དྲག་ནག་གི་སྒྲུབ་ཐབས།

༼ཉ༽

༄༅། །དགྲ་ནག་གི་སྒྲུབ་ཐབས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དྲི་མེད་རྒྱུད་དོན་སྟོན་མཛད་བླ་མ་དང༌། །གཤིན་རྗེས་འཇོམས་མཛད་འཇམ་དཔལ་ཁྲོས་པ་ལ། །ལུས་ངག་ཡིད་ཀྱིས་དང་བས་བཏུད་བྱས་ནས། །རྒྱུད་ཀྱི་བསྙེན་པའི་ལག་ལེན་གསལ་བར་བྲི། །དེ་ལ་དད་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ། བླ་མ་ལས་ལུང་ཐོབ་ཅིང་གཤིན་རྗེ་གཤེད་བསྒོམ་པར་འདོད་པའི་རྣལ་འབྱོར་པས། ཐོ་རངས་ཀྱི་དུས་སུ་བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱས། མཆོད་པའི་ཡོ་བྱད་རྣམས་ཉེ་བར་བསགས། བདུད་རྩིའི་རི་ལུ་ཁར་བཅུག་ལ་ལྷའི་ང་རྒྱལ་དང་ལྡན་པས་སྟན་བདེ་བ་ལ་ཁ་ལྷོར་བལྟས་ཏེ། རྡོ་རྗེ་སྐྱིལ་ཀྲུང་གིས་སམ། སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ་མངོན་པར་རྟོགས་པ་བསྒོམ་པར་བྱའོ། །དེའང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཡྃ་ཡིག་སྔོན་པོ་བསམ། དེ་ལས་འོད་འཕྲོས་པས་བླ་མ་དང་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྟེང་འོག་ཏུ་སྤྱན་དྲངས་ལ། དེ་དག་གི་སྤྱན་སྔར་བསོད་ནམས་ཀྱི་ཚོགས་བསག་པར་བྱ་བ་འདི་ནི་རྒྱུད་ན་མེད་ཀྱང་ཁ་བསྐང་བ་ཡིན་ཏེ། དེ་ལ་ཇོ་བོ་ནཱ་རོ་ཏ་པའི་དགོངས་པ་བླ་མ་ཕམ་ཐིང་པའི་བཞེད་པས་ཚོགས་བསགས་བཅུ་གསུམ་དུ་བྱེད་དེ། ཕྱག་དང་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། སྐྱབས་སུ་འགྲོ་བ་དང༌། དམ་ཚིག་དང་སྡོམ་པ་བསྐྱང་བ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདས་བར་གསོལ་གདབ་པ་དང༌། ལམ་ལ་གནས་པ་དང༌། ཡོངས་སུ་བསྔོ་བ་དང༌། གནང་བ་ཉེ་བར་ནོད་པ་དང༌། མཆོད་གནས་གཤེགས་སུ་གསོལ་བ་སྟེ། བཅུ་གསུམ་པོ་འདིའི་བརྒྱུད་པ་ལཱུ་ཧི་པ་དང་མཐུན་པར་མཛད་ལ། འདིའི་ལུགས་ཀྱི་ཚད་མེད་པ་བཞི་སྒོམ་པའང་གཙོ་བོའི་ཐུགས་ཀ་ནས་ཙརྩི་ཀ་དཔག་ཏུ་མེད་པ་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཙརྩི་ཀས་གང་བས། སེམས་ཅན་ཐམས་ཅད་བྱམས་པ་ཚད་མེད་པའི་ངོ་བོ་ལ་དགོད་པར་བསྒོམ། དེ་བཞིན་ཕག་མོ་སྔོན་མོས་སྙིང་རྗེ་ཚད་མེད་པའི་ངོ་བོ་ལ་བཀོད། དབྱངས་ཅན་མ་དམར་མོས་དགའ་བ་ཚད་མེད་པའི་ངོ་བོ་ལ་བཀོད། གཽ་རིའ་ལྗང་གུས་བཏང་སྙོམས་ཚད་མེད་པའི་ངོ་བོ་ལ་བཀོད་པར་བཞེད་དོ། །རྣལ་འབྱོར་པ་ན་རི་པའི་དགོངས་པ་བྷ་རོ་ཕྱག་རྡུམ་གྱི་བཞེད་པས། བསོད་ནམས་ཀྱི་ཚོགས་ཕྱག་དང་མཆོད་པ་སྔོན་དུ་སོང་སྟེ་ཡན་ལག་བདུན་ཏེ། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པ་དང༌། ཡོངས་སུ་བསྔོ་བ་སྟེ་བདུན་ནོ། །འདི་འི་ལུགས་ཀྱི་ཚད་མེད་བཞི་ཡང་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་བསྒོམས་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ལུགས་གཉིས་པོ་དེ་མ་ཡིན་པ་གཞན་གྱི་བརྒྱུད་པ་གཉིས་པོ་དེ་ཕལ་ཆེར་མཐུན་ནོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ནས། འདི་མན་ཆད་ནི་རྒྱུད་ན་ཐམས་ཅད་བཞུགས་པ་ལས། རྒྱུད་འདི་ནི་ཤེས་རབ་ཀྱིས་རློམ་པའི་གང་ཟག་རང་དགར་འཇུག་པ་དགག་པའི་ཕྱིར། རབ་ཏུ་འཁྲུགས་པའི་ཚུལ་དུ་བཞུགས་པ་ལས་བླ་མའི་མན་ངག་གིས་འཁྲུགས་བསྡེབས་ཏེ་བྲི་བར་བྱའོ། །དེ་ལ་ལེའུ་བརྒྱད་པ་ནས་འབྱུང་བ་བཞིན་ཡེ་ཤེས་ཀྱི་ཚོགས་བསྒོམ་སྟེ། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་བསྒོམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་དྲན་པར་བྱ། སེམས་དེའང་སྒྱུ་མ་ལྟ་བུ་རང་བཞིན་མེད་པར་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་སྣང་བ་མི་དམིགས་པའི་སྟོང་པ་ཉིད་བསྒོམ་སྟེ། སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པའོ། །དེ་ནས་རྟེན་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ནམ་མཁའ་སྟོང་པ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས། རྃ་ལས་ཉི་མའི་དཀྱིལ་འཁོར་བསྒོམ། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་དང་ལྡན་པ་ལྟེ་བ་མཐིང་ནག་ལ་ཧཱུྃ་མཐིང་ནག་གིས་མཚན་པ་བསྒོམ། ཧཱུྃ་དེ་ལས་འོད་ཟེར་ཕྱོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་དུ་འཕྲོས་པས་གུར་དང་བླ་རེ། འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ཕྱིར་འཕྲོས་པས་མདའི་དྲྭ་བ་དང༌། བསྐལ་པའི་མེ་རི་རབ་ཏུ་འབར་བ་བསྒོམ་སྟེ། དེ་དག་ནི་ལེའུ་དང་པོ་ནས་དུམ་བུ་གཉིས་ཀྱི་ཚུལ་གྱིས་བསྟན་པ་ཡིན་ནོ། །སྲུང་བའི་འཁོར་ལོའི་ནང་དུ་དྷཱ་ལས་ཆོས་ཀྱི་འབྱུང་གནས་ཆེན་པོ་ཕྱི་དཀར་ལ་ནང་དམར་བ་ཞབས་ཞུམ་པ། གདེངས་ཁ་གྱེན་དུ་ཕྱོགས་པར་བསམ་མོ། །དེའི་ནང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཡྃ་གིས་མཚན་པ་དང༌། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་རྃ་གྱིས་མཚན་པ་དང༌། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བྃ་གྱིས་མཚན་པ་དང༌། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་སེར་པོ་ལྃ་གྱིས་མཚན་པ། དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་བྷྲཱུྃ་གྱིས་མཚན་པ་སྟེ། འདི་རྣམས་རང་གི་སེམས་ཀྱི་སྣང་བ་ཙམ་དུ་མོས་པ་ལས་གཞལ་ཡས་ཁང་དུ་གྱུར་པའམ། ཡང་ན་ཆོས་འབྱུང་གི་ནང་དུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས། གཞལ་ཡས་ཁང་དུ་གྱུར་པ་གཉིས་ནི་འདམས་ཀ་ཡིན་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ་རྩིག་པ་ལྔ་དང་ལྡན་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། ཤར་དཀར་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ། ལྟེ་བ་མཐིང་ནག འཕར་མ་གཉིས་པའི་ནང་ན་སྣ་ཚོགས་རྡོ་རྗེའི་གདན། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨུཏྤ་ལའི་ཕྲེང་བ་རྭའི་ཕྱི་རོལ་ཏུ་རྡོ་རྗེ་རྭ་བ་དང་མེ་རིས་བསྐོར་བ་སྟེ། འཕར་མ་གཉིས་པའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། མྃ་ལས་མ་ཧེའི་གདན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར། ཤར་དང་མཚམས་བཞིར་པདྨ་དང་ཟླ་བའི་དཀྱིལ་འཁོར། ཕྱོགས་གསུམ་དང་སྒོ་བཞིར་ཉི་མའི་དཀྱིལ་འཁོར་གྱི་གདན་བསྒོམ་སྟེ། གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ནི་བྲི་བའི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་ལ། སྣ་ཚོགས་རྡོ་རྗེ་དང་གདན་ནི་ལེའུ་དང་པོ་དང༌། གསུམ་པ་དང༌། བཅུ་པ་རྣམས་ལས་འབྱུང་བ་ཡིན་ནོ། །རྟེན་བསྒོམ་པ་བསྟན་ཟིན་ཏོ།།  །།དེ་ནས་ལྷ་བསྐྱེད་པ་ནི་རྣལ་འབྱོར་བཞི་ཡིན་ཏེ། དེའང་ལེའུ་བཅུ་བདུན་པ་ལས། དང་པོར་བསྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོའོ། །རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཡིན་པར་འདི་ལྟར་འདོད། །དེ་ཡི་རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས། །འཁོར་ལོ་ཐམས་ཅད་ཡོངས་རྫོགས་དང༌། །ཤིན་ཏུ་རྣལ་འབྱོར་ཡིན་པར་འདོད། །སྐུ་དང་གསུང་དང་ཐུགས་རྣམས་དང༌། །ལྷ་ཡི་མིག་སོགས་བྱིན་རླབས་དང༌། །ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །བདུད་རྩི་མྱང་བ་དག་དང་ནི། །མཆོད་དང་བསྟོད་པ་ཆེན་པོ་ནི། །རྣལ་འབྱོར་ཆེན་པོ་ཞེས་བྱའོ། །ཞེས་འབྱུང་བས་ན་དང་པོར་རྣལ་འབྱོར་བསྒོམ་པར་བྱ་བ་ནི། མ་ཧེའི་རྒྱབ་པདྨ་དང་ཉི་མའི་སྟེང་དུ་ཨཱ་ལི་བཅུ་དྲུག་ཕྲག་རྣམ་པ་གཉིས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པ་བྱ། དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། དེའི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞི་ལ་ཌ་ཌྷ་ད་དྷ་ཡ་ལ་དྲུག་བསྣན་པས་བཞི་བཅུ་ཐམ་པ་ཕྲག་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱ། དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དམར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་གཉིས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་བསམས་ལ། ཟླ་བ་འོག་མ་ནི་ཤེས་རབ་སྟེང་མ་ནི་ཐབས། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཞེས་ཀྱང་བསམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱས་ཏེ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་ཕར་འཕྲོས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་པ་ལས་རྣམ་པ་གསུམ་གཅིག་ཏུ་འདྲེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་རྒྱུ་རྡོ་རྗེ་སེམས་དཔའི་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྐུ་མདོག་དཀར་པོ་ལ་ཅུང་ཟད་དམར་བ། ཞལ་གཡས་སྔོ་ཞིང་གཡོན་དམར་བ། རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་པར་བཞུགས་པ་སྟེ། ཕྱག་མཚན་ལ་སོགས་པ་གཞན་འབྲས་བུ་རྡོ་རྗེ་འཛིན་པའི་སྐབས་དང་མཐུན་པས་ན་འོག་ཏུ་བརྗོད་པར་བྱའོ། །དེ་དག་གིས་ནི་ལེའུ་དང་པོ་དང་བཅུ་བདུན་པ་ལས་འབྱུང་བ། ཡན་ལག་བཞིའི་དང་པོ་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ནས་ལེའུ་དང་པོ་དང་བརྒྱད་པ་དང་བཅུ་དྲུག་པ་དང་བཅུ་བདུན་པ་ནས་འབྱུང་བ་བཞིན་རྗེས་སུ་རྣལ་འབྱོར་བྱ་བ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་སྒྱུ་མ་བདེ་བའི་སྒྲས་མདུན་གྱི་ནམ་མཁའི་གནས་སུ་ཡི་གེ་གསུམ། ཧོ་གཉིས་ཀྱིས་མཐའ་བརྟེན་པ་ཞལ་དུ་ཞུགས་ནས། ཡུམ་གྱི་མཁར་བབས་པས་རྐྱེན་བྱས་ནས། ཡབ་ཡུམ་ཕུང་པོ་ཁམས་དང་སྐྱེ་མཆེད་ཞུ་བར་གྱུར་པར་བསམ། དེ་ལ་རང་བཞིན་གྱི་གནས་ནས་ཙརྩི་ཀ་ལ་སོགས་པའི་ལྷ་མོ་བཞི་བྱོན་ཏེ། ལྷ་མོ་རེ་རེས་རྐང་པ་གཉིས་གཉིས་ཀྱི་གླུས་བསྐུལ་བའམ། ལྷ་མོ་བཞིས་ཚིགས་སུ་བཅད་པ་གཉིས་ཀྱིས་དུས་གཅིག་ཏུ་བསྐུལ་ཡང་རུང་སྟེ། གླུས་བསྐུལ་བ་ནི། སྙིང་རྗེ་ཁྲོས་པས་དད་སྒྲོལ་བཞེངས། །ཁམས་གསུམ་ཀུན་གྱི་གཏི་མུག་སོལ། །དད་སྒྲོལ་སེམས་གཡེངས་མ་བཞུགས་བཞེངས། །བདུད་བཞི་དག་ལས་རྒྱལ་བར་མཛོད། །འཇིག་རྟེན་མགྲོན་པོས་སྟོང་ཉིད་ཅི་སྟེ་བཞུགས། །དད་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག །བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་པོས་ནས། །ཅི་བདེར་སྟོང་པ་ཉིད་ལ་སེམས་ཤིང་བཞུགས། །ཞེས་བརྗོད་པས་ལྷ་མོ་བཞི་པོ་སྐར་མདའ་ཐིམ་པ་ལྟར། ཐིག་ལེ་ལ་ཐིམ། དེ་ལས་ཐིག་ལེ་ཕྲ་མོ་གཅིག་དང་ཆེ་བ་ཉིས་བརྩེགས་སུ་གྱུར་ཏེ། འོག་མ་མྃ་ལས་མ་ཧེ་རབ་ཏུ་ཁྲོས་པ་མདོག་སྔོན་པོ་ཐལ་བ་དང་བཅས་པའི་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྨ་ར་དང་སྨིན་མ་སྔོ་ཞིང་སེར་བ། རྭ་དང་རྨིག་པ་རབ་ཏུ་འབར་བ། མིག་དམར་བ་མགོ་གཡས་སུ་བསྟན་པའི་རྒྱབ་ཏུ་པདྨ་དང་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཐིག་ལེ་ཆེན་པོ་གྱུར་པ་ལས། ཡྃ་སྔོན་པོ་དེ་ལས་རྡོ་རྗེ་སྔོན་པོ་ཡྃ་གིས་མཚན་པ་ལས་འོད་ཟེར་ཕར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་ཏེ་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་རྡོ་རྗེ་ལ་འདུས་པ་ལས། འཕགས་པ་གཤིན་རྗེ་འཇོམས་པ་ཞལ་གསུམ་པ། ཕྱག་དྲུག་པ། ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་དང་དཔྲལ་བ་མནན་པ། གཡོན་རྔ་མའི་ཕྱོགས་སུ་བརྐྱང་བ། རྩ་བའི་ཞལ་ཨིནྡྲ་ནཱི་ལ་བཅག་འཕྲོ་ལྟར་གནག་པ། གཡས་པ་ཟླ་བའི་མདོག གཡོན་པ་པདྨ་རཱ་ག་ལྟར་དམར་བ། མེ་རི་འབར་བའི་དབུས་ན་བཞུགས་པ། རབ་ཏུ་ཁྲོས་པ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྨ་ར་དང་སྨིན་མ་སེར་ཞིང༌། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་ཀྱི་བར་པ་ན་རྡོ་རྗེ། ཐ་མ་ན་རལ་གྲི། གཡོན་གྱི་བར་པ་ན་འཁོར་ལོ། ཐ་མ་ན་པདྨ་འཛིན་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། མི་མགོ་ལྔ་བཅུ་ཐམ་པའི་དོ་ཤལ་དང་ལྡན་པ། རྡོ་རྗེ་ཕྲ་མོ་དང་རུས་པའི་རྒྱན་དྲུག་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། དེའང་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་རྒྱན། དཔུང་པ་ལ་རིགས་ལྡན་ཁྲ་བོ། གདུ་བུ་ལ་དུང་སྐྱོང་སེར་པོ། མགུལ་པ་ལ་པདྨ་དཀར་པོ། སེ་རལ་ཁར་ཀརྐོ་ཊ་ལྗང་གུ། སྐ་རགས་ལ་ནོར་རྒྱས་སེར་པོ། རྐང་པ་ལ་པདྨ་ཆེན་པོ་སྔོ་སྐྱས་བརྒྱན་པ་སྟེ། ཀླུའི་རྒྱལ་པོ་དེ་དག་ཀྱང་སྤྱི་བོ་ན་ནོར་བུ་དང་བཅས་པ། མཆེ་བ་གཙིགས་ཤིང་ལྕེ་གཉིས་བརྐྱང་བ། རབ་ཏུ་འཇིགས་ཤིང་ཕུད་སྒྲ་སྒྲོགས་པར་བསམ་མོ། །རང་འོད་ཀྱི་རིག་མ་ནི་རང་དང་འདྲ་བའི་ཤེས་རབ་ཞལ་གསུམ་ཕྱག་དྲུག་མ་སྟེ། དེ་དང་གཉིས་སུ་མེད་པར་བསམས་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བ་ལེའུ་བརྒྱད་པ་ནས་འབྱུང་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། གཉིས་པ་རྗེས་སུ་རྣལ་འབྱོར་བསྟན་ཟིན་ཏོ།།  །།གསུམ་པ་ཤིན་ཏུ་རྣལ་འབྱོར་ནི་སྙིང་གར་ཡྃ་ལས་ཡེ་ཤེས་སེམས་དཔའ་བདག་འདྲ་བ་ཅིག་བསམ། དེའི་སྙིང་གར་ཡྃ་ལས་རྡོ་རྗེ་ཡྃ་གིས་མཚན་པ་སྟེ་ཏིང་ངེ་འཛིན་སེམས་དཔའ་བསམས་ལ། དེ་ལས་འོད་བྱུང་སྟེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། ཞལ་དུ་ཞུགས་སྙིང་གར་འོད་དུ་ཞུ་དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་ཕབ། ཐིག་ལེ་དེ་གྱུར་པ་ལས་གཞལ་ཡས་ཁང་པ་སྲུང་བའི་འཁོར་ལོ་དང་བཅས་པ་དང་ལྷ་དང་ཐོད་པའི་གནས་སུ་ཐིག་ལེ་བཅུ་བདུན་དུ་གྱུར། ཐིག་ལེ་རྣམས་ཡི་གེ་བཅུ་བདུན་དུ་གྱུར་པ་ནི། ཡ་ཀྵེ་མ་མེད། ཕྱོགས་བཞི་དབུས་དང་ལྔར་རོ། །ཡ་ཙྪ་ནི་ར་སྒོ་བཞིར་རོ། །ཛ་ས་དོ་རུ་ནང་གི་མཚམས་བཞིར་རོ། །ཎ་ཡོ་ནི་ར་ཕྱིའི་མཚམས་བཞིར་རོ། །དེ་ལྟར་ཡི་གེ་ཙམ་ལས་ལྷ་བསྐྱེད་ཀྱང་རུང༌། ཡི་གེ་གྱུར་པ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ལས་ལྷ་བསྐྱེད་ཀྱང་རུང་སྟེ། རྒྱས་བསྡུས་གཉིས་ནི་འདྲ་བ་ཉིད་ཡིན་ཏེ། རང་གི་བློ་ལ་གང་འཐད་པས་བཏུབ་བོ། །རྒྱུད་ན་ནི་ཡི་གེ་ཙམ་ལས་བསྐྱེད་པ་ལས་མི་འབྱུང་བས་བླ་མ་གོང་མ་རྣམས་ནི་དེ་བཞིན་དུ་མཛད་དོ། །དེ་ལས་དབུས་སུ་ཡྃ་ངམ། དེ་གྱུར་པ་ལ་ས་རྡོ་རྗེ་ཡྃ་གིས་མཚན་པ་ལས་ཞེ་སྡང་གཤིན་རྗེ་གཤེད། བདག་ཇི་ལྟ་བར་གསལ་གདབ། སྣ་ཚོགས་རྡོ་རྗེའི་ཤར་གྱི་རྭ་དབུས་མའི་སྟེང་དུ། ཀྵེ་འམ་ཀྵེ་གྱུར་པས་འཁོར་ལོ་ཀྵེས་མཚན་པ་ལས་རྣམ་པར་སྣང་མཛད་གཏི་མུག་གཤིན་རྗེ་གཤེད་གཡས་སྔོ་གཡོན་དམར་བ། གཡས་འོག་མ་གཉིས་འཁོར་ལོ་རལ་གྲི། གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པའོ། །ལྷོར་མའམ་དེ་གྱུར་པ་ལས་རིན་པོ་ཆེ་མས་མཚན་པ་ལས་རིན་ཆེན་འབྱུང་ལྡན། ཕྲ་མ་གཤིན་རྗེ་གཤེད་སེར་པོ་གཡས་སྔོ། གཡོན་དཀར་པོ། གཡས་རིན་ཆེན་རལ་གྲི། གཡོན་འཁོར་ལོ་པདྨ་འཛིན་པའོ། །ནུབ་ཏུ་མེའམ་དེ་གྱུར་པ་ལས་པདྨ་མེས་མཚན་པ་ལས་འོད་དཔག་ཏུ་མེད་པ། འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། གཡས་སྔོ་ལ་གཡོན་དཀར་བ། གཡས་པདྨ་རལ་གྲི། གཡོན་རིན་ཆེན་འཁོར་ལོ། སྣ་ཚོགས་རྡོ་རྗེའི་བྱང་གི་རའི་སྟེང་དུ་དའམ་དེ་གྱུར་པས་རལ་གྲི་དས་མཚན་པ་ལས། དོན་ཡོད་གྲུབ་པ་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་གུ་གཡས་སྔོ། གཡོན་དཀར། གཡས་རལ་གྲི་འཁོར་ལོ། གཡོན་རིན་ཆེན་པདྨ་འཛིན་པའོ། །ཤར་སྒོར་ཡའམ་དེ་གྱུར་པས་ཐོ་བ་ཡས་མཚན་པ་ལས། ཐོ་བ་གཤིན་རྗེ་གཤེད་སྔོན་པོ་གཡས་ཐོ་བ་རལ་གྲི། གཡོན་རིན་ཆེན་པདྨའོ། །ལྷོར་ཙྪའམ་དེ་གྱུར་པ་ལས་དབྱུག་པ་ཙྪས་མཚན་པ་ལས། དབྱུག་པ་གཤིན་རྗེ་གཤེད་དཀར་པོ། གཡས་སྔོ། གཡོན་དམར། གཡས་དབྱུགས་པ་དང་རལ་གྲི། གཡོན་པདྨ་ནོར་བུའོ། །ནུབ་སྒོར་ནིའམ་དེ་གྱུར་པ་ལས་པདྨ་ནིས་མཚན་པ་ལས། པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བའོ། །བྱང་སྒོར་རའམ་དེ་གྱུར་པ་ལས་རལ་གྲི་རས་མཚན་པ་ལས། རལ་གྲི་གཤིན་རྗེ་གཤེད་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ་བའོ། །ནང་གི་སྣ་ཚོགས་རྡོ་རྗེའི་མཚམས་བཞིར། ཤར་ལྷོར་ཛ་ལས་ཙརྩི་ཀ་ནི་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བའོ། །ལྷོ་ནུབ་ཏུ་ས་ལས་རྡོ་རྗེ་ཕག་མོ་ནི་ཞེ་སྡང་གཤིན་རྗེ་གཤེད་དང་མཚུངས་སོ། །ནུབ་བྱང་དུ་དོ་ལས་རྡོ་རྗེ་དབྱངས་ཅན་མ་ནི་འདོད་ཆགས་གཤིན་རྗེ་གཤེད་དང་མཚུངས་སོ། །བྱང་ཤར་དུ་རུ་ལས་རྡོ་རྗེ་གཽ་རཱི་ནི་གཡས་བར་པས་ཨུཏྤལ་ལ་རལ་གྲིས་མཚན་པ་འཛིན་པ་སྟེ། གཞན་ཐམས་ཅད་ཕྲག་དོག་གཤིན་རྗེ་གཤེད་དང་མཚུངས་སོ། །འོན་ཀྱང་ལྷ་མོ་བཞི་པོ་དེ་དག་ནི་རང་གི་གཙོ་བོ་དང་མི་འདྲ་བའི་ཁྱད་པར་ནི། ནུ་མ་དང་བྷ་ག་ལ་སོགས་པ་ཤེས་རབ་ཀྱི་གཟུགས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །ལྷ་དེ་ཐམས་ཅད་ཀྱི་ཕྱག་མཚན་གྱི་ཁྱད་པར་ནི། ཕྱག་དང་པོ་ཐམས་ཅད་ནི་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ་ཡིན་ལ། བཅོམ་ལྡན་འདས་ཀྱི་རྩ་ཕྱག་ན་རྡོ་རྗེ། རྣམ་པར་སྣང་མཛད་ཀྱི་རྩ་ཕྱག་ན་འཁོར་ལོ། གཡས་འོག་མ་ན་རལ་གྲི། གཡོན་གཉིས་ན་རིན་ཆེན་པདྨ་ཡིན་ལ། གང་གི་གཡས་ཀྱི་ཕྱག་ཆར་རིན་པོ་ཆེ་ལ་སོགས་པ་བྱུང་ན་དེ་དག་གི་དོད་དུ་འཁོར་ལོ་སྦྱིན་པར་བྱ་བ་འདི་ནི་མན་ངག་ཡིན་ནོ། །སྐུ་མདོག་ནི་སྔོན་པོ་རྣམས་ཀྱི་གཡས་དཀར། གཞན་རྣམས་ཀུན་གྱི་གཡས་སྔོ་ལ། སྔོ་དཀར་གཡོན་ནི་དམར་བ་སྟེ། །སེར་དམར་ལྗང་བའི་གཡོན་དཀར་པོ། །ཐམས་ཅད་སྤྲུལ་གྱི་རྒྱན་ཅན་ནོ། །ཀུན་ཀྱང་པདྨ་ཉི་མའི་གདན། །ལྷ་མོ་བཞི་དང་རྣམ་སྣང་གི །གདན་ནི་ཟླ་བ་ཡིན་པར་འདོད། །འདི་ལ་ཇོ་བོ་ནཱ་རོ་ཏ་པ་ནི་གཙོ་བོ་འབའ་ཞིག་ལ་རང་འོད་ཀྱི་རིག་མ་རྡོ་རྗེ་ཕག་མོ་ཡིན་ལ། གཞན་རྣམས་ནི་ཡབ་ཡུམ་རྐྱང་པ་ཡིན་ནོ། །ཞེས་འདོད་དོ། །སློབ་དཔོན་དཔལ་འཛིན་ནི་གཙོ་བོ་ལྔ་རང་འོད་ཀྱི་ཡུམ་དང་བཅས་པ་ཡིན་ལ། ལྷག་མ་རྣམས་ནི་རྐྱང་པ་ཡིན་ལ་ཞེས་བཞེད་ལོ། །དེའང་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་ཡིན་མོད་ཀྱི། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་གཞན་ཐམས་ཅད་ནི། ཡབ་ཐམས་ཅད་རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་ལ། ཡུམ་ཐམས་ཅད་རང་འོད་ཀྱི་རིག་པ་དང་གཉིས་སུ་མེད་པར་བཞེད་དོ། །སློབ་དཔོན་ལ་ལི་ཏ་བཛྲ་མ་ཡིན་པ་གཞན་ཐམས་ཅད་རྡོ་རྗེ་ཕག་མོའི་རྩ་བའི་ཞལ་ནི་ཕག་གདོང་ཉིད་ཡིན་ནོ། །ཞེས་བཞེད་དོ། །དེ་ལྟར་ལྷ་རྣམས་གསལ་བཏབ་ནས། ཤར་ལྷོར་ཎ། ལྷོ་ནུབ་ཏུ་ཡོ། ནུབ་བྱང་དུ་ནི། བྱང་ཤར་དུ་ར། དེ་རྣམས་གྱུར་པ་ལས་པདྨ་དང་ཉི་མའི་སྟེང་དུ་ཐོད་པ་བདུད་རྩིས་གང་བ་རེ་བསམ་པར་བྱའོ། །འདི་ལ་ཁ་ཅིག་ནི་མཆོད་པའི་ལྷ་མོ་སྦས་པ་ཡིན་ནོ་ཞེས་ཀྱང་ཟེར། འཇིག་རྟེན་པའི་གཤིན་རྗེ་བཞི་སྦས་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་ལྟར་བྷ་གའི་གནས་སུ་གཞལ་ཡས་ཁང་དང་ལྷ་ཡི་གེ་བཅུ་བདུན་ལས་རྒྱས་པར་བསྐྱེད་ལ་སྤྲོ་བར་བྱ་སྟེ། ཨོཾ་ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་གཙོ་བོ་ལ་བསྐུལ་བས་གཙོ་བོ་རྩ་དབུ་མ་ནས་སྤྱན་དྲང༌། ཐུགས་ཀ་ནས་སྤྲོས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་བསྡུས་ནས་དབུས་ཀྱི་གཙོ་བོ་ལ་བསྟིམ་ལ། གཙོ་བོའི་ང་རྒྱལ་བརྟན་པར་བསྒོམ། དེ་བཞིན་དུ་འོག་ནས་འབྱུང་བའི་ལྷ་ཐམས་ཅད་རེ་རེ་ལའང་སྔགས་རེས་བསྐུལ། དབང་གི་གནས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་བསྡུས་ཏེ་སྐུ་གཅིག་ཏུ་གྱུར་ནས། རང་རང་གི་གདན་གྱི་སྟེང་དུ་བཞུགས་སུ་གསོལ་བ་ནི། ཐམས་ཅད་ལ་མཐུན་པར་བྱས་ཏེ། དེའང་ལྷ་རེ་རེ་ནས་སྔགས་ཀྱིས་བསྐུལ་བ་དང༌། སྤྲོ་བ་དང་བསྡུ་བ་དང་གདན་ལ་བཞུགས་སུ་གསོལ་བ་དང༌། སྐུ་གསལ་གདབ་པ་རིམ་པ་བཞིན་དུ་བྱའོ། །དེ་ནས་ཨོཾ་ཛི་ན་ཛིཀ་ཅེས་པས་གཏི་མུག་རྡོ་རྗེ་བསྐུལ་ཏེ། བཞུགས་སུ་གསོལ་ལ་གསལ་གདབ་པའི་བར་དུ་བྱའོ། །དེ་བཞིན་དུ་ཨོཾ་རཏྣ་དྷྲྀཀ་ཅེས་པས་ཕྲ་མ་རྡོ་རྗེ་ལྷོར་དགོད། ཨོཾ་ཨ་རོ་ལིཀ་ཅེས་པས་འདོད་ཆགས་རྡོ་རྗེ་ནུབ་ཏུའོ། །ཨོཾ་པྲ་ཛྙཱ་དྷྲྀཀ་ཅེས་པས་ཕྲག་དོག་རྡོ་རྗེ་བྱང་དུའོ། །ཨོཾ་མུཏྐ་ར་དྷྲྀཀ་ཅེས་པས་ཤར་སྒོར་རྡོ་རྗེ་ཐོ་བ། ཨོཾ་དཎྜ་དྷྲྀཀ་ཅེས་པས་ལྷོར་རྡོ་རྗེ་དབྱུག་པ། ཨོཾ་པདྨ་དྷྲྀཀ་ཅེས་པས་ནུབ་ཏུ་རྡོ་རྗེ་པདྨ། ཨོཾཁཌྒ་དྷྲྀཀ་ཅེས་པས་བྱང་དུ་རྡོ་རྗེ་རལ་གྲི། ཨོཾ་མོ་ཧ་ར་ཏཱི་ཞེས་པས་ཤར་ལྷོར་རྡོ་རྗེ་ཙརྩི་ཀ ཨོཾ་དྭེ་ཥ་ར་ཏཱི་ཞེས་པས་ལྷོ་ནུབ་ཏུ་རྡོ་རྗེ་ཕག་མོ། ཨོཾ་རཱ་ག་ར་ཏཱི་ཞེས་པས་ནུབ་བྱང་དུ་རྡོ་རྗེ་དབྱངས་ཅན་མ། ཨོཾ་བཛྲ་ར་ཏཱི་ཞེས་པས་བྱང་ཤར་དུ་གཽ་རཱི། ཨོཾ་ཨཱཿཧཱུྃ་ཞེས་ལན་བཞིར་བརྗོད་པས། མཚམས་བཞིར་རྡོ་རྗེ་ཐོད་པ་བཞི་དགོད། དེ་ནས་གཞལ་ཡས་ཁང་དང་སྲུང་བའི་འཁོར་ལོ་དང་བཅས་པའང་སྤྲོས་ལ་ཕྱི་རོལ་གྱི་གཞལ་ཡས་ཁང་དང་སྲུང་བའི་འཁོར་ལོ་ལ་བསྟིམ་པར་བྱའོ། །དེ་དག་ནི་ལེའུ་དང་པོ་དང༌། ལེའུ་གཉིས་པ་དང༌། བཅུ་པའི་ཕྱོགས་གཅིག་གིས་གསལ་བར་བྱས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གསལ་བཏབ་ནས། བར་འདིར་དེའི་རྣམ་པར་དག་པ་ཅུང་ཟད་ཅིག་དྲན་པར་བྱ་སྟེ། དེའང་ལེའུ་བཅུ་གསུམ་པ་ནས་ཚིགས་སུ་བཅད་པ་གཅིག་འབྱུང་བ་ལ་བརྟེན་ནས། བླ་མའི་མན་ངག་གིས་གསུངས་པ་ཡིན་ཏེ། ཞལ་གསུམ་ནི་སྐུ་གསུམ་གྱི་རང་བཞིན། ཕྱག་དྲུག་གི་དང་པོ་གཉིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ལྷག་མ་བཞི་ནི་ཡེ་ཤེས་བཞིའོ། །དེ་ལ་ཁ་དོག་སྔོན་པོ་དང༌། གཙོ་བོ་དང་ཕྱག་མཚན་རྡོ་རྗེ་དང༌། རྡོ་རྗེ་དབྱུག་པ་དང༌། རྡོ་རྗེ་ཕག་མོ་རྣམས་ཀྱིས་ནི་ཞེ་སྡང་དང༌། རྣམ་པར་ཤེས་པའི་ཕུང་པོ་དང༌། ཆུའི་ཁམས་ཀྱི་རྟོག་པ་བཅོམ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མི་བསྐྱོད་པ་མཚོན་པ་ཡིན་ནོ། །ཁ་དོག་དཀར་པོ་དང་ཕྱག་མཚན་འཁོར་ལོ་དང་གཏི་མུག་རྡོ་རྗེ་དང༌། རྡོ་རྗེ་ཙརྩི་ཀ་དང་ཐོ་བ་གཤིན་རྗེ་གཤེད་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་དང༌། གཏི་མུག་དང་སའི་ཁམས་སྦྱངས་ནས། མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པར་སྣང་མཛད་འགྲུབ་པ་ཡིན་ནོ། །ཁ་དོག་སེར་པོ་དང༌། ཕྲ་མ་རྡོ་རྗེ་དང་ཕྱག་མཚན་རིན་པོ་ཆེ་དང༌། རྡོ་རྗེ་གཽ་རཱི་དང༌། ཡང་དབྱུག་པ་གཤིན་རྗེ་གཤེད་རྣམས་ཀྱིས་ཚོར་བའི་ཕུང་པོ་དང༌། སེར་སྣ་དང་ནམ་མཁའི་ཁམས་རྣམས་སྦྱངས་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རིན་ཆེན་འབྱུང་ལྡན་འགྲུབ་པར་བྱེད་པ་ཡིན་ནོ། །ཁ་དོག་དམར་པོ་དང༌། འདོད་ཆགས་རྡོ་རྗེ་དང་ཕྱག་མཚན་པདྨ་དང༌། རྡོ་རྗེ་དབྱངས་ཅན་མ་དང༌། པདྨ་གཤིན་རྗེ་གཤེད་རྣམས་ཀྱིས་འདུ་ཤེས་ཀྱི་ཕུང་པོ་དང༌། འདོད་ཆགས་དང་མེའི་རྣམ་པར་རྟོག་པ་སྦྱངས་ནས། སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་དང་འོད་དཔག་ཏུ་མེད་པ་འགྲུབ་པར་བྱེད་པ་ཡིན་ནོ། །ཁ་དོག་ལྗང་གུ་དང་ཕྲག་དོག་རྡོ་རྗེ་དང༌། ཕྱག་མཚན་རལ་གྲི་དང༌། ཡང་རྡོ་རྗེ་གཽ་རཱི་དང༌། རལ་གྲི་གཤིན་རྗེ་གཤེད་རྣམས་ཀྱིས། འདུ་བྱེད་ཀྱི་ཕུང་པོ་དང༌། ཕྲག་དོག་དང་རླུང་གི་ཁམས་རྣམས་སྦྱངས་ནས། བྱ་བ་གྲུབ་པའི་ཡེ་ཤེས་དང༌། དོན་ཡོད་གྲུབ་པར་བྱེད་པ་ཡིན་ནོ། །གྲི་གུག་སྡིག་པ་ཐམས་ཅད་གཅོད་པར་བྱེད་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་གཅོད་པས་ན་ཐོད་པ། ཉོན་མོངས་པ་ཐམས་ཅད་སྤངས་པས་ན་སྦྲུལ་ཀྱི་རྒྱན། ཨཱ་ལི་ཀཱ་ལི་ལྔ་བཅུ་ཐམ་པ་དག་པས་མི་མགོའི་དོ་ཤལ། ཕ་རོལ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་རུས་པའི་རྒྱན་དྲུག འཇིག་རྟེན་གྱི་ལས་ཀྱི་གཤིན་རྗེ་འཇོམས་པས་ན། གཤིན་རྗེའི་ཆ་ལུགས་དང་མ་ཧེའི་གདན། ཕྲིན་ལས་སྣ་ཚོགས་མཛད་པས་ན་སྣ་ཚོགས་རྡོ་རྗེའི་གདན་དང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ན་པདྨ་དང་ཉི་མ་ཟླ་གདན་ནོ། །གཞལ་ཡས་ཁང་གི་རྣམ་པར་དག་པ་རྣམས་ནི་ཐུན་མོང་དུ་བཤད་པ་རྣམས་དང་མཐུན་པས་ན་འདིར་མ་སྨོས་ཀྱང་སྐད་ཅིག་ཙམ་གྱིས་དྲན་པར་བྱའོ། །ཤིན་ཏུ་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ནས་རྣལ་འབྱོར་ཆེན་པོ་ལ་དོན་བདུན་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང༌། བདུད་རྩི་མྱང་བ་དང༌། མཆོད་པ་དང༌། བསྟོད་པའོ། །དེ་ལ་སློབ་དཔོན་དཔལ་འཛིན་ནི་སྐྱེ་མཆེད་ཀྱི་རྗེས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་གྱི་རྗེས་ལ་ཡེ་ཤེས་པ་དགུག་པ་དང༌། མཆོད་པ་དང་བསྟོད་པའི་རྗེས་ལ་བདུད་རྩི་མྱང་བར་བཞེད་དོ། །དེ་ལ་དང་པོ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་ལེའུ་དང་པོ་ནས་འབྱུང་བ་ཡིན་ཏེ། དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུར་བསྒོམས་ལ། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བྱིན་གྱིས་བརླབ་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་བརྟན་པར་བྱའོ། །མགྲིན་པར་ཨཱཿལས་སྔ་མ་བཞིན་དུ་པདྨ་ཨཱཿས་མཚན་པ་ལས། གསུང་རྡོ་རྗེ་འདོད་ཆགས་རྡོ་རྗེ་ལྟ་བུར་བསམས་ལ། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དུ་བྱིན་གྱིས་བརླབ་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བྱིན་གྱིས་བརླབ། སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། ཐུགས་རྡོ་རྗེ་གཙོ་བོ་དང་མཐུན་པར་བསྒོམས་ལ། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བྱིན་གྱིས་བརླབ་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །གཉིས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། ལེའུ་གཉིས་པ་ལས་འབྱུང་བ་ཡིན་ཏེ། མིག་ཏུ་ཀྵེ་ལས་རྡོ་རྗེ་མིག་གཏི་མུག་རྡོ་རྗེ་དང་མཚུངས་སོ། །རྣ་བར་ཡ་ལས་རྡོ་རྗེ་རྣ་བ་གཙོ་བོ་དང་མཚུངས་སོ། །སྣར་མ་ལས་རྡོ་རྗེ་སྣ་ཕྲ་མ་རྡོ་རྗེ་དང་མཚུངས་སོ། །ལྕེར་མེ་ལས་རྡོ་རྗེ་ལྕེ་འདོད་ཆགས་རྡོ་རྗེ་དང་མཚུངས་སོ། །དཔྲལ་བར་ད་ལས་རྡོ་རྗེ་ལུས་ཕྲག་དོག་རྡོ་རྗེ་དང་མཚུངས་སོ། །སྙིང་གར་ཧཱུྃ་ལས་རྡོ་རྗེ་ཐུགས་རྒྱུ་རྡོ་རྗེ་འཛིན་པ་དང་མཚུངས་པར་བསམ་པར་བྱའོ། །ཡང་ན་སློབ་དཔོན་དཔལ་འཛིན་དང་མཐུན་པར་བསྒོམ་ཞེས་ཀྱང་གསུངས་ཏེ། དེ་ནི་མིག་ཏུ་ཀྵིཾ་ལས་འཁོར་ལོ། རྣ་བར་ཛྲཱིྃ་ལས་རྡོ་རྗེ། སྣར་ཁྃ་ལས་རིན་པོ་ཆེ་དང༌། ལྕེར་གྃ་ལས་པདྨ། དཔྲལ་བར་ཀྃ་ལས་རལ་གྲི། ལྟེ་བར་སྃ་ལས་རྡོ་རྗེ་སྟེ། དེ་དག་རྣམས་ལ་ཡང་དེ་དག་གི་ས་བོན་གྱིས་མཚན་པ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། མིག་ཏུ་གཏི་མུག་གཤིན་རྗེ་གཤེད་དང་མཚུངས་པར་བསྒོམ་པ་ལ་སོགས་པ་སྔ་མ་དང་མཐུན་ནོ། །གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི་ལེའུ་གསུམ་པ་ནས་འབྱུང་བ་ཡིན་ཏེ། དེ་ཡང་བདག་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་ཡྃ་ལས་འོད་འཕྲོས་ཏེ། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས། དེ་ལ་མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་མཆོད་ལ། ཨོཾ་མུཏྐ་ར་ཛཿ ཞེས་བརྗོད་པས་ཐོ་བ་གཤིན་རྗེ་གཤེད་སྤྲོས་ལ། གཞལ་ཡས་ཁང་གི་ནང་དུ་སྤྱན་དྲང༌། ཨོཾ་དཎྜ་ཧཱུྃ། ཞེས་པས་རྡོ་རྗེ་དབྱུག་པ་སྤྲོས། ལྷ་དང་གཞལ་ཡས་ཁང་སོ་སོ་ལ་བསྟིམ། ཨོཾ་པདྨ་བྃ། ཞེས་པས་རྡོ་རྗེ་པདྨ་སྤྲོས་པས་གཉིས་སུ་མེད་པར་འདྲེས་པར་བསྒོམ། ཨོཾ་ཁཌྒ་ཧོཿ ཞེས་བརྗོད་ལ་རྡོ་རྗེ་རལ་གྲི་སྤྲོས་ལ། དབང་དུ་བྱས་པས་ཏེ། ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་པར་བསམ་མོ། །བཞི་པ་དབང་བསྐུར་བ་ནི། ལེའུ་དྲུག་པ་ལས་འབྱུང་བ་ཡིན་ཏེ། དེ་ཡང་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་ཡྃ་ལས་འོད་འཕྲོས་ནས་དབང་བསྐུར་བའི་ལྷ། དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་བྱ་བས་གསོལ་བ་གདབ། དཀྱིལ་འཁོར་གྱི་ལྷ་ལས་ཙརྩི་ཀ་ལ་སོགས་པའི་ལྷ་མོ་བཞི་བྱེ་སྟེ། ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ལག་ན་ཐོགས་ནས། སྤྱི་གཙུག་ནས་མར་ལ་དབང་བསྐུར་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་ཀྱང་མཆོད་པ་དང་བསྟོད་པ་དུ་མ་བྱེད་པས་གང་བར་བསམ་མོ། །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོའི་དབུ་རྒྱན་དུ་རྒྱུ་རྡོ་རྗེ་འཛིན་པ། ལྷ་གཞན་ཐམས་ཅད་ཀྱི་དབུ་ལ་དབུས་ཀྱི་གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་ཀྱིས་དབུར་བརྒྱན་པའོ། །ཡང་ན་རང་རང་གི་རིགས་ཀྱིས་དབུར་བརྒྱན་པའོ། །ཞེས་ཀྱང་གསུངས་ཏེ། འདི་གཙོར་མི་མཛད། དེ་ནས་ལྔ་པ་བདུད་རྩི་མྱང་བ་ནི་ལེའུ་གསུམ་པ་ནས་འབྱུང་བ་ཡིན་ཏེ། དངོས་སུ་ཐོད་པའི་ནང་དུ་ཆང་ལ་བདུད་རྩི་རིལ་བུ་སྦྱར་བ་བཤམ་པའམ། མེད་ན་ཡིད་ཀྱིས་བསམ་པས་ཀྱང་རུང་སྟེ། ཧྲཱིཿཥྚྲཱིའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་བར་བསྒོམ། ཡྃ་ལས་རླུང༌། རྃ་ལས་མེ། དེའི་སྟེང་དུ། ཨ་ཡིག་གསུམ་ལས་མི་མགོ་གསུམ་གྱི་སྒྱེད་བུ། དེར་ཨཱཿལས་མཚན་ཉིད་དང་ལྡན་པའི་ཐོད་པ། དེའི་ནང་དུ་ཤར་དུ་གོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་གླང་པོ་ཆེའི་ཤ། བྱང་དུ་ཧ་ལས་རྟའི་ཤ། དབུས་སུ་ན་ལས་མིའི་ཤ། ཡང་དབུས་སུ་ཡ་ལ་དྲི་ཆུ། ཤར་དུ་ཀྵེ་ལས་དྲི་ཆེན། ལྷོར་མ་ལས་རཀྟ། ནུབ་ཏུ་མེ་ལས་བྱང་ཆུབ་ཀྱིས་སེམས། བྱང་དུ་ད་ལས་ཤ་ཆེན་པོ་བསམ་མོ། །དེའི་སྟེང་དུ་ཨོཾ་མགོ་ཐུར་བལྟས། དེའི་སྟེང་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམས་ལ། ཧཱུྃ་ལས་འོད་བྱུང་བས་འོག་གི་རླུང་བསྐྱོད། རླུང་གིས་མེ་སྦར་བས་ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། ཨོཾ་ལས་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་བྱུང་བས་ཡེ་ཤེས་ཀྱི་བདུད་རྩི་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ལ་བསྟིམ། མཐར་ཟླ་བ་རྡོ་རྗེ་ཡང་འོད་དུ་ཞུ་བར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ལ། ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ནས་ཀྱི་ཚད་ཙམ་བསམས་ཏེ་བདུད་རྩི་མྱང་བར་བྱས་ཤིང༌། ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དྲུག་པ་མཆོད་པ་ནི། ལེའུ་གཉིས་ནས་འབྱུང་བ་ཡིན་ཏེ། སྙིང་གའི་ཡ་ལས་འོད་བྱུང་བས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང༌། ཞལ་ནས་ཞུགས་སྙིང་གར་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ཕབ། དེ་ལས་མཆོད་པའི་ལྷ་མོ་མེ་ཏོག་ལ་སོགས་པའི་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པར་གྱུར་ཏེ། དེ་དག་སྤྲོས་ནས་བདག་གི་དཀྱིལ་འཁོར་ལ་མཆོད་ལ་དེ་དག་གིས་མཆོད་པའི་གླུ་དབྱངས་ལེན་པ་ལེའུ་བཅུ་གཉིས་པ་ནས་འབྱུང་བ། ཨ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །ཁྲོས་པའི་རང་བཞིན་འདི་མཐོང་མཛོད། །མཐོ་རིས་ས་འོག་ས་སྟེང་བཅས། །ཁྱོད་ཀྱི་གར་གྱིས་གཡོ་བར་མཛད། །ཨིནྡྲ་ནག་པོ་བཅག་འདྲ་བའི། །ཁྲོ་ཁྱོད་རོ་ལངས་བཞིན་གར་མཛོད། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང༌། །མདངས་གནག་ཚད་ནི་ཐུང་བ་ལ། །རྡོ་རྗེ་དབྱངས་ཅན་མར་གསོལ་འདེབས། །བདེ་ཆེན་ངོ་བོ་ཁྱོད་དགར་མཛོད། །ཧྲཱིཿཥྚྲཱིའི་སྔགས་དང་གར་གྱིས་ཁྱོད། །སྲོད་ལ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེས་ཁྲོས་པའི་དད་སྒྲོལ་གྱིས། །སྙིང་རྗེས་འགྲོ་ལ་རབ་ཏུ་གཟིགས། །ཞེས་མཚམས་ཀྱི་ལྷ་མོ་བཞིས་གླུས་མཆོད་ལ། ལེའུ་བརྒྱད་པ་ནས་འབྱུང་བའི་སྔགས་ཀྱིས་བརྟན་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །བདུན་པ་བསྟོད་པ་ནི། མཆོད་པའི་ལྷ་མོ་དེ་དག་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྟོད་པར་བྱ་སྟེ། འདི་སྐད་དུ་ལེའུ་གཉིས་པ་ལས། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །རྡོ་རྗེའི་ཐུགས་དང་རབ་མཚུངས་པ། །རྡོ་རྗེའི་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་དབང་ཕྱུག་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ཙམ་གྱིས་ནི་བླ་མ་ཕམ་ཐིང་བ་དང༌། བླ་མ་བྷ་རོ་གཉིས་ཀའི་བཞེད་ཀྱིས་རྣལ་འབྱོར་ཆེན་པོ་རྫོགས་པས། རྫོགས་པའི་རིམ་པ་དང་བཟླས་པ་དང༌། ཡོངས་སུ་བསྔོ་བ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བ་ནི་དེ་དག་གི་རྗེས་ལ་འབྱུང་བར་འདོད་ལ། སློབ་དཔོན་དཔལ་འཛིན་ནི་དེ་བཞི་ཀའང་རྣལ་འབྱོར་ཆེན་པོའི་ཁོངས་སུ་བསྡུས་པ་ཡིན། འདིར་ནི་གཞུང་གོང་མ་ཉིད་གཙོར་འཛིན་ཏེ། རྒྱུད་ནའང་དེ་བཞིན་དུ་བཞུགས་པ་ཡིན་ནོ། །རྣལ་འབྱོར་ཆེན་པོ་བསྟན་ཟིན་ཏོ། །བསྐྱེད་པའི་རིམ་པའི་དངོས་གཞི་བསྟན་ཟིན་ཏོ།།  །།དེ་ནས་རྫོགས་པའི་རིམ་པ་ནི། དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པ་གཉིས་སུ་བཞེད་དོ། །དམིགས་པ་དང་བཅས་པ་ལ་གསུམ། ཕྲ་མོ་དང༌། ཐིག་ལེ་དང༌། ཡིད་ཀྱི་བཟླས་པའོ། །ཕྲ་མོ་ནི་ལེའུ་བཅུ་གཅིག་པ་ལས་འབྱུང་སྟེ། སྙིང་གར་ཐིག་ལེ་ཕྲ་མོའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ། དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དོན་བྱེད་པ་ལ་དམིགས་ལ་སེམས་བཟུང་པའམ། ལྷ་རེ་རེ་སྤྲོ་བའི་དམིགས་པ་ནི་ཞེ་སྡང་གིས་འདུལ་བའི་སེམས་ཅན་མཐོང་ནས་ཞེ་སྡང་གཤིན་རྗེ་གཤེད་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་བཀང་ནས། ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུར་བསྒྱུར་ནས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་ཟད་པར་བྱས་ཏེ། ཚུར་བསྡུ་བའི་ཚུལ་གྱིས་ལྷ་བཅུ་གསུམ་པོ་ཐམས་ཅད་ལ་སེམས་བཟུང་ཞིང་བསླབ་བོ། །ཐིག་ལེ་ནི་སྙིང་གར་ཐིག་ལེ་ཙམ་ལ་སེམས་འཛིན་པ་ཡིན་ལ། ཡིད་ཀྱི་བཟླས་པ་ནི། སྙིང་གར་གསང་སྔགས་བྲིས་པ་ལ་ཡིད་ཀྱིས་ཀློག་ཅིང་ཡིད་ཀྱིས་སེམས་འཛིན་པ་ཡིན་ཏེ། འདི་གཉིས་ནི་རྒྱུད་ན་མི་གསལ་ལོ། །དམིགས་པ་མེད་པའི་རྫོགས་པའི་རིམ་པ་ལེའུ་བཅུ་བདུན་པ་ནས་འབྱུང་བ་ཡིན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་ལྷ་ཐམས་ཅད་ལ་བལྟས་ལ་འདི་རྣམས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཡིན་ཞིང༌། སེམས་དེའང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཡིན་ལ། དེའང་རང་བཞིན་མེད་པར་བསམ་ལ་ཡུན་རིང་དུ་ནན་ཏན་བྱའོ། །རྫོགས་པའི་རིམ་པ་བསྟན་ཟིན་ཏོ།།  །།དེ་ནས་བཟླས་པ་བྱ་བར་འདོད་ན་དཔྲལ་བའི་སྐུ་རྡོ་རྗེ་ལ་སོགས་པ་ལས་འོད་ཟེར་སྤྲོས་ལ་སེམས་ཅན་ཐམས་ཅད་སྐུ་རྡོ་རྗེའི་རང་བཞིན་དུ་བྱ་ཞིང་བསྡུ་བ་ནས། གསུང་དང་ཐུགས་དང་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་བར་དུ་སྤྲོས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་རྣམ་པར་བྱས་ཏེ། དེ་དག་ཐམས་ཅད་ཀྱིས་བདག་གི་བཟླས་པའི་གྲོགས་བྱེད་པར་བསམ་ཞིང༌། རྩ་བའི་སྔགས་ཡི་གེ་གསུམ་ཅུ་སོ་གཉིས་པའམ། སྙིང་པོ་ཡི་གེ་བཅུ་བཞི་པའམ། ཉེ་བའི་སྙིང་པོ་ཡི་གེ་བདུན་པ་གང་ཡང་རུང་བ་ཟློ་བར་བྱེད་པ་ལས། གཙོར་སྙིང་པོའི་སྔགས་ཟློ་བར་བྱེད་དེ། ལེའུ་དང་པོ་ལས་འབྱུང་བ། ཨོཾ་ཧྲཱིཿཥྚྲཱི་ཝ་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླའོ། །སྔགས་ཀྱི་བཟླས་ཚུལ་དང་ཕྲེང་བ་ནི། ལེའུ་བཅུ་གཉིས་པ་ལས་འབྱུང་བ་ཡིན་ཏེ། མི་ལ་སོགས་པའི་རུས་པ་ལས་བྱས་པའི་ཕྲེང་བའི་རི་ལུ་སོ་སོའི་བསྙེན་པའི་དུས་སུ་ནི་གཤིན་རྗེ་གཤེད་དུ་བསྒོམས་ལ། སྒྲུབ་པའི་དུས་སུ་ནི་མིའི་མགོ་བོ་ཁྲག་འཛག་པར་བསམ་ཞིང༌། ཧ་ཅང་མྱུར་བ་མ་ཡིན་པ་དང༌། ཧ་ཅང་བུལ་བ་མ་ཡིན་པ་དང༌། ཧ་ཅང་རིང་བ་མ་ཡིན་པ་དང༌། ཧ་ཅང་ཐུང་བ་མ་ཡིན་པ་དང༌། སྒྲ་ཆུང་ངུ་མ་ཡིན་པ་དང༌། ཆེན་པོ་མ་ཡིན་པར་རང་གིས་ཐོས་པ་ཙམ་དུ་གསལ་བར་བཟླས་སོ། །གྲངས་ཀྱི་ཚད་ཀྱང་ཁྲིའམ། འབུམ་མམ། ས་ཡའམ། བྱེ་བ་བཟླས་པས་འགྲུབ་ལ། བྱེ་བ་ལྔ་བཟླས་ན་དངོས་གྲུབ་རྣམས་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། ཞེས་འབྱུང་བ་ཡིན་ནོ། །དེ་ནས་ཐུན་གཏོང་བར་འདོད་པའི་ཚེ། བདག་གི་དཀྱིལ་འཁོར་ལ་མཆོད་པ་དང༌། བསྟོད་པ་དང་བདུད་རྩི་མྱང་བ་བྱས་ལ། དེ་ནས་སློབ་དཔོན་དཔལ་འཛིན་གྱི་བཞེད་པ་ནི། ཨོཾ་ཨཱཿཧཱུྃ། ཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཏོན་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ཏེ། དངོས་གྲུབ་བླངས་ནས་དགེ་བའི་རྩ་བ་བསྔོས་ལ། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་གཤེགས་སུ་གསོལ་བ་བཞེད་དོ། །བརྒྱུད་པ་འདིའི་རྗེས་སུ་འབྲང་བས་ནི་སྨོན་ལམ་བཏབ་པའི་བར་དུ་འདྲ་ལ། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་མདུན་གྱི་དཀྱིལ་འཁོར་ཡང་བདག་ལ་བསྡུ་ཞིང་ཕྱི་རོལ་གྱི་འཁོར་ལོ་ཡང་བདག་ལ་བསྡུ་བར་བྱའོ། །མཉམ་གཞག་གི་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ནས་ལངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་རང་ཡང་གཤིན་རྗེ་གཤེད་ཀྱི་ང་རྒྱལ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་བསམ། སྒྲ་ཅི་གྲག་པ་ཐམས་ཅད་ཀྱང་རང་གི་སྔགས་སུ་བསམས་ལ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་སྤྱོད་ལམ་བྱའོ། །སྤྱོད་ལམ་མོ། དེ་ནས་ལེའུ་དྲུག་པ་དང༌། ལེའུ་བཅུ་གཉིས་པ་དང༌། ལེའུ་བཅུ་བདུན་པ་ནས་འབྱུང་བའི་ཚུལ་གྱིས་བདག་ཉིད་དམ་ཚིག་གི་ཉེས་པས་མི་གོས་པར་བྱ་བ་དང༌། གལ་ཏེ་ཉེས་པ་བྱུང་ན་ཡང་དཀྱིལ་འཁོར་དུ་འཇུག་ཅིང༌། ཕྱིར་བཅོས་པས་བདག་གི་རྒྱུད་དག་པར་བྱ་བ་ཡིན་ནོ། །དམ་ཚིག་གོ །ཡང་ཁ་ཟས་དང་འབྲེལ་པའི་བྱ་བ་ནི་ལེའུ་བཅུ་གཉིས་པ་ནས་འབྱུང་བ་ཡིན་ཏེ། ཁ་ཟས་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། ཕུད་བླ་མ་དང་གཤིན་རྗེ་གཤེད་ལ་ཕུལ་ཏེ་བདག་ལྷའི་ང་རྒྱལ་དང་ལྡན་པས་ལྷ་མཆོད་པའི་བསམ་པས་ཟོས་ལ། ལྷག་མ་འབྱུང་པོའི་ཚོགས་ལ་གཏོར་མ་སྦྱིན་པར་བྱ་བ་ཡིན་ནོ། །ཁ་ཟས་སོ། །འདི་དག་གི་ཐུན་དང་པོ་ཐུན་མཚམས་ཀྱི་བྱ་བ་དང་བཅས་པ་བསྟན་པ་ཡིན་ཏེ། ཐུན་གཉིས་པ་དང་གསུམ་པ་དང་བཞི་པའི་བར་ལ་ཡང་དེ་བཞིན་དུ་བྱས་ལ་སྲོད་ཀྱི་ཐུན་ཐ་མ་ལ། ཁམས་གསུམ་སྲུང་བའི་འཁོར་ལོ་ལ་བསྡུ་བ་ནས། ཏིང་ངེ་འཛིན་སེམས་དཔའི་ཡྃ་མི་དམིགས་པར་བསྡུ་བའི་བར་དུ་བསྡུས་ལ། བདག་མེད་པའི་བསམ་གཏན་གྱིས་གཉིད་ལོག་ལ་ནང་པར་སྐད་ཅིག་ཙམ་གྱིས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་ལངས་ལ་སྔ་མ་བཞིན་མངོན་པར་རྟོགས་པའི་བྱ་བ་ལ་འཇུག་པར་བྱ་བ་ཡིན་ནོ། །ཉལ་བ་དང་ལྡང་བའི་བསམ་གཏན་ནོ། །དེ་ནས་ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་ན། གཏོར་མ་ཇི་སྙེད་ཅིག་བཏང་བ་ལེའུ་བཅུ་གཉིས་པ་ལས་འབྱུང་སྟེ། ཉིན་རེའམ་ཡང་ན་ཟླ་རེའམ། །དེ་བཞིན་ལོ་ནི་རེ་རེ་ལ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །དབྱུ་གུ་དྲུག་ཅུ་རྩ་བཞིར་ཤེས། །ཞེས་འབྱུང་བས་ན། ཉིན་རེའམ། ཟླ་རེའམ་ལོ་རེ་ལ་དྲུག་ཅུ་རྩ་བཞི་སྟེར་རོ། །དེ་ལ་ཉིན་རེ་ལ་དྲུག་ཅུ་རྩ་བཞི་ཇི་ལྟར་གཏོང་ཞེ་ན། ཐུན་རེའི་ཐོག་མར་བརྒྱད་བརྒྱད་དེ། ཐུན་བཞིའི་ངེས་པས་དྲུག་ཅུ་རྩ་བཞི་འམ། ཐུན་མཚམས་བཞིར་བཅུ་དྲུག་བཅུ་དྲུག་སྟེ། དྲུག་ཅུ་རྩ་བཞིའི་ཐུན་གང་ཡང་རུང་བའི་ཐུན་མཚམས་གཅིག་ཏུ་དྲུག་ཅུ་རྩ་བཞི་དུས་གཅིག་ཏུ་གཏོང་བ་ཡིན་ནོ། །ཟླ་བ་རེ་རེའི་དྲུག་ཅུ་རྩ་བཞིའི་གཏོང་ལུགས་ནི། ཞག་རེའི་སྲོད་དང་ཐོ་རངས་གཉིས་ཀྱི་ཐུན་ལ་གཏོར་མ་རེ་རེ། ཡར་ངོའི་བརྒྱད་དང་བཅུ་བཞི། མར་ངོའི་བརྒྱད་དང་བཅུ་བཞི་ལ་གཏོར་མ་ལྷག་པོ་ཆེ་བ་རེ་རེ་སྟེ། དྲུག་ཅུ་རྩ་བཞིའོ། །ལོ་གཅིག་གི་དྲུག་ཅུ་རྩ་བཞིའི་གཏོང་ལུགས་ནི། ཟླ་བ་བཅུ་གཉིས་ཀྱི་རེ་རེ་ལ་འབྱུང་པོའི་ཞག་བཞི་བཞི་སྟེ། བསྡམས་པས་བཞི་བཅུ་ཞེ་བརྒྱད། ཟླ་བ་བཅུ་གཉིས་ཀྱི་མར་ངོའི་ཉི་ཤུ་དགུ་ལ། གཏོར་མ་ལྷག་པོ་རེ་རེ་སྟེ། བཅུ་གཉིས་བསྣན་པས་དྲུག་ཅུ། ར་བ་བཞིའི་མར་ངོའི་ཚེས་བརྒྱད་ལ། གཏོར་མ་ལྷག་པོ་རེ་སྟེ་དྲུག་ཅུ་རྩ་བཞིའོ། །ལོ་གཅིག་གི་དྲུག་ཅུ་རྩ་བཞི་པོ་འདི་ཡི་ལུགས་ལ། དྲུག་ཅུ་རྩ་བཞིའི་ཁོངས་སུ་མ་གཏོགས་པ་ཞག་རེའི་སྲོད་ཐུན་གྱི་གཏོར་མ་རེ་འཆག་ཏུ་མི་རུང་ངོ༌། །ཞེས་བླ་མ་གསུང་ངོ༌། །གཏོར་མ་བཏང་བའི་མངོན་པར་རྟོགས་པ་དངོས་ནི། ལེའུ་དྲུག་པ་ལས་འབྱུང་བ་ཡིན་ཏེ། དེ་ལ་ཡང་ཇོ་བོ་ནཱ་རོ་ཏ་པ་ནི། ལྷ་དང་འབྱུང་པོའི་གཏོར་མ་ཞེས་བྱ་བ་གཉིས་སུ་མཛད་ལ། གཞན་ཐམས་ཅད་ནི་གཅིག་ཏུ་བསྡུས་པ་ཡིན་ནོ། །དེ་ལ་འཇིག་རྟེན་ལས་འདས་པའི་གཏོར་མ་འདི་ནི་གཞུང་ན་མེད་དེ། བླ་མའི་མན་ངག་གིས་སྦྱར་བ། གཏོར་མ་བདུད་རྩི་བཞིན་བྱིན་གྱིས་བརླབ། དེ་ནས་གཏོར་མ་ལས་ཐོད་པ་རེ་ཆད་ཅིང༌། ལྷ་ཐམས་ཅད་ཀྱི་ཕྱག་ཏུ་ཕུལ་ལ་མཉེས་པར་བསམ་ཞིང༌། ཨོཾ་སརྦ་ལོ་ཀོཏྟ་ར་ཛྙཱ་ན། བཛྲ་ཡ་མཱ་རི་གྷ་བ་ན་སརྦ་གྲིཧྣེ་དཾ། བ་ལིཾ་བྷཀྵ་བྷཀྵ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྟབས་ཤིང༌། རྩ་བའི་སྔགས་ཀྱིས་བསྟོད་ལ་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་བར་བྱའོ། །དེ་ནས་ནཱ་རོ་ཏ་པ་ནི་འཇིག་རྟེན་པའི་གཏོར་མར་བྱེད། གཞན་རྣམས་ནི་ཐུན་མོང་གི་གཏོར་མར་བྱེད་པ་འདིའི་མངོན་པར་རྟོགས་པ་ནི། སའི་ཕྱོགས་གཙང་བར་ཆང་ལ་བདུད་རྩི་ལྔ་སྦགས་པས་དཀྱིལ་འཁོར་གྲུ་གསུམ་དུ་བྱུགས། དེར་སྟེང་འོག་གི་ཚོམ་བུ་ནི་དབུས་སུ་དགོད་དེ། ཕྱོགས་མཚམས་དང་བཅས་པར་འབྱུང་པོའི་མེ་ཏོག་ཚོམ་བུ་བཅོ་ལྔ་དགོད། ཅི་འབྱོར་པའི་གཏོར་མ་ཤ་དང་ཆང་དང་བདུད་རྩིས་སྦགས་པ་བཤམ། བྱིན་གྱིས་བརླབ་པ་བདུད་རྩི་བཞིན་རྒྱས་པར་བྱ། དབུལ་བའི་ཆོ་ག་ནི་གསུམ་སྟེ། དེ་ལ་རྒྱས་པར་བྱེད་ན། ཨོཾ་ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་དུཥྚྲཱན་ཨིནྡྲ་ཡ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་བྱ་བ་འདིས་བརྒྱ་བྱིན་མིག་སྟོང་བ། མདོག་དམར་སྐྱ་གླང་པོ་ཆེའི་གདན་ལ་གནས་པ། ཕྱག་གཡས་པ་ན་རྡོ་རྗེ་དང༌། ཅིག་ཤོས་སྡིགས་མཛུབ་བྱེད་པ་བཀུག་ལ་ཤར་ཕྱོགས་ཀྱི་མེ་ཏོག་ཚོམ་བུའི་སྟེང་དུ་གཞག་པར་བྱའོ། །སྔགས་དེ་ཉིད་ཀྱིས་ཉེ་དབང་སྟེ། ཁྱབ་འཇུག་ནམ་མཁའ་ལྡིང་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་ཅན། གཡས་ན་དབྱུག་ཐོ་དང་འཁོར་ལོ་ཐོགས་པ། གཡོན་ན་དུང་དང་ནོར་བུ་ཐོགས་པ། དེ་ཉིད་ཀྱི་གཡོན་དུ་ཧ་ཅང་ཡང་མི་རིང་བར་བཞག་གོ །དེ་བཞིན་དུ་ཡི་གེ་བཅུ་བཞི་པའི་རྗེས་ལ་སརྦ་དུཥྚྲཱ་ན་ཞེས་བྱ་བའི་རྗེས་ལ་རང་རང་གི་མིང་བརྗོད་ཅིང་མཇུག་ཏུ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་བྱ་བ་ནི་ཐམས་ཅད་དུ་འཇུག་པར་ཤེས་པར་བྱའོ། །དེ་ལ་རང་རང་གི་མིང་ནི་ཡ་མཱ་ཡ་ཞེས། གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། དབྱུག་པ་དང་སྡིགས་མཛུབ་འཛིན་པ་བཀུག་ལ་ལྷོར་བཞག ཝ་རུ་ཎཱ་ཡ་ཞེས་པས་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ་བཀུག་ལ་ནུབ་ཏུ་བཞག ཀུ་བཻ་རཱ་ཡ་ཞེས་པས་ནོར་སྦྱིན་སེར་པོ་གཏེར་གྱི་བུམ་པ་ལ་བཞུགས་པ། བི་ཛ་པཱུ་ར་དང་ནེའུ་ལེ་འཛིན་པ་བྱང་དུ་བཞག ཨཱི་ཤ་ནཱ་ཡ་ཞེས་པས་དབང་ལྡན་དཀར་པོ་ཁྱུ་མཆོག་ལ་ཞོན་པ། རྩེ་གསུམ་དང་ཐོད་པ་འཛིན་པ། གཽ་རཱི་ལ་འཁྱུད་པ་དབང་ལྡན་དུ་བཞག དེའི་དྲུང་དུ་ཚོགས་བདག་དཀར་པོ་བྱི་བ་ལ་ཞོན་པ་གཡས་ན་ཕྲེང་བ་དང་དགྲ་སྟྭ། གཡོན་ན་ལ་ཕུག་དང་ལ་དུ་འཛིན་པ་བཞག ཨགྣ་ཡེ་ཞེས་པས་མེ་ལྷ་དམར་པོ་ར་ལ་ཞོན་པ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ་མེའི་ཕྱོགས་སུ་དགོད། ནཻར་རྀ་ཏྱཱ་ཡ་ཞེས་པས་སྲིན་པོ་ནག་པོ་རོ་ལ་ཞོན་པ་གྲི་གུག་དང་ཐོད་པ་འཛིན་པ་བདེན་བྲལ་དུ་དགོད། བཱ་ཡ་བེ་ཞེས་པས་རླུང་ལྷ་ལྗང་སྔོན་ཤ་བ་ལ་ཞོན་པ་བ་དན་ཐོགས་པ་རླུང་དུ་དགོད། དེ་ནས་སྟེང་གི་ལྷ་གསུམ་ནི་བཀུག་ལ་སྟེང་དུ་བཞག་སྟེ། ཙནྡྲཱ་ཡ་ཞེས་པས་ཟླ་བ་དཀར་པོ་ཀུ་མུ་ཏའི་སྟེང་ན་འདུག་པ་ཀུ་མུ་ཏ་འཛིན་པའོ། །ཨཱརྐཱ་ཡ་ཞེས་པས་ཉི་མ་དམར་པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་ཞོན་པ་པདྨ་འཛིན་པའོ། །བྲཧྨ་ཎཱ་ཡ་ཞེས་པས་ཚངས་པ་སེར་པོ་གདོང་བཞི་པ་གཡས་མེ་ཐབ་དང་མི་འཇིགས་པ། གཡོན་དབྱུག་པ་དང་ཕྲེང་བ་འཛིན་པ་རལ་པས་བརྒྱན་པ་ངང་པ་ལ་ཞོན་པ་བཀུག་ལ་སྟེང་དུ་བཞག་གོ །བ་སུནྡྷ་རྻཻ་ཞེས་པས་སའི་ལྷ་མོ་མདོག་སེར་མོ་པདྨ་ལ་གནས་པ་བུམ་པ་འཛིན་པ་བཀུག་ལ་འོག་ཏུ་བཞག བི་མ་ཙི་ཏྲཱ་ཡ་ཞེས་པས་ཐག་ཟངས་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ་རལ་གྲི་དང་སྡིགས་མཛུབ་མཛད་པ་བཀུག་ལ་འོག་ཏུ་བཞག་གོ །དེ་ནས་ཡང་བདག་གི་སྙིང་གའི་ཡྃ་ལས་གཤིན་རྗེ་མཐར་བྱེད། གཤིན་རྗེ་གཤེད་ཀྱི་ངོ་བོའི་ཕུར་བུ་འཛིན་པ་དུ་མ་སྤྲོས་ལ། ཨོཾ་ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་དུཥྚཱན་ས་པ་རི་ཝཱ་ར་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་པས་ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོ་ནས་རྐང་པའི་བར་དུ་ཐལ་བྱུང་བར་བསྒོམས་ལ། ཐམས་ཅད་འོད་དུ་ཞུ་ནས་ཐིག་ལེར་གྱུར། ཐིག་ལེ་ལས་ས་བོན་བཅོ་ལྔར་གྱུར། ས་བོན་ལས་རང་རང་གི་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་ལས་སོ་སོའི་སྐུ་བསྐྱེད་པར་བྱ་སྟེ། ས་བོན་ལས་གྱུར་པའི་ཕྱག་མཚན་དེ་དག་ཀྱང༌། གཡས་ཀྱི་བར་པ་ཐམས་ཅད་ན་རང་རང་གི་ཕྱག་མཚན་དུ་བྱས་ཏེ་འཛིན་པའོ། །རང་རང་གི་ཕྱག་མཚན་ནི་ས་བོན་གྱུར་པ་ལས་བྱུང་བ་རྣམས་ཡིན་ནོ། །ཤར་དུ་ཧྲཱིཿདང་རྡོ་རྗེ་ལས་བྱུང་བའི་བརྒྱ་བྱིན་དམར་སེར། ལྷོར་ཥྚྲིའ་དང་དབྱུག་པ་ལས་བྱུང་བའི་གཤིན་རྗེ་གཤེད་སྔོན་པོ། ནུབ་ཏུ་ཝི་དང་སྦྲུལ་ཞགས་ལས་བྱུང་བའི་ཆུ་ལྷ་དཀར་པོ། བྱང་དུ་ཀྲྀ་དང་བི་ཛ་པཱུ་ར་ལས་བྱུང་བའི་ཀུ་བེ་ར་སེར་པོ། དབང་ལྡན་དུ་ཏ་དང་རྩེ་གསུམ་ལས་བྱུང་བའི་དབང་ལྡན་དཀར་པོ། མེར་ཨ་དང་སྤྱི་བླུགས་ལས་བྱུང་བའི་མེ་ལྷ་དམར་པོ། བདེན་བྲལ་དུ་ན་དང་གྲི་གུག་ལས་བྱུང་བའི་བདེན་བྲལ་སྔོན་པོ། རླུང་དུ་ན་དང་བ་དན་ལས་བྱུང་བའི་རླུང་ལྷ་ལྗང་གུ། སྟེང་དུ་ཧཱུྃ་དང་ཀུ་མུ་ཏ་ལས་ཟླ་བ་དཀར་པོ། དེ་ཉིད་དུ་ཧཱུྃ་དང་པདྨ་ལས་ཉི་མ་དམར་པོ། དེ་ཉིད་དུ་ཕཊ་དང་ཕྲེང་བ་ལས་བྱུང་བའི་ཚངས་པ་སེར་པོ། འོག་ཏུ་ཕཊ་དང་བུམ་པ་ལས་བྱུང་བའི་སའི་ལྷ་མོ་སེར་མོ། ཡང་འོག་ཏུ་སྭཱ་དང་རལ་གྲི་ལས་བྱུང་བའི་ཐག་ཟངས་རིས་སྔོན་པོ། བརྒྱ་བྱིན་གྱི་རྩར་ཧཱ་དང་དབྱུག་ཐོ་ལས་བྱུང་བའི་ཁྱབ་འཇུག་སྔོན་པོ། དབང་ཕྱུག་གི་རྩར་ཧྲ་དང་དགྲ་སྟྭ་ལས་བྱུང་བའི་ཚོགས་བདག་དཀར་པོ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་པར་བཞུགས་པ། གླང་པོ་ཆེ་ལ་སོགས་པ་རང་རང་གི་སྟན་ལ་གནས་པ། གོང་དུ་བསྟན་པ་བཞིན་དུ་སྐུ་མདོག་སྔོན་པོ་ཐམས་ཅད་ནི་གཡས་དཀར། གཡོན་དམར་ལ། དཀར་པོ་རྣམས་ནི་གཡས་དཀར་གཡོན་དམར་ཞིང༌། སེར་ལྗང་གསུམ་ནི་གཡས་སྔོ་གཡོན་དཀར་པོ། ཕྱག་དང་པོ་ཐམས་ཅད་ནི་གྲི་གུག་དང་ཐོད་པ་འཛིན། གཡས་ཀྱི་བར་པ་ཐམས་ཅད་ནི་རྡོ་རྗེ་ལ་སོགས་པ་རང་རང་གི་མཚན་མ་བཟུང་ཞིང༌། གཡས་ཐ་མ་ཐམས་ཅད་ནི་རལ་གྲི་འཛིན་པ་ལས། སྲིན་པོའི་བར་པ་དང༌། ཐག་ཟངས་རིས་ཀྱི་ཐ་མ་གཉིས་ནི་རྡོ་རྗེ་ཡིན་ནོ། །མཚམས་བཞིའི་གཡོན་འོག་མ་གཉིས་ནི་རིན་པོ་ཆེ་དང་པདྨ་ཡིན་ལ། གཞན་ཐམས་ཅད་ཀྱི་གཡོན་འོག་མ་གཉིས་ནི་འཁོར་ལོ་དང་པདྨ་ཡིན་ནོ། །དེ་ནས་ཐམས་ཅད་ལ་སྐད་ཅིག་ཙམ་གྱི་རྣལ་འབྱོར་གྱིས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། དབང་བསྐུར་ཏེ་ཐམས་ཅད་ལ་གཙོ་བོས་དབུ་བརྒྱན་པར་བྱའོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ཕུལ་ལ། ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་བསམས་ལ་གཏོར་མ་གསོལ་བར་བསམ་ཞིང༌། སྔགས་འདིས་བསྟབ་པར་བྱ་སྟེ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མཱ་ཡ་ཥྚྲཱི། བ་རུ་ནཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནཻར་རྀ་ཏྱཱ་ཡ་ན། བཱ་ཡ་བེ་ན། ཙནྡྲཱཏྶྨ་ཡ་ཧཱུྃ། ཨཱརྐཱ་ཡ་ཧཱུྃ། བྲཧྨ་ཎཱ་ཡ་ཕཊ། བ་སུནྡྷ་རི་ཡེ་ཕཊ། བི་མ་ཙི་ཏྲཱ་ཡ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧི་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ། ཕེཾ་ཕེཾ་ཕེཾ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་གྱིས་གཏོར་མ་དབུལ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཕུལ་བས་ཐམས་ཅད་ཀྱང་སྒྲུབ་པ་པོ་ལ་དགྱེས་པའི་ཚུལ་གྱིས། མཆོད་པའི་ཡོ་བྱད་ཐམས་ཅད་ལོངས་སྤྱད་པར་བསམས་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །ལ་སོགས་པས་བསྟོད་ལ། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པ་བརྗོད་ནས་བཟོད་པར་གསོལ་ལ་ཅི་འདོད་པའི་དངོས་གྲུབ་བླངས་ཏེ། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་གཤེགས་སུ་གསོལ་བས། དེ་དག་གིས་ཀྱང་རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག དོན་ཐམས་ཅད་གྲུབ་པར་གྱུར་ཅིག ཅེས་གསུངས་ནས་བདག་ལ་མཉེས་པར་མཛད་ནས་གཤེགས་པར་བསམས་ལ་མི་དམིགས་པར་བྱའོ། །བདག་གིས་ཀྱང་ཧ་ཧ་ཞེས་བརྗོད་ཅིང་ལྷའི་ང་རྒྱལ་དང་ལྡན་པས་བགེགས་རྣམས་ཟིལ་གྱིས་མནན་ལ་ཅི་བདེར་གནས་པར་བྱའོ། །གཏོར་མ་རྒྱས་པའི་ཆོ་གའོ། །གལ་ཏེ་འབྲིང་དུ་བྱེད་པར་འདོད་ན་མགྲོན་གྱི་རྣལ་འབྱོར་དག་བསྡུས་པ་ཡིན་ཏེ། དེ་ལ་མགྲོན་དགུག་པར་འདོད་པས། ཨོཾ་ཧྲིཿཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སརྦ་དུཥྚཱན་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿ ཞེས་པས་རང་རང་གི་རྟགས་དང་ཆ་ལུགས་འཛིན་པའི་འབྱུང་པོ་བཅོ་ལྔ་སྤྱན་དྲངས་ལ་མེ་ཏོག་ཚོམ་བུའི་སྟེང་དུ་དགོད། ཡང་སྙིང་ག་ནས་ཕུར་བུ་འཛིན་པའི་གཤིན་རྗེ་གཤེད་སྤྲོས་ལ། ཨོཾ་ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སརྦ་དུཥྚཱན་ས་པ་རི་ཝཱ་ར། ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཀཱི་ཡ་ཧཱུྃ། ཞེས་བརྗོད་ནས་ཕུར་བུ་བཏབ་པ་ཙམ་གྱིས། སྐད་ཅིག་ལ་བཅུད་ལེན་འཐུངས་པས་ལུས་གྲུབ་པ་ཞིན་དུ། སྐད་ཅིག་མས་རང་རང་གི་ཕྱག་མཚན་འཛིན་པའི་ཞལ་གསུམ་ཕྱག་དྲུག་པའི་གཤིན་རྗེ་གཤེད་དུ་གྱུར་པས་བསམ་པ་སྟེ། ཡན་ལག་བཞི་རྫོགས་ལ་སོགས་པ་ཆོ་ག་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །གཏོར་མ་བསྡུས་པ་བྱེད་པར་འདོད་ན། སྙིང་གའི་ཡྃ་ཡིག་གི་འོད་ཟེར་གྱིས་འཇིག་རྟེན་པ་བཅོ་ལྔ་སྤྱན་དྲངས་ལ། མདུན་གྱི་ཚོམ་བུའི་སྟེང་དུ་བཞག ཡང་ཐུགས་ཀའི་འོད་ཟེར་སྤྲོས་ཏེ་དེ་དག་ལ་ཕོག་པས་ཐམས་ཅད་ཀྱང༌། གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་དུ་བསམ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་སྤྱན་དྲངས་ལ་དེ་དག་ལ་བསྟིམ། ཡུད་ཙམ་གྱིས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་དབང་བསྐུར་ལ། ཞེ་སྡང་གཤིན་རྗེ་གཤེད་ཀྱི་དབུར་བརྒྱན། གཏོར་མའི་སྔགས་ལན་གསུམ་གྱིས་གཏོར་མ་བསྟབས་ལ། དེ་དག་ཀྱང་བདག་ལ་ཧ་ཧ་ཞེས་གསུངས་ནས་དགྱེས་པའི་ཚུལ་གྱིས་གཏོར་མ་གསོལ་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་ནས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། བདག་གིས་ཀྱང་ཧ་ཧ་ཞེས་པས་ལྷའི་ང་རྒྱལ་དང་ལྡན་པས་བགེགས་ཐམས་ཅད་ཟིལ་གྱིས་མནན་ལ། རང་གི་ཇི་ལྟར་འདོད་པའི་བྱ་བ་ལ་འཇུག་པར་བྱའོ། །གཏོར་མའི་ཆོ་ག་བསྡུས་པའོ། །དེ་ལྟར་གཏོར་མའི་རྣལ་འབྱོར་རྒྱས་བསྡུས་གསུམ་ལས། གཙོར་འབྲིང་བསྡུས་གཉིས་ཉམས་སུ་ལེན་ལ། དེའང་དབང་བསྐུར་དང༌། རབ་གནས་དང་ཚོགས་འཁོར་ལ་སོགས་པའི་དུས་སུ་འབྲིང་པོ་མཛད་ལ། ཐུན་གྱི་གཏོར་མ་ནི་ཆོ་ག་བསྡུས་པའི་ཆོ་ག་གཙོར་མཛད་དོ། །གཏོར་མའི་རྣལ་འབྱོར་བསྟན་ཟིན་ཏེ་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།དེ་ལ་འདིར་བླ་མ་རྣམས་ཀྱི་མན་ངག་གིས་ནག་པོ་རྒྱུད་གསུམ་པོ་གཅིག་ཏུ་བསྡེབས་ནས། མངོན་པར་རྟོགས་པ་གཅིག་ཏུ་བྱེད་པ་ཡིན་ཏེ། དེའང་དགྲ་ནག་པོ་འདི་ནས་མངོན་པར་རྟོགས་པ་ཐམས་ཅད་ཀྱི་གཞི་མ་ཚང་བ་མེད་པར་སྟོན། གདོང་དྲུག་པ་ནས་འཁྲུལ་འཁོར་གསལ་བར་སྟོན་ཅིང༌། གཞན་རྣམས་ཀྱང་མ་ཚང་བ་ཁ་སྐོང༌། རྟོག་པ་བདུན་པ་ནས་གསང་སྔགས་གསལ་བར་སྟོན་ཅིང༌། གཞན་རྣམས་ཀྱང་མ་ཚང་བ་ཁ་སྐོང་ངོ༌། །དེ་ལྟར་ན་ཕན་ཚུན་གཅིག་ན་མི་གསལ་བ་གཅིག་གིས་གསལ་བར་བྱ་ཞིང༌། མངོན་པར་རྟོགས་པ་རྣམས་ལག་ཏུ་ལོངས་པར་འཆད་པ་ཡིན་མོད་ཀྱི། རང་གི་མངོན་པར་རྟོགས་པ་མི་འདྲ་བའི་ཁྱད་པར་ནི། རང་རང་གི་རྒྱུད་ཀྱི་སྟེང་དུ་སོ་སོར་ཤེས་པར་བྱའོ། །དེ་ལྟ་བུའི་གདམས་ངག་དེ་དག་ཇི་ལྟར་བརྒྱུད་དེ་འོངས་པ་ཡིན་ཞེ་ན། བརྒྱུད་པ་རྣམ་པ་གཉིས་ཏེ། དང་པོ་ནི་སངས་རྒྱས་དང༌། ཕྱག་ན་རྡོ་རྗེ་དང༌། ས་ར་ཧ་ཆེན་པོ་ནས་བཟུང་སྟེ། བླ་མ་ཕམ་ཐིང་བའི་བར་དུ་འཁོར་ལོ་བདེ་མཆོག་དང་བརྒྱུད་པ་མཐུན་པར་གསུངས་ལ། གཉིས་པ་ནི་འཇམ་དཔལ་དང༌། སངས་རྒྱས་ཡེ་ཤེས་ཞབས་དང༌། མར་མེ་མཛད་བཟང་པོ་དང༌། བཟང་པོ་ཞབས་དང༌། ཛ་མ་རི་པ་དང༌། ན་རི་པ་དང༌། ཨ་རུ་ལ་དཱ་ས་བཛྲ་དང༌། བླ་མ་བྷ་རོ་ཕྱག་རྡུམ་གྱི་བར་དུའོ། །བླ་མ་ཕམ་ཐིང་བ་དང་བྷ་རོ་ཕྱག་རྡུམ་གཉིས་ལ། བླ་མ་མལ་གྱོ་ལོ་ཙཱ་བས་གསན་ཏེ། བླ་མ་དེ་གཉིས་ཀྱིས་ཀྱང་མི་འདྲ་བའི་ཁྱད་པར་ཕྲ་མོ་མ་ཡིན་པ་རྒྱུད་གསུམ་ཀ་མཐུན་པར་འབྱུང་ངོ༌། །བླ་མ་མལ་གྱོ་ལོ་ཙཱ་བ་ལ། བླ་མ་ཆེན་པོ་ས་སྐྱ་པས་གསན་ཏེ། ཇི་ལྟར་བརྒྱུད་དེ་འོངས་པ་བསྟན་ཟིན་ཏོ།།  །།དཔལ་ལྡན་གཤིན་རྗེ་འཇོམས་མཛད་རྒྱུད་ཀྱི་དོན། །རྒྱ་མཚོ་ཆེན་པོའི་ནོར་བུའི་གླིང་འདྲ་ལས། །བླ་མའི་དེད་དཔོན་མན་ངག་གྲུ་གཟིངས་ལ། །བརྟེན་ནས་རིན་ཆེན་འདི་ནི་བདག་གིས་བླངས། །མངོན་རྟོགས་རིན་ཆེན་ལག་པའི་སྟེང་བཞག་འདི། །རྒྱུད་དོན་ཚོལ་བས་དུབ་པའི་དབུལ་པོ་ལ། །བྱིན་པའི་དགེ་བ་ཇི་སྙེད་ཡོད་པ་དེས། །འགྲོ་བའི་སྡུག་བསྔལ་བསལ་ནས་རང་བྱུང་ཤོག །གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ཀྱི་མངོན་པར་རྟོགས་པ་གསལ་བ་འདི། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་དམ་པར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  མངྒ་ལཾ་བྷ་ཝ་ཏུ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*