དུས་ཐ་མའི་ཆོ་ག་གཞན་ཕན་བདུད་རྩིའི་ཐིགས་པ།

༼ཇ༽

༄༅། །དུས་ཐ་མའི་ཆོ་ག་གཞན་ཕན་བདུད་རྩིའི་ཐིགས་པ་བཞུགས།།

༄༅། །རྗེ་བཙུན་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཚེ་འདས་པ་རྣམས་ཀྱི་དོན་བྱ་བར་འདོད་པས་དུས་ཐ་མའི་ཆོ་ག་འཕགས་པ་རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ནས་འབྱུང་བའི་དོན་མདོར་བསྡུས་པའི་ཚུལ་གྱིས་བརྗོད་པར་བྱའོ། །དེ་ལ་གསུམ། དབང་བསྐུར་བའི་ཚུལ་གྱིས་སྡིག་པ་སྦྱང་བ་དང༌། རོ་བསྲེག་པའི་ཚུལ་གྱིས་སྡིག་པ་སྦྱང་བ་དང༌། མཆོད་རྟེན་བྱ་བའི་ཚུལ་གྱིས་སྡིག་པ་སྦྱང་བའོ། །དང་པོ་ནི་རྡོ་རྗེ་གུར་ལས། རྡོ་རྗེ་དྲིལ་བུ་ལག་བྱིན་ཏེ། །མགོ་བོ་གཙུག་ཏོར་མནན་ནས་ནི། །རྡོ་རྗེ་སྡོམ་པ་བྱིན་ནས་ཀྱང༌། །བུམ་པའི་དབང་བསྐུར་སྦྱིན་པར་བྱ། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཅེས་པའི་དོན་ཡིན་ཏེ། དེ་ལ་གསུམ། རྒྱས་པ་དང༌། འབྲིང་དང༌། བསྡུས་པའོ། །དང་པོ་ལ་བཞི། བསྙེན་པ་དང༌། ས་ཆོག་དང༌། སྟ་གོན་དང༌། དངོས་གཞིའོ། །དང་པོ་ནི། རིན་ཆེན་འབར་བ་ལས། རང་ཉིད་ལྷ་ཡི་རྣལ་འབྱོར་ལས། །བདུད་རྩི་འཁྱིལ་པ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དང་པོ་བཀྲུ། །རྣམ་སྣང་མཛད་དུ་དེ་བསམས་ནས། །ཞེས་འབྱུང་བས་ན། ཡན་ལག་དྲུག་གི་རྣལ་འབྱོར་སྔོན་དུ་སོང་ནས་ལས་ཐམས་ཅད་པའི་བུམ་པ་ལེགས་པར་བཅས་ལ། ཆོ་ག་བཞིན་བསྐྱེད་ལ། བཟླས་པ་བྱས་པའི་ཆུས་ཨ་མྲྀ་ཏ་ཟློས་ཤིང་རོ་ལེགས་པར་བཀྲུ། རས་ཀྱིས་དྲིལ་ལ་ཤོག་བུ་ལ་ལེགས་པར་བྲིས་པའི་རྩ་སྔགས་དང་ཨོཾ་སྤྱི་བོར་གདགས། སྙིང་པོ་དང་ཨཱཿམགྲིན་པར་གདགས། ཉེ་སྙིང་དང་ཧཱུྃ་སྙིང་གར་གདགས་སོ། །དེའང་རྒྱུད་རྒྱས་པ་ལས། སྐུ་གསུང་ཐུགས་ཀྱི་རིག་སྔགས་གདགས། །རང་གི་ལྷའམ་གཞན་ཡང་རུང༌། །སྙིང་པོ་སྙིང་གར་གདགས་པར་བྱ། །ཁྲུས་ཀྱི་དག་བྱས་བདུད་རྩིས་བྱུག །ཅེས་འབྱུང་ངོ་ཞེས་སློབ་དཔོན་བྲམ་ཟེ་ནག་པོ་ཞབས་ཀྱི་གཞུང་ལས་གསུངས་སོ། །དེ་ནས་བྷྲཱུྃ་ལས་རྣམ་སྣང་དགེས་པ་རྡོ་རྗེ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་སྒྲོམ་ལ་སོགས་པར་བཅུག་པའམ། མ་བཅུག་ཀྱང་རུང་སྟེ་གཟུངས་ཐག་བཏགས་ལ་བཟླས་པ་ཅི་རིགས་པ་ཅིག་བྱའོ། །དེའང་ཐུན་བཞི་ལ་སོགས་པས་བྱེད་ནའང་བདག་གི་རྣལ་འབྱོར་དང༌། མཆོད་གཏོར་སྔོན་དུ་འགྲོ་བས་རོ་ལྷར་བསྐྱེད་ཅིང་བཟླས་པ་བྱའོ། །སྔོན་དུ་བསྙེན་པའོ། །དེ་ནས་ས་ཆོག་བྱ་དགོས་པའི་ས་ཕྱོགས་ཡིན་ན་བདག་དང་ཡོན་བདག་ལ་ཉེས་པར་མི་འགྱུར་བའི་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པ་དབང་གི་ཆུ་བོ་ནས་འབྱུང་བ་བཞིན་བྱའོ། །སའི་ཆོ་གའོ།།  །།སྟ་གོན་དུ་གནས་པའི་ཆོ་ག་ནི། སའི་ལྷ་མོ་སྟ་གོན་དང༌། ལྷ་སྟ་གོན་དང༌། བུམ་པ་སྟ་གོན་ནི་ཚེ་དང་ལྡན་པ་ལ་བྱེད་པའི་ཆོ་གའི་སྐབས་དང་འདྲ་ལ་སློབ་མ་སྟ་གོན་གྱི་སྔོན་དུ་རྟེན་བསྐྱེད་པ་དང༌། རྣམ་ཤེས་དགུག་པ་དང༌། བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་རྣམས་སྔོན་དུ་བྱས་ལ། ལྷག་མ་རྣམས་ནི་ཚེ་དང་ལྡན་པ་དང་ཁྱད་པར་མེད་པར་བྱའོ། །དེའི་རྗེས་སུ་བཟླས་པ་རྣམས་ནི་བུ་ལ་སོགས་པའི་གཉེན་འབྲེལ་གྱིས་མངོན་དུ་བྱེད་པའམ་བྱེད་པར་བསམས་པས་འགྲུབ་བོ། །ལག་ཏུ་བླང་བའི་ཆོ་ག་ཞིབ་ཏུ་དབང་གི་ཆུ་བོ་ལས་ཤེས་སོ། །སྟ་གོན་ནོ།།  །།དངོས་གཞི་ནི། དཀྱིལ་འཁོར་ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། མཚན་མ་དགོད་པ་དང༌། རྒྱན་དགྲམ་པ་དང༌། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། སློབ་དཔོན་བདག་ཉིད་འཇུག་པའི་བར་དུ་བྱས་ལ། དེ་ནས་ཚེ་འདས་པ་གཞུག་པར་བྱ་བའི་ཕྱིར་ཐོག་མར་རྟེན་ཏེ་སྟོང་པའི་ངང་ལས་ཎི་ལས་ཐ་མལ་པ་ཇི་ལྟ་བ་བཞིན་བསྐྱེད་ལ། དེ་ནས་རྣམ་ཤེས་དགུག་པར་བྱ་སྟེ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། རྗེ་བཙུན་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོའི་བཀའ་བདེན་པའི་བྱིན་རླབས་ཀྱིས་ཚེ་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཁམས་གསུམ་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་བ་ཤཾ་ཀུ་རུ་ཧོཿཞེས་ལན་གསུམ་གྱིས་རྣམ་པར་ཤེས་པ་བཀུག དེའི་འཆི་ཁའི་བར་ཆད་བྱེད་པའི་བགེགས་སམ། བར་དོའམ། སྐྱེ་གནས་ཕྱི་མ་ལ་བར་ཆད་བྱེད་པའི་བགེགས་སམ། བྱང་ཆུབ་ལ་བར་ཆད་བྱེད་པའི་བགེགས་ཀྱང་རུང་སྟེ། དེ་དག་སྦྱང་བའི་ཕྱིར་གཏོར་མ་ལ་སོགས་བྱིན་ལ་བདེན་པ་བདར་ཞིང་ཞི་བས་སྦྱང༌། ཏིང་ལོ་དང་ཆང་བུ་བྱིན་ཏེ་ཞི་དྲག་ཕྱེད་མས་སྦྱང༌། དྲག་པོས་སྦྱང་བ་ནི། དེ་ལ་གུ་གུལ་གྱི་དུད་པས་བདུག་པ་དང་ཉུངས་ཀར་གྱིས་བྲབ་ཅིང་དེ་ལ་རྩ་བའི་སྔགས་ལ་སོགས་པ་ཁྲོ་བོའི་སྔགས་མང་དུ་བཟླས་པར་བྱའོ། །དེ་ལྟར་བགེགས་སྦྱང་བ་ནི། རྣམ་ཤེས་དགུག་པའི་གོང་དུའང་ལན་གཅིག་སྟེ། ལན་གཉིས་བྱས་ནའང་ལེགས་ཏེ་གསོན་པོ་ཤུལ་ན་གནས་པ་རྣམས་བཀྲ་ཤིས་པར་འགྱུར་བ་དང༌། ངན་སོང་སྦྱོང་རྒྱུད་ལས། ཚེ་འདས་པ་དེ་ཕྱི་མ་ལ་ལུས་བླང་བ་ལའང་བགེགས་མེད་པར་འགྱུར་བར་བྱ་བའི་ཕྱིར་རོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་འབྲུའམ། ཡུངས་ཀར་རམ། བྱེ་མས་བརྡེག་ཅིང་སྡིག་པ་སྦྱང་ངོ༌། །དེ་ནས་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བྱ་སྟེ། ཡོལ་བའི་ཕྱི་རོལ་དུ་བྱ་བ་དགའ་ཆེན་ཁྱོད་བདག་སྟོན་པ་ལ་སོགས་པས་གསོལ་བ་གདབ་པ་དང༌། སྡོམ་པ་བསྒྲག་པ་ལ་སོགས་པ་དང༌། སེམས་བསྐྱེད་པའི་ཆོ་ག་བླང་བ་དང༌། རིགས་ལྔའི་སྡོམ་པ་གཟུང་བ་དང༌། གདོང་གཡོགས་བཅིང༌། མེ་ཏོག་ཕྲེང་བ་ལག་ཏུ་གཏད། བུམ་ཆུས་བྲན། འདོད་པ་དྲི་ཞིང་ལན་གདབ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད། ཡོལ་བའི་ཕྱི་རོལ་དུ་དམ་ལ་གཞག་པ་རྣམས་བྱ། དེ་ནས་ཡོལ་བའི་ནང་དུ་བཅུག་ལ་དམ་ལ་བཞག་པ་བཞིས་དམ་ལ་བཞག ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ། ཡེ་ཤེས་དབབ། བརྟན་པར་བྱ། མེ་ཏོག་ཕྲེང་བ་དོར། མགོ་ལ་བཅིང༌། གདོང་གཡོགས་དབྱེ། དཀྱིལ་འཁོར་བསྟན། ཆེད་དུ་བརྗོད་པ་བྱས་ཏེ། འཇུག་པའི་ཆོ་གའོ།།  །།དེ་ནས་དབང་གི་དོན་དུ་གསོལ་བ་གདབ། ཤིས་པའི་ཆོ་ག་བྱ། དེ་ནས་རིག་པའི་དབང་ལྔ་དང༌། རྡོ་རྗེ་སློབ་དཔོན་དང་དྲུག མཐའ་རྟེན། རྗེས་གནང་ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་ཀྱི་བར་དུ་བྱའོ། །སྔར་དབང་བཞི་ཐོབ་པའི་སློབ་མ་ཡིན་ན་དབང་བཞི་ཀ་བསྐུར་ལ་མཐའ་རྟེན་བཞི་སོ་སོར་སྦྱར་བར་བྱའོ། །དེ་ནས་སྡོམ་པ་ཐམས་ཅད་བསྡུས་ཏེ་ཁས་བླང་བ་དང༌། ཡོན་དབུལ་བ་དང༌། དཀྱིལ་འཁོར་གང་དུ་དབང་གང་ཐོབ་པ་ལ་སོགས་པའི་དབང་གི་ཆོས་བཤད་པའི་རྟོགས་པ་བསྐྱེད་ལ། ཚོགས་དང་འབྲེལ་པའི་གཏོར་མ་བཏང་ལ། ཚོགས་ཀྱི་འཁོར་ལོ་བྱའོ། །དེ་རྣམས་ཀྱང་ནུབ་དེ་ཉིད་ཀྱིས་རྫོགས་པར་བྱེད་ན་ཐོ་རངས་ཀྱི་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །ཞག་བདུན་དུ་བྱེད་ན་སྟ་གོན་ནུབ་གཅིག་དང༌། དཀྱིལ་འཁོར་བྲི་བ་མན་ཆད་ཀྱི་དངོས་གཞི་ནུབ་དྲུག་པོ་ལ་ཉིན་ཞག་རེ་ལ་ཐུན་བཞིར་བཅད་ལ་ཐོ་རངས་ནས་བཟུང་སྟེ། ཐུན་གསུམ་ལ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མདུན་གྱི་དཀྱིལ་འཁོར་གསལ་གདབ་པ་དང༌། མཆོད་གཏོར་རྒྱས་པར་བྱས་ལ་བཟླས་བརྗོད་བྱ་ཞིང་གསོལ་བ་གདབ། སློབ་མའི་བྱ་བ་ནི་མི་དགོས་ལ། བྱེད་སྙིང་འདོད་ན་རྣམ་ཤེས་དགུག་པ་ནས་བཟུང་སྟེ་སྡོམ་པ་དབོག་པའི་བར་དུ་ཁ་ཟས་ཐམས་ཅད་ཚོགས་ཀྱི་འཁོར་ལོའི་ཚུལ་དུ་བྱས་ལ་ལྷག་མའི་བར་དུ་བྱའོ། །སྲོད་ཀྱི་ཐུན་ཐམས་ཅད་ལ་ཆོ་ག་ཐམས་ཅད་ཚང་བར་སྔ་མ་བཞིན་དུ་ཉམས་སུ་བླང་ངོ༌། །གཏོར་མ་དང་ཚོགས་ཀྱི་འཁོར་ལོ་བྱས་པའི་དུས་སྐབས་ནི་སློབ་དཔོན་བདག་ཉིད་འཇུག་པའི་རྗེས་ལ་བྱས་ཀྱང་ཉེས་པ་མེད་དོ། །སློབ་མའི་ཆོ་ག་རྫོགས་པའི་རྗེས་ལ་གཏོར་མ་བཏང་ལ་ཚོགས་ཀྱི་འཁོར་ལོ་བྱས་ཏེ། སློབ་མའང་ལྷར་བསྐྱེད་པ་ཡིན་པས་ཚོགས་ཀྱི་སྐལ་བ་དྲང་ངོ༌། །དེ་ལ་མཆོད་བསྟོད་ཡང་རྒྱས་པར་བྱས་ལ་ལམ་སྦྱང་བར་བྱ་སྟེ། ཚོགས་ལམ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་ལོག་ཏུ་ཁྱོད་ཀྱིས་མཐོང༌། །བཞི་པ་མར་མེ་ལྟ་བུ་སྟེ། །ལྔ་པ་ཐམས་ཅད་སྟོང་པ་ཉིད། །སངས་རྒྱས་པ་ནི་དེ་ཉིད་དོ། །སྲིད་པ་བར་དོ་འདི་ཉིད་དུ། །ཁྱོད་ཀྱི་ལམ་ལྔ་མཐར་ཕྱིན་ཤོག །ཅེས་བྱ་བས་ལམ་སྦྱངས་ལ། ལམ་བསྟན་པ་ནི། ཁྱོད་ཀྱི་ལམ་ལྔ་མཐར་ཕྱིན་པས། །ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །ཉོན་མོངས་ལྔ་ནི་མཁའ་འགྲོ་ལྔ། །རྣམ་ཤེས་བརྒྱད་ནི་ཡེ་ཤེས་ལྔ། །འབྱུང་བ་བཞི་ནི་ལྷ་མོ་བཞི། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་ཡོངས་བསྐོར་ཏེ། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་བརྗོད་དོ། །དེ་གཉིས་ནི་རྒྱུད་རྒྱས་པ་ལས་འབྱུང་ངོ༌། །ཞེས་བྲམ་ཟེ་ནག་པོ་ཞབས་ཀྱི་གཞུང་ལས་འབྱུང་ངོ༌། །དེ་ནས་ལྷག་མ་ལ་སོགས་པ་མཇུག་གི་བྱ་བ་རྣམས་ཡོངས་སུ་རྫོགས་པར་བྱའོ། །ཞག་བདུན་ཕྲག་གསུམ་དང་བདུན་ལ་སོགས་པ་བྱེད་ནའང་བདུན་ཕྲག་རེ་རེ་སོང་བ་དང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་ཅིང་དངོས་གྲུབ་བླངས་ཏེ་གཤེགས་སུ་གསོལ་ལོ། །རྡུལ་ཚོན་ཕྱགས་ཏེ་ཆུ་བོར་དོར་བ་ལ་སོགས་པ་མཇུག་གི་བྱ་བ་རྫོགས་པར་བྱའོ། །ནུབ་བརྒྱད་པ་དང་བཅོ་ལྔ་པ་ལ་སྟ་གོན་རེ་བྱའོ། །དེའི་ནང་པར་ཐིག་གི་བྲི་བ་ལ་སོགས་པ་ནས་བརྩམས་ཏེ། དངོས་གཞི་ནུབ་དྲུག་ཡིན་ཏེ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་ལ་སོགས་པའི་ནུབ་མོ་ཆོ་ག་ཡོངས་སུ་རྫོགས་པར་བྱས་ལ། ཐོ་རངས་ཀྱི་ཆ་ལ་མཇུག་གི་བྱ་བ་རྫོགས་པར་ནི་ཐམས་ཅད་མཐུན་ཏེ་མདོར་ན་སྟ་གོན་ནུབ་གཅིག་དངོས་གཞི་ནུབ་དྲུག་ལ་ལྷ་མི་གཤེགས་པས་ནུབ་བདུན་དུ་འགྲོ་བས་བདུན་ཚིགས་ཞེས་བྱ་བ་ཡིན་ཏེ། ངན་སོང་སྦྱོང་རྒྱུད་ལས། ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་ཞག་བདུན་གྱིས་གདོན་མི་ཟ་བར་ངན་སོང་གི་སྒྲིབ་པ་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་སོ། །རྒྱས་པར་བྱ་བའི་ཆོ་གའོ། །དེ་ཙམ་མི་ནུས་ན་བསྙེན་པ་དང་ས་ཆོག་གཉིས་དོར་ཏེ། ལྷག་མ་རྣམས་ཉམས་སུ་བླང་བར་བྱའོ། །འབྲིང་དུ་བྱ་བའོ། །དེ་ཙམ་ཡང་མི་ནུས་ན་དཀྱིལ་འཁོར་གྱི་བྱ་བ་དང༌། སྡོམ་པ་གཟུང་བ་མ་གཏོགས་ཕྱི་ནང་གི་འཇུག་པ་རྣམས་དོར་ལ་གཞན་རྣམས་བྱ་སྟེ། དེའང་བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། དེ་ནས་རྟེན་དེ་བསྐྱེད་པ་དང༌། རྣམ་ཤེས་དགུག་པ་དང༌། བགེགས་སྦྱང་བ་དང༌། ཡི་གེ་བརྒྱ་པ་དང༌། རྩ་བའི་སྔགས་ཀྱིས་སྡིག་པ་སྦྱང་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། རིགས་ལྔའི་སྡོམ་པ་ཕོག་ལ། རིག་པའི་དབང་ལྔ། རྡོ་རྗེའི་བརྟུལ་ཞུགས་དང་དྲུག རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། བུམ་པའི་དབང་བདུན་བསྐུར། དེ་ནས་སྔར་ཐོབ་པ་ཡིན་ན་དབང་གོང་མ་གསུམ་པོའང་བསྐུར། སྔར་མ་ཐོབ་ནའང་ནུབ་བཞིའམ་ལྔའི་གཤམ་ན་མར་བསྐུར་ན་བསོད་ནམས་ཆེའོ། །དེ་ནས་དམ་ཚིག་དང༌། སྡོམ་པ་བསྡུས་ཏེ་ཁས་བླང་བ་དང༌། ཡོན་དབུལ་བ་ལ་སོགས་པ་བྱས་ལ། སློབ་མ་ལྷར་བསྐྱེད་པ་དེ་ལོགས་ཤིག་ཏུ་བཞག དེ་ནས་གཏོར་མ་གཏང༌། ཚོགས་འཁོར་བྱས་ལ། སློབ་མ་ལྷར་བསྐྱེད་པ་ལའང་སྐལ་བ་དྲང་ངོ༌། །དེ་ལ་མཆོད་བསྟོད་རྒྱས་པར་ཡང་བྱ་སྟེ། ལམ་སྦྱང་བ་དང༌། བསྟན་པ་ཡང་བྱས་ལ་སྨོན་ལམ་རྒྱ་ཆེན་པོའང་གདབ། ཚོགས་ཀྱི་འཁོར་ལོའི་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །མདོར་བསྡུས་པའི་ཆོ་གའོ། །དེ་ལྟར་གསུམ་ཀའང་རྟེན་རོ་ཡོད་པའི་དབང་དུ་བྱས་པ་ཡིན་གྱི། རོ་མེད་ན་རུས་པའམ། གོས་སམ། མིང་ལ་སོགས་པ་ལ་དབང་བསྐུར་བར་བྱ་སྟེ། ངན་འགྲོར་སྐྱེས་ཟིན་ནའང་ངན་འགྲོ་ལས་ཐར་བར་འགྱུར་རོ། །དེའང་སྦྱོང་རྒྱུད་ལས། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེ་བ་གང་ཡིན་པའི་སེམས་ཅན་དེ་དག་གི་མིང་ལའང་དབང་བསྐུར་ཅིག གཟུགས་བརྙན་ལའང་དབང་བསྐུར་ཅིག མཆོད་རྟེན་དང་རང་གི་ལྷའི་སྐུ་ལའང་དབང་བསྐུར་བར་བྱོས་ཤིག ཆུང་ངུ་ན་རིགས་མཐུན་པ་དང༌། དེའི་བུ་དང་རུས་མཐུན་པའམ། བྲན་ལའང་དབང་བསྐུར་བར་བྱོས་ཤིག་ཅེས་བྱ་བ་ལ་སོགས་པ་དང༌། ཡང་མཚམས་མེད་པ་ལྔ་བྱས་པ་ཡང་བྱང་བར་འགྱུར་ན་སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དབང་བསྐུར་བ་དང་འོག་ནས་འབྱུང་བའི་སྦྱིན་སྲེག་ལ་སོགས་པའི་ཆོ་ག་རྣམས་བླ་མའམ། གང་ཟག་མཆོག་ལ་བྱེད་ན་དབང་ལ་སོགས་པ་ལེན་མཁན་གྱི་གང་ཟག་མཆོག་དེ་ཡིན་ལ། དབང་བསྐུར་མཁན་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཡིན་ཞིང་བདག་གིས་བླ་མའི་ཞབས་ཏོག་བྱེད་པར་དམིགས་ན་བསོད་ནམས་མཆོག་ཏུ་འགྱུར་གྱིས། གཞན་དུ་ན་བདག་སློབ་དཔོན་ལྟ་བུར་བསྒོམས་ན་ནི་བདག་ཉིད་ལ་ཉེས་པར་འགྱུར་རོ། །དེས་ན་བདག་གཡོག་གམ། ཞབས་ཏོག་བྱེད་པར་བསམ་པ་གལ་ཆེའོ། །དབང་བསྐུར་ཏེ་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།གཉིས་པ་རོ་བསྲེག་སྟེ་སྡིག་པ་སྦྱང་བ་ནི། རྡོ་རྗེ་ཐབ་ཁུང་རབ་སྦྱོར་བས། །སྦྱིན་སྲེག་རིམ་པས་སྦྱང་བར་བྱ། །ཞེས་འབྱུང་བས་ན་དེའི་དོན་ནི་སྔར་བདུན་ཚིགས་ཚར་བ་ཡིན་ན་སྦྱངས་པ་དེ་ཐབ་ཁུང་དུ་སྤྱན་འདྲེན་པ་ཡིན། སྔར་བདུན་ཚིགས་ཀྱིས་མ་སྦྱངས་ནའང་བདུན་ཚིགས་ཀྱི་ཐོག་མར་བསྟན་པ་བཞིན་རྟེན་བཀྲུ་བ་དང༌། ཡི་གེ་གདགས་པ་དང༌། ལྷར་བསྐྱེད་པ་རྣམས་བྱས་ལ་རྣམ་ཤེས་དགུག་པ་ནས་བཟུང་སྟེ། མཆོད་བསྟོད་ཀྱི་བར་དུ་བདུན་ཚིགས་བསྡུས་པ་བཞིན་བྱས་ལ་ཐབ་ཁུང་དུ་སྤྱན་འདྲེན་པ་ཡིན་ནོ། །ཐབ་ཁུང་དུ་སྤྱན་འདྲེན་ཁར་སློབ་དཔོན་ཁ་ཅིག་གི་བཞེད་པས་གང་ཟག་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་ལྷ་ཡུན་རིང་དུ་བསྒོམ་པའི་རྟེན་ཁ་ཅིག་ཐབ་ཏུ་མེས་སྦྱངས་ན་ལྷ་བཤིག་པའི་ཉེས་པ་བྱུང་དུ་དོགས་པས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་ཡང་དང་ཡང་དུ་གསོལ་བ་བཏབ་ལ་གཤེགས་སུ་གསོལ་ཏེ། དེ་ནས་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་གཅིག་ཐབ་ཀྱི་དབུས་སུ་སྤྱན་འདྲེན་པ་ཡིན་ནོ་ཞེས་གསུངས་སོ། །འདིར་བདག་གི་བླ་མ་རྗེ་བཙུན་གྱི་ཞལ་ནས་རང་ཉིད་རྣམ་པར་རྟོག་པ་དང་བཅས་ཤིང་རྟེན་དེ་གཉན་པ་ལྟ་བུར་དམིགས་ནས། དེ་ལྟ་བུ་བྱས་པ་ལའང་འགལ་བ་མེད་མོད། འདིར་རྣལ་འབྱོར་གྱི་དབང་ཕྱུག་གི་བཞེད་པས་ནི་རོ་སྦྱང་ལུགས་གཉིས་ཡིན་ཏེ། རོ་མཆོད་གནས་ཀྱི་ཚུལ་དུ་སྦྱང་བ་དང༌། རོ་ཡོན་བདག་གི་ཚུལ་དུ་སྦྱང་བའོ། །དང་པོ་ནི་བདུན་ཚིགས་ཀྱིས་སྦྱངས་སམ། མ་སྦྱངས་ཀྱང་རུང་སྟེ། དབང་ཐོབ་པའི་རྟེན་དེ་ཉིད་ཐབ་ཏུ་སྤྱན་དྲངས་ནས་ལྷར་བསྐྱེད་པ་དེ་ལ་བསྲེག་རྫས་རྣམས་འབུལ་བ་ཡིན་ནོ། །དེ་ལ་ཐབ་ཁུང་བྱ་བའི་རིམ་པ་ནི། ས་ཆོག་བསྡུས་པ་ཙམ་བྱ། སྟ་གོན་བྱས་ཀྱང་ལེགས། མ་བྱས་ཀྱང་འགལ་བ་མེད། དེ་ལ་ཐབ་ཁུང་ཁྲུ་གང་བརྩིགས་པའམ། མཐོ་གང་ལ་སོགས་པ་ཇི་ལྟར་འཚམ་པ་བློས་ཤེས་པར་བྱས་ལ། དཀྱིལ་འཁོར་གྱི་ཐིག་ལེགས་པར་གདབ་ཅིང་ཐིག་ཚོན་བྱིན་གྱིས་བརླབས་ལ། ཡེ་ཤེས་ཀྱི་ཐིག་གདབ། དེ་ནས་ཕྱི་རོལ་གྱི་ཐིག་རྣམས་རས་ལ་སོགས་པས་བཀབ་ལ་མི་སུབ་པར་བྱ། ཐབ་ཁུང་གང་ཡིན་པའི་ཟབས་སུ་མཐོ་གང་བྲུས་ཀྱང་ལེགས། མ་བྲུས་ཀྱང་བཏུབ་སྟེ། ནང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་ལྷ་དགུའི་མཚན་མ་གདབ། དེ་དར་རམ་རས་ཀྱིས་བཀབ་ལ་དེའི་ཕྱི་རོལ་ནས་ཅི་རིགས་པའི་བསྲེག་ཁང་བརྩིག ནང་དུ་བུད་ཤིང་གཞུག བགེགས་སྦྱང༌། རོལ་མོ་ལ་སོགས་པའི་སྒྲ་དང་བཅས་ཏེ་རྟེན་སྤྱན་དྲང༌། དེ་ནས་ཐིག་རས་ཀྱིས་བཀབ་པ་དེ་བསལ་ལ། གྲུ་ཆད་དང་རྩིག་པ་ལྔ་ནས་བརྩམས་ཏེ་རྡོ་རྗེའི་རྭ་བ་དང་མེ་རིའི་བར་དུ་བྲི། གལ་ཏེ་ཕྱིའི་དཀྱིལ་འཁོར་རྫོགས་པར་བྲི་བ་མ་གྲུབ་ན་ཐབ་ཁུང་དང་ཚོན་པར་རྫོགས་པར་བྱའོ། །ཤིན་ཏུ་གོ་སྐབས་དོག་པའི་གནས་འགའ་ཞིག་ཏུ་དཀྱིལ་འཁོར་རྫོགས་པར་བྲིས་ལ། ཟུར་བཞིར་ཕ་གུ་རྩིག་པའི་སྟེགས་བྱས་ལ། ཐོག་ལེགས་པར་ཕུབ་སྟེ། དེའི་སྟེང་དུ་བསྲེག་ཁང་ཅི་བདེར་བརྩིགས་པའང་ཕྱག་ལེན་ལ་མཐོང་ངོ༌། །གང་ལྟར་ཡང་རུང་སྟེ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམ། ཏིལ་དང་དཱུར་བ་ལ་སོགས་པའི་རྫས་སྦྱིན་སྲེག་ལ་མཁོ་བ་རྣམས་ཀྱང་གཡས་ཕྱོགས་སུ་བཤམ། དེ་ནས་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་དང༌། ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་དང༌། སྲུང་འཁོར་སྔོན་དུ་འགྲོ་བའི་བདག་གི་རྣལ་འབྱོར་ཡན་ལག་དྲུག་རྫོགས་པར་བྱ། བཟླས་པ་ཅི་རིགས་ཤིག་བྱ། དེ་ནས་མེ་ཚང་དུ་གཞུག་སྟེ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །མཁའ་འགྲོ་ལྔ་ཡི་མེ་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །འབྱུང་བ་ལྔ་ཡི་བུད་ཤིང་ལ། །ལྷ་མོ་ལྔ་ཡི་མེ་སྦར་རོ། །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་བརྗོད་ལ། མེ་སྦར། ཡང་མར་བླུགས་ལ་མེ་གསོ། མེ་ལེགས་པར་འབར་བ་དང༌། ཐབ་དང་ཡོ་བྱད་བསང༌། ཐབ་ཁུང་མངོན་པར་འདུ་བྱ། འཇིག་རྟེན་པའི་མེ་ལྷ་བསྐྱེད། མེ་ལྷ་ཡེ་ཤེས་པ་དགུག སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ནས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། བྱོན་ཟན་དབུལ། མཆོད་བསྟོད་བདུད་རྩི་མྱང་བ་བྱ། བསྲེག་རྫས་ཀྱི་ཕུད་ཅི་རིགས་པར་དབུལ། ཡང་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་འབར་བའི་རྣམ་པར་ཐིམ་པར་བསམ། འདི་ལ་ཁ་ཅིག་གཤེགས་སུ་གསོལ་བ་དང༌། ཐབ་ཀྱི་ཟུར་ལ་དབྱུང་བ་དང༌། མེ་ལྷའི་ལྟོ་བར་བསྐྱེད་པ་ལ་སོགས་བཞེད་མོད་ཀྱི། འདི་ནི་རྡོ་རྗེ་མཁའ་འགྲོ་ལས། མེ་ཡི་ཁམས་ཀྱི་རང་བཞིན་ནི། །འབར་བའི་ཕྲེང་བ་ལྟོ་ཆེ་བ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གཡས་དང་གཡོན་གྱི་རིམ་པ་བཞིན། །རྡོ་རྗེ་རྩེ་གསུམ་དབྱུག་གུ་དང༌། །བགྲང་ཕྲེང་རིལ་བས་རྣམ་པར་སྤྲས། །མེ་ལྷ་ཀུན་ཏུ་མཆོད་ནས་ནི། །འབར་བའི་གཟུགས་སུ་ཡོངས་སུ་འགྱུར། །ཞེས་འབྱུང་བའི་རྗེས་སུ་འབྲང་ངོ༌། །དེ་ནས་ཐབ་ཏུ་རྟེན་རོ་དེ་ཉིད་ལྷ་དགུའི་དམ་ཚིག་པར་བསྐྱེད་པ་དང༌། ཡེ་ཤེས་པ་དགུག་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པའི་བར་དུ་རྫོགས་པར་བྱས་ལ། བདུད་རྩི་མྱང་བ་དང་མཆོད་བསྟོད་རྒྱས་པར་བྱ། དེ་ནས་བསྲེག་རྫས་རྣམས་ཞི་བའི་སྦྱིན་སྲེག་གི་ཚུལ་གྱིས་རྒྱས་པར་དབུལ། ཡང་བདུད་རྩི་མྱང་བ་དང་མཆོད་བསྟོད་ཀྱང་བྱ། ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་ཅིང་བཟོད་གསོལ་བྱ། ཇི་ལྟར་འདོད་པའི་དོན་གསོལ་བ་གདབ། དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་པ་དང་བཅས་པ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཡང་ན་ཡེ་ཤེས་པ་གཤེགས་ནས། དམ་ཚིག་པ་བདག་ལ་བསྡུས་ཀྱང་འགལ་བ་མེད། དེ་ནས་ཡང་ཐབ་ཏུ་འཇིག་རྟེན་པའི་མེ་ལྷ་འབར་བའི་རྣམ་པར་ལངས་པར་གསལ་བཏབ་ལ། མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། བསྲེག་རྫས་ཀྱི་ལྷག་མ་རྣམས་ཀྱིས་མཆོད་ལ། ཡང་མཆོད་བསྟོད་བདུད་རྩི་མྱང་བ་བྱ། གཏོར་མ་གཏང༌། འདོད་དོན་གསོལ་བ་བཏབ་ལ་དངོས་གྲུབ་བླང༌། ཆོ་ག་ལྷག་ཆད་ཁ་བསྐངས་ལ་བཟོད་པར་གསོལ། མེ་ལྷའི་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་འབར་བའི་རྣམ་པར་ཐིམ་པར་བྱའོ། །སྤྱི་དོན་གཉིས་པ་རོ་ཡོན་བདག་གི་ཚུལ་དུ་སྦྱང་བར་འདོད་ན། སྔར་གསོན་པོའི་དུས་སུ་དབང་མ་ཐོབ་པ་ཡིན་ལ། ཐོབ་ཀྱང་ཉམས་པའམ་སྡིག་པ་ཅན་ལ་ཆོ་ག་གཞན་རྣམས་ནི་སྔ་མ་དང་འདྲ་ཞིང༌། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་སྐབས་སུ་རོ་ལྷར་མི་བསྐྱེད་པར་དཀྱིལ་འཁོར་གྱི་ཙཀྲ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད་བདུད་རྩི་མྱང་བ་བྱ། བསྲེག་རྫས་རྣམས་ཕུལ་བའི་རྗེས་ལ་རོ་དེ་ཡང་མཆོད་རྫས་སུ་ཕུལ་ཏེ། དེ་ལ་རང་གི་ངོ་བོ་སོ་སོར་དབུལ་བའམ། སྤྱིར་དབུལ་བ་གང་རུང་ལས། དང་པོ་ལྟར་ན་མགོ་བོ་དང་ཀླད་པ་དང་སྙིང་དང་དབང་པོ་རྣམས་ནི་ཧེ་རུ་ཀ་ཡབ་ཡུམ་ལ་དབུལ་བར་བྱའོ་ཞེས་བརྗོད་ལ་དབུལ་ལོ། །དེ་བཞིན་དུ་དབུལ་བར་བགྱིའོ་ཞེས་པའི་ཚིག་ཀུན་ལ་སྦྱར་ལ། གློ་བ་དང་རྒྱུ་མ་ནི་གཽ་རཱི་ལའོ། །མཆིན་པ་དང་མཚེར་པ་དང་མཁྲིས་པ་ནི་ཙཽ་རཱི་ལའོ། །དྲི་ཆུ་དང་ལྒང་པ་དང་གཡོན་ཕྱོགས་ཀྱི་མཁལ་མ་དང་རྩ་དང་ཆུ་རྒྱུས་ནི་བེ་ཏཱ་ལཱི་ལའོ། །གཞང་དང་གྲོད་པ་དང་གཉེ་མ་ནི་གྷསྨ་རཱི་ལའོ། །ཤ་ནི་པུཀྐ་སཱི་ལའོ། །ཁྲག་དང་གཡས་ཀྱི་མཁལ་མ་དང་རྩ་དང་ཆུ་རྒྱུས་ནི་ཤ་བ་རཱི་ལའོ། །ཁུ་བ་དང་གཞུངས་པ་དང༌། དབུས་ཀྱི་རྩ་དང་ཆུ་རྒྱུས་ནི་ཙཎྜཱ་ལཱི་ལའོ། །རྐང་མར་དང་ཚིལ་ནི་ཌོཾ་བི་ནཱི་ལའོ། །པགས་པ་བྱང་ཆུབ་ཀྱི་ཡན་ལག་ནི་བླ་རེས་སོ། །རྐང་བརྒྱད་གླིང་བུ་ལ་སོགས་པའི་རོལ་མོའོ། །རུས་པ་གཞན་རྣམས་བདེན་པ་བཞི་སྟེ། ཡམ་ཤིང་དང་བུད་ཤིང་དུའོ། །ལྷག་མ་སྐྲ་དང་སྤུ་དང་སེན་མོ་ལ་སོགས་པ་རྣམས་གཞལ་ཡས་ཁང་གི་རྒྱན་དང་སྤྱན་གཟིགས་སུའོ། །ཡང་ན་སྤྱིར་དབུལ་ཏེ། དྲི་ཆུ་ནི་ཞབས་བསིལ་དང་འཐོར་འཐུང་དུའོ། །ཁྲག་ནི་མཆོད་ཡོན་དུའོ། །དྲི་ཆེན་ནི་སྤོས་སུའོ། །ནང་ཁྲོལ་དང་དབང་པོ་རྣམས་ནི་མེ་ཏོག་ཏུའོ། །ཀླད་པ་དང་གཞུངས་བ་ནི་བྱུག་པར་རོ། །ཚིལ་ཆེན་ནི་སྣང་བར་རོ། །ཤ་དང་རྐང་མར་ནི་ཞལ་ཟས་སུའོ། །རྐང་དང་རུས་པ་ནི་གླིང་བུ་དང་རོལ་མོ་དང་རྒྱན་དུ་བྱའོ། །སྐྲ་དང་བ་སྤུ་ནི་གཞལ་ཡས་ཁང་གི་རྒྱན་དུའོ། །དེ་དག་འདུས་པ་རྣམས་ནི་འབྱུང་བ་ལྔའི་རང་བཞིན་ཏེ། བདེ་བར་གཤེགས་པ་རྣམས་ཀྱི་ཡོ་བྱད་དུ་དབུལ་བར་བགྱིའོ། །དེ་ནས་ཚེ་འདས་པ་དེའི་ལམ་སྦྱང་བ་དང༌། བསྟན་པ་བྱས་ལ་སྨོན་ལམ་གདབ་སྟེ། བདག་ཅག་གིས་དཔལ་ཀྱེའི་རྡོ་རྗེ་འཁོར་དང་བཅས་པ་ལ་ཅི་འབྱོར་པའི་མཆོད་པ་དང་སྦྱིན་སྲེག་རྣམས་ཀྱིས་མཆོད་པས་བདག་དང་ཡོན་བདག་དང་ཚེ་འདས་པ་དང༌། སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ཏེ་འདི་ཉིད་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་པ་དང༌། གཞན་ཡང་རང་གི་ཡིད་ལ་ཇི་ལྟར་འདོད་པའི་སྨོན་ལམ་གདབ་པར་བྱའོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་སྟེ། དཔལ་ཀྱེའི་རྡོ་རྗེ་འཁོར་དང་བཅས་པ་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་དང་ཡོན་གྱི་བདག་པོ་རྣམས་ལ་ནད་ཀྱི་རིགས་སུ་གྱུར་པ་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་དང༌། འདུས་པ་ལས་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག གདོན་གྱི་རིགས་སུ་གྱུར་པ་གདོན་སྟོང་ཕྲག་བརྒྱད་ཅུ་ལས་ཐར་བར་མཛོད་ཅིག འཕྲལ་གྱི་རྐྱེན་ལས་གྱུར་པ་ཐམས་ཅད་ཞི་བར་མཛད་དུ་གསོལ་ཞེས་བརྗོད་དོ། །དེ་ནས་བཟོད་པར་གསོལ་ཏེ། བདག་དུས་སྙིགས་མའི་སེམས་ཅན་དུ་གྱུར་པས་ཡོ་བྱད་མ་འཚོགས་པ་དང༌། བདག་ལས་དང་པོར་པར་གྱུར་ཏེ། སེམས་ལ་དབང་མ་ཐོབ་པས་བྱིང་བ་དང་རྒོད་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ཉམས་ཤིང་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོ་མཛད་དུ་གསོལ། ཞེས་བརྗོད་དོ། །དེ་ནས་གཤེགས་སུ་གསོལ། དེ་ནས་མེ་ལྷ་ལ་ཅི་འབྱོར་པའི་མཆོད་པ་དང༌། བསྲེག་རྫས་ལྷག་མ་རྣམས་ཕུལ་ཏེ། འཇིག་རྟེན་དབང་ཕྱུག་ཅེས་པས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། དྲང་སྲོང་ཆེན་པོ་ཁྱོད་ལ་ཅི་འབྱོར་པའི་མཆོད་པ་དང༌། སྦྱིན་སྲེག་གིས་མཆོད་པས་བདག་ཅག་གི་མི་མཐུན་པའི་ནད་ཀྱི་རིགས་སུ་གྱུར་པ་དང༌། གདོན་ཐམས་ཅད་དང༌། འཕྲལ་གྱི་རྐྱེན་ཐམས་ཅད་ཞི་བར་མཛད་དུ་གསོལ། འཇིག་རྟེན་འདིའི་ཚེ་རིང་བ་དང༌། ནད་མེད་པ་དང༌། བསོད་ནམས་དང༌། དཔལ་དང༌། འབྱོར་པ་དང༌། གཟི་བརྗིད་རྣམས་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བོ། །དེ་ནས་བཟོད་པར་གསོལ་ཏེ། བདག་གི་ཡོ་བྱད་མ་འབྱོར་པ་དང༌། ཆོ་ག་ཉམས་པ་ལ་སོགས་པ་རྣམས་བཟོད་པ་ཆེན་པོ་མཛད་དུ་གསོལ་ཞེས་བརྗོད་དོ། །དེ་ནས་ཚོགས་དང་འབྲེལ་པའི་གཏོར་མ་བཏང་ལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱའོ། །ལྷག་མ་བསྡུ་བ་དང༌། སྨོན་ལམ་གདབ་པ་ལ་སོགས་པ་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །ནང་པར་གྱི་དུས་སུ་རྡུལ་ཚོན་ཕྱགས་ལ་ཆུ་བོ་ཆེན་པོ་ལ་དོར་བ་ལ་སོགས་པ་མཇུག་གི་བྱ་བ་རྣམས་ཀྱང་རྫོགས་པར་བྱའོ། །གལ་ཏེ་བསྲེག་ཁང་གི་ཉེ་འཁོར་ཐམས་ཅད་དབང་མ་ཐོབ་པས་གང་བ་ཡིན་ན་ཐབ་ཁུང་གི་ནང་གི་དབྱིབས་བྲིས་ལ། ཕྱིའི་དཀྱིལ་འཁོར་མི་བྲི་ཞིང༌། དེའི་དྲུང་དུ་ལས་ཀྱི་རྡོ་རྗེ་སློབ་མ་འགའ་ཡིས་ཐུན་མོང་དུ་བྱས་ཀྱང་ཉེས་པ་མི་འབྱུང་བའི་མཆོད་པ་ལ་སོགས་པ་བྱེད་དུ་བཅུག་ལ། རྡོ་རྗེ་སློབ་དཔོན་འཁོར་ཅི་རིགས་པ་དང་བཅས་པ་གནས་དབེན་པར་ཆོ་ག་ཐམས་ཅད་སྔར་བརྗོད་པ་བཞིན་ཉམས་སུ་བླང་ཞིང༌། བསྲེག་རྫས་རྣམས་སྣོད་གཅིག་ཏུ་བསོགས་ལ། ལས་ཀྱི་རྡོ་རྗེ་སློབ་མ་གཅིག་བསྲེག་ཁང་དུ་སྐྱེལ་དུ་བཏང་སྟེ། འདི་ནི་བླ་མ་གོང་མའི་ཕྱག་ལེན་ལས་མཐོང་བ་ཡིན་ནོ། །རོ་བསྲེགས་ཏེ་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།གསུམ་པ་མཆོད་རྟེན་བྱས་ཏེ་སྡིག་པ་སྦྱང་བ་ནི། རྡོ་རྗེ་གུར་ལས། ཉི་མ་དག་ནི་གསུམ་པ་ལ། །རུས་པའི་ཕྲེང་བ་བསྡུ་བྱ་ཞིང༌། །འོ་མ་དྲི་བཟང་བསང་གཏོར་ནས། །དེ་ཡིས་མཆོད་རྟེན་ཡང་དག་བརྩམ། །ཞེས་འབྱུང་བའི་དོན་ནི་འོ་མ་དང་དྲི་ཞིམ་པོ་སྦྱར་བས་ལས་ཐམས་ཅད་པའི་བུམ་པ་བཀང་ལ། ལས་ཐམས་ཅད་པའི་བུམ་པའི་ཆོ་ག་རྫོགས་པར་བྱས་ཏེ། །ཨ་མྲྀ་ཏ་དང་ཡི་གེ་བརྒྱ་པ་ཟློས་ཤིང་རུས་པ་བཀྲུ། དེ་ནས་ཞིབ་པར་སྦྱངས་པ་དེ་ས་དང་བསྲེས་ལ་འཇིམ་པའི་གོང་བུ་བྱས་ཏེ། བྷྲཱུཾ་ལས་རྣམ་པར་སྣང་མཛད་དུ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། དེ་ཞུ་བ་ལས་བྱུང་བའི་འཇིམ་པའི་གོང་བུར་བསམས་ལ། རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་སྔགས་སམ། ཡི་དམ་གྱི་ལྷའི་སྔགས་མང་དུ་བཟླས། དེ་ནས་གཟུང་སྔགས་ཟབ་མོ་ནང་དུ་བཅུག་པའི་འབི་འབི་བྱ་བ་དང༌། རྒྱར་གཞུག་པ་དང༌། མཆོད་རྟེན་གདབ་ཅིང་ཕྱིར་དབྱུང་བ་དང༌། བཞུགས་སུ་གསོལ་བའི་བར་ཐམས་ཅད་ཡི་གེ་གསུམ་མམ། ཨོཾ་ཨཱཿཧཱུྃ་བྷྲཱུཾ་ཨཱཾ་ཛྲཱི་ཁྃ་ཧཱུཾ་སྭཱ་ཧཱ་ཞེས་པའམ། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ཟློས་ཤིང་བྱ་བ་ཐམས་ཅད་རྫོགས་པར་བྱའོ། །དེ་ནས་རབ་གནས་མདོར་བསྡུས་བྱས་ལ་མཆོད་པ་དང༌། བསྟོད་པ་དང་སྨོན་ལམ་གདབ་པའི་བར་བྱའོ། །སཱཙྪའི་ཆོ་གའོ།།  །།མཆོད་རྟེན་ཆེན་པོ་བྱེད་པར་འདོད་ན། མཆོད་རྟེན་གྱི་དབྱིབས་དང་གཟུངས་གཞུག་པའི་རིམ་པ་དང༌། ཞབས་བསྡམས་པའི་བར་དུ་ཆོ་ག་རྣམས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་དང༌། སློབ་དཔོན་ཀུན་དགའ་སྙིང་པོའི་མན་ངག་བསྲེས་པ་ཁོ་བོས་བྱས་པའི་རྣལ་འབྱོར་གྱི་རྒྱུད་དང་ཐུན་མོང་དུ་གྱུར་པའི་རབ་ཏུ་གནས་པའི་ཆོ་གའི་སྟོད་ན་ཡོད་པ་བཞིན་འདིར་ཡང་ཤེས་པར་བྱའོ། །རྟེན་ཚར་ནས་རབ་ཏུ་གནས་པ་ནི། ཀྱེའི་རྡོ་རྗེ་འདི་ཉིད་ཀྱི་རབ་གནས་ཀྱི་ཆོ་ག་ཁོ་བོས་ལོགས་ཤིག་ཏུ་བྱས་པ་དེ་བཞིན་དུ་བྱའོ། །མཆོད་རྟེན་གྱིས་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།སྤྱིར་དབང་བསྐུར་ཏེ་སྡིག་པ་སྦྱང་བ་ལ་དབང་གི་ཆུ་བོ་ལས་ཤེས་དགོས་ལ། རོ་བསྲེགས་ཏེ་སྡིག་པ་སྦྱང་བ་ལ་སྦྱིན་སྲེག་ཤེས་དགོས་ཤིང༌། མཆོད་རྟེན་སྒྲུབ་པ་ལ་རབ་གནས་ཤེས་དགོས་པས་དེ་གསུམ་ལ་བློ་སྦྱང་བར་བྱས་ལ། ཆོ་ག་རྒྱས་བསྡུས་གང་བྱེད་ཀྱང་གཞན་དོན་དུ་འགྱུར་ཞིང༌། རང་ལ་ཉེས་པ་མི་འབྱུང་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །མདོར་བསྡུས་ཏེ་གསལ་བར་བྱེད་པའི་ཚུལ་གྱིས་ཐམས་ཅད་ཀྱང་བསྟན་ཟིན་ཏོ།།  །།ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །གཙང་གི་སྟོད་དུ་སྐྱེས་པའི་བློ་གྲོས་ཅན། །ཤཱཀྱའི་དགེ་སློང་ཀུན་དགའ་ཚུལ་ཁྲིམས་ཀྱིས། །གསོལ་བ་བཏབ་ནས་དཔལ་ལྡན་ས་སྐྱར་བྲིས། །དེ་ལས་བྱུང་བའི་དགེ་བ་དྲི་མེད་དེས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །རྡོ་རྗེ་ཐེག་པའི་ལམ་ལ་རབ་བཞུགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །དུས་ཐ་མའི་ཆོ་ག་གཞན་ལ་ཕན་པའི་བདུད་རྩི་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*