གསང་བའི་གནད་ལྔ་ཞལ་ཤེས།

༼ཉ༽

༄། །གསང་བའི་གནད་ལྔ་ཞལ་ཤེས་བཅས་བཞུགས།།

༄༅། །འདིའི་མན་ངག་ལ་བསྐྱེད་རིམ་རྟེན་འབྲེལ་གྱི་གནད། རྫོགས་རིམ་དབང་སྡུད་ཀྱི་གནད། སྨན་ཆེན་པོ་བཅུད་ལེན་གྱི་གནད། རྩ་དབུ་མ་འཁྲུལ་འཁོར་གྱི་གནད། གནོད་སྦྱིན་མོ་མངོན་ཤེས་ཀྱི་གནད། གསང་བ་ཡང་གནད་ཞལ་ཤེས་དང་བཅས་པའི་ཐོ་ཡིག་གོ །རྗེ་བཙུན་ཆེན་པོའི་ཞལ་ནས། སྤྱིར་ཆོས་ལ་ཟབ་པ་དང་ཞལ་པོ་ཆེ་མང་ཡང༌། བླ་མའི་རྣལ་འབྱོར་དང༌། འདིའི་མན་ངག་ལས་ཟབ་པ་ཡོད་རེ་གསུངས་ནས་དབུ་སྙུང་གསུམ་བཞེས་ནས་གནང་བའོ། །ཨི་ཐི།།  །།བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་རིན་པོ་ཆེའི་ཞལ་ནས། ངའི་ཆོས་སྐོར་ཐམས་ཅད་ཀྱི་བཅུད་ཕྱུང་བ་འདི་ཁོ་ན་ཡིན་ཞིང༌། བླ་མ་ཆེན་པོ་དེས་ཀྱང་མན་ངག་འདི་འདའ་ཁ་མིན་ང་ལ་མ་གནང་བ་ཡིན་པས། ཁྱོད་ཀྱིས་ཀྱང་ཤིན་ཏུ་གཅེས་སྤྲས་སུ་གྱིས་ལ་ལྐོག་ཏུ་ཉམས་སུ་ལོངས་ལ། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་ཅིང༌། ཐུན་མོང་ཡང་གང་འདོད་པའི་མན་ངག་གིས་སྒྲུབ་པ་ལ་ཐེ་ཚོམ་མེད་དོ་གསུངས་ནས། དབུ་སྙུང་བཞེས་ནས་བླ་མའི་རྣལ་འབྱོར་ཞུ་བའི་སྐབས་སུ། བཀའ་རྒྱས་བཏབ་ནས་གནང་བ་ཡིན་ནོ། །ཨི་ཐི།།  །།འདིའི་མན་ངག་ལ། སྒྲུབ་བསྙེན་གྱི་དུས་སུ། སྤྱི་བོའི་གནས་མ་ནོར་བར་བླ་མ་བསྒོམ་ཞིང་མོས་གུས་བྱ། ཐུགས་ཀའི་ཆོས་འབྱུང་ལ་གནས་པའི་ཐོད་པ་ལས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས། རང་གི་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་བས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པར་བསམ་པ་ནི། ཚེ་རིང་བ་དང༌། གཞན་ཀྱི་བར་ཆད་ཀྱིས་མི་ཚུགས་ཤིང༌། བླ་མ་དང་བར་དོར་མི་འབྲལ་བའི་རྟེན་འབྲེལ་ཡིན་ནོ། །གསང་བའི་གནས་སུ་དགའ་བ་འཁྱིལ་པ་གཡོན་དུ་འཁོར་བའི་ནང་ཐམས་ཅད་གང་འདོད་པའི་བྱང་སེམས་དང༌། ཅིག་ཤོས་ཀྱི་གང་བར་བསྒོམ་པ་ནི། ཚེ་འདིར་གང་འདོད་ཀྱི་རིག་མ་ལ་ལོངས་སྤྱོད་ཅིང༌། ཁྱད་པར་དུ་གཅེས་ཕྲུག་གི་གྲྭ་པ་འདུ། ཕྱི་མར་རིག་མཐོ་ཞིང་མཁའ་འགྲོ་མ་དང་མི་འབྲལ་བའི་རྟེན་འབྲེལ་ཡིན་གསུང་ངོ༌། །རྟེན་འབྲེལ་ཤིན་ཏུ་ཟབ་པའི་སྐོར། ནཱ་རོ་པའི་མན་ངག ཕམ་ཐིང་པ་སྐུ་མཆེད་ཀྱི་ཉིང་ཁུ་ཐོ་ཡིག་དང་པོའོ། །ས་མཱཔྟ། ཞལ་གདམས་ཚིག་བརྒྱུད་འདི། ཟླ་བ་ཡར་གྱི་ངོའི་དུས་སུ། ག་ཎ་ཙཀྲ་དང་འབྲེལ་པ་ཅན་ལས་གཞན་དུ་མི་གནང་བ་ཕྱག་ལེན་ཡིན་པས་ཤིན་ཏུ་གསང་བ་གལ་ཆེ། །ཨི་ཐི།། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*