སྔོན་བྱུང་གི་རྣམ་འཕྲུལ།

༼ཁ༽

༄༅། །སྔོན་བྱུང་གི་རྣམ་འཕྲུལ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་རྣམ་པའི་སྐབས་སུ་བསྐྱེད་པའི་རིམ་པ་ཆོས་གསུམ་དྲན་དགོས་ཏེ། སྦྱང་གཞི་སྦྱོང་ཚུལ་དང༌། འབྲས་བུ་འགྲུབ་ཚུལ་དང༌། སྔོན་བྱུང་གི་རྣམ་པར་འཕྲུལ་པའི་བྱུང་ཚུལ་གསུམ་ཡིན་ནོ། །སྔ་མ་ནི་བསྟན་ཟིན་ཏོ། །རྣམ་པར་འཕྲུལ་པ་ནི་སྔོན་བྱུང་ཁམས་གསུམ་ལས། གཟུགས་མེད་ཁམས་ནི་བདག་པོ་མེད་ལ། གཟུགས་ཁམས་ཀྱི་བདག་པོ་ཚངས་པ་དང༌། འདོད་ཁམས་རྒྱ་ཆེ་བའི་བདག་པོ་འདོད་པའི་དབང་ཕྱུག་ཆེན་པོ་དང༌། འདོད་ཁམས་རྒྱ་ཆུང་བའི་བདག་པོ་གཞན་འཕྲུལ་དབང་བྱེད། རི་རབ་ཀྱི་རྩེ་མོ་མན་ཆད་གླིང་བཞི་པའི་བདག་པོ་དབང་ལྡན་ན་གནས་པའི་དྲག་པོ་དབང་ཕྱུག་ཆེན་པོ་འཁོར་འཇིག་རྟེན་པ་ཆེན་པོ་བརྒྱད་དང༌། རང་གི་ཆུང་མ་བརྒྱད་དང་ལྡན་པ་རྣམས་དང༌། འཇིག་རྟེན་པ་ཆེན་པོ་རྣམས་རང་རང་གི་ཆུང་མ་རེ་རེ་དང་འཁོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུ་ལ་ཐོ་འཚམ་ཞིང༌། འགྲན་པའི་ཕྱིར་དམག་ཀུན་ཏུ་འདྲེན་པ་ནི། བཅོམ་ལྡན་འདས་ཉིད་ཁྲོ་བོའི་སྐུར་སྤྲུལ་ཏེ། དྲག་པོའི་ཆུང་མ་བརྒྱད་དང་མིང་མཐུན་པའི་བཛྲ་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་དུ་སྤྲུལ་ནས་གཙོ་བོ་ཆེན་པོ་གསུམ་དང༌། དྲག་པོའི་འཁོར་ཆེ་ཤོས་ནི་བཅོམ་ལྡན་འདས་ཀྱིས་མནན། དྲག་པོ་ཉིད་འཁོར་ལྷག་མ་བདུན་དང་བཅས་པ་ནི་ལྷ་མོ་བརྒྱད་ཀྱིས་མནན། དབང་ཕྱུག་གི་ཆུང་མ་བརྒྱད་དང་འཁོར་ཆེན་པོ་བརྒྱད་ཀྱི་ཆུང་མ་བརྒྱད་དང༌། དེ་དག་གི་འཁོར་སྟོབས་པོ་ཆེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་ནི། ཕྲིན་ལས་པའི་ཚུལ་དུ་དུར་ཁྲོད་བརྒྱད་དུ་བསྐྲད་ནས། རང་ལ་སངས་རྒྱས་ཀྱི་མཛད་པ་རྒྱས་པར་མཛད་པ་ཡིན་ནོ། །དབང་ཕྱུག་གི་ཆུང་མ་བརྒྱད་ཀྱི་མིང་གི་དོན་ནི་བདུན་མའི་རིགས་ལས་གྱུར་པ་ཡིན་ནོ། །རོ་ལངས་མ་ནི་འདྲེའི་རིག་ཡིན་ནོ། །མིའི་བདུན་ནི་གཽ་རཱི་གཟུགས་མཛེས་ཤིང་དཀར་བའི་ཕྱིར་གཽ་རཱི་ཞེས་བྱ། ཙཽ་རཱི་རྐུན་མའི་རིགས་ལས་བྱུང་བའི་ཕྱིར་ཆོམ་རྐུན་མ། གྷསྨ་རཱི་ནི་ཟ་རྒྱན་མའི་རིགས་ལས་བྱུང་བས་ན་ཟ་ཕོད་མ། པུཀྐ་སཱི་ནི་ང་རྒྱལ་གྱི་རིགས་ལས་བྱུང་བའི་ཕྱིར་སྦོས་མོ། ཤ་བ་རཱི་ནི་རྔོན་པའི་རིགས་ལས་བྱུང་བའི་ཕྱིར་རི་ཁྲོད་མ། ཙཎྜཱ་ལཱི་ནི་ཤན་པའི་རིགས་ལས་བྱུང་བའི་ཕྱིར་གཏུམ་མོའོ། །ཌོཾ་བི་ནཱི་ནི་ཀོ་ལྤགས་མཁན་ལས་བྱུང་བའི་ཕྱིར་གཡུང་མོའོ། །དེ་དང་མིང་མཐུན་པར་བྱས་ནས་རྡོ་རྗེའི་མིང་དབུར་བཞག་ནས། བཛྲ་གཽ་རཱི་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ནོ། །དྲག་པོ་དབང་ཕྱུག་ནི་དཔོན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་གདན་དུ་རིགས་ན། དབུས་སུ་བརྒྱ་བྱིན་འོང་བ་ཅིའི་ཕྱིར་ཞེ་ན། དྲག་པོ་ནི་འདོད་ཆགས་ཀྱི་ངོ་བོ་ཡིན་ལ། དེ་ཕྲག་དོག་དང་རྒྱུ་འབྲས་འབྲེལ་བས་དེ་བྱང་དུ་འོང་བར་རིགས་ལ། བརྒྱ་བྱིན་ཕྲག་དོག་གི་ངོ་བོ་ཡིན་པས་དེ་ཡུམ་གྱི་ཞབས་འདོད་ཆགས་ཀྱི་ངོ་བོས་མནན་པས་ནི་རྒྱུ་འབྲས་འབྲེལ་བས། དབུས་སུ་འོང་བར་རིགས་ཤིང༌། དབུས་ན་སྟོང་གསུམ་གྱི་དབང་ཕྱུག་ཆེན་པོ་འདོད་ཆགས་ཀྱི་ངོ་བོ་ཡོད་པས། དབུས་སུ་དབང་ལྡན་དྲག་པོ་མི་དགོས་པ་ཡིན་ནོ། །འདི་དག་གི་དོན་ནི་བརྒྱུད་པའི་ལུང་ཡིན་ནོ། །ཞེས་བླ་མ་རྣམས་གསུང་ལ། གནས་སྐབས་སུ་ནི་དེ་ཉིད་འདུས་པ་དང༌། རྡོ་རྗེ་རྩེ་མོ་དང༌། ཁམས་གསུམ་རྣམ་རྒྱལ་དང༌། ཟླ་གསང་ཐིག་ལེ་རྣམས་ཀྱིས་ཅི་རིགས་པར་ཤེས་པར་འགྱུར་བ་ཡིན་ནོ། །སྔོན་བྱུང་རྣམ་འཕྲུལ་གྱི་སྐབས་བསྟན་ཟིན་ཏོ། །ས་ཆེན་པས་མཛད་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*