས་ཐོད་ལ་ཕྱག་འཚལ་ལོ། །ནོར་བུ་ཐོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་དུས་གསུམ་དུ་བྱས་ནས་དངོས་གྲུབ་ཞུ་བར་བསམ། དེ་ནས་བསྙེན་པ་སྐྱོལ་བ་དང༌། ཐོད་པ་སྲང་ལ་བཅལ་བ་དང་སྔར་བས་ལྕི་བར་སོང་ན། རིན་པོ་ཆེའི་གཞལ་ཡས་ཁང་ཞེས་ཀྱང་བྱ། ནོར་བུ་རིན་པོ་ཆེ་ཞེས་ཀྱང་བྱ་སྟེ། གཞན་ལ་མི་བསྟན་ནོ། །དེ་ཡང་དུས་དང་ཚེས་གྲངས་བཟང་པོ་ལ། དྲི་བཟང་གིས་བྱུགས་ལ་ན་བཟའ་གསོལ་ཞིང༌། གོང་བཞིན་སྔགས་བཟླས་ནམ་མཁའ་ལ་སྤར་ཞིང་བསྟོད་དོ། །གཉིས་པ་མཚན་ཉིད་བསྟན་པ་ནི། ལག་ཏུ་བླང་བའི་དུས་སུ། དགའ་ཡལ་བ། ཡིད་ཕྱིན་པ། ལྗིད་ཐོན་པ། དེ་གསུམ་བྱུང་ན་ནོར་བུ་རིན་པོ་ཆེའི་མཚན་ཉིད་ཚང་བའོ། །གསུམ་པ་དབྱིབས་ནི། གཞལ་ཡས་ཁང་དེ་ལ་དབྱིབས་ཟླུམ་པོ་ནི་ཞི་བའོ། །གྲུ་བཞི་ནི་རྒྱས་པའོ། །གྲུ་གསུམ་ནི་དྲག་པོའོ། །ཟླ་གམ་ནི་དབང་ངོ༌། །དབྱིབས་ལ་ངེས་པ་མེད་པས་སྐྱོན་ཡོན་གང་ཡང་མེད་དོ། །ཡོན་པོ་ནི་སྤང་བའོ། །བཞི་པ་ཁ་དོག་ནི་སེར་ཏེ་གསེར་འདྲ་བས་ས་ལེ་སྦྲམ་དང༌། ར་གན་དུ་ནོར་བའོ། །སྨུག་སྟེ་མཆོང་འདྲ་བས་ནོར་བུ་དང༌། བྱི་རུར་ནོར་བའོ། །དཀར་ཏེ་དུང་འདྲ་བས་ལྕོག་རྒྱབ་དང༌། ཐལ་མདོག་དང༌། དུང་དུ་ནོར་བའོ། །གཞན་ཡང་རིགས་ལྔའི་ཁ་དོག་ཏུ་ཡང་འོང་སྟེ། དེ་རྣམས་ལ་སྔོ་སྐྱ། བ་མོ་ཁ་ལ་སོགས་པ་སྐྱོན་མང་པོ་ཡང་སྲིད་པའོ། །རྒྱང་ན་བཀྱེད་པའི་དུས་སུ་བཀྲག་ཅིང་རྩུབ་པ་ངར་ཆེ་བ་དང༌། བཏུད་པའི་དུས་སུ་འཇམ་ལ་མ་ཁྲེགས་པ་དང༌། མར་དཀར་ལ་ཡུངས་ཀར་བཏབ་པ་ལྟ་བུ་ཕྲ་མེར་བར་འདུག་པ་ནི་བཟང་པོའི་རྟགས་སོ། །རྒྱང་ན་བཀྱེད་པའི་དུས་སུ་འཇམ་ལ་འོད་ཆེ་བ། བཏུད་པའི་དུས་སུ་རྩུབ་པ་དང༌། རྩོམ་པ་དང༌། མདངས་མེད་པ་དང༌། ཁ་དོག་གང་ཡང་རུང་བའི་ཐིག་ལེ་བྱུང་ན་ངན་པའོ། །གཞན་ཡང་འབར་འབུར་ཐམས་ཅད་ཕྱི་ན་ཡོད་ཅིང༌། ཀང་ཀུང་ཐམས་ཅད་ནང་ན་ཡོད་པ་དང༌། ཕྱི་སོ་གླང་པོའི་རྒྱབ་ཏུ་ཡོད་ན་བཟང་བའོ། །གླང་པོའི་རྒྱབ་ནི་གྲི་སྒང་བཞིན་དུ་ཡོད་ན་བསོད་ནམས་མི་བརྟན་པ་སྟེ། སོག་སྣ་སྲབ་པ་དང་མཚུངས་སོ། །གཞན་ཡང་དེ་ལས་བཟློག་པ་ནི། ཀང་ཀུང་ཐམས་ཅད་ཕྱི་ན་ཡོད་པ། འབར་འབུར་ཐམས་ཅད་ནང་ན་ཡོད་པ་དེ་ནི་ངན་པའི་མཚན་ཉིད་དོ། །ཕྱི་སོའི་འབར་འབུར་རང་ས་ན་ཡོད་པ། ནང་གི་ཀང་ཀུང་རང་ས་ན་ཡོད་པ་ནི་བཟང་བའོ། །དེ་ལས་བཟློག་པ་ནི་ངན་པའོ། །གླང་པོ་མཆེ་བ་ནི་མར་བཙིར་སའི་ཟ་ར་ཚགས་འདྲ་ན་བསོད་ནམས་རྐང་ཚུགས་པའི་རྟགས་སོ། །རང་སའི་ཕྱོགས་སུ་གྱེད་ན་བསོད་ནམས་རྒྱ་ཆེ་སྟེ་རང་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བའོ། །ནང་དུ་རུབ་ན་བསོད་ནམས་སྐྱེ་བུལ་བ་སྟེ་གཞན་དོན་མི་འགྲུབ་བོ། །ཐམས་ཅད་སོ་སོ་ན་ཡོད་ན་བསོད་ནམས་འབྲིང་སྟེ་བརྟན་པའོ། །གཞན་ཡང་རང་སའི་ཁ་ཁྱེར་ཐམས་ཅད་ཕྱི་སོར་གྱེད་ཅིང་མཐུག་པ་དང༌། དགྲ་ས་ཐམས་ཅད་སྲབ་ཅིང་ནང་དུ་རུབ་པ་ནི་བཟང་ངོ༌། །དེ་ལས་བཟློག་པ་ནི་ངན་པའོ། །གླང་པོ་ཆེའི་རྒྱབ་བཀལ་རྗེས་བྱུང་ན་གཞན་གྱིས་ཐུབ་ཚོད་བྱེད། དེ་ཡང་བར་ཆོད་ན་ཚུགས་པར་མི་འགྱུར་རོ། །གཞན་ཡང་དབྱིབས་ལེགས་པ་ལ་སོགས་པ་བྱུང་ན། ཡོན་ཏན་གཞན་མ་ཚང་ནའང་སྐྱོན་དུ་མི་འགྱུར་བར་བརྩིའོ། །ཕྱི་སོའི་རྣ་ལྟག་ཏུ་ལྷན་པ་བྱུང་ན་མི་གཞན་གྱིས་མགོ་འདོགས་པའོ། །དེ་ཡང་རང་སར་ཡོད་ན་རང་འདོགས་པའོ། །དགྲ་སར་ཡོད་ན་དགྲ་འདོགས། མཚམས་ན་ཡོད་ན་གཉིས་ཀ་ལ་འདོགས་སོ། །རང་སའི་ཁ་ཁྱེར་ལ་ལྟ་བ་ངན་ན་འཁོར་གྱི་ནང་ནས་དགྲ་ལྡང་ཞིང་བོར་སྟོར་འོང༌། བུ་ཚ་དང༌། ནག་ཆགས་ཀྱི་ས་དང༌། མཆོད་གནས་ཀྱི་ས་ན་བྱུང་ནའང་དེ་ལྟར་ཤེས་པར་བྱའོ། །རང་ལ་ཇི་བཞིན་དགྲ་ལ་དེ་བཞིན་ནོ། །ཁ་ཁྱེར་ལ་རི་མོ་གཞུ་བདུངས་བ་འདྲ་བ་བྱུང་ན་རླུང་འདུ་བའོ། །སྲིན་ཁུང་བྱུང་ན་ནད་མང་བའོ། །ཕྱི་སོའི་རང་སར་རྩ་རྗེས་ཤིང་རྗེས་མདུང་ཤིང་འདྲ་བ་བྱུང་ན་ཚེ་ཐུང་བའོ། །དགྲ་སར་བྱུང་ན་དགྲ་ཚེ་ཐུང་བའོ། །ཕྱི་སོའི་རང་སར་རྩ་རྗེས་དར་སྐུད་ཀྱིས་དྲུབས་པ་འདྲ་བ་བྱུང་ན་ཚེ་རིང་བའི་རྟགས་སོ། །དགྲ་སར་བྱུང་ན་དེ་བཞིན་ནོ། །དེ་རྣམས་ཕྱིའི་རྟགས་ཏེ་བཞི་པ་མདོག་གི་དུས་སུ་ཤེས་པར་བྱའོ། །ལྔ་པ་དུམ་བུའི་བརྟག་པ་ནི། དུམ་བུ་གཅིག་པ་རྒྱལ་རིགས་ཏེ། །གླིང་དང་ས་ལ་དབང་བ་དང༌། །ཐམས་ཅད་དབང་དུ་འགྱུར་བའོ། །མཆོག་ཏུ་དཀོན་པའི་ནོར་བུ་རིན་པོ་ཆེ་དུམ་བུ་གཅིག་པའོ། །དུམ་བུ་གཉིས་པ་རྗེའུ་རིགས་ཏེ། རྒྱལ་པོའི་བྱ་བ་བྱེད་པས་ཁ་ཟས་འདུ་བར་བཤད་པ་ཡིན། དུམ་བུ་གསུམ་པ་བྲམ་ཟེའི་རིགས་ཏེ། རིག་སྔགས་འཆང་བའི་ཐོད་པ་ཡིན། །སྔགས་རྣམས་འགྲུབ་པར་འགྱུར་བ་ཡིན། །དུམ་བུ་བཞི་པ་དམངས་རིགས་ཏེ། །མི་རིགས་མང་པོའི་ཐོད་པས་ནི། །འཁོར་རྣམས་འདུ་བར་འགྱུར་བ་ཡིན། །དུམ་བུ་ལྔ་པ་གདོལ་བ་ཅན། །ཁྲོ་གཏུམ་ཅན་གྱི་ཐོད་པ་ནི། །རྩོད་པ་རྒྱལ་བར་འགྱུར་བ་ཡིན། །དྲུག་པ་ལ་སོགས་ནད་རྣམས་འབྱུང༌། །ངན་པར་བཤད་པས་མཁས་པས་སྤང༌། །དྲག་སྔགས་ལ་སོགས་སེར་བ་དང༌། །དགྲ་བགེགས་བྱུར་སྲི་གནོན་པ་དང༌། །དུམ་བུ་དྲུག་པ་བདུན་དང་བརྒྱད། །དགུ་པ་མཚན་ངན་ཐོད་པ་ནི། །དམ་རྫས་ཡིན་པས་བཅང་བར་བྱ། །རིན་པོ་ཆེའི་མུ་ཏིག་ཚེམ་གྱིས་བཅད་པ་ནི། གླིང་སོ་སོར་བཅད་པ་ཡིན། གླིང་གཅིག་པ་དང་གསུམ་ལ་སོགས། ནས་གང་འབྲེལ་ན་གཅིག་ཏུ་འགྱུར། བཞི་དང་ལྔ་སོགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །མུ་ཏིག་ཚེམ་ནི་ཤིན་ཏུ་ཞིབ་པར་བཅད་ན་བཟང་བའོ། །མུ་ཏིག་ཚེམ་རྩིང་བ་དང༌། མཐའ་མ་ནས་སོར་རེའི་བར་དུ་ཡོད་ཅིང་དཀྱིལ་དུ་མུ་ཏིག་ཚེམ་མེད་པར་སྲུབས་ཀྱིས་བཅད་པ་ནི་འབྲིང་ངོ༌། །མཐའ་དཀྱིལ་མེད་པར་མུ་ཏིག་ཚེམ་མེད་པར་སྲུབས་གཅིག་གིས་བཅད་པ་ནི་མཐའ་མ་སྟེ་སྐྱོན་དུ་མི་བལྟའོ། །དེ་ཡང་རང་ས་ན་མུ་ཏིག་ཚེམ་ཡོད་ཅིང༌། དགྲ་ས་ན་སྲུབས་ཀྱིས་བཅད་པ་ནི་བཟང་བའོ། །དེ་ལས་བཟློག་པ་ནི་ངན་པའོ། །ང་ཡོན་ཏན་བརྒྱ་སྐྱོན་གཅིག་གི་འོག་ཏུ་སོང་བ་ནི། བྱུར་ཐོད་ཟླུམ་པོ་ཞེས་བྱ་བ་སྟེ། ཚངས་བུག་མེད་པའོ། །དེ་ནི་སྤང་བར་བྱའོ། །གཞན་ཡང་སྐྱོན་བརྒྱ་ཡོན་ཏན་གཅིག་གི་འོག་ཏུ་སོང་བ་ནི། སོག་པོ་སྣ་བཟང་བ་ཡིན། དེ་ལ་མཐུག་པ་ནི་བསོད་ནམས་མཐུག་པའོ། །རྣོ་བ་ནི་རིག་པ་གང་ལ་ཡང་ཐོགས་རྡུགས་མེད་པའོ། །རྒྱུན་རིང་བ་ནི་བསོད་ནམས་རྒྱུན་རིང་བའོ། །དྲུག་པ་རང་ས་དང་དགྲ་སའི་མཚམས་བཅད་པ་ནི། མདུན་རྒྱབ་ཕྱེད་ཕྱེད་དུ་མུ་ཏིག་ཚེམ་གྱིས་འཕྲེད་དུ་བཅད་པའོ། །ཕྱི་སོར་གཞུང་གི་མུ་ཏིག་ཚེམ་གྱིས་བཅད་པ་ལ་བརྩི། ནང་དུ་རྣ་བའི་ཐད་སོར་བརྩི། ཡང་ཁ་ཅིག་ན་རེ། ནང་དུ་མཐའ་མར་རྣ་བའི་ཐད་དུ་བརྩི་ལ། དཀྱིལ་དུ་ཤིང་ལོ་ཙམ་དུ་བརྩི་ཟེར་ཏེ། རིགས་པས་དཔྱད་དོ། །བདུན་པ་རང་གཞན་གཉིས་ཀའི་སོ་སོའི་མཚམས་རྣམ་པར་གཞག་པ་ནི། མཐོ་གང་ལས་ཆེ་བའི་ཐོད་པ་མཚན་ཉིད་དང་ལྡན་པ་ཅིག་བྱུང་ན། ཚད་ལས་འདས་པ་སྟེ་ཤིན་ཏུ་དཀོན་ནོ། །མཐོ་གང་ནི་རབ་ཀྱི་ཚད་དོ། །མཛུབ་གང་ནི་འབྲིང༌། མཁྱིད་གང་ནི་ཐ་མ་སྟེ། དེ་རྣམས་གང་ཡང་རུང་ན་མཚན་ཉིད་དང་ལྡན་ན་དངོས་གྲུབ་སྟེར་ནུས་སོ། །དེ་པས་ཆུང་ན་མཚན་ཉིད་དང་ལྡན་ཡང་དངོས་གྲུབ་རྟུལ་ལོ། །མཚན་ཉིད་དེ་རྣམས་དང་ལྡན་པའི་ཐོད་པ་ལ། རང་གཞན་གཉིས་ཀའི་ཆུར་སོར་བཅུ་བཞིའོ། །ཞེང་དུ་སོར་བདུན་ནོ། །དེ་ཡང་རང་གཞན་གཉིས་ཀའི་གཞུང་འཕྲེད་དུ་སོར་གང་བཅལ་བ་ཕ་མའི་ས། རང་གི་ཕ་མའི་ས་ནི་མདུན་རྒྱབ་ཏུ་སོར་བཞི། དེ་ལས་སོག་སྣ་ནས་སོར་དོ་བཅལ་བ་ཕའི་ས། དེ་ཡང་ཆ་གསུམ་དུ་བཏང་བ་ལ། ཆ་དང་པོ་སོག་སྣའི་རྩ་དབང་ཐང་གི་ས། གཉིས་པ་ནོར་གྱི་ས། གསུམ་པ་དུར་གྱི་ས། མའི་ས་སོར་དོ་ཆ་གསུམ་དུ་བཏང་པ་ལ་ཕའི་ས་བཞིན་དུ་ཤེས་པར་བྱའོ། །རང་སའི་སོག་སྣ་ནས་ལག་པ་གཡས་པའི་མཐེབ་ཆེན་གྱིས་སོག་རྣ་ནས་བཟུང་བའོ། །ནང་སྐོར་ནི་རང་ས་ཡིན་ལ་ཕྱི་སོ་ནི་བུ་ཚའི་ས་ཡིན། རང་སའི་འཕྲེད་དུ་སོར་གསུམ་གྱེན་ཐུར་དུ་སོར་བདུན་ཡོད་པ་དེ། དེ་ཡང་འཕྲེད་དུ་ཆ་ཆེན་གསུམ་དུ་བཅད་པའི་ཆ་ཆེན་དང་པོ་སོག་སྣའི་ཕུག་དེ་ལ་ཡང་གྱེན་ཐུར་དུ་སོར་རེ་རེ་ཆ་འབྲིང་གསུམ་དུ་བཅད་པ་ཡིན། ཆ་དང་པོ་སོག་སྣ་ཕྱོགས་དེ་ཡང་འཕྲེད་དུ་ཆ་ཆུང་གཉིས་སུ་བཅད་པའི་ཆ་ཆུང་དང་པོ་སོག་སྣའི་ཕུག་དེ་རང་གི་སྲོག་གི་ས་ཡིན། ཆུ་ཆུང་གཉིས་པ་དེའི་འོག་མ་རང་གི་ལོངས་སྤྱོད་ཀྱི་ས་ཡིན། གྱེན་ཐུར་དུ་བཅད་པའི་ཆ་འབྲིང་བར་པ་སོར་གང་བ་དེ་ཡང་འཕྲེད་དུ་ཆ་ཆུང་གསུམ་དུ་བཏང་ལ། ཆ་ཆུང་དང་པོ་ཕུག་མ་དེ་རང་གི་ངོས་ཀྱི་ས། ཆ་ཆུང་བར་པ་འཁོར་གྱི་ནང་ནས་དབུལ་བ་འོང་བའི་ས། ཆ་ཆུང་ཐ་མ་འཁོར་གྱི་ནང་ནས་གནད་པའི་ས། ཆ་འབྲིང་ཐ་མ་ཁ་ཁྱེར་གྱི་སའི་མདུན་རྒྱབ་ཏུ་སོར་གང་བཅལ་བའི་ས་དེ། འཕྲེད་དུ་ཆ་ཆུང་གཉིས་སུ་བཏང་བའི་ཆུང་དང་པོ་མཐུའི་ས། ཆ་ཆུང་ཐ་མ་སེར་བའི་ས། ཆ་ཆེན་གསུམ་དུ་བཏང་བའི་ཆ་ཆེན་བར་པ་ཞེང་དུ་སོར་གསུམ་ཡོད་པ་དེ་ཡང༌། ཞེང་དུ་ཆ་འབྲིང་གསུམ་དུ་བཏང་ལ། ཆ་འབྲིང་དང་པོ་རང་གི་ཕའི་ཕྱོགས་ཏེ་ནོར་ཕྱུགས་ཀྱི་ས། ཆ་འབྲིང་བར་པ་སྐམ་ཟོག་གི་ས། ཆ་འབྲིང་ཐ་མ་ཞིང་གི་ས། ཆ་ཆེན་གསུམ་དུ་བཏང་བའི་ཆ་ཆེན་ཐ་མ་འཕྲེད་དུ་སོར་གསུམ་ཡོད་པ་དེ་ཡང་ཆ་འབྲིང་གཉིས་སུ་བཏང་ལ། ཆ་འབྲིང་དང་པོ་རང་གི་མའི་ཕྱོགས་དེ་རང་གནས་པའི་ཁང་པའི་ས། ཆ་འབྲིང་གཉིས་པ་ཁ་ཁྱེར་གྱི་ཕྱོགས་དེ་ཕ་མེས་ཀྱི་ས། དེ་རྣམས་རང་ས་ཡིན་པས་དཔྲལ་བ་མདུན་དུ་བལྟས་ལ་བརྟག སོག་པོའི་སྣ་ནས་ལག་པ་གཡོན་གྱིས་བཟུང་བའི་མཐེ་བོང་ནང་སྐོར་ནི། རང་གི་བུ་ཚའི་ས་ཡིན་པས་འཕྲེད་དུ་བརྟག དེ་ཡང་མདུན་རྒྱབ་ཏུ་སོར་བདུན་ཡོད། འཕྲེད་དུ་སོར་གསུམ་ཡོད་པ་དེ། མདུན་རྒྱབ་ཏུ་ཆ་ཆེན་གསུམ་དུ་བཅད་ལ། ཆ་ཆེན་དང་པོ་སོག་སྣའི་ཕྱོགས་དེ་ཡང་འཕྲེད་དུ་ཆ་འབྲེང་གསུམ་དུ་བཅད་པ་དེ། ཆ་འབྲིང་དང་པོ་སོག་སྣའི་ཕུག་དེ་ཡང༌། འཕྲེད་དུ་ཆ་ཆུང་དང་པོ་མཆོད་གནས་བཀུར་བར་འོས་པ་ཡོན་ཏན་གྱི་ས། ཆ་ཆུང་གཉིས་པ་ཡོན་ཏན་མེད་པའི་ས། བཀུར་བར་མི་འོས་པའི་ས། ཆ་འབྲིང་གཉིས་རང་གི་ཕའི་ཕྱོགས་ཀྱི་ས། དེའང་འཕྲེད་དུ་ཆ་ཆུང་གཉིས་སུ་བཅད་ལ། ཆ་ཆུང་དང་པོ་དེ་ཡང་གཉིས་སུ་བཅད་པ་དེའི་དང་པོ་ཡོན་བདག་མོས་པའི་ས། དེའི་གཉིས་པ་ཡོན་བདག་མི་མོས་ཏེ་གནོད་པའི་ས། ཆ་ཆུང་གཉིས་པ་དེ་ཡང་གཉིས་སུ་བཅད་དེ། དེའི་དང་པོ་ཡོན་བདག་གི་བུ་ཚ་མོས་པའི་ས། དེའི་གཉིས་པ་ཡོན་ཏན་བདག་གི་བུ་ཚ་མི་མོས་པ་སྟེ་གནོད་པའི་ས། ཆ་འབྲིང་གསུམ་པ་རང་གི་བུ་སློབ་ཀྱི་ས། དེ་ཡང་ཆ་ཆུང་གཉིས་སུ་བྱ་སྟེ། ཆ་ཆུང་དང་པོ་བུ་སློབ་སྟེར་བའི་ས། ཆ་ཆུང་གཉིས་པ་བུ་སློབ་གནོད་པའི་ས། མདུན་རྒྱབ་ཏུ་ཆ་ཆེན་གསུམ་དུ་བཏང་པའི་ཆ་ཆེན་བར་མ་དེའང་འཕྲེད་དུ་ཆ་འབྲིང་གསུམ་དུ་བཏང་ལ། ཆ་འབྲིང་དང་པོ་བུད་མེད་རང་གི་ས། ཆ་འབྲིང་གཉིས་པ་བུད་མེད་ནོར་གྱི་ས། ཆ་འབྲིང་གསུམ་པ་དུར་ས། མདུན་རྒྱབ་ཏུ་ཆ་ཆེན་གསུམ་དུ་བཏང་བའི་ཆ་ཆེན་ཐ་མ་ཁ་ཁྱེར་གྱི་ཕྱོགས་དེ་ཡང་འཕྲེད་དུ་ཆ་འབྲིང་གསུམ་དུ་བཏང་ལ། ཆ་འབྲིང་དང་པོ་དེ་ཡང་འཕྲེད་དུ་ཆ་གསུམ་དུ་བཏང་བའི་ཆ་ཆུང་དང་པོ་བུ་ཚ་རང་གི་དབང་ཐང་གི་ས། ཆ་ཆུང་གཉིས་པ་བུ་ཚའི་དུར་ས། ཆ་འབྲིང་གཉིས་པ་བུ་ཚ་རང་གི་འཁོར་གྱི་ས་དེ་ཡང་ཆ་ཆུང་གཉིས་སུ་བཅད་ལ། དེའི་དང་པོ་བུ་ཚའི་འཁོར་གྱི་ནང་ནས་ཕན་པའི་ས། གཉིས་པ་བུ་ཚའི་འཁོར་གྱི་ནང་ནས་གནོད་པའི་ས། ཆ་འབྲིང་གསུམ་པ་བུ་ཚ་རང་གི་ནོར་ས། དགྲ་ས་ཕྱོགས་ཀྱི་ས་ལ་ཡང༌། དགྲ་རང་གི་སའི་ཆ་ཆེན་པོ་ལ། དགྲ་རང་གི་སྲོག་གི་ས་དང༌། དགྲ་རང་གི་ལོངས་སྤྱོད་པའི་ས་ལས་མི་བརྩི། དགྲའི་བུ་ཚའི་ནོར་གྱི་ས་དང༌། དགྲའི་བུ་ཚའི་འཁོར་གྱི་ས་གཉིས་རང་ཕྱོགས་ཀྱི་དེ་དང་བཟློག་ལ་བརྩི། དགྲ་སའི་ལྟག་པ་ནས་ལག་པ་གཡས་ཀྱི་མཐེ་བོང་ནས་བཟུང་ནས་དགྲ་རང་གི་ཟུར་ལ་བརྩི་བ་དང༌། ལག་པ་གཡོན་གྱི་མཐེ་བོང་ནས་དགྲའི་བུ་ཚའི་ཕྱོགས་འཕྲེད་དུ་བལྟ་ཞིང་བརྩི་བ་དང༌། དགྲའི་ཕ་མའི་ཕྱོགས་ལ་སོགས་པ་རྣམས་རང་གི་ཕྱོགས་དང་ཁྱད་པར་མེད་པར་གནས་པ་དང༌། བལྟ་ཕྱོགས་དང་བཟང་ངན་ལ་སོགས་པ་རང་གི་ཕྱོགས་དང་ཁྱད་མེད་དུ་ཤེས་པར་བྱའོ། །བརྒྱད་པ་སོ་སོའི་བཟང་ངན་བརྟག་པ་ལ། རང་སྲོག་གི་ས་ནས་བྲུབ་ཁུང་དང་ཐུན་རྫས་ཡོད་ན་ནི་དགྲའི་མཐུ་འཇུག ཙག་རོ་ཡོད་ན་ན་ཚ་མང༌། སྲིན་ཁུང་ཡོད་ན་ཚེ་ཐུང༌། གྲོག་ཚང་རྗེས་ཡོད་ན་ལོངས་སྤྱོད་འཕེལ། རང་གི་ལོངས་སྤྱོད་ཀྱི་ས་ན་ཙག་རོ་ཡོད་ན་ནོར་སོགས་ལ་གང་སྟོངས་ཆེ། སྲིན་ཁུང་ཡོད་ན་རྐུན་མ་མང༌། རྩ་རྗེས་ཞགས་པ་འདྲ་བ་ཡོད་ན་རྟ་ལ་ཇག་པ་འོང༌། རྩ་རྗེས་མདུང་རྩེ་རྣོན་པོ་འདྲ་བ་བྱུང་ན་འཁོན་མང་བར་འོང༌། གཡུང་དྲུང་རིས་འདྲ་བ་བྱུང་ན་དངོས་གྲུབ་འགྲུབ། ནེའུ་ལེའི་རྐྱལ་པ་འདྲ་བ་བྱུང་ན་ཟོག་འཕེལ། གདུགས་འདྲ་བ་བྱུང་ན་འཁོར་དུ། ཁྲི་འདྲ་བ་བྱུང་ན་གཞན་གྱིས་བཀུར། རྒྱལ་མཚན་འདྲ་བ་བྱུང་ན་སྙན་གྲགས་ཐོབ། གྲོག་རྗེས་འདྲ་བ་བྱུང་ན་ཟོག་བརྟན་པར་འོང༌། རང་གི་ཆོས་ཀྱི་ས་ན་སྲིན་ཁུང་བྱུང་ན་ཆོས་ལ་བར་ཆད་མང༌། ཙག་རོ་བྱུང་ན་འཁོར་གྱི་སློབ་མ་ཆོས་འགོ་མི་ཐོན། རྩ་རིས་ཅན་ཏེ་སྒོམ་བྱེད་པ་འདྲ་བ་བྱུང་ན་གྲུབ་པ་ཐོབ། པུསྟིའི་གཟུགས་འདྲ་བ་བྱུང་ན་ཉན་བཤད་འཕེལ། འཁོར་གྱི་ནང་ན་སྟེར་བའི་ས་ལ་རྩ་རིས་ཞགས་པ་བསྡོགས་པ་འདྲ་བ་བྱུང་ན་རྟ་སྟེར་བའོ། །ཟངས་ནང་དུ་ཐུམ་བུ་བཅུག་པ་འདྲ་བ་བྱུང་ན་བཟའ་བཏུང་སྟེར། རྒྱ་མས་སྲང་ལ་བཅལ་བ་འདྲ་བ་བྱུང་ན་གསེར་དངུལ་སྟེར། བྲེ་འདྲ་བ་བྱུང་ན་འབྲུ་སྟེར། བཟང་ངན་གྱི་རྟགས་གཞན་བྱུང་ཡང་སྐྱོན་མེད་དོ། །འཁོར་གྱི་ནང་ནས་གནོད་པའི་ས་ནི། རྩ་རིས་ཞགས་པ་བསྡོགས་པ་འདྲ་བ་བྱུང་ན་རྟ་རྣམས་རྐུ། ཟངས་ནང་དུ་ཐུམ་བུ་བཅུག་པ་འདྲ་བ་བྱུང་ན་ཧུབ་འཐུང་གིན་དྲིན་མེད་ཟེར་བ་འོང༌། རྒྱ་མས་སྲང་ལ་བཅལ་བ་འདྲ་བ་བྱུང་བ་དང༌། བྲེ་བཟུང་བ་འདྲ་བ་བྱུང་ན་གསེར་དངུལ་འབྲུ་ལ་རྟག་ཏུ་རྐུན་མ་འོང༌། རང་གི་མཐུའི་ས་ན་ཙག་རོ་དང༌། བྲུབ་ཁུང་དང༌། སྲིན་ཁུང་རྩེ་གསུམ་ལ་སོགས་པ་ངན་པའི་རྟགས་ཚང་ན། རང་གི་མཐུ་མྱུར་དུ་འགྲུབ་སྟེ། དགྲ་བོ་ཐམས་ཅད་འཆི་བས། དགྲ་ས་ན་ངན་རྟགས་ཚང་བ་རང་ལ་བཟང་ལ། དགྲ་ལ་ངན་པ་ཡིན། དེ་ལས་བཟློག་པ་གཡུང་དྲུང༌། རྒྱལ་མཚན། གྲོག་རྗེས་ལ་སོགས་བཟང་རྟགས་གང་ཡང་རུང་བ་བྱུང་ན། རང་ལ་དགྲའི་མཐུས་མི་ཚུགས། ཁྱད་པར་དུ་འཁོར་ལོའི་གཟུགས་བྱུང་ན་རང་ལ་དགྲའི་མཐུས་མི་ཚུགས་པས། མཐུ་བྱས་ཚད་ཁོ་རང་ལ་ལྡོག་པ་ཡིན་པས། འདི་བརྟག་པ་ནི་གཞན་མེད་དོ། །སེར་བའི་ས་ན་ཙ་རིས་ཞིང་གི་གཟུགས་འདྲ་བ་བྱུང་བ་དང༌། ཟོར་བའི་གཟུགས་འདྲ་བ་བྱུང་ན་སེར་བ་བསྲུང་མི་དགོས་པར་རང་ཆས་སུ་འོང༌། གཞན་ཡང་ཐུན་རྗེས་དང༌། ཙག་རོ་དང༌། བྲུབ་ཁུང་ཕུར་པ་ལ་སོགས་ངན་རྟགས་ཐམས་ཅད་བྱུང་ན་སེར་བ་མྱུར་དུ་འགྲུབ། བཟང་རྟགས་ཐམས་ཅད་བྱུང་ན་སེར་བ་འགྲུབ་དཀའ་འོ། །རང་གི་ནོར་ཕྱུགས་ཀྱི་ས་ན་རྩ་རིས་གྲི་འདྲ་བ་དང༌། ཞགས་པ་བསྡོགས་པ་འདྲ་བ་དང༌། མདའ་གཞུའི་གཟུགས་འདྲ་བ་དང༌། ཁོག་པོ་ཟླུམ་པོ་འདྲ་བ་དང༌། གཡང་གཞི་བཏིང་བ་འདྲ་བ་བྱུང་ན་ནོར་ཕྱུགས་མི་འཕེལ་ཞིང་གོད་ཁར་འགྲོ། ངན་རྟགས་གཞན་གང་བྱུང་ཡང་སྐྱོན་མེད། རྩ་རིས་གྲོག་འདྲ་བ་དང༌། ཁོག་པ་ཟླུམ་པོ་འདྲ་བ་དང༌། ཞོ་ཟེའུ་འདྲ་བ་དང༌། རྐྱལ་པ་ཕུས་བཀང་བ་འདྲ་བ་དང༌། གདང་བྲེས་པ་འདྲ་བ་དང་རྭ་བ་བསྐོར་བ་འདྲ་བ་དང༌། དེ་འདྲ་བྱུང་ན་ནོར་ཕྱུགས་འཕེལ་ཞིང་ཕན་ཐོགས། བཟང་རྟགས་གཞན་ཚང་ཡང་ཡོན་ཏན་མི་འབྱུང༌། ཟོག་གི་ས་ན་རྩ་རིས་བང་བའི་གཟུགས་འདྲ་བ་དང༌། འབྲས་སྤུངས་པ་འདྲ་བ་དང༌། གཡུང་དྲུང་འཁྱིལ་པ་འདྲ་བ་དང༌། མུ་ཏིག་གི་ཕྲེང་བ་འདྲ་བ་བྱུང་ན་ཟོག་ཐམས་ཅད་འཕེལ་བར་འགྱུར་རོ། །འདིའི་སྐབས་སུ་ངན་རྟགས་ལ་རྩ་རིས་གཤིན་རྗེའི་མདུང་ཤིང་འདྲ་བ་བྱུང་ན་ཟོག་ལ་ངན། གཞན་ངན་རྟགས་བྱུང་ཡང་སྐྱོན་མེད། རང་གི་ཞིང་གི་ས་ན་རྩ་རིས་བྲུབ་ཁུང་འདྲ་བའི་ནང་ན་རྒྱལ་པོ་རྐང་ཐང་རྨོག་གྱོན་པ་འདྲ་བ་བྱུང་ན་དགྲས་བསྒྲུབ་མི་ནུས་པར་རང་གི་ཞིང་ལ་སེར་བ་འོང༌། རྩ་རིས་ཚེག་འདྲ་བ་བྱུང་ན་ས་བོན་མཐའ་ནས་སྐེམ། གཤིན་རྗེའི་མདུང་ཤིང་འདྲ་བ་བྱུང་ན་ཤྭ་འབྲུག་གིས་ཁྱེར། ཚེག་རོ་བྱུང་ན་སད་ཀྱི་ཁྱེར། སྲིན་ཁུང་བྱུང་ན་སྲིན་གྱིས་ཁྱེར། ཟོར་བ་བྱུང་ན་མྱུར་དུ་མི་ལ་འཆོར། གཞན་ངན་རྟགས་གང་ཡང་སྐྱོན་མེད། བཟང་བའི་རྟགས་ལ་རུས་པ་འབྲང་ཆུང་ལ་བྲག་བཙུགས་པ་འདྲ་བ་དང༌། ཡུར་དུ་ཆུ་དྲངས་ནས་ཞིང་ལ་སླེབ་པ་འདྲ་བ་དང༌། སྙེ་མའི་གཟུགས་འདྲ་བ་བྱུང་ན་བཟང་ངོ༌། །བཟང་རྟགས་གཞན་གང་བྱུང་ཡང་ཡོན་ཏན་མེད་དོ། །རང་གནས་པའི་ཁང་པའི་ས་ན་ཚེག་རོ་དང་སྲིན་ཁུང་བྱུང་ན། ཚེ་ཐུང་ཞིང་ཁང་པ་སྟོང༌། གཞན་ངན་པའི་རྟགས་ནི། གཅན་གཟན་གྱིས་བྲད་པའི་རྗེས་འདྲ་བ་དང༌། གཤིན་རྗེའི་མདུང་ཤིང་འདྲ་བ་དང༌། བྱ་རོག་གི་རྗེས་འདྲ་བ་དང་བྲུབ་ཁུང་འདྲ་བ་དང༌། ཡུགས་ས་མོའི་མགོ་འདྲ་བ་ལ་སོགས་པ་ཀུན་ཏུ་བྱུང་ན། ཕྱོགས་ཀུན་ཏུ་ངན་ནོ། །གཞན་ཡང་བཟང་བའི་རྟགས་ནི། རྩ་རིས་གླང་པོ་ཆེའི་མཁལ་ཁུང་འདྲ་བ་དང༌། གཞོང་པ་མར་ཁུས་བཀང་པ་འདྲ་བ་དང༌། ནམ་མཁའ་ལ་དར་ཕྱར་བ་འདྲ་བ་དང༌། མཁར་ལ་བ་གམ་ཐོགས་པ་འདྲ་བ་དང༌། འབྲས་ཕུང་ལ་བྲེ་བཙུགས་པ་འདྲ་བ་དང༌། དེ་འདྲ་བྱུང་ན་བཟང་བའི་རྟགས་ཡིན། ཕ་མེས་ཀྱི་དུར་ས་ནས་ཤིང་སྐམ་ཡལ་ག་ཆག་པ་འདྲ་བ་བྱུང་ན་དུར་ས་མ་བདེ། མཆོད་རྟེན་གྱི་གདུགས་བོག་པ་འདྲ་བ་བྱུང་ན་ཕ་མེས་ཀྱི་དུར་ས་མ་བདེ། ངན་རྟགས་དེ་གཉིས་ཡོད་ཀྱང་ཤིང་ལོའི་རྩ་བ་དུར་ས་ན་ཟུག་ན་དེས་ཐུབ། ངན་རྟགས་གཞན་ཡོད་ཀྱང་སྐྱོན་མེད། བཟང་རྟགས་ཤིང་ལོས་ས་སྟོང་རྩའི་ཡལ་ག་དུར་ས་བསྐོར་ན་ཕ་མེས་ཀྱི་དུར་ས་བདེ། རི་མོ་འབྲང་རྒྱས་དང་ལྷ་བཤོས་གྱི་གཟུགས་འདྲ་བ་བྱུང་ན། ཕ་མེས་དུར་ས་བདེ་བས་བུ་ཚ་འཕེལ་ཞིང་ཟས་ཟོག་ལ་དགའ། རི་མོའི་མདའ་ལ་དར་བཏགས་པ་འདྲ་བ་དང༌། རྒྱལ་མཚན་འདྲ་བ་དང༌། དེ་འདྲ་ཡོད་ན་ཕ་མེས་ཀྱི་སྲུང་སྐྱོབ་བྱེད་པས་ཤིན་ཏུ་བཟང་ངོ༌། །སྔར་རྟགས་རང་གིས་དང༌། ད་རྟགས་ཕ་མའི་ས་དང༌། བུ་ཚའི་ས་དང༌། དགྲའི་ས་དང༌། དེ་རྣམས་ཐམས་ཅད་ལ་བཟང་ངན་མཉམ་པོར་བྱུང་ན་མཉམ་པོར་བརྩི། ངན་པ་མང་ན་ངན་པར་བརྩི། བཟང་རྟགས་མང་ན་བཟང་བར་བརྩིའོ། །བཟང་ངན་གང་ཡང་མེད་ན་སྐྱོན་ཡོན་གང་ཡང་མེད། རང་གི་བུ་ཚའི་ཕྱོགས་དེ་ལ་ཡང་མདུན་རྒྱབ་ཏུ་སོར་བདུན། ཞེང་དུ་སོར་གསུམ་ཡོད་པ་དེ་ཡང༌། མདུན་རྒྱབ་ཏུ་ཆ་ཆེན་གསུམ་དུ་བཏང་ལ། ཆ་ཆེན་དང་པོ་སོག་སྣའི་ཕྱོགས་ཀྱིས་མཆོད་གནས་ཡོན་ཏན་ཡོད་པ་བཀུར་བར་འོས་པའི་ས་ན་བཟང་ངན་བསྟན་པ་ནི། རང་ས་ཕྱོགས་ཀྱི་ས་དང་མཚུངས། ཡོན་ཏན་མེད་པ་བཀུར་བར་མི་འོས། རི་མོ་རྩེ་གསུམ་འདྲ་བ་བྱུང་ན། རྩ་རིས་རོ་གཏུམས་པ་འདྲ་བ་བྱུང་ན། ཙག་རོ་དང་སྲིན་ཁུང་ཡོད་ན་འཁོར་རང་ཚེ་ཐུང་བས་བཀུར་བར་མི་འོས། རི་མོ་རྩེ་གསུམ་འདྲ་བ་བྱུང་ན་རང་གི་སྲོག་ལ་གཟན་པས་བཀུར་བར་མི་འོས། རི་མོ་བྲུབ་ཁུང་འདྲ་བ་བྱུང་ན་མཆོད་གནས་ཀྱིས་དགྲ་ལ་མཐུ་བྱས་ཀྱང་ཁོ་རང་ལ་ཚུར་ལ་ལྡོགས་པས་བཀུར་བར་མི་འོས། ངན་རྟགས་གཞན་རྣམས་ཡོད་ཀྱང་སྐྱོན་མེད། བཟང་རྟགས་རྣམས་ཚང་ཡང་དངོས་གྲུབ་མི་འབྱུང་ངོ༌། །ཡོན་བདག་མོས་པའི་ས་དང༌། ཡོན་བདག་བུ་ཚ་མོས་པའི་ས་གཉིས་ནི། རང་གི་འཁོར་གྱི་ནང་ནས་སྟེར་པའི་ས་དང་མཚུངས། ཡོན་བདག་གི་དང་ཡོན་བདག་གི་བུ་ཚ་མི་མོས་ཏེ་གནོད་པའི་ས་ན། རང་སའི་འཁོར་གྱི་ནང་ནས་གནོད་པ་རྣམས་དང་མཚུངས། བུ་སློབ་ཀྱིས་ཕན་འདོགས་པའི་ས་ནི། རང་སའི་འཁོར་གྱི་ནང་ནས་སྟེར་བ་དང་མཚུངས། བུ་སློབ་ཀྱི་སའི་གནོད་པ་ནི་རང་སའི་འཁོར་གྱི་ནང་ནས་གནོད་པའི་ས་དང་མཚུངས་སོ། །ནག་ཆགས་རང་གི་སའི་བཟང་ངན་ནི། རང་སའི་འབྲོག་གི་ས་དང༌། ལོངས་སྤྱོད་ཀྱི་ས་དང་མཚུངས་ནོར་གྱི་ས་ནི་རང་སའི་ནོར་ཕྱུགས་ཀྱི་ས་དང༌། ཟོག་གི་ས་དང༌། ཞིང་གི་ས་དང་མཚུངས་སོ། །དུར་སའི་བཟང་ངན་ནི་རང་གནས་པའི་ཁང་པའི་ས་དང༌། ཕ་མེས་ཀྱི་དུར་ས་དང་མཚུངས་སོ། །བུ་ཚ་རང་གི་དབང་ཐང་གི་ས་ནི། རང་སའི་སྲོག་གི་ས་དང༌། ལོངས་སྤྱོད་ཀྱི་ས་དང་མཚུངས་སོ། །བུ་ཚའི་དུར་ས་ནི་རང་སའི་ཁང་པ་དང༌། ཕ་མེས་ཀྱི་དུར་ས་གཉིས་མཚུངས་སོ། །བུ་ཚ་རང་གི་འཁོར་གྱི་ནང་ཕན་པའི་ས་ནི་རང་སའི་འཁོར་གྱི་ནང་ནས་སྟེར་བའི་ས་དང་མཚུངས། བུ་ཚའི་འཁོར་གྱི་ནང་ནས་གནོད་པའི་ས་ནི་རང་སའི་འཁོར་གྱི་ནང་ནས་གནོད་པའི་ས་དང་མཚུངས་སོ། །བུ་ཚའི་ནོར་ས་ནི་རང་སའི་ནོར་ཕྱུགས་ཀྱི་ས་དང༌། ཟོག་གི་ས་དང༌། ཞིང་གི་ས་དང་གསུམ་དུ་མཚུངས། རང་གི་ཕའི་དབང་ཐང་གི་ས་ནི། རང་སའི་སྲོག་གི་ས་དང༌། ལོངས་སྤྱོད་ཀྱི་ས་དང་མཚུངས། ནོར་ས་ནི་རང་སའི་ནོར་ས་གསུམ་དང་མཚུངས། དུར་ས་ནི་རང་སའི་ཁང་ས་དང༌། ཕ་མེས་ཀྱི་དུར་ས་དང་མཚུངས། མའི་ས་ལའང་ཕའི་ས་དང་མཚུངས། རང་སའི་བཟང་ངན་ཇི་ལྟ་བར་དགྲ་སར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདོད་འཇོ་དང༌། རིན་པོ་ཆེ་དང༌། མཚོ་མོ་དང༌། གཞོང་བུ་དང་དེ་ལ་སོགས་པ་རྣམས་ནི། རང་སར་མང་ན་བཟང་རབ། གཞན་གཉིས་ཀྱང་ཕྱེད་མར་ཡོད་ན་བཟང་འབྲིང༌། དགྲ་སར་མང་ན་བཟང་ཐ། དེ་ཡང་རང་ས་ནས་འདོད་འཇོ་ལ་སོགས་པ་རང་སའི་ཤིང་ལོའི་ཡལ་གས་རང་ཕྱོགས་བསྐོར་ན་བཟང་འབྲིང༌། དགྲ་སའི་ཤིང་ལོ་རང་སའི་གྲོག་ཤུལ་དང༌། འབྲས་ཕུང་དང༌། འདོད་འཇོ་ལ་སོགས་པས་རང་སའི་ཤིང་ལོའི་ཡལ་གས་རང་ཕྱོགས་བསྐོར་ན་བཟང་འབྲིང༌། དགྲ་སའི་ཤིང་ལོ་རང་སའི་གྲོག་ཤུལ་དང༌། འབྲས་ཕུང་དང༌། འདོད་འཇོ་ལ་སོགས་པས་བསྐོར་ན་བཟང་ཐ། དགྲ་སའི་འདོད་འཇོ་ལ་སོགས་པ། རང་སའི་ཤིང་ལོས་བསྐོར་ན་དེ་ཡང་བཟང་འབྲིང༌། དགྲ་སའི་འདོད་འཇོ་ལ་སོགས་པ་དགྲ་སའི་ཤིང་ལོས་བསྐོར་ན་བཟང་ཐ། རུས་པའི་འབུར་ཡོད་ན་འབྲས་ཕུང་ཞེས་བྱ་སྟེ། རང་ས་དང་དགྲ་ས་གཉིས་ཀ་མང་ཉུང་གང་ན་ཡོད་དང༌། ཤིང་ལོ་གང་ཕྱོགས་སུ་བསྐོར་བ་ལ་སོགས་པ་རྣམས་ནི། འདོད་འཇོ་དང་གྲོག་ཤུལ་ལ་སོགས་པ། ཤིང་ལོས་གང་ཕྱོགས་བསྐོར་བ་རྣམས་ནི་བཟང་འབྲིང༌། དེ་རྣམས་དང་མཐུན་པར་ཤེས་པར་བྱའོ། །གཞན་ཡང་ཤིང་ལོ་རྣམས་ནི་དགྲ་སའི་ཤིང་ལོ་རྣམས་ནི་དགྲ་ས་རང་དུ་ཟུག་ན་བཟང་རབ། རང་སར་ཟུག་ཀྱང་རྩེ་མོ་དགྲ་སར་ཟུག་ན་བཟང་འབྲིང༌། དགྲ་སའི་ཤིང་ལོ་རང་སར་ཟུག་ན་བཟང་ཐ། རང་སའི་ཤིང་ལོ་དགྲ་སར་ཟུག་ན་བཟང་རབ། དགྲ་སར་ཟུག་ཀྱང་རང་སར་རྩེ་མོ་གུག་ཀྱང་བཟང་འབྲིང༌། དགྲ་སར་ཕར་ལ་ཟུག་པ་བཟང་ཐ། གཞན་ཡང་ཤིང་ལོ་ཞེས་བྱ་བ་ནི་རིང་པོར་སྐྱེས་ན། མཐོན་པོར་སྐྱེས་པའི་རྩེ་མོ་ཞེས་བྱ་སྟེ། གོང་དུ་མ་ཤོར་ཡལ་ག་མང་པོར་གྱེས་ན། མང་པོར་སྐྱེས་པའི་ཡལ་ག་ཞེས་བྱ་སྟེ། མི་མང་པོར་འོང༌། སྡོང་པོའི་རྩ་བ་སྦོམ་ན་སྦོམ་པོར་སྐྱེས་པའི་རྩ་བ་ཞེས་བྱ་སྟེ། མི་ཆེ་བ་གདོང་དྲག་པར་འོང༌། རང་ས་བྱ་རོག་རྗེས་དང་རྩེ་གསུམ་གཉིས་ནི། ཤིང་ལོའི་གསེབ་ན་ཡོད་ན་མི་སྐྱོན། སྡོང་པོའི་ཡལ་ག་མེད་ཅིང་སྐམ་པོ་འདྲ་ན། བནྡེ་ཡིན་ན་འཁོར་མི་འཕེལ། མི་ཆོས་པ་ཡིན་ན་རབས་ཆད། རང་སའི་ཤིང་ལོ་དགྲ་སར་ཟུག་པ་དང༌། དགྲ་སའི་ཤིང་ལོ་རང་སར་ཟུག་པ་དང་གཉིས་མགོ་འཛིངས་ན་དགྲ་དང་རང་གཉིས་རྒྱུན་པར་འཐབ་རྩོད་དང༌། སྦོད་གཏོང་མི་མཐུན་པ་མང་པོ་འོང༌། དགྲ་སའི་ཤིང་ལོ་སྲབ་ཅིང་རང་སའི་ཤིང་ལོ་མཐུག་ན་བཟང༌། རང་ས་དང་དགྲ་སའི་མཚམས་སུ་རྩ་རིས་དྲིལ་བ་དང༌། གཡུང་དྲུང་རིས་འདྲ་བ་དང༌། མཐོ་རིས་རྩེ་ལྔ་འདྲ་བ་བྱུང་ན། ཕན་ཚུན་དུ་དབྱེན་མི་ཚུད་ཅིང་དགྲ་དང་འདུམ་པར་འདོད། ལར་ངན་རྟགས་ཐམས་ཅད་མེད་ན་བཟང༌། ཡོད་ཀྱང་དགྲ་སར་བྱུང་ན་བཟང༌། དེ་རྣམས་ལ་ལྷག་པ་སོ་སོའི་བཟང་ངན་བརྟག་ཐབས་འདི་ན་བཤད་པ་ལས་མ་འདུས་པ་མེད། ཕྱོགས་བརྟག་པ་ལ་རོ་ཁ་བྱང་ཤར་དུ་བལྟས་ན་གླིང་ལ་དབང་བ་རྒྱལ་རིགས་ཏེ། དུམ་བུ་གཅིག་པ་དབང་དུ་འདུ་བ་འོང༌། ཁ་ཤར་དང་ལྷོ་མཚམས་སུ་བལྟས་ན་རྗེའུ་རིགས་ཏེ། དུམ་བུ་གཉིས་པ་ཁ་ཟས་འདུ་བ་ཅིག་འོང༌། ལྷོ་དང་ནུབ་ཏུ་བལྟས་ན་རིགས་སྔགས་འཆང་བ་བྲམ་ཟེའི་རིགས་ཏེ། དུམ་བུ་གསུམ་པ་སྔགས་རྣམས་འགྲུང་པ་གཅིག་འོང༌། ནུབ་ཕྱོགས་དང་ནུབ་བྱང་དུ་བལྟས་ན་དམངས་རིགས་ཏེ་དུམ་བུ་བཞི་པ། འཁོར་འདུ་བ་ཅིག་འོང༌། བྱང་ཕྱོགས་སུ་བལྟས་ན་གདོལ་པ་ཅན་ཏེ་དུམ་བུ་ལྔ་པ་རྩོད་པ་ལས་རྒྱལ་བ་ཅིག་འོང༌། གན་རྐྱལ་དུ་ཁ་གནམ་དུ་བལྟས་ནས་ཁ་གདངས་པ་ཅིག་བྱུང་ན། དུམ་བུ་དྲུག་པ་མཚན་ངན་ཐོད་པ་སྟེ། སྦ་བའི་མནན་པ་བྱེད་པའི་ཐོད་པ་ཅིག་འོང༌། ཁ་སྦུབ་ཏུ་ཁ་ས་ལ་བལྟས་པ་ཅིག་བྱུང་ན། དུམ་བུ་བདུན་པ་མཚན་ངན་ཐོད་པ་གཏད་བྱ་བ་ཅིག་འོང༌། ཁ་ཕྱོགས་གར་བལྟས་ཀྱང་སྤྱི་གཙུག་ཏུ་བྱུང་ན་དུམ་བུ་བརྒྱད་པ་དང་དགུ་པ་ལ་སོགས་པ་མཚན་ངན་ཐོད་པ་དྲག་ལས་བྱ་བའི་ཐོད་པ་ཅིག་འོང༌། དེ་རྣམས་ནི་མནན་པ་སྦ་བ་དང༌། སེར་གཏད་དུ་བྱ་བ་དང༌། དྲག་ལས་རྩུབ་པོ་ལ་སོགས་པར་བཟང༌། བཅང་བའི་ཐོད་པར་ངན་པས་མཆོད་རྟེན་ལ་སོགས་པར་བཅོལ་ལོ། །ནོར་བུ་རིན་པོ་ཆེའི་གཞལ་ཡས་ཁང་གི་དམར་ཁྲིད་འདི་དཔལ་ལྡན་ས་སྐྱའི་དགོན་པར་ཤཱཀྱའི་དགེ་བསྙེན་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་ལ་ཞུས་པ་འདི་ཡོངས་སུ་རྫོགས་སོ། །ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*