བདུད་རྩི་འཁྱིལ་པ་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ།

༼ཉ༽

༄༅། །བདུད་རྩི་འཁྱིལ་པ་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་རྗེས་སུ་འབྲང་བ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བརྒྱུད་པའི་མན་ངག་བདུད་རྩི་འཁྱིལ་པའི་མངོན་པར་རྟོགས་པ་ནི། བསྒོམ་བཟླས་དང༌། གཏོར་མ་དང༌། འཁྲུལ་འཁོར་དང༌། སྦྱིན་སྲེག་དང༌། ཕྲིན་ལས་གང་ལ་ཡང་སྦྱར་བ་སྟེ་ལྔས་རྟོགས་པར་བྱའོ། །དེ་ལ་དང་པོ་བསྒོམ་བཟླས་ནི། རྣལ་འབྱོར་པས་ཁ་ལ་སོགས་པ་དག་པར་བྱས་ནས་སྟན་བདེ་བ་ལ་བསྡད་དེ། སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསམ། དེ་ལས་འོད་བྱུང་བས་བླ་མ་དང་བགེགས་མཐར་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས། དེ་ལ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཡིད་ཀྱིས་སྤྲུལ་ལ་སྔགས་ཀྱིས་དབུལ། དེའི་སྤྱན་སྔར་ཡན་ལག་བདུན་པ་བྱ་སྟེ། ཀུན་ཏུ་བཟང་པོ་ནས་འབྱུང་བ་བཞིན་དུ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་བྱ་བའམ། རྡོ་རྗེ་གུར་ལས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པ་གང་རུང་གིས་བྱ། དེ་ནས་གཞུང་གང་ལྟར་ཡང་རུང་བ་བཞིན་ཚད་མེད་བཞི་བསྒོམ་སྟེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །བསོད་ནམས་ཀྱི་ཚོགས་དེ་ཙམ་བསོག་པར་མི་ནུས་ན། མཆོད་པ་བྱས་པའི་རྗེས་ལ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཀྱང་བཏུབ་བོ། །དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་སྣང་བ་མི་དམིགས་པར་བསྒོམས་ལ། དེའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཕར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཏེ་ཚུར་འདུས་པ་ལས། བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། ཞབས་གཡས་བསྐུམ་པས་བདུད་སྡིག་ཅན་ཆུང་མ་དང་བཅས་པ་མནན་ཅིང༌། གཡོན་བརྐྱང་པས་ཚོགས་བདག་མནན་པ། ཞལ་གཡས་དཀར་ཞིང་གཡོན་དམར་བ། སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་སྨ་ར་སེར་པོ་དང་བཅས་པ། དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་དང་བཅས་ཤིང་མཆེ་བ་གཙིགས་པ། ཕྱག་དང་པོ་ཕྱག་རྒྱ་ཆེན་པོའི་ཕྱག་གིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་རལ་གྲི། གཡོན་གྱི་གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་པདྨའོ། །གཟུགས་ཐུང་ཞིང་གསུས་ཁྱིམ་ཆེ་ལ་སྟག་གི་ཤམ་ཐབས་གྲོལ་བ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། དེ་ཡང་སྤྱི་བོ་ལ་མཐའ་ཡས་སྔོན་པོ། རྣ་བ་ལ་འཇོག་པོ་དམར་པོ། དཔུང་པ་ལ་རིགས་ལྡན་ཁྲ་བོ། ལག་པ་ལ་ནོར་རྒྱས་དཀར་པོ། སྐ་རགས་ལ་དུང་སྐྱོང་སེར་པོ། རྐང་པ་ལ་པདྨ་སྔོ་སྐྱ། མགྲིན་པར་པདྨ་ཆེན་པོ་སྔོ་སྐྱ། སེ་རལ་ཁར་ཀརྐོ་ཊ་ལྗང་གུའོ། །ཡུམ་ནི་ཞལ་གསུམ་ཕྱག་དྲུག་མ། རང་འོད་ཀྱི་རིག་མ་སྟེ། སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་མ་ཡིན་པ་ཐམས་ཅད་ཡབ་དང་འདྲ་བའོ། །མེ་རི་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ་བསྙེན་པའོ། །སྐུ་གསུང་ཐུགས་ཀྱི་གནས་སུ་ཨོཾ་ཨཱཿཧཱུྃ་བསམ་ཞིང༌། སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམས་ལ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམས་ཏེ། གཉིས་པ་ཉེ་བར་སྒྲུབ་པའི་ཡན་ལག་གོ །དེ་ནས་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་བདུད་རྩི་འཁྱིལ་པའི་རང་བཞིན་དུ་སྤྱན་དྲངས་ལ། བདག་གི་ལུས་ལ་བསྟིམ་པ་ནི་སྒྲུབ་པའི་ཡན་ལག་གོ །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་ཡིད་ཀྱིས་མཆོད་ལ། དབང་བསྐུར་བར་གསོལ་བ་བཏབ་ནས། དབང་བསྐུར་བའི་མཐར་སྤྱི་བོར་མི་བསྐྱོད་པས་བརྒྱན་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ལྟར་སྐུ་བསྐྱེད་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ། ཞེས་བྱ་བས། ལྷའི་ང་རྒྱལ་བརྟན་པར་བྱས་ལ་ཡུན་རིང་དུ་བསྒོམ་པར་བྱའོ། །དེ་ནས་གསང་སྔགས་བཟླ་བར་བྱ་སྟེ་བསྙེན་པའི་དུས་སུ་ནི་སེམས་དཔའ་སུམ་བརྩེགས་ཀྱི་ལྷའི་ང་རྒྱལ་ལ་དམིགས་ནས་བཟླས་ལ། ཕྲིན་ལས་ཀྱི་དུས་སུ་རང་གི་བ་སྤུའི་བུ་ག་ནས་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པས་གཏམས་ཤིང༌། དེ་དག་ལས་ཀྱང་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་བཀང་ནས་ཇི་ལྟར་འདོད་པའི་ཕྲིན་ལས་བྱེད་པར་བསམ་ཞིང༌། ཁྲོ་བོའི་བཟླས་པ་འབྲུག་ལྟ་བུའི་སྒྲས་བཟླ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མསྶ་མནྟ། ཀཱ་ཡ་ཝཱཀྩིཏྟ། བཛྲཱ་ནཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོཏྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ཎཱཾ། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ལེའུ་བཅུ་བཞི་པ་ནས་འབྱུང་བའི་རྩ་བའི་སྔགས་སོ། །ན་མསྶ་མནྟ་ཀཱ་ཡ་ཝཱཀྩིཏྟཱ་ནཱཾ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ཎཱཾ། མཧཱ་ག་ཎ་པ་ཏི། ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་ཧཱུྃ་ཕཊ། ལེའུ་བཅོ་ལྔ་པ་ནས་འབྱུང་བ་སྟེ་སྙིང་པོའི་སྔགས་སོ། །ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུྃ་ཕཊ། ལེའུ་བཅུ་བདུན་པ་ནས་འབྱུང་བ་ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ལེའུ་དང་པོ་ནས་འབྱུང་བ་འབྱིན་པའི་སྔགས་ལ་ཡི་གེ་གསུམ་གྱིས་བརྒྱན་པ་སྟེ། ཉེ་བའི་སྙིང་པོའི་སྙིང་པོའི་སྔགས་སོ། །དེ་དག་རྩ་བའི་སྔགས་ལ་མོས་ན་འབུམ་ཕྲག་བཞི། སྙིང་པོ་ཟློས་ན་འབུམ་ཕྲག་བརྒྱད། ཉེ་བའི་སྙིང་པོ་ཟློས་ན་འབུམ་ཕྲག་བཅུ་དྲུག ཉེ་བའི་སྙིང་པོའི་སྙིང་པོ་ཟློས་ན་འབུམ་ཕྲག་སུམ་ཅུ་སོ་གཉིས། སྔོན་དུ་བསྙེན་པས་ལས་ཐམས་ཅད་འགྲུབ་པར་གྱུར་རོ། །སྔོན་དུ་བསྒོམ་བཟླས་བསྟན་ཟིན་ཏོ།།  །།དེ་ནས་གཏོར་མ་ནི་ཅི་འབྱོར་བའི་རྫས་བཤམས་ལ། ཉེ་བའི་སྙིང་པོ་ལན་གསུམ་གྱིས་སྦྱང༌། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བཟླས་པས་འཇིག་རྟེན་གྱི་ཁམས་ཁེངས་པའི་སྣོད་ལྷ་རྫས་ཀྱི་བདུད་རྩིས་བཀང་བར་བསམ། དེ་ནས་བཅོམ་ལྡན་འདས་མདུན་དུ་གསལ་བར་དམིགས་ལ་དེ་ལ་ཡེ་ཤེས་པ་བསྟིམ་ལ་རྩ་བའི་སྔགས་ལན་གསུམ་བཟླས་པས་གཏོར་མ་གསོལ་ཏེ་མཉེས་པར་བསམ། ཡིད་ཀྱིས་མཆོད་པ་ལྔས་མཆོད། ཅི་འདོད་པའི་དོན་ལ་གསོལ་བ་བཏབ་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། གཏོར་མ་ཆེན་པོ་འབུལ་ཡང་འདིའི་ལུགས་བཞིན་བྱེད་གསུང༌། གཏོར་མ་བསྟན་ཟིན་ཏོ། །དེ་ནས་འཁྲུལ་འཁོར་ནི་ལེའུ་བཅུ་བདུན་པ་ནས། གྲོ་ག་སོགས་ལ་འཁོར་ལོ་ནི། །ལས་ཀྱི་རྡོ་རྗེ་ལ་གནས་པས། །ཧྃ་ནི་དབུས་སུ་བཞག་ནས་སུ། །མིང་ནི་དབུས་སུ་བྲི་བར་བྱ། །སྔགས་ཀྱི་ཡི་གེ་ཚིག་རྣམས་ཀྱིས། །བརྒྱན་ཏེ་རྟག་ཏུ་གཞག་པར་བྱ། །ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། གྲོ་ག་ལ་སོགས་པའི་གཞི་ལ་སྐྱེས་པ་བསྲུང་བར་འདོད་ན་གུར་གུམ། བུད་མེད་བསྲུང་བར་འདོད་ན་གི་ཝང་གིས་བྲི། དེ་ལ་ལྟེ་བ་ཤིན་ཏུ་ཡངས་པ། དཀྱིལ་དུ་སྣ་ཚོགས་རྡོ་རྗེ། ལྟེ་བ་དང་ཕྱི་རོལ་གཉིས་ཀ་ལ་མུ་ཁྱུད་དང་བཅས་པ། ལྟེ་བར་མགོ་གྲུ་གསུམ་ཆེན་པོ་དང་བཅས་པའི་ཧྃ། དེའི་མགོའི་ནང་དུ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཆེ་གེ་མོ་ལ་རཀྵ་རཀྵ་ཀུ་རུ་ཧཱུྃ། ཞེས་བྲི། དེའི་ཐ་མ་ཉེ་བའི་སྙིང་པོའི་སྤེལ་ཚིག་དང་བཅས་བས་བསྐོར། ལྟ་བའི་མུ་ཁྱུད་ལ་སྙིང་པོ་སྤེལ་ཚིག་དང་བཅས་པས་བསྐོར། ཕྱི་རོལ་གྱི་མུ་ཁྱུད་ལ་རྩ་བའི་སྔགས་སྤེལ་ཚིག་དང་བཅས་པས་བསྐོར། ཐམས་ཅད་མགོ་ཕྱིར་བསྟན་ལ་གཡས་སྐོར་དུ་བྲི་བར་བྱའོ། །དེ་ནས་རབ་ཏུ་གནས་པ་གཞུང་གཞན་དང་བསྟུན་ཏེ་བྱས་ལ་དཔུང་པ་ལ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །སྦྱིན་སྲེག་ནི་ལས་བཞི་སྟེ། ཞི་བ་ལ་ཁ་དོག་དཀར་ཞིང་ཟླུམ་པ། རྒྱས་པ་ལ་གྲུ་བཞི་སེར་པོ། དབང་ལ་དམར་པོ་ཟླ་གམ། དྲག་པོ་ལ་ནག་པོ་གྲུ་གསུམ་པ། ཐམས་ཅད་ཀྱང་ཁྲུ་གང་ལ་ཟབས་སུ་ཁྲུ་ཕྱེད་པ། མུ་རན་སོར་བཞི་བསྐྱེད་ནས་སོར་བཞི་དཔངས་སུ་བརྩིགས་ལ། ལྟེ་བ་དང་མུ་རན་ཐམས་ཅད་རྡོ་རྗེས་མཚན་པའོ། །དེར་ཅི་རིགས་པའི་ཤིང་བརྩིགས་ལ་མཆོད་པ་ལྔ་གཡོན་དུ་བཤམ། ལས་དང་རྗེས་སུ་མཐུན་པའི་རྫས་དང་མར་མདུན་དུ་བཞག བདག་གི་རྣལ་འབྱོར་གསལ་བཏབ། ཐབ་ཏུ་མེ་སྦར། ཉེ་བའི་སྙིང་པོས་བསང༌། མེ་ལྷ་ཕྱག་གཉིས་པ་ར་སྐྱེས་ལ་ཞོན་པ། དབྱུག་པ་དང་གུནྡྷེ་བསྣམས་པ་མེའི་ཕྱོགས་ནས་བཀུག་ལ་ཐབ་ཏུ་བཞག མཆོད་རྫས་དང་བསྲེག་རྫས་ཡང་སྙིང་གིས་སྦྱངས་ལ་བདུད་རྩིར་བསྒྲུབ། ཕུད་ཅི་རིགས་པ་དབུལ། འབར་བའི་རྣམ་པར་བསམས་ལ། བདག་གི་སྐྱེད་ཆོག་བཞིན་དུ་ཐབ་ཏུ་བཅོམ་ལྡན་འདས་བསྐྱེད། མཆོད་པ་ལྔ་དབུལ། སྔགས་བཞི་པོ་གང་རུང་ལས་ཀྱི་སྤེལ་ཚིག་དང་བཅས་པས་རྫས་རྣམས་དབུལ། མཆོད་ལ་གསོལ་བ་བཏབ། བཟོད་པར་གསོལ་ཏེ་ཡེ་ཤེས་པ་གཤེགས་སུ་གསོལ་ལ་དམ་ཚིག་པ་བདག་ལ་བསྡུ། ཡང་ཐབ་ཏུ་མེ་ལྷ་གསལ་གདབ། ལྷག་མས་མཆོད་པ་བྱ། འདོད་པའི་དོན་ལ་གསོལ་བ་བཏབ། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ། གཏོར་མ་བཏང་ལ་ཇི་ལྟར་བདེ་བའི་སྤྱོད་ལམ་བྱའོ། །དེ་ལ་བསྲེགས་རྫས་ཀྱི་དངོས་གཞི་ནི། ཞི་བ་ལ་ཏིལ། རྒྱས་པ་ལ་མེ་ཏོག་སེར་པོ་དང་ཟས་མཆོག དབང་ལ་སྦྲང་རྩི་དང་མེ་ཏོག་དམར་པོ། དྲག་པོ་ལ་ཁྲག་དང་ཡུངས་ཀར་ལིངྒའོ། །བསྲེག་རྫས་གཞན་ཇི་ལྟར་འབྱོར་པ་རྣམས་ཀྱང་དབུལ་བར་བྱའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་མེ་ལྷའི་སྔགས་ཡིན་ལ། ལས་བཞིའི་ནི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་ཨོཾ། བ་ཤཾ་ཀུ་རུ་ཧོ། མཱ་ར་ཡ་ཕཊ། ཅེས་བྱ་བས་ནད་ཞི་བ་དང༌། གདོན་ཞི་བ་དང༌། ཚེ་རྒྱས་པ་དང༌། ལོངས་སྤྱོད་རྒྱས་པ་དང༌། རྒྱལ་པོ་དང་བློན་པོ་དབང་དུ་བྱ་བ་དང༌། དགྲ་དང་བགེགས་ཚར་གཅད་པ་ལ་སོགས་པ་གང་ལའང་སྦྱར་བར་བྱའོ། །སྦྱིན་སྲེག་བསྟན་ཟིན་ཏོ།།  །།ཕྲིན་ལས་གང་ལ་ཡང་སྦྱར་བ་ནི། བསྙེན་པ་སྔོན་དུ་སོང་ནས་སེར་བ་བཟློག་པ་དང༌། སྲིའུ་གསོ་བ་ལ་སོགས་པ་རང་གི་བློས་དཔྱད་ཅིང་གང་ལའང་སྦྱར་བར་བྱའོ། །གང་ལ་ཡང་སྦྱར་བ་བསྟན་ཟིན་ཏོ།།  །།འཇམ་དཔལ་གྱིས་སངས་རྒྱས་ཡེ་ཤེས་ཞབས་ལ་རྗེས་སུ་གདམས། དེས་མར་མེ་མཛད་བཟང་པོ་ལ། དེས་དཔལ་སྡེ་ལ། དེས་བི་མ་ལ་གུཔྟ་ལ། དེས་རིན་ཆེན་གྲགས་པ་ལ། དེས་བེནྡ་པ་ལ། དེས་གཉན་ལོ་ཙཱ་བ་ལ། དེས་དགེ་བཤེས་ཁའུ་བ་ལ། གཉན་དང་ཁའུ་བ་གཉིས་ཀ་ལས་རྗེ་བཙུན་ས་སྐྱ་པས་གསན་ནོ། །བདུད་རྩི་འཁྱིལ་པའི་མན་ངག་ཟབ་མོ། ཀཱིརྟི་དྷྭ་ཛས་ཡི་གེར་བྲིས་པ་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*