དཔལ་ས་སྐྱ་པའི་མན་ངག་གཅེས་པ་བཏུས་པ་རིན་པོ་ཆེའི་ཕྲེང་བ།

༼ཁ༽

༄༅། །དཔལ་ས་སྐྱ་པའི་མན་ངག་གཅེས་པ་བཏུས་པ་རིན་པོ་ཆེའི་ཕྲེང་བ་བཞུགས།།

དཔལ་ལྡན་མཐུ་སྟོབས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམས་ལ་མདུན་གྱི་ནམ་མཁར་བིརྺ་པ་ཉི་ཟླ་རྟིང་པར་འཛུད་པ་ལ་སོགས་པའི་རྣམ་འགྱུར་གྱིས་བཞུགས་པ་ལ་གུས་བཏུད་དྲག་ཏུ་བྱས་ལ། བདག་ཀྱང་དེ་དང་ནུས་པ་མཉམ་པར་བསམ་སྟེ། སྔགས་ནི། ཨོཾ་བཛྲ་ཨཾ་གུ་ལི། བཛྲ་ཀ་པཱ་ལི་བཛྲ་དྷི་ན། བིནྟུ་ཨ་ར་བཛྲ་པི་ཨཾ་ཧུ་ཙཾ་གེ་ས་ར་བྷེ་ཏ་ན་ལཾ་ག་ཨེ། ཨཾ་ག་ཨི་མི་ལི། ལེ་ག་པ་ར་ཏ། ཏ་ཨུ་ལ་ཏི་པི་ཊ། ཨོཾ་བི་རུ་ཝ་པ་ར་ན་མོ་བྷེ་ཏ་ནི་ཝ་ར་ཎི། ཞེས་པ་ནུས་ཚད་དུ་བཟླས་ལ། མཐར་བིརྺ་པ་བདག་ལ་བསྟིམ་པའམ། མི་དམིགས་པར་བྱ། ཡང་དུས་རྒྱུན་དུ་བྱེད་ན། ཆུ་གཙང་མ་ཁྱོར་བ་གཡོན་པར་བླུགས་ལ། གཡས་ཀྱི་སྲིན་ལག་གིས་དཀྲུག་ཅིང༌། སྔགས་དེ་ལན་ཅི་རིགས་པར་བཟླས་ལ། སྲིན་ལག་གིས་དཔྲལ་བ། མགྲིན་པ། སྙིང་ག་གསུམ་དུ་ཐིག་ལེ་རེ་རེ་བྱའོ། །གདོན་གྱིས་བར་ཆད་ཤིན་ཏུ་ཆེ་བའི་གནས་སུ་སྡོད་པའམ། འགྲོ་ན་ཁྱོར་བ་གཡོན་པར་དྲི་ཆུ་བླུགས་ལ་སྲིན་ལག་གིས་དཀྲུག་ཅིང༌། བདུན་ནམ་ཉེར་གཅིག་བཟླས་ཏེ། མིག་མི་ལྟ་བར་སྲིན་ལག་གཡོན་པས་ཆུ་དེ་ནས་བླངས་ལ་རྒྱབ་བམ། ཕྲག་པ་གཡོན་ན་ཡར་ཁྱེར་ལ། རིམ་གྱིས་དཔྲལ་བ། ལྕེ་རྩེ། སྙིང་ག་གསུམ་དུ་རེག་པར་བྱ་སྟེ། འདི་ནི་ནམ་དགོས་དུས་སུ་བྱེད་པ་ཡིན་ནོ། །སྔ་མ་ནི་སྔ་དྲོ་ལ་སོགས་པའི་དུས་ནར་མར་བྱེད་པའོ། །དེ་རང་ལ་མཆིལ་མས་གདབ་མི་དགོས། དེ་ལྟར་ཕྱི་མ་གཉིས་པོ་དེ་ནི་བསྣན་པ་ལྟ་བུ་ཡིན་གྱིས། སྔར་གྱི་མོས་གུས་བྱས་པ་ཉིད་ཀྱིས་སྲུང་བའི་མཆོག་ཏུ་འགྱུར་རོ། །ར་ག་ཏ་ཛ་ཌ། ར་ག་ཏ་ཕཊ། བིརྺ་པ། ཀ་ནི་ར་ལ་ཌ་ཐ་མོ་ན་ཐཱི་བྷི་ཡ། ཨི་ཐི།།  །།དཔལ་ལྡན་མཐུན་སྟོབས་ཀྱི་དབང་ཕྱུག་བིརྺ་པ་ལ་ཕྱག་འཚལ་ལོ། །འདིའི་བསྲུང་བ་ལ་གཉིས། རྡོ་རྗེ་རྩེ་གསུམ་གྱིས་བསྲུང་བ། ལུགས་འབྱུང་ལུགས་བཟློག་གིས་བསྲུང་བའོ། །དང་པོ་ནི་བསམ་གཏན་གྱི་ཡན་ལག་བདུན་སྔོན་དུ་སོང་ནས། རང་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཏུ་དམིགས་ལ། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་ལ་དེས་དཔྲལ་བ་དང༌། ཁ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་ཀྱི་རྩེ་མོ་རྣམས་ལ་རེག་ཅིང་རིམ་པ་བཞིན་དུ། ཨོཾ་ཨ་ཀྵེ་བྷི་མ། དེའི་དོན་ནི་སྔར་ནི་ལྷན་ཅིག་གྲུབ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལྷན་ཅིག པ་ཙེ་ཨུ་པི་མ། ཕྱིས་ནི་མཚམས་མ་སྤྲུལ་པའི་སྐུ་ཞིང་སྐྱེས་མཁའ་འགྲོ་མས་བྱིན་གྱིས་རློབ་ཅིང་ཤི་ལ་པ་ཐ་ར། ཤིང་དང་བྲག་བཞིན་དུ། ཧ་ཨུ་ཨ་ཚེ་ཨུ། ང་འདི་ན་ཡོད་དོ། །ཝ་པ་ཞེས་པ་དེ་ལས་མ་འདའ། བིརྺ་པ་པྲ་ས་དྷེཾ་སྭཱ་ཧཱ། བིརྺ་པའི་བཀའ་ལས་མ་འདའ་ཞིང་ཅེས་པའོ། །ཡང་རྐང་པའི་རྟིང་པ་ཚོན་པོ་ལ་བཙུགས། བྲང་ང་ས་ལ་བཙུགས་ནས། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་བཅས་ལ། དེ་ཡར་བཟློག་ལ་མཛུབ་མོ་སྙིང་གར་རེག་ཅིང༌། མཐེའུ་ཆུང་ཁ་ལ་རེག དེ་མར་བཟློག་ནས་ལྟེ་བར་མཐེའུ་ཆུང༌། མཐེབ་མཛུབ་ཀྱི་བར་དུ་གསང་གནས་གཞུག མཐེའུ་ཆུང་བཤང་ལམ་ལ་རེག་གོ །དེ་བཞིན་དུ་ཡར་ལ་ཡང་བཟློག་གོ །དེ་ནས་མར་ལ་ཡང་དེ་བཞིན་དུ་བྱས་ལ་བཤང་སྒོར་དགྲོལ་ཏེ། འདིས་ནི་ཕྱི་རོལ་གྱི་བར་ཆད་དང་དགྲ་རྐུན་ལ་སོགས་པ་ཐམས་ཅད་ཐུབ་པར་འགྱུར་རོ། །ཐུན་གསུམ་མམ་བཞི་བསྒོམས་ན་མཆོག་ཏུ་འགྱུར་རོ། །འདི་དྲན་པ་ཙམ་གྱིས་ཀྱང་བར་དུ་གཅོད་པར་མི་ནུས་སོ། །ཨི་ཐི།།  །།རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ནི། །སྙིང་གར་བཅའ་ཞིང་བཤང་སྒོར་དགྲོལ། །འབྱུང་པོའི་ཉི་མ་དག་ལ་བསྟན། །གཞན་དུ་ན་ནི་བར་ཆད་འགྱུར། །སྲིན་བུའི་བར་པ་དེ་སིནྡྷུ་ར་དང༌། ཙནྡན་དཀར་དམར། བུ་རམ། ར་དཀར་གྱི་རྨང་རའི་ཤ། དེ་ཚོ་ལ་སྔགས་བཏབ་ལ། བསྒྲུབ་བྱ་ལ་སྦྱིན། ཡང་ན་རིལ་བུ་བྱས་ནས་སྨིན་མཚམས་སུ་ཐིག་ལེ་བྱ་ཡང་ཟེར།།  །།རྣལ་འབྱོར་དབང་ཕྱུག་བིརྺ་པ་ལ་ཕྱག་འཚལ་ལོ། །རང་གི་སྲིན་བུ་སྐྱུགས་པ་དེའི་མགོ་བོ་དང༌། རྐེད་པ་དང༌། མཇུག་གསུམ་གྱིས་ལས་གསུམ་བྱེད་དེ། མགོ་སྟོད་ཀྱིས་ཐིག་ལེ་བྱས་ཏེ། གང་ལ་ཕྱག་བྱས་པ་དེ་འགས་པར་འགྱུར་ཏེ། མུ་སྟེགས་བྱེད་ཀྱིའོ། །ནང་པ་བུདྡྷ་པ་ལ་བྱས་ན་ན་ཚ་མྱོང་ངོ༌། །བར་པ་དེ་སིནྡྷུ་ར་དང་བསྲེས་ཏེ་བྱས་ན་དབང་དུ་འགྱུར་རོ། །མཇུག་མ་དེ་ཙནྡན་དཀར་དམར། ནཱ་ག་གེ་སར། བུ་རམ་རྣམས་བཏགས་ཏེ། རིལ་བུ་བྱས་ལ་ལག་པ་ལ་བསྐུས་ཏེ་ནད་པའི་གནས་གསུམ་དུ་རེག་ན་དེས་ནད་པའི་གདོན་དང་ནད་ཐམས་ཅད་ཞིའོ། །རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བསྲུང་བ་དང༌། བཟློག་པ་དང༌། དབང་དུ་བྱ་བ་དང༌། ལྷ་འགས་པ་དང༌། བསད་པའི་མན་ངག་གོ །ཨི་ཐི།།  །།ཙཀྲའི་སྲུང་བ་བྱེད་ན་ལྟེ་བར་བསྒྲུབ་བྱ་བྲི། དེའི་གནས་ལྔར་སྔགས་ལྔ་བྲི། རབ་གནས་བྱས་ལ་བཏགས་སོ། །མི་ལ་གསང་ངོ༌། །ཨི་ཐི།།  །།ཨ་ཀྵེའུ་བྷི་མ། པ་ཚེ་ཨུ་པི་མ། ཤི་ལ་པ་ཐ་ར། ཧ་ཨུ་ཨ་ཚེ་ཨུ། ཝ་པ། བིརྺ་པ། པྲ་ས་དྷེཾ་སྭཱ་ཧཱ།།  །།བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཐོ་རངས་མལ་ནས་ལངས་པ་དང་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཉི་མ་རྟིང་པར་འཛིན་པ་ལ་སོགས་པའི་རྣམ་འགྱུར་གང་རུང་དུ་བསྒོམ། སྤྱི་བོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧོ་དམར་པོ་མགོ་ཐུར་ལ་བལྟ་བར་བསྒོམས་ལ་དེ་ཐབས་ཀྱི་རང་བཞིན་དུ་མོས་པ་བྱ། ལྟེ་བར་ཉི་མའི་སྟེང་དུ་ཧོ་དམར་པོ་མགོ་གྱེན་དུ་བལྟ་བ་བསམས་ལ། དེ་ཤེས་རབ་ཀྱི་རང་བཞིན་དུ་མོས་པ་བྱ། དེ་ནས་ལག་པ་གཡས་པའི་སོར་མོ་གཞིབས་པས་ལྕེའི་བུད་བཞར། གཡོན་པའང་དེ་ལྟ་བུའི་བུད་བཞར་ལ་གཡས་པས་སྤྱི་གཙུག་ནས་མནན། གཡོན་པས་ལྟེ་བ་ནས་བཏེག་ལ། ཡར་མར་ནས་བཙིར་ནས། ཐབས་ཤེས་རབ་གཉིས་སུ་མེད་པར་བསྒོམས་ལ། དེའི་ངང་ལ་བློ་བཞག་ལ། ཐབས་ཤེས་རབ་གཉིས་སུ་མེད་པའི་བསྲུང་བ་བླ་མའི་གསུང་ལས་གཉན་གྱིས་བྲིས་པའོ།།  །།ཨོཾ་སྭ་སྟི་སིདྡྷཾ། རྟེན་འབྲེལ་གྱི་སྲུང་བ་བྱེད་པར་འདོད་པས། ཤཱཀྱ་ཐུབ་པ་ལུགས་མའམ། རས་བྲིས་ཀྱི་དྲུང་དུ་མཆོད་པ་ལྔ་དང་གཏོར་མ་བཤམ། བསྲུང་བའི་ཡུལ་དུ་ཡོད་པས་ཁྲུས་ལེགས་པར་བྱས་ལ་གྲལ་ལ་བསྡད་དེ་མཎྜལ་ཕུལ་ལ། སློབ་དཔོན་གྱིས་དམིགས་པ་རྣམས་སྟོན་ཏེ། ཐོག་མར་རས་བྲིས་སམ། ལུགས་སྐུ་དེ་ཉིད་ཤཱཀྱ་ཐུབ་པ་མཚན་དང་དཔེ་བྱད་དུ་ལྡན་པ་འོད་ཟེར་དཔག་ཏུ་མེད་པ་སྤྲོས་བསྡུས་པས། སེམས་ཅན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བར་བསམས་ལ། སྐུར་གྱུར་པ་ནི་ཐམས་ཅད་བྱ་བས་ཕྱག་གསུམ་བྱ། དེ་ནས་ཨརྒྷཾ་པཱ་དྱཾ་བཛྲ་པུཥྤེ་ཧཱུྃ་ལ་སོགས་པའི་མཆོད་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལན་གསུམ་གྱིས་རྒྱུན་བཤགས་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དེ་ནས་གསོལ་བ་འདེབས་པ་སློབ་དཔོན་གྱི་རྗེས་སུ་བཟླས་པ་འདི་སྐད་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཁོང་དུ་ཆུད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་བའི་བྱིན་གྱི་རླབས་ཀྱིས། བདག་མིང་འདི་ཞེས་བགྱི་བ་ལ་ནད་དང༌། གདོན་དང༌། དགྲ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། དེ་ནས་བཅོམ་ལྡན་འདས་ཀྱི་གསུང་གི་རྗེས་ཟློས་བྱེད་པར་བསམས་ཏེ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ། ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཞེས་རང་གིས་གསོལ་བ་འདེབས་པའི་ཚིག་གིས་གསོལ་བ་བཏབ་ལ། དེ་རྗེས་ལ་བཅོམ་ལྡན་འདས་ཀྱི་གསུང་གི་རྟེན་འབྲེལ་གྱི་སྙིང་པོ་ལན་གསུམ་གྱིས་རྗེས་ཟློས་བྱ། དེ་ནས་རྟེན་འབྲེལ་གྱི་རྫས་བོང་ང་ནག་པོ། ཤུ་དག གུ་གུལ་ནག་པོ་གསུམ་ལ་རྟེན་འབྲེལ་གྱི་སྙིང་པོ་ཉི་ཤུ་རྩ་གཅིག་བཟླས་ལ། མེ་ལ་བསྲེགས་ལ། རླུང་རྩོལ་བ་ནས་ལན་གསུམ་བུས་ལ། ནད་ཀྱི་རྒྱུ་དང༌། ནད་ཀྱི་རྐྱེན་དང༌། རྣམ་རྟོག་ཐམས་ཅད་སངས་བུས་ལ། བུས་པའི་ཐ་མ་ལ་རླུང་ནང་དུ་འོང་དུ་མི་གཞུག་པར་ཐུབ་ཚད་གཅིག་ཕྱིར་བཞག ནང་དུ་རྔུབ་པ་དང་གཡས་བཀག་ལ་སྲོག་ནས་རྔུབས་པས་སེམས་ཀྱི་རྟེན་འབྲེལ་གྱི་སྙིང་པོའི་ཡི་གེ་དང༌། རྟེན་འབྲེལ་གྱི་དུད་པ་དེས་ལུས་ཐམས་ཅད་ཁྲིག་གིས་ཁེངས་པར་བསམས་ལ་མཆིལ་མ་མིད་ལ་རླུང་ནང་དུ་ཐུབ་ཚད་ཅིག་མནན། དེ་ནས་སློབ་དཔོན་གྱི་ཕྱག་ཏུ་མེ་ཏོག་ཅིག་ཕུལ་ལ། སློབ་དཔོན་གྱིས་མེ་ཏོག་དང་བཅས་པའི་ལག་པས་བསྲུང་བར་བྱ་བའི་ཕྱིར། སྤྱི་བོའམ། དཔྲལ་བར་རེག་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱིན་གྱིས་རླབས་ཀྱིས་ཆེ་གེ་མོའི་ནད་ཐམས་ཅད་ལས་བསྲུང་དུ་གསོལ། ཞེས་སློབ་དཔོན་གྱིས་ཀྱང་གསོལ་བ་བཏབ་ལ། དེ་ནས་མཐེབ་ཀྱུ་རེ་དང་ཆང་བུ་རེ་ལ་ཆུ་བླུགས་ལ། སརྦ་བིགྷྣཾ་གྱི་སྔགས་ལན་གསུམ་གྱིས་ནད་བདག་མོ་ལ་བྱིན་ལ་གཡས་ཕྱོགས་ནས་བསྐོར་བས་རྒྱང་རིང་དུ་འཕང༌། ལན་གསུམ་བཏང༌། ཁྲོ་བོའི་སྔགས་ཀྱིས་བགེགས་བསྐྲད་ལ་སླར་འོང་དུ་མི་གཞུག དེ་ནས་མཆོད་པའི་གྲལ་ན་ཡོད་པའི་གཏོར་མ་དེ་བྱིན་རླབས་གང་ཡང་རུང་བས་བྱས་ལ་ས་གཙང་སར་བཏང་ངོ༌། །དགའ་སྟོན་ཇི་ལྟར་འབྱོར་པ་བྱ། རྟེན་འབྲེལ་ལ་མངའ་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གདམས་ངག རྗེ་ས་སྐྱ་པ་ལ་བབས་པའོ། །ཤིན་ཏུ་ཟབ་བོ། །ཨི་ཐི། འདི་ལ་རྨི་ལམ་ངན་པ་ཞི་བ་དང༌། ནད་བྱུང་བ་ཞི་བ་དང༌། དགྲ་ཞི་བར་བྱ་བའང་སྣང་ངོ༌།།  །།བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣལ་འབྱོར་གྱི་དབང་ཕྱུག་གི་དགོངས་པ། དམ་ཚིག་དང༌། སྡོམ་པ་དང་ལྡན་ཞིང་རིམ་པ་གཉིས་ལ་བརྩོན་པའི་རྣལ་འབྱོར་པས། ཕྱི་རོལ་གྱི་ཟས་སྤངས་ཏེ། རིལ་བུའི་བཅུད་ལེན་བསྒྲུབ་པར་འདོད་པས། རྫས་བསགས་པ་དང༌། བྱིན་གྱིས་བརླབས་པ་དང་ཇི་ལྟར་བསྟེན་པའི་ཚུལ་ལོ། །རྫས་འདི་རྣམས་ཡིན་ཏེ། ཨ་རུ་ར་གསེར་མདོག་ལྔ། ལྒ་ལེབ་བཅུ། ལུང་ཁུར་མོ་རྡོག་པོ་བཅུ། ཀ་ར། བུ་རམ་སྲང་གསུམ། མར་སྲང་བརྒྱད། ཕབས་རྡོག་གཅིག གྲུས་ཕྱེ་ཕུལ་དགུ། བདུད་རྩི་རིལ་བུ་ལྔ། དེ་རྣམས་ལེགས་པར་ཚོགས་པ་དང༌། ལན་ཚྭ་དང་སྐྱུར་སྔོ་ལ་སོགས་པའི་ཟས་ངན་པ་རྣམས་སྤངས་ཏེ་དཀར་གསུམ་དང༌། མངར་གསུམ་དང༌། ཤིང་ཀུན་བག་ཙམ་ཐོས་པ་ལས་བྱུང་བའི་རང་གི་རྣམ་སྣང་གི་གོང་པོ་གཅིག་སྣོད་གྱི་ནང་དུ་བཞག་སྟེ། དེ་འོག་ཏུ་རང་གི་དྲི་ཆུ་བླུགས་ལ་དུག་གདོན། དེ་ནས་རྣམ་སྣང་བླངས་ལ་གཡམ་པ་གཙང་མའི་སྟེང་དུ་ཤིང་ལེབ་ཀྱིས་ལེགས་པར་བརྡལ་ལ་སྐམ་དུ་གཞུག བསྐམས་པའི་ལེབ་མ་དང་གོང་གི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་རྣམས་བུ་རམ་གྱིས་འཕྲོད་བྱས་ལ། སླེའུ་གཙང་མའི་སྟེང་དུ་ལག་པ་གཙང་མས་ལྷའི་ང་རྒྱལ་དང་ལྡན་པས་ལེགས་པར་བརྫིས་ལ་རིལ་བུ་སྲན་མ་འབྲིང་པོའི་ཚད་ཙམ་བྱའོ། །གཡམ་པ་གཙང་མའི་མཐའ་མ་འདམ་པས་བསྐོར་བའི་སྟེང་དུ་རིལ་བུ་དེ་རྣམས་བཀྲམ་ལ་དར་དམར་པོས་གཡོགས་ལ་རིལ་བུ་མ་རེག་པར་བྱས་ལ་སྐམ། ལེགས་པར་བསྐམས་པ་དང་རྐྱལ་པ་སྲུབས་མེད་པ་གཙང་མའི་ནང་དུ་བླུགས་ལ་ཤིན་ཏུ་དབེན་པའི་གནས་སུ་རང་གི་སྨིན་མཚམས་ཀྱི་ཐད་ཀར་བཏགས་ལ་རྐྱལ་པ་དེ་སྲུང་བའི་འཁོར་ལོ་དང་ལྡན་པར་ལྷའི་རྣལ་འབྱོར་སྒོམ་ཞིང་ཡིག་འབྲུ་གསུམ་མང་དུ་བཟླས་ཤིང་དམིགས་པ་བདུད་རྩི་རིལ་བུ་བྱིན་གྱིས་བརླབས་པ་བཞིན་བྱའོ། །ཐུན་མགོ་དང་ཐུན་མཇུག་གཉིས་གཉིས་ལ་ཡི་གེ་བརྒྱ་པ་མང་དུ་བཟླས་སོ། །ཞག་བདུན་གྱི་བར་དུ་བསྒྲུབ་པ་བྱའོ། །སྒྲུབ་པ་ཐོན་པ་དང་རིལ་བུ་བསྟེན་པ་ནི། རིལ་བུ་རེ་ལ་ཨོཾ་ཨཱཿཧཱུྃ་རེ་དང་ཡི་གེ་བརྒྱ་པ་རེ་བཟླས་ལ་བཟའོ། །རིལ་བུ་བཅུ་གཅིག་གིས་ཉིན་ཞག་རེ་འཚོའོ། །འདི་བསྟེན་ན་ནད་གདོན་མ་ལུས་པ་ཞི་བ་དང༌། ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པའོ། །རྫོགས་སོ།།  །།རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་གྱི་བཅུད་ལེན་གྱི་གདམས་ངག་ལ། དང་པོ་སྐྱབས་སུ་འགྲོ་བ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྐད་ཅིག་གིས་བདུད་རྩིའི་ལྷ་མོ་འོད་འཆང་མ། སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་རལ་གྲིའམ་གྲི་གུག གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་ཏུ་བསྒོམ། དེ་ནས་གཡས་ཀྱི་གྲི་གུག་གིས་བདག་ཉིད་ཀྱི་སྙིང་དཀར་ནག་གིས་མཚམས་སུ་དྲིལ་ནས། འོག་གི་ཕྱོགས་སུ་ཉོན་མོངས་པའི་རྩ་སྦུབས་སྔ་སྟེང་གི་ཕྱོགས་སུ་ཡེ་ཤེས་ཀྱི་རྩ་སྦུབས་བྱུང་བར་བསྒོམ། དེ་ནས་ཉོན་མོངས་པའི་རྩ་སྦུབས་ལྔ་ནས་ཁྲག་མང་པོ་བུན་གྱི་བྱུང་ནས་བཤང་གཅིའི་ལམ་ནས་འཐོན་པར་བསྒོམ་མོ། །དེ་ནས་རྩ་སྦུབས་སྟོང་པར་ཡོད་པའི་ནང་དུ་བུམ་པའི་བདུད་རྩི་བླུགས་པས། སྙིང་ག་མན་ཆད་དུ་བདུད་རྩིས་དཀར་དམར་གྱིས་ཁེངས་ནས། ཡེ་ཤེས་ལྔའི་རྩ་སྦུབས་ན་ཡར་སོང་བས་ལུས་ཐམས་ཅད་བདུད་རྩིས་མེར་གྱིས་ཁེངས་རྩ་གཉིས་ཀྱང་འབྱར་བར་བསྒོམ། དེ་ལྟར་བསྒོམས་པས་སྙིང་ག་མན་ཆད་རྒྱུད་བདེ་བ་ཆེན་པོས་མེར་གྱིས་གང་བར་བསྒོམ། དེ་ནས་གནས་ལུགས་ཀྱི་སྟེང་དུ་བློ་བཞག དེ་ནས་སྐབས་སུ་སྔར་བཞིན་བསྒོམ། དེ་ལྟར་བསྒོམས་པས་དམིགས་པ་རབ་འོ་མའི་སྒྲེགས་པ་ལྷུད་ལྷུད་པ་འོང༌། འབྲིང་མི་བཀྲེས་པར་ཁྱེང་ངེ་འོང༌། ཐ་མ་ཡང་མི་བཀྲེས་པ་ཙམ་འབྱུང་གསུངས། འདི་བྱས་ན་བཟའ་མི་དགོས་པར་མ་ཟད་བཏུང་བ་ཡང་མི་དགོས་གསུང༌། འདི་བྱེད་འགྲོ་ལ་བཟའ་བཏུང་ལོངས་སྤྱོད་ཀྱང་སྐྱོན་དུ་འགྱུར་བ་མེད་ལ་ཟ་བའི་འཕྲོ་ལ་ཁྲེག་ཆོད་དུ་བཅད་ཀྱང་བཀྲེས་སྐོམ་གྱི་སྐྱོན་མི་འབྱུང་གསུངས། འདི་བྱེད་ཙ་ན་དང་པོ་ཚོགས་ཀྱི་འཁོར་ལོ་བསྐོར། དེ་ནས་སྐབས་སུ་བརྒྱུད་པའི་བླ་མ་དཔལ་ཤ་བ་རི་པ་ལ་གསོལ་བ་གདབ་གསུང་ངོ༌། །ཏིང་ངེ་འཛིན་གྱི་བཅུད་ལེན་ནོ། །རྗེ་བཙུན་ས་སྐྱ་པའི་གདམས་པའོ། །ཨི་ཐི།།  །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དང་པོར་སེམས་བསྐྱེད། རང་སྐད་ཅིག་གིས་ལྷ་མོར་མོས། སྙིང་གར་ཧྲཱིཿདམར་པོ་ཟླ་བ་གནས་པར་བསྒོམ། འོད་ཟེར་གྱིས་བླ་མ་དང་ཀུ་རུ་ཀུལླེས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པ་ལྔས་མཆོད། གུར་གྱི་ཚིགས་བཅད་གཉིས་བརྗོད་ཅིང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་བྱ། དེ་ནས་ཚད་མེད་པ་བཞི་བསྒོམ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤཱུ་ནྱ་ཏཱས་སྟོང་པར་བསྒོམ། དེ་ནས་པད་ཟླའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་འཕྲོས་བསྡུས་ཧྲཱིཿལ་ཐིམ་པ་ལས་ལྷ་མོར་རང་བསྐྱེད། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་མ། གཡས་གཡོན་དང་པོ་མདའ་གཞུ་འགེངས་པ། གཡས་ཀྱི་གཉིས་པ་ན་ལྕགས་ཀྱུ་འཛིན་པ། གཡོན་གཉིས་པ་ན་ཨུཏྤལ་དམར་པོ་བསྣམས་པ། ཞབས་གཡས་ཅུང་ཟད་བརྐྱང་བ། གཡོན་བསྐུམ་པའི་ཕྱེད་ཀྲུང་པདྨ་དམར་པོ་དང་ཟླ་བའམ་ཉི་མ་ལ་བཞུགས་པར་བསྒོམ། རང་གི་སྙིང་གར་ཟླ་བ་དང་ཉི་མ་གང་རུང་གི་ཁ་རུ་ཧྲཱིཿབསྒོམ། འོད་ཀྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རང་ལ་བསྟིམ། རིགས་ལྔས་དབང་བསྐུར། འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། སྙིང་གར་ཧྲཱིཿལས་སྔགས་གཡས་སུ་བསྐོར་བ་ལ་བཟླས་པ་བྱ། དེ་རང་དང་སྙིང་གའི་སྔགས་ས་བོན་དང་བཅས་པ་ལས་འོད་དམར་པོ་འཕྲོས་ཏེ། དབང་དུ་བྱ་བའི་བསྒྲུབ་བྱ་བཀུག་སྟེ་མདུན་ན་གནས་པ་ལ་ཕོག་པས་དམར་ལམ་བྱུང་བར་གྱུར་ཅིང་དབང་དུ་འདུས་པར་བསམ། བསྙེན་སྔགས་འབུམ་ཕྲག་བདུན། ལས་དུས་ཁྲི་ཕྲག་གཉིས་སོ། །ཨོཾ་ཨ་ཤ་གྲྭ་ཏ་གྷ་ར། མ་ཧཱ་བི་དྷ་ནི་བནྡྷ་ཨུརྟ་བནྟ། བཛྲ་ཧསྠ་བཛྲ་མུཥྚི། བཛྲ་དི་ཝི་སན་ཏུཥྚི། བཛྲ་ཨཾ་གུ་རི། མ་ཡི་སི་ཝུ་ཏ། སན་དུཥྚི། ཨེ་ཀ་ཝུ་ག་ཝོ། ན་ཕུ་ཏྲ་ཧི་མོ་རི་ཏྲིཥྛི། ཨོཾ་བཾ་ཀི་དྷ་ལི། མུཉྩ་སིནྡྷ། ཏམྦྷ་ཡི་ཤ་ལི། ཀནྟ་ཡི་ཤ་ལི། མ་ཡི་རྭ་སུ་ཏ། ཕ་ལ་ཡི་ན་སུ་ཏ། ཛྷ་བྷ། སུང་པ་ཝས། ཙོ་རི་ཀ་རནྟེ་ཛྷ་ཡི་པ། ཐོ་བས། ཧི་ར་ཕོ་ཡ་ཕྱེ། ཧ་ཡི་ཕོ་རི། ཏྲ་ཧཱུ་ནི། ཨུ་པ་རི་བནྡྷ་ཡི། བཛྲ་མུ་ག་རོ་གོ་ནི། ཨ་ཡི་ཤ་པུ་ཏ། བྷ་ཝནྟི་ཝ་ཡི་སུ། ཛྷ་ཡི་ན་བྷནྡྷ་སི། རཀྵ་ས་རི་ཧ་ར། ཛྷ་ཝ་ན་མོ། ཧོ་ཧི་ཡེ་སིདྡྷི། བྷ་ཡེ་ར་བནྡྷ། ཡ་ཡེར་བནྡྷ་བནྡྷ་ཛྷ་སི། ཏོ་ལི་ཏ་ལུ་བནྡྷ། སརྦ་ཌཱ་ཀི་ནཱི། མ་ཡེ་རུ་མེ་བྷན་ཏུ། ར་མ་སུ་ཏ། ཤ་ལུ་བནྡྷ་རཀྵ་རི་ཧཱ་ར། ཛ་ཝན་ཧྲཱི་ཡི། མོ་རི་སིདྡྷི། དངོས་གྲུབ་མ་ཐོབ་བར་དུ་བདག་ལ་སྲུངས་ཤིག གཡོན་པའི་རྩེ་གསུམ་ཕྱག་རྒྱ་སྨིན་མཚམས་སུ་གཏུགས་ལ། སྔགས་འདི་ལན་གསུམ་བཟླས་ཏེ། མཚན་མོའི་བསྲུང་བའོ། །རྗེས་སུ་བཟླས་པའི་ལུང་ནི་མེ་ཏོག་ལག་ཏུ་ཐོགས་ལ་ལན་གསུམ་བཟླས་སོ།།  །།ཌོཾ་བི་ཧེ་རུ་ཀར་བདག་ཉིད་བསྒོམས་ལ་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་བྱུང་བདག་གི་དཔྲལ་བར་ཞུགས་སྐུའི་ཡོན་ཏན་ཐམས་ཅད་དང་རྫོགས་པར་བསྒོམ། བདག་གི་ལུས་ཇི་སྲིད་གནས་ཀྱི་བར་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱི་བྱིན་རླབས་ཞུགས། དེ་བཞིན་དུ་གསུང་དང་ཐུགས་ལའང་ཤེས་པར་བྱའོ། །ནུབ་མོའི་བསྲུང་བ་ནི་ཆུ་ཁྱོར་བ་གང་ལ་ལན་བདུན་བཟླས། རྩི་གསུམ་ནི་འདྲའོ། །ཆུ་ནི་བླ་མ་དང་སངས་རྒྱས་ལ་སོགས་པའོ། །སྲུང་བ་འདི་ནི་མཆོག་ཏུ་ཤེས་པར་བྱའོ། །སློབ་དཔོན་ལ་ནི་བླ་མ་བརྒྱུད་པ་དང་བཅས་པ་ཐིམ་པར་བསྒོམ། སློབ་དཔོན་ནི་བདག་ལ་ཐིམ་པར་བསྒོམ། དེ་རྣམས་ཐམས་ཅད་ཀྱི་ནུས་པ་བདག་ལ་ཡོད་པའི་ང་རྒྱལ་བྱའོ། །ཨི་ཐི།།  །།བླ་མ་རྡོ་རྗེ་གདན་པའི་གདམས་ངག་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་འོད་གསལ་ཞེས་བྱ་བ་འདི་ལ་སྔོན་འགྲོ་མེད་དོ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ་ལག་པ་མཉམ་གཞག་བྱས་ལ། མིག་སྣ་རྩེར་ཕབ་ནས་ཧཱུྃ་ཞེས་བརྗོད་པས། སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ་ཕྱག་གཡས་ན་ཨུཏྤལའི་སྟེང་ན་པོ་ཏི། གཡོན་ནའང་དེ་བཞིན་ཆོས་འཆད་ཀྱི་ཕྱག་རྒྱའོ། །དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་དཀར་པོ་སྤྱི་བོ་ལས་སོང་བས་ལྷ་དང་ལྷ་མ་ཡིན་ལ་ཕོག་པས། དེ་རྣམས་རྣམ་པར་སྣང་མཛད་དུ་བྱས་ཏེ། དེ་དག་གནས་དང་བཅས་པ་སྤྱི་བོ་ནས་ཧཱུྃ་ལ་བསྟིམ། ཡང་འོད་སྔོན་པོ་ཁ་ནས་འཕྲོས་མི་ལ་ཕོག་པས། མི་བསྐྱོད་པར་བྱས་ཏེ། དེ་གནས་དང་བཅས་པ་ཧཱུྃ་ལ་བསྟིམ། ཡང་འོད་ཟེར་སེར་པོ་ལྟེ་བ་ནས་བྱུང༌། བྱོལ་སོང་ལ་ཕོག་པས། རིན་ཆེན་འབྱུང་ལྡན་དུ་བྱས་ཏེ། གནས་དང་བཅས་པ་ལྟེ་བ་ནས་ཧཱུྃ་ལ་བསྡུ། ཡང་འོད་ཟེར་དམར་པོ་ཆོས་འབྱུང་ནས་འཕྲོས་ཡི་དྭགས་ལ་ཕོག་པས་སྣང་བ་མཐའ་ཡས་སུ་བྱས། གནས་དང་བཅས་པ་སླར་ཆོས་འབྱུང་ནས་ཧཱུྃ་ལ་བསྡུ། བཤང་ལམ་ནས་འོད་ལྗང་གུ་འཕྲོས། དམྱལ་བ་ལ་ཕོག་པས་དོན་ཡོད་གྲུབ་པར་བྱས་ཏེ། དེ་རྣམས་གནས་དང་བཅས་པ་བཤང་ལམ་ནས་ཧཱུྃ་ལ་བསྡུའོ། །དེ་ནས་རང་ཡང་ཧཱུྃ་ལ་བསྡུ། ཨཱུ་ཧ་ལ། ཧ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པར་སྤྲོས་པ་དང་བྲལ་བར་བསྒོམ། དེ་ལྟར་ཡང་ཡང་བསྒོམས་པས་རྟགས་ནི་ལུས་ཡང་བ་དང༌། དང་བ་དང༌། ལུས་ལ་སྲིན་བུ་མེད་པ་དང༌། དེ་རྣམས་ཐོབ་ནས་ཕྱག་རྒྱ་ཆེན་པོའང་འདི་ཉིད་ལ་ཐོབ་བོ། །ནུས་ཚད་དུ་སྤྲོས་བྲལ་ལ་བློ་གཞག་གོ །སྤྱོད་ལམ་གྱི་དུས་སུའང་སྤྲོས་བྲལ་ལ་གོམས་པར་བྱའོ། །དེ་ལྟར་གནས་པར་མ་ནུས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྟ་བ་དབང་གསུམ་པའི་དུས་ལ་ཤེས་པར་བྱའོ། །ཨི་ཐི།།  །།སིདྡྷི་པྲཛྙཱ་པཱ་ར་མི་ཏཱ། བསམ་གྱིས་མི་ཁྱབ་པའི་མན་ངག་ནི། སྐད་ཅིག་གིས་ལྷར་བྱས་ཏེ་སྙིང་ཁོང་སྟོང་ལ་ཟླ་བའི་དཀྱིལ་འཁོར་དཀར་ལ་འཚེར་ཞིང་དྭངས་པ་བསམས་ཏེ། སྣང་སྲིད་ཀྱི་ཆོས་ཀུན་རང་ལ་བསྡུ། རང་ཟླ་བ་ལ། ཟླ་བ་ཇེ་ཆུང་ཡུངས་ཀར་ཙམ་དུ། དེའང་རིམ་གྱིས་པད་སྣལ་ལྟར་མི་དམིགས་པར་བསམས་ལ། སྟོང་པ་མཐའ་བརྒྱད་དང་བྲལ་བའི་དབང་གསུམ་པའི་དུས་ཀྱི་བདེ་བ་དྲན་པ་ཙམ་ནུས་ཚད་དུ་བསྒོམ་མོ། །སྟོང་པ་སྐད་ཅིག་ལྷར་བསམས་ཏེ་སྒྱུ་མ་ལྟ་བུས་རྒྱས་བཏབ་ལ། ལུས་ངག་དགེ་བ་བྱ། ཐུན་གཞན་ལའང་དེ་བཞིན་ནོ། །བླ་མ་རྡོ་རྗེ་གདན་པའི་བརྒྱུད་པའོ། །ཨི་ཐི།།  །།ན་མོ་ཨེ་ཀ་ཨཱ་ཁྱ་རཱ་ཡ། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱེ་བ་ཕྲག་བརྒྱད་པ་ལ་སོགས་པའོ། །ལམ་ཤེར་ཕྱིན་ནི་ལམ་ལྔ་ལ་སྦྱར་བའོ། །དོན་ཤེར་ཕྱིན་ནི་སྟོང་པ་ཉིད་དོ། །དེ་ལ་དོན་བརྗོད་པའི་གཞུང་ཡི་གེ་གཅིག་པའི་མན་ངག་ནི། ནང་པར་གཉིད་སད་པ་དང་མལ་ནས་ལངས་ཏེ་ཁྲུས་བྱས་ལ་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་དེའི་གོ་འཕང་ལ་དགོད་པར་བྱ་སྙམ་དུ་སེམས་བསྐྱེད་ལ་འདི་སྐད་ནས་འདི་ལྟའི་བར་དུ་བཟླས། དེ་ལས་སྣོད་བཅུད་ས་ལམ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་པ་ཉིད་དུ་བསམས་པས་འབྱུང་བ་མ་ཡིན་ཏེ། རང་བཞིན་གྱིས་གནས་པ་མ་ཡིན་ནོ། །དེ་ལ་བློ་བཞག་ལ། ཨ་ཞེས་པ་ཉི་ཤུ་རྩ་གཅིག་གོང་བས་ཐོས་ཙམ་དུ་བཟླས་སོ། །བླ་མ་དྷ་བྱང་སེམས་ནི་ཨཾ་ཞེས་བྱ་བ་ཡིན་ཏེ། ཐིག་ལེ་ཤེས་རབ་ཨ་ཐབས་སོ། །ཞེས་གསུངས་སོ། །འདི་ནི་ཨ་ཟློ་བ་དོན་ཐབས་ཤེས་རབ་བོ། །དེ་ལྟ་བུ་དོན་ཉི་ཤུ་རྩ་གཅིག་གདོན་ཡང་འགལ་བ་མེད་དོ། །དེ་ནས་རྗེས་སུ་ཡི་རང་བ་བཏོན་ལ་དགེ་བ་བསྔོ། སྨོན་ལམ་བཏབ་སྟེ་ལྡང་ངོ༌། །དེ་ལྟ་བུ་ནི་བཀའ་རྒྱས་པ་ཚན་རེ་བཏོན་པ་དང་མཉམ་མོ། །དེ་ནི་དེ་ཐམས་ཅད་འདིར་འདུས་པའི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་སོ། །བྱང་སེམས་བཻ་རོའི་འོ། །ཨི་ཐི།།  །།ཡི་གེ་དྲུག་པ་མདོར་བསྡུས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང་སྟེ། ཡེ་ཤེས་ཀྱི་ཚོགས་བསགས་ལ། པད་ཟླ་ལ་ཧྲཱིཿལས་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་དེ། སྙིང་གར་པད་ཟླ་ལ་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ་བཟླས་སོ། །མཇུག་ཏུ་དགེ་བ་བསྔོ་བར་བྱའོ། །བེ་རོའིའོ།།  །།ན་མོ་གུ་ར་ཝེ། སྟན་བདེ་བ་ལ་འདུག་ལ། ལུས་སྐྱིལ་ཀྲུང་གིས་གནས་ཏེ། བྱང་ཆུབ་ཀྱི་སེམས་སྔོན་དུ་བྱའོ། །དེ་ནས་རྣལ་འབྱོར་རང་སྒྱུ་མ་ལྟ་བུའི་ཐ་མལ་པ་ཉིད་དུ་གནས་པར་བྱའོ། །དེ་ནས་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེའང་སྤྱིར་རྩ་དཔག་ཏུ་མེད་པ་ཡོད་ཀྱང་རྩ་སུམ་ཅུ་རྩ་གཉིས་སུ་འདུ་བ་ཡིན་ནོ། །དེ་དག་ཀྱང་བསྡུ་ན་རྩ་གསུམ་དུ་འདུའོ། །དེའང་ལྟེ་བའི་སྟེང་ན་གསུམ། འོག་ན་གསུམ་སོ་སོར་ཡོད་པས་དྲུག་ཡིན་ཏེ་ལྟེ་བར་འདུའོ། །དེའི་སྟེང་འོག་གཉིས་སོ་སོའི་རྩ་བ་འདོམ་པ་ལྟེ་བ་སྟེ། རྡོ་རྗེའི་རྣམ་པ་ལྟ་བུའོ། །དེ་ལྟ་བུ་དམིགས་ལ་སྟེང་རླུང་དང་འོག་རླུང་ཁ་སྦྱར་ཏེ། ལྟེ་བའམ་དེ་ལས་མཐོ་བར་རྃ་ལས་མེ་འབར་བར་བསམ་པར་བྱའོ། །དེ་ལྟེ་བའི་གནས་རྩ་གསུམ་འདུས་པའི་ས་སྲོ་བར་བསམ། སྟེང་རླུང་དང་འོག་རླུང་ཡང་ལྟེ་བའི་གནས་སུ་ཁ་སྦྱར། དེ་ནས་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ལྟེ་བའི་གནས་སུ་འདུས་ནས་ཨ་བ་དྷཱུ་ཏཱའི་ནང་དུ་འཇུག་པར་བསམ། གཏུམ་མོའི་མེ་དེ་ནི་ལྟེ་བའི་གནས་སུ་སྲོ་བ་ཙམ་ལས་དྷཱུ་ཏཱིའི་ནང་དུ་འགྲོ་བ་ནི་དམིགས་པ་མི་བྱའོ། །དེ་ལྟར་བསམ་ཞིང་ལུས་ལ་དྲོད་དང་བདེ་བ་ལ་སོགས་པས་ཀྱང་ཡས་མར་ཁྱབ་པར་བསམ་ཞིང་རྩའི་མདུད་པ་སུམ་ཅུ་རྩ་གཉིས་དྲལ་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ཀྱིས་སྤྱི་བོའི་བར་དུ་གང་བར་བསམ་མོ། །སྤྱོད་ལམ་གྱི་དུས་སུ་རླུང་གསུམ་ཁ་སྦྱར་བར་བྱ་ཞིང་མཉམ་གཞག་གི་དུས་སུ་ཉམས་མྱོང་སྐྱེས་པ་དྲན་པར་བྱ་བའམ། སྔར་དབང་གསུམ་པའི་དུས་སུ་ཉམས་མྱོང་སྐྱེས་པ་ཡོད་ན། དོན་དེའི་རྒྱུན་དྲན་པར་བྱའོ། །དེ་ལྟར་བྱས་པས་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་དབུ་མར་ཚུད་པར་འགྱུར། དཔལ་ནཱ་རོ་པའི་རྩ་གསུམ་ལ་བརྟེན་པའི་ཙཎྜཱ་ལཱི། ཨི་ཐི།།  །།དགྱེས་པ་རྡོ་རྗེའི་མན་ངག་ལ། རྡོ་རྗེ་སྐྱིལ་ཀྲུང་དང་སྔགས་དྲན་པ་ལ་སོགས་པ་སྔར་དང་འདྲ། སྟོང་པའི་ངང་ལས་སྐད་ཅིག་གིས་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་སྐུར་བསྐྱེད་དེ། པདྨ་ལ་རོའི་སྙིང་གར་ཉི་མ་ལའོ། །ཕྱག་རྒྱ་ལྔ་དང༌། རྡོ་རྗེ་དང་ཐོད་པ་རྡོ་རྗེས་མཚན་པའོ། །ཡུམ་གྱིས་གྲི་གུག་དང་ཐོད་པའོ། །གཉིས་ཀ་མི་བསྐྱོད་པས་དབུར་བརྒྱན་པའོ། །ཡབ་ཀྱི་སྙིང་གར་ཧཱུྃ་ཡུམ་གྱི་སྙིང་གར་ཨྃ་བསམས་ལ། སྙོམས་འཇུག་གི་བདེ་བའི་སྟོབས་ཀྱིས་ཨྃ་ནོར་བུར་སོན། ཧཱུྃ་ཡང་ནོར་བུར་སོན་ཏེ། ཡི་གེ་གཉིས་འོད་དུ་ཞུ་བས་ཡབ་ཡུམ་འོད་དུ་ཞུ་སྟེ་མར་མེ་གསལ་བ་ལྟར་གསལ་བར་བྱས་ལ་མཐར་མི་དམིགས་པར་བྱའོ། །མི་དམིགས་པ་དེ་ཉིད་སྔོན་ཉམས་སུ་མྱོང་བ་དེ་ལྟ་བུའི་བདེ་བ་ཆེན་པོ་ཁམས་གསུམ་པོ་ཐམས་ཅད་ལ་སྣང་བ་མེད་པའི་རང་བཞིན་དུ་བྱས་ཏེ་བསྒོམ་མོ། །དེ་ལྟར་རྟག་ཏུ་གོམས་ན་ལུས་དང་བར་སོང་སྟེ་སངས་རྒྱས་སུ་འགྱུར་རོ། །ནོར་བུར་ཕྱིན་པའི་དུས་སུ་བདེ་བ་མྱོང་བ་ནི་ཤེས་རབ་ཡིན་ལ། ཕྱིས་བླ་མ་ལས་མྱོང་བ་དེ་སངས་རྒྱས་ཀྱི་བདེ་ཆེན་མཚོན་བྱེད་ཡིན་ནོ། །ཞེས་བསྟན་པ་ནི་བཞི་པ་ཡིན་ཟེར། ཡང་ན་དེ་སྟོན་པ་དང་བཅས་པ་ནི་ཤེས་རབ་ཡེ་ཤེས་སོ། །ཕྱིས་བསྙེན་བཀུར་བྱས་ཏེ་བླ་མས་སྔོན་མྱོང་བ་དེ་ལུས་ཀྱི་ཡན་ལག་ཉིང་ལག་ཏུ་བདེ་བས་གང་བར་བྱས་ཏེ། བསྒོམས་པ་ནས་མཐར་ཏྲི་དྷཱ་ཏུ་བདེ་བར་སྒོམ་ཞིང་སྐྱེས་པ་ནི་བཞི་པའོ། །ཐམས་ཅད་སེམས་སུ་བསྡུ་བྱས་ལ། །སེམས་ནི་གང་དུའང་མི་རྟོག་གོ །ཧེ་བཛྲ་དང་ཙཀྲ་སཾ་བ་རའི་ཨུ་པ་དེ་ཤ ས་མཱཔྟ་མི་ཐི།།  །།སྭ་སྟི། འདོད་ཁམས་ཀྱི་སེམས་ཅན་ཕལ་ཆེར་མངལ་ནས་སྐྱེ་བས། མོ་ཀུན་ཕ་ལ་ཆགས་ལ་མ་ལ་སྡང༌། །དེ་བཞིན་ཕོ་ཀུན་བཟློག་པར་རོ། །དེ་ལྟར་སེམས་ཅན་ཀུན་དེ་ཉིད་མ་རྟོགས་པར་ཆགས་པས་བཅིངས་ཏེ། དེ་ཉིད་ཤེས་ན་ལམ་དུ་འགྲོ་སྟེ། འཁྱུད་པ་དང༌། འོ་བྱེད་པ་དང༌། དབང་པོ་གཉིས་སྦྱོར་ཙ་ན། ཕྱིའི་དོན་ལོག་པའོ། །ནོར་བུའི་རྩ་བར་ནང་སེམས་ཙམ་དུ་ཤེས་པའོ། །རྐེད་པར་ཙམ་ན་སྒྱུ་མ་ཙམ་དུའོ། །ནོར་བུ་སེམས་ཙམ་ན་རབ་ཏུ་མི་གནས་པར་ཤེས་ཏེ། དེ་ལྟར་སེམས་ཅན་ཀུན་ལ་འབྱུང་སྟེ། ངོ་མ་ཤེས་པས་ཕྱིན་ཅི་ལོག་ཏུ་ཞེན་པས་འཆིང་བའི་རྒྱུར་འགྱུར་རོ། །སྔགས་པས་བླ་མ་རྣམས་ཀྱིས་ངོ་ཤེས་པར་བྱས་པ་དེ་ཉིད་ཀྱིས་གྲོལ་ཏེ། དགེས་པ་རྡོ་རྗེ་ལས། ཇི་ལྟར་མེ་ཡིས་ཚིག་པ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ལས་སྣ་ཚོགས་པའི་སྦྱིན་སྲེག་ནི། ས་བདག་གི་གདོན་གནོད་པར་གྱུར་ན། མར་དང་ཏིལ་དང་འབྲས་ཡོས་གསུམ་གྱི་སྦྱིན་སྲེག་བྱ། ནད་གློ་བུར་བ་བྱུང་ན། མར་དང་བྲ་བོ་བསྲེས་པའི་སྦྱིན་སྲེག་བྱ། བུད་མེད་ཀྱི་གདོན་གྱིས་བྱད་ལ་སོགས་པར་གྱུར་ན་ཁྲག་སྣ་ཚོགས་བསྐམས་ལ་མར་དང་ལྡན་པའི་སྦྱིན་སྲེག་བྱ། གདོན་སྣ་ཚོགས་བྱུང་ན་སྦང་མ་དང་ལོ་མ་དང་འབྲས་བུ་སྣ་ཚོགས་དང༌། ཚ་མར་ལ་སོགས་བསྲེས་ལ་སྦྱིན་སྲེག་བྱ། རྟག་ཏུ་འདྲེས་གནོན་ན་རང་གི་གོས་ཀྱི་དུམ་བུ་དང༌། མར་བསྲེས་པའི་སྦྱིན་སྲེག་བྱ། སྲིའུ་གསོ་ན་ཤ་སྣ་ཚོགས་མར་དང་ལྡན་པའི་སྦྱིན་སྲེག་བྱ། འདི་དག་མེ་གང་ཡང་རུང་བ་ལ་ལན་བདུན་བདུན་བྱས་ན་འགྲུབ་པར་འགྱུར་རོ། །ཇོ་བོ་རྗེ་ལྷ་གཅིག་ལས་བརྒྱུད་པའོ།།  །།ཞི་བའི་སྦྱིན་སྲེག་མདོར་བསྡུས་པ། ས་ཕྱོགས་དེ་དྲི་ཞིམ་པོའི་ཆུས་སྐྱང་ནུལ་བྱས་ལ་ཟླུམ་པོ་རྒྱར་ཁྲུ་གང་བ་ཅིག་རེ་ཁ་དཀར་པོས་བཅད། ཞི་བའི་ཤིང་ངམ། བ་ལང་གི་ལྕི་བ་སྲོག་ཆགས་མེད་པའམ། རྩྭ་ལ་སོགས་པ་ལས་མདུན་དུ་མེ་སྦར་ཏེ། མདུན་དུ་ཏིལ་ནག་པོ་བཞག་ལ། བདག་ཉིད་ལྷའི་རྣལ་འབྱོར་སྐད་ཅིག་གིས་བསྒོམས་ལ་རང་གི་ལྷག་པའི་ལྷའི་སྙིང་པོའི་མཐར། སརྦ་པཱ་པཾ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་ཤམ་བུར་བཏགས་ཏེ། ཏིལ་དེ་བསྲེག་ཅིང་གྲངས་བཟུང༌། བསྲེག་རྫས་བསྲེག་ཅིང་གྲངས་བཟུང༌། བསྲེག་རྫས་ཟད་པ་དང་སྟན་དེ་ལས་མ་ལངས་པར་སྙིང་པོ་ཅི་ནུས་བཟླས། ཐལ་བ་དེ་མ་ཐག་ཏུ་ཆུ་བོར་དོར་རོ། །རྨི་ལྟས་སུ་ཁྲག་སྐྱུགས་པ་དང་འཁྲུ་བ་སྣ་ཁྲག་མང་དུ་འབྱུང་བ། ལུས་ལས་སྲོག་ཆགས་འབྱུང་བ། ཁྲུས་བྱེད་པ་ལ་སོགས་པ་སྡིག་པ་དག་པའི་རྟགས་དུ་མ་འབྱུང་ངོ༌། །དུས་ལ་ངེས་པ་མེད། ཡིད་ཆེས་ཁྱད་པར་ཅན་སྐྱེའོ། །རྒྱས་པ་ལ་ཚེའམ་ལོངས་སྤྱོད་རྒྱས་པར་འདོད་ན་ཐབ་ལ་ངེས་པ་མེད་དེ། གང་ཡང་རུང་བ་ལ་ལྷག་པའི་ལྷའི་སྙིང་པོའི་མཐར་འོག་གི་ལས་ཀྱི་ཤམ་བུ་སོ་སོར་བཏགས་ལ། དང་པོ་ལ་དཱུར་བའི་མྱུ་གུ་ཅི་འབྱོར་བ་བསྲེག གཉིས་པ་ལ་འབྲས་སོ་བ་མ་ཉམས་པ་བསྲེག་གོ །ཕྱི་ནས་བཟླས་པ་བྱ་བ་ནི་འདྲའོ། །དེའང་ལུང་ལས་གསུངས་པ། ཏིལ་ནག་པོ་ཡི་སྦྱིན་སྲེག་གིས། །སྡིག་པ་ཐམས་ཅད་ཞི་བར་བྱེད། །དཱུར་བའི་མྱུ་གུའི་སྦྱིན་སྲེག་གིས། །ཚེ་ཡི་རིག་པ་འཛིན་པར་བྱེད། །སོ་བ་དག་གི་སྦྱིན་སྲེག་གིས། །ནོར་གྱི་འབྱོར་པ་ཕུན་སུམ་ཚོགས། །ཞེས་གསུངས་སོ། །ཨཱ་ཡུར་དཱ་དེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དྷཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། དྷ་བྱང་ཆུབ་སེམས་དཔས་གནང་བ། དགྲ་ལས་རྣམ་པར་རྒྱལ་བས་བསྒྱུར་བའོ། །ས་མཱཔྟ། རྡོ་རྗེ་གདན་པ་ཆེན་པོ་བླ་མ་དྷ། བླ་མ་བ་རི་པ། བླ་མ་ཨ།།  །།ཁྱད་པར་དུ་དབང་གི་སྦྱིན་སྲེག་བྱེད་པར་འདོད་ན། ས་ཕྱོགས་དབེན་པར་ཕྱིན་ལ། མཎྜལ་ཅིག་ལེགས་པར་བྱུགས་ལ། དེར་ལི་ཁྲི་ལ་སོགས་པས་ཀྱང་ཐབ་ཁུང་གྲུ་གསུམ་དམར་པོ་ཞིག་བྱ། དེའང་ཤིང་གང་ཡང་རུང་བས་བརྩིགས། དེ་ནས་ཀཎྜ་ཀ་རིའི་མེ་ཏོག་དམར་པོ་ལན་ཚྭ་དང་བུ་རམ་བསྲེས་པ་ལ་རིལ་བུ་སྲན་མ་ཙམ་བྱ། གཡས་སུ་གཏོར་མ་ཁ་དོག་དམར་པོར་བསྒྱུར་བ་ཅིག་གཞག བདག་ཉིད་ཀྱི་མདུན་དུ་མཎྜལ་ཅིག་ཁ་དོག་དམར་པོར་བྱུགས་ལ། དེ་ལ་མེ་ཏོག་ཚོམ་བུ་ལྔ་དགྲམ། དེ་ནས་ཉི་མ་ཕྱེད་དྲང་པོར་གྱུར་པ་ན་རང་ཉིད་ལྷའི་རྣལ་འབྱོར་བསྒོམས་ལ། རང་གི་ལྷག་པའི་ལྷའི་སྙིང་པོའི་མཐར། ཆེ་གེ་མོ་ཝ་ཤཾ་མ་ན་ཡེ་ཧྲཱིཿཛཿ ཞེས་ཅུང་ཟད་ཙམ་བཟླས། དེ་ནས་ཐབ་ཏུ་མེ་སྦར་ལ་བསྲེག་རྫས་གསུམ་པོ་རིམ་པ་མ་ནོར་བར་སྔར་གྱི་སྔགས་རེས་རྫས་རེ་མོས་སུ་རྫས་ཇི་སྲིད་མ་ཟད་བར་དུ་བསྲེག་གོ །སྦྱིན་སྲེག་ནི་ཞག་ཉི་ཤུ་རྩ་གཅིག་གིས་རྫོགས་པར་བྱ་སྟེ། སྒྲུབ་པའི་དུས་འདིར་ཁ་ཟས་མང་པོ་སྟེར་བ་བྱུང་ན་མྱུར་དུ་འགྲུབ་པ་ཡིན། གཏོར་མ་ལ་བསྔོ་བ་མེད་དེ་ཕུལ་ལོ། །སྤོགས་པ་མེད་ནའང་ལན་གསུམ་གྱིས་མི་འགྲུབ་མི་སྲིད་དོ། །དབང་གི་སྦྱིན་སྲེག་མདོར་བསྡུས་པ། ཨི་ཐི།།  །།བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །རིམས་ནད་ཐམས་ཅད་ཞི་བར་བྱེད་པའི་ལྷ་མོ་འདི་ཡིན་ཏེ། བདག་ཉིད་ཡི་དམ་གྱི་ལྷར་བསྒོམ། གང་སྲུང་བར་བྱེད་པའི་ཚངས་པའི་བུ་གར་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་ཐིག་ལེ་ཆད་པས། དེ་འོད་དུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་མེ་ལོང་ཙམ། ཡང་ཐུགས་ཀའི་ས་བོན་ལས་ཐིག་ལེ་གཅིག་ཉི་མའི་སྟེང་དུ་ཆད་པས། ཊྃ་སྔོ་སྐྱ་གཅིག་ཏུ་བསམ། དེ་འོད་དུ་ཞུ་བ་ལས་ཡུམ་ཨེ་ཀ་ཛ་ཊཱི་སྔོན་མོ་ཁྲོ་མོའི་ཆ་ལུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། སྐུས་ཚོན་གང་བ་དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་བསྟིམ་སྔགས་བཟླས་པས་དེ་ལ་དེ་འདྲ་བ་རེ་ཆད་ཅིང་བསྲུང་བར་བྱ་བའི་ཚངས་པའི་བུ་ག་ན་མར་ཐིམ་པར་བསམ། སྔགས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས། ཨོཾ་ཨཱཿཧཱུྃ་མཉྫུ་ཤྲཱི། ཡ་མ་ར་ནི་ཛ་མ་མ་ཨེ་ཀ་ཛ་ཊཱི་མ་མ་རུ་ལུ་རུ་ལུ་མོ་ཧཱ་མོ་བྷྱོཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་སོ། །རྗེ་བཙུན་ཆེན་པོའི་འོ།།  །།ན་མཿཤྲཱི་ཧཻ་བཛྲཱ་ཡ། རྣལ་འབྱོར་པས་སྐྱིལ་ཀྲུང་བཅས་སེམས་ཅན་ཐམས་ཅད་ཧེ་བཛྲའི་གོ་འཕང་ལ་དགོད་སྙམ་པར་སེམས་བསྐྱེད་ལ། སེམས་དེ་གྱུར་པ་ལས་སྙིང་སྟོང་པར་འོག་ཟླ་བ་སྟེང་ཉི་མ་བར་ན་གང་གིས་མ་རེག་པར་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་ཐབས་ཤེས་རབ་གཉིས་མེད་ཀྱི་ངོ་བོ་ཧཱུྃ་ལས་འོད་བྱུང་སྟེ། རང་གི་ལུས་ཐམས་ཅད་གང་ནས་ཤེལ་སྒོང་དག་པ་ལྟར་བསམས་ཏེ། དེས་བདག་གི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་པ་བརྟན་པར་བྱ་སྟེ། དེ་ལས་འཁོར་དང་བཅས་པའམ། རྒྱན་གཅིག་པ་གང་རུང་དུ་གྱུར་པ་ནི་དབང་པོ་ཐ་མའོ། །ལུས་བསྡུས་ཏེ་ས་བོན་དང་ཕྱག་མཚན་འོད་དུ་གྱུར་པ་ལས་བསྐྱེད་པ་འབྲིང་གིའོ། །འོད་ཕུང་ཡང་སྤངས་ཏེ་སྟོང་པ་ལས། ཉི་མ་དང༌། ཟླ་བ་དང༌། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་བསམ་སྟེ་དེ་ལས་བསྐྱེད་པ་དབང་པོ་རབ་བོ། །དེ་ལ་ཅུང་ཟད་བློ་གཞག་གོ །དེ་ནས་སེམས་ཅུང་ཟད་ཅིག་གནས་པའི་གཟུགས་བརྙན་གྱི་རྣལ་འབྱོར་བསྒོམ་པ་ནི་མཚན་མོའི་དུས་སུ་སྙིང་སྟོང་པའི་ནང་དུ་མར་མེའི་རྣམ་པ་དཀར་དམར་རམ་དམར་ནག་ཤིན་ཏུ་གསལ་བ་སྦོམ་ཕྲ་སྐུད་པ་འབྲིང་པོ་ཙམ་རིང་ཐུང་སོར་བཞི་པ་ཙམ་དམིགས་ལ། དེ་ཡིད་བསྒྲིམ་ལྷོད་རན་པ་ཙམ་བྱ་སྟེ། ཡུན་མི་རིང་བ་ཙམ་བསྒོམ་མོ། །ཉིན་མོའི་དུས་སུ་གཟུགས་བརྙན་དེ་སྟེང་གི་སྒོར་སྤོ། རུས་པ་དང་ཀླད་པའི་དར་གྱི་བར་དུ། ཚངས་པའི་སྒོའི་ཐད་ཀར་རིན་པོ་ཆེའི་དབྱིབས་ཁ་དོག་ལྗང་གུ་འོད་ཟེར་སེར་པོ་འཕྲོ་བ། ཆེ་ཆུང་ཅི་རིགས་པ་ཅིག་བསྒོམ། དེ་ལ་བློ་གནས་ན་དེ་དག་བརྟན་པའི་ཕྱིར་སྙིང་གའི་མར་མེ་ཀླད་པའི་ནང་དུ་སོང་ཞིང་རིན་པོ་ཆེའི་དམིགས་པ་ནི་ཚངས་སྒོའི་བུ་གར་བསྐྱེད་དེ། དེ་ནས་ཡང་རིན་པོ་ཆེ་འོད་འབར་བ་སོར་བཞི་ལ་སོགས་པའི་ནམ་མཁའ་ནས་ཡར་འབར་བར་བསྒོམ་མོ། །དེ་ལྟར་གོམས་པ་ལས་ལུས་ལ་དྲོད་དང་བདེ་བ་སྐྱེ་ཞིང་མངོན་ཤེས་ལ་སོགས་པ་འཆར་རོ། །དེ་ནས་མི་ནུས་ན་དཀྱིལ་འཁོར་བསྒོམ་ན་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །ཨི་ཐི།།  །།ཡང་ན་བསྐྱེད་པ་སྔར་བཞིན་བསྒོམས་ཏེ། བྱང་སེམས་ཀྱི་ཐིག་ལེ་མར་མེ་ལྟ་བུ་ནོར་བུའམ། སྨིན་མཚམས་སམ་སྙིང་གར་བསྒོམ་སྟེ། དེ་ལས་སེམས་བརྟན་ནས་བདེ་བའི་རྣམ་པར་སྐྱེ་ན། དེ་ལ་སེམས་གཏད་ཅིང་དེའི་རྣམ་པར་དོར་རོ། །དེ་ནས་མེ་ལོང་ལ་ཧས་བཏབ་པ་དང་འདྲ་བར་སྣོད་བཅུད་ཀྱི་དཀྱིལ་འཁོར་རང་ལ་བསྡུའོ། །རང་ས་བོན་དང་སྣ་ཚོགས་རྡོ་རྗེ་ལ་བསྡུའོ། །དེ་ཧཱུྃ་ལ་བསྡུའོ། །དེ་ལ་བློ་གཏད་དོ། །མི་ནུས་ན་དམིགས་པ་སྙོམས་འཇུག་གིས་ཞུ་སྟེ། ཁུ་བའི་བིན་དུ་ལས་རང་ལྷའི་རྣམ་པར་སྐད་ཅིག་ཙམ་གྱིས་སྒོམ་མི་དམིགས་པར་བསྡུའོ། །ས་མཱཔྟ། བླ་མ་དྷ་བྱང་ཆུབ་སེམས་དཔའི་འོ།།  །།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། དམ་ཚིག་དང་རྗེས་སུ་མཐུན་པའི་ཡོ་བྱད་མ་ཚང་བའམ། དམ་ཚིག་ཉམས་པ་བྱུང་ན། དང་པོ་སྦྲང་རྩི་མར་དཀར་ཏིལ་ནག་པོ་གསུམ་ལེགས་པར་བསྲེས་ལ། སྡིག་པའི་རཱུ་པ་གསུམ་ལ་སོགས་པ་ཅི་རིགས་པ་བྱ། དེ་ནས་སྲོད་ཀྱི་དུས་སྣོད་ཤིན་ཏུ་གཙང་བར་མར་དཀར་པོ་བཞུ་ལ། རས་དཀར་པོ་དྲི་མ་མེད་པ་ལ་མེ་སྦར་ཏེ། དེ་ཆང་གིས་བྱུགས་པའི་ཆོས་འབྱུང་གྲུ་གསུམ་ཅིག་གི་སྟེང་དུ་བཞག དེ་ནས་བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ལ། དེ་ནས་བདག་རང་གི་སྙིང་གར་སེམས་ཀྱི་རྟེན་ས་བོན་ཧཱུྃ་གནས་པ་ལས་ཀྃ་གི་ཕྲེང་བ་ཀྲིག་ཀྲིག་བྱུང་ནས་གཟུགས་བརྙན་དེ་ལ་བསྟིམ་པ་དང༌། དེའང་ཚེ་ཐོག་མ་མེད་པའི་སྡིག་སྒྲིབ་དང༌། དམ་ཚིག་གི་ཉེས་པ་རྣམས་ཀྱི་ངོ་བོ་ཡིན་པར་དྲན་པ་ཙམ་བྱ། དེ་ནས་མར་མེ་དེ་རྗེ་བཙུན་མ་རང་གང་བྱེད་དུ་སྐད་ཅིག་གིས་དྲན་པ་ཙམ་བྱ། དེ་ནས་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོས་སྡིག་པའི་གཟུགས་ཀྱི་མགོ་ནས་དུམ་བུར་བཅད་ཅིང་རྗེ་བཙུན་མའི་ཞལ་དུ་ཕུལ་བར་དམིགས་ལ་སྔགས་རེ་བརྗོད་ཅིང་མེ་ལ་སྲེག དེ་ལྟར་རྫས་ཟད་ཟད་བྱ། རྫས་ཟད་ཀྱང་མར་མེ་མ་མནལ་ན། དེའི་བར་དུ་བསྒོམ་བཟླས་བྱ། ཕྱིད་ནང་ཀོང་བུའི་ནང་གི་རྫས་ཐལ་བ་རྣམས་ཆུ་བོའི་ནང་དུ་དོར་རོ། །ཀོང་བུ་ཕྱིས་ཏེ་ཕྱིས་ཀྱང་བྱ། ཇི་སྲིད་དུ་མཚན་མ་བཟང་པོ་བྱུང་གི་བར་དུ་བྱའོ། །དཔལ་རི་ཁྲོད་ཞབས་ཀྱི་མན་ངག་སྒྲུབ་པ་པོ་ལ་ཕན་པར་བྱེད་པའོ། །རི་ཁྲོད་པ། མེ་ཏྲཱི་བ། རྒྱ་གར་ཕྱག་ན། ཧཾ་དུ་དཀར་པོ། བླ་མ་ལོ་ཆུང༌། བླ་མ་ཨ། བླ་མ་ས་སྐྱ་པའོ། །ཨི་ཐི།།  །།སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིའི་མན་ངག བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་གནས་པ་དེ་བཞིན་བཞག །དེ་ལ་བྱ་བ་བཏང་བའི་སེམས་བཞིན་དུ་བྱ་བ་ནི། ལུས་ངག་ཡིད་གསུམ་ལས་སྔར་ཟིན་པ་རྣམས་བོར་ཞིང་བཏང༌། ཕྱིས་འབྱུང་བ་རྣམས་ལ་མ་ཞུགས་པའི་བར་དེར། རྩོལ་བ་མེད་པར་རང་རྡོལ་གྱིས་ཡེ་ཤེས་རྟོག་པ་མེད་པ་ལྷན་སྐྱེས་ངང་གིས་སྐྱེ་བ་དེ་བཞིན་དུ་རྩོལ་བ་མེད་པའི་མི་རྟོག་པ་སྐྱེ་སྟེ། དེ་ལ་ཚུལ་ཇི་ལྟར་སྐྱེ་ཞེ་ན། ཇི་ལྟར་གནས་པ་དེ་བཞིན་བཞག །ཅེས་བྱ་བ་ནི་ཕྱི་ནང་གི་ཆོས་འདི་ཇི་ལྟར་གནས་པ་ན། སྐྱེ་འགག་མེད་ལ་རྩོལ་སྒྲུབ་མེད་པ་དེ་ལྟར་གནས་སོ། །དེ་ལ་ཇི་ལྟར་བློ་བཞག་ཅེ་ན། རྩོལ་བ་མེད་པར་སེམས་ལྷུག་པར་གཞག་གོ །དེ་ལྟར་བཞག་པས་རང་རྡོལ་གྱིས་ཡེ་ཤེས་རྟོག་པ་མེད་པའི་ཡེ་ཤེས་སྐྱེ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དགག་སྒྲུབ་མེད་པར་ཆོས་ཐམས་ཅད་ལ་དག་པར་སྤྱོད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གཉིས་བསགས་པས་སྐུ་གསུམ་གྱིས་བསྡུས་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་ལ་དག་པར་སྤྱོད་པ་ནི་ཟས་ལ་གཙང་སྨེ་མེད་པ་དང༌། གཙང་མི་གཙང་མེད་པ་དང༌། དགེ་སྡིག་མེད་པ་དང༌། མོ་རིགས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་བ་དང༌། རྒྱལ་པོ་དང་ཕ་ལ་སོགས་པ་རྡོ་རྗེ་འཛིན་པར་བསམ་ཞིང་ཕྱག་འཚལ་བ་དང༌། སེམས་ཅན་ཐམས་ཅད་ལ་གོས་ལ་སོགས་པ་སྟེར་ཙམ་ན། སངས་རྒྱས་ལ་མཆོད་པ་བྱེད་པར་བསམ་མོ། །ཡི་གེ་ཕྱེད་པའི་མན་ངག་རྫོགས་སོ། །སེམས་ཅན་ཐམས་ཅད་རྒྱལ་བ་ཡིན་པས་གང་གི་གྲིབ་མ་ལ་མི་འགོམ་ཞིང་གང་ལ་མི་བརྙས་པར་བྱའོ། །ཨི་ཐི།།  །།དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པ་རང་གི་ལྷག་པའི་ལྷ་མཉེས་པར་འདོད་ཅིང༌། དམ་ཚིག་དང་སྡོམ་པ་ལ་སོགས་པ་དག་པར་འདོད་པས། ས་ཕྱོགས་དབེན་པར་བའི་རྣམ་ལྔ་དང་དྲི་ཞིམ་པོའི་ཆུས་སྐྱང་ནུལ་བྱས་ཏེ། མཐེའུ་ཆུང་གིས་བཅལ་བའི་ཁྲུ་གང་བའི་རེ་ཁ་དཀར་པོ་ཟླུམ་པོར་བྱའོ། །དེར་འོ་མ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་ལས་ཐབ་ཅི་རིགས་པ་བརྩིག འབྱོར་ན་མཆོད་པ་ལྔ་གཡོན་དུ་བཤམ། མར་དང་ཏིལ་ནག་པོ་གཡས་སུ་བཤམ། རྡོ་རྗེ་དང་དྲིལ་བུ་མདུན་དུ་བཞག དེ་ནས་རང་གི་ལྷའི་རྣལ་འབྱོར་སྐད་ཅིག་ཙམ་གྱིས་བསྒོམ། ཅུང་ཟད་བཟླས། དེ་ནས་མེ་སྦར། དེར་མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་སྐད་ཅིག་མས་བསྐྱེད། དེའང་སྐུ་མདོག་དམར་སེར་པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་པས་བགྲང་ཕྲེང༌། གཡོན་པས་སྤྱི་བླུགས་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གསལ་བཏབ་ལ། དངོས་སམ་ཡིད་ལས་བྱུང་བའི་པཱུ་ཛས་མཆོད། དེ་ནས། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་མར་དང་ཏིལ་ལན་གསུམ་དབུལ་ལོ། །དེ་ནས་དེ་ལ་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་འབར་བར་ཐིམ་མོ། །དེ་ནས་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་འཁོར་ལོ་བསམ་པའམ། དཀྱིལ་འཁོར་དེར་སྐད་ཅིག་མས་དམིགས་ལ་པཱུ་ཛས་མཆོད་ལ་དེའི་ཐུགས་ཀར་ཟླ་བ་ལ་ས་བོན་གང་ཡིན་པ་དམིགས་ལ། དེ་ཉིད་ལ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་དུ་མོས་པ་བྱས་ལ། རང་གི་ལྷག་པའི་ལྷའི་སྙིང་པོའམ་ཉེ་སྙིང་གང་རུང་གི་མཐར་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ལ། མར་དང་ཏིལ་གཉིས་ཀ་བརྒྱ་རྩ་བརྒྱད་ལ་སོགས་པ་འབྱོར་ཚད་བསྲེག་གོ །དེ་ནས་པཱུ་རྫས་མཆོད་ལ། བདག་ཉིད་ཀྱི་དམ་ཚིག་གི་ཉེས་ལྟུང་དང་སྡིག་པ་དག་པར་གསོལ་བ་གདབ། དེ་ནས་ལྷ་དེ་དག་རང་གི་སྙིང་གར་བསྡུའོ། །དེ་ནས་མེ་ལྷ་སྐད་ཅིག་མས་དམིགས་ལ་བསྲེག་རྫས་ལྷག་མ་ཅི་འབྱོར་པས་མཆོད་ལ་མཐར་མེ་ལྷ་ལ་རང་གི་བར་དུ་གཅོད་པ་རྣམས་ཞི་བར་གསོལ་བ་བཏབ་པས་བསྲེག་གོ །དེ་ནས་མི་དམིགས་པར་བྱའོ། །འདི་ནི་ཆོ་ག་ཤིན་ཏུ་བསྡུས་པ་ཡིན་ཏེ། ངེས་པར་བྱས་ན་འཕྲལ་དུ་རྨི་ལམ་ལ་སོགས་པ་རྟགས་བཟང་པོ་འབྱུང་བར་འགྱུར་རོ། །རྫོགས་སོ།།  །།དུས་གསུམ་གྱི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་ལ་བཞི། རྨི་ལམ་ཡོངས་སུ་གཟུང་བ། དེ་སྦྱང་བ། སྤེལ་བ། དེ་ཁོ་ན་སྒོམ་ཞིང་རྟོགས་པ་ཕུལ་དུ་བྱུང་བའོ། །ཡང་ན་གནད་རྣམ་པ་བཞི། འབྱམས་པ་དང༌། གོལ་བ་དང༌། ཉོན་མོངས་པ་ལྡང་བའི་ཕྱིར་རོ། །དེ་ཁོ་ནའི་ཡེ་ཤེས་སློབ་པའི་ཚད། འཁོར་བ་ལས་ལྡོག་པའི་དུས་ཏེ་བརྒྱད་པོ་འདྲེ་ཞིང་ལམ་རྒྱུད་ལ་བསྐྱེད་དོ། །དེ་ལ་ལས་དང་པོ་པས་ཉམས་སུ་བླང་བ་ནི་གནས་དབེན་པར་ཕྱིན་ལ། ཁ་ཟས་ཅུང་ཟད་དབྲི་ཞིང་ཆ་མཉམ། དལ་པོར་བྱ། སྨྲ་བ་བཅད། དུབ་ན་མི་ཟིན། དེ་ལྟར་ཅི་རིགས་པར་བྱས་ལ། དེ་ནས་སྔ་དྲོ་ནས་བཟུང་སྟེ་ཕྱི་དྲོའི་བར་དུ་འདུན་པ་བཏང་བ་ནི་མདང་གི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ། །ཞེས་ཡང་ནས་ཡང་དུ་བཏང༌། སྲོད་དང་ཉལ་ཁར་འདུན་པ་མི་བཏང༌། དེ་ནས་ལུས་ཙོག་པུའམ་སྐྱིལ་ཀྲུང་དུ་བཅས་ལ་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་ལྟེ་བ་དང་ལྔ་ལ། ཨོཾ་ཨ་ནུ་ཏ་ར་ཞེས་བྱ་བ་ཁ་དོག་དཀར་པོ་གཡོན་སྐོར་དུ་དགོད་དོ། །མཐར་ཨྃ་ལ་གཏད་དེ། དེ་ནས་གཉིད་དུ་བཏང༌། དེ་ཟིན་ན་རྟགས་ནི་གཡང་ས་དང་སྐྲག་དངངས་དང༌། ཆུས་ཁྱེར་བ་ལ་སོགས་པ་དུ་མ་འབྱུང༌། ཤིན་ཏུ་ཟིན་ན་རྨི་ལམ་ཉིད་རྨི་ལམ་དུ་ཤེས་པ་འབྱུང༌། སེམས་ལ་དགའ་བ་དང་ལུས་ལ་བདེ་བའི་ཏིང་ངེ་འཛིན་སྐྱེའོ། །དེ་ལྟར་ཟིན་རུང་མ་ཟིན་རུང་ཞག་འགའ་བྱ། དེས་མ་ཟིན་ན་འབྱམས་པ་ཡིན་པས་གཉིད་ཆེ་ནས་རྨི་ལམ་མི་འོང་ངམ། ཆུང་ནས་རྨི་ལམ་མི་འོང་ན། དང་པོ་ཁ་ཟས་དང་མལ་ཆ་ནས་དབྲི། གཉིས་པ་ཕྱི་དྲོའི་དུས་སུ་ཆང་རན་ཙམ་བཏང༌། ཉིན་མོ་འདུན་པ་བཏང་བ་འདྲ། དེ་ལ་ཉལ་ཁར་མཛོད་སྤུར་ཐིག་ལེ་ནག་པོ་ལ་གཏད་ལ་ཉལ་བས་དེས་ཟིན་ནོ། །དེས་ཀྱང་མ་ཟིན་ན་འདུན་པ་བཏང་ལ་སྔ་མ་བཞིན་བྱས་ལ། ཕྱིར་ནག་པོའི་ནང་དུ་ཐིག་ལེ་དཀར་པོ་ལ་བློ་གཏད་ལ་ཉལ། དེས་ཟིན། དེ་ལྟར་ཞག་གྲངས་ཅི་རིགས་པར་བྱ། དེ་ཟླ་བ་ཕྱེད་ལ་སོགས་པའི་བར་དུ་བྱའོ། །ཁ་ཅིག་ནི་རྨི་ལམ་མ་ཟིན་པར་ལུས་ལ་བདེ་བ་ཆེར་སྐྱེས་ཤིང་ཉིན་པར་ཤེས་པ་མྱོས་པ་ལྟ་བུའི་མི་རྟོག་པར་གྱུར་ན་རྨི་ལམ་ཟིན་པའི་རྟགས་ཡིན་པས་དེ་བཞིན་དུ་བསྒོམ། དེས་ཀྱང་མ་ཟིན་ན་འབྱམས་པ་ཆེར་གོལ་བ་ཡིན་པས། ཉིན་མོ་ལུང་སྟོང་མི་མེད་པ་ཉམ་ང་བའི་གནས་སུ་ཕྱིན་ལ། གཅེར་བོང་རྒྱུག འོ་དོད་སྣ་ཚོགས་འབོད། གོས་གྱོན་ལ་གཡང་སར་བསྡད། འདུན་པ་ཅུང་ཟད་ཙམ་རེ་བཏང༌། ཡང་འདུག་ས་སྤོ། དེ་ནས་ལུས་ཙོག་པུ་ལ་སོགས་པ་ཅི་རིགས་པར་འདུག་ལ་ལུས་འདི་ཕྱི་བཟློག་ཏུ་བསྒོམས་ཏེ། ནང་ཁྲོལ་ལ་སོགས་པ་ཐམས་ཅད་ཕྱི་ན་གནས་པར་བྱས་ལ། དེའི་མཛོད་སྤུའི་ཐད་ཀར་ཐིག་ལེ་དཀར་བ་གསལ་བ། བདེ་ཉམས་དང་ལྡན་པ་ཆེ་ཆུང་ཅི་རིགས་པ་ཅིག་ལ་བློ་གཏད། དེ་ཉིད་དུ་ཉལ་དེས་རྨི་ལམ་མི་ཟིན་མི་སྲིད་དོ། །ཏིང་ངེ་འཛིན་བདེ་སྟོང་ལྷན་ཅིག་སྐྱེས་པའི་གོལ་ས་སྤང་བའོ། །དེ་ནས་རྨི་ལམ་སྦྱང་བ་ནི་རྨི་ལམ་མམ། སྒྱུ་མ་དེ་ཉིད་ཀྱང་རང་གི་སེམས་ཡིན་པས། ལུས་དེ་ཉིད་ཉི་ཟླའི་སྟེང་དུ་འགྲོ་བ་རྡོག་པས་མནན་ལ། རི་རབ་ཀྱི་སྟེང་དུ་འགྲོ་བས་སུམ་ཅུ་རྩ་གསུམ་ལྟ་བ། འོག་མིན་གྱི་སངས་རྒྱས་ཀྱི་ཞིང་ལྟ་བ། ཕྱོགས་བཅུའི་ཌཱ་ཀི་མའི་གནས་ཡུལ་ཉི་ཤུ་རྩ་བཞི་ལྟ་བ། དེ་ལྟ་བུ་ཡང་ནས་ཡང་དུ་བྱས་པས་གཉིད་དམ་རྨི་ལམ་གྱི་ཚེ་ནི་ཏིང་ངེ་འཛིན་མཆོག་ཏུ་འགྱུར་རོ། །དེ་བས་ཕུལ་དུ་དབྱུང་བའི་ཕྱིར་ཏིང་ངེ་འཛིན་གྱིས་ལམ་ཐམས་ཅད་སྤེལ་ཏེ། གཡང་ས་གཅིག་ལས་ཀྱང་གཡང་སས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བ་དང༌། ཉི་ཟླ་གཅིག་ལས་ཀྱང་དེ་བཞིན་དུ་གང་བ་དང༌། རྨི་ལམ་དུ་བསྐྱེད་རིམ་བསྒོམ་སྟེ། ཌཱ་ཀི་ནཱི་ཁྱི་གདོང་ལྟ་བུ་ནམ་མཁའ་གང་བ་ཡང་གཅིག་ཏུ་བསྡུ་བ། དེ་ལྟ་བུའི་ཆོ་འཕྲུལ་དུ་མ་བྱའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ནི་སྦྱང་བ་སྤེལ་བ་བསྒོམ་ཡང་རྟོག་པ་སླར་ཡང་མང་དུ་འགྱུར། སྣང་བ་ཞེན་པ་ཆེ། བདེ་ཤུགས་ཆུང་ན་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་སྟེ། མཛོད་སྤུར་ཉམས་གསུམ་དང་ལྡན་པའི་ཐིག་ལེ་ཆེ་ཆུང་ཅི་རིགས་པ་ཅིག་བསྒོམ་སྟེ། མཛོད་སྤུའི་དབུ་མའི་གནས་སུ་རྒྱུན་མི་ཆད་པར་སྐྱུར་རོ། །དབང་གསུམ་པའི་ཉམས་མྱོང་ཡང་ཅུང་ཟད་དྲན་པར་བྱའོ། །དེ་ནས་བདེ་བས་གང་བ་དང་སེམས་ལ་དགའ་བ་ཁྱད་པར་ཅན་སྐྱེ་ཞིང༌། གཉིད་ལོག་སད་པ་མི་ཕྱེད་པ་འབྱུང་ངོ༌། །དེ་བཞིན་དུ་བསྒོམས་པས་ཆོས་ཐམས་ཅད་སེམས་དང་སྒྱུ་མ་དང་བདེ་ཆེན་དུ་རྟོགས་ཀྱང༌། དེ་ལ་ཉོན་མོངས་པའི་རོ་ཞེས་བྱ་བ། དེ་ལས་སྲེད་པ་ལ་སོགས་པ་འཕེལ་བར་གྱུར་ན། དེ་ལ་དེ་ཁོ་ན་ཉིད་བསྒོམ་པ་ནི་བདེ་བ་ལ་སྟོང་པས་རྒྱས་གདབ་སྟེ། སྔར་གྱི་ལྟ་བ་ཐོས་བསམ་བྱས་ན་རྗེས་སུ་དྲན། དེ་མིན་ན་མིག་དཔངས་བསྟོད་དེ། མིག་འབྲས་རྟེན་མེད་དུ་མི་འགྱུར་བར་བྱའོ། །ཡང་ན་ཚངས་པའི་སྒོ་ནས་སྟེང་གི་ནམ་མཁའ་སྔོན་པོ་ལ་ལྟའོ། །དེས་བདེ་སྟོང་ཟུང་དུ་ཆུད་པར་འགྱུར་ཞིང༌། རྗེས་ཀྱི་སྣང་བ་ཐམས་ཅད་ལའང་སྒྱུ་མ་དང་རོ་གཅིག་ཏུ་མཉམ་རྗེས་མེད་པར་སྐྱེའོ། །དེ་ལྟ་བུའི་ཏིང་ངེ་འཛིན་མཆོག་སྐྱེས་ཀྱང༌། འདོར་བའི་ལུས་སྒྱུ་མ་ལྟ་བུར་མ་གྱུར་པས་བར་དོ་ལ་བརྟེན་ནས་ལུས་ལེན་ཏེ། འདི་ནི་འཁོར་བ་ལྡོག་པའི་དུས་ཞེས་བྱའོ། །དེའི་གནད་ཀྱང་སྔར་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ། །ཞེས་འདུན་པ་གཏོང་བ་བཞིན། འཆི་ཁའི་དུས་བར་དོ་སྒྱུ་ལུས་ལ་སྒྱུ་ལུས་སུ་ངོ་ཤེས་པར་བྱའོ། །དེའི་གནད་ཀྱང་སྔར་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ། །ཞེས་འདུན་པ་ཡང་ནས་ཡང་དུ་བཏང་ཞིང༌། སྐབས་སྐབས་སུ་ལུས་ཕྱི་བཟློག་གི་ལོག་གནོན་བསྒོམ་པ་ཤིན་ཏུ་གཅེས། གནད་དེ་ཉིད་ཀྱིས་འཆི་ཁར་ཡང་ཡ་ང་བ་དང་བྲལ་ནས། བར་དོར་སྐུ་གསུམ་མཆོག་ངེས་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་དོན་བརྒྱད་ཀྱིས་གནད་ཀྱི་ཕྲེང་བ་བསྡུས་པ་དབྲི་བསྣན་མེད་པ་རྫོགས་སོ། །ཤུ་བྷཾ།།  །།ཛཱ་ལནྡྷ་རའི་ཞབས་པད་ལ་བཏུད་དེ། །ཙཎྜཱ་ལཱི་ཡི་མན་ངག་བྲི། །བདེ་བའི་སྟན་ལ་འདུག་ནས་ནི། །རྐང་པ་བསྣོལ་ཏེ་ལག་པ་ཡང༌། །མཐེ་བོང་གཉིས་ནི་སོ་སོར་བཟུང༌། །དེ་ལྟར་ལུས་ངག་གཉིས་ཀྱང་ནི། །སོར་བཟུང་སེམས་ཀྱང་རྣལ་དུ་བྱ། །དེ་ནས་སྐད་ཅིག་རྣལ་འབྱོར་གྱིས། །བདག་གི་ལྷ་ཡི་རྣལ་འབྱོར་བྱ། །དེ་ནས་ལྟེ་བའི་གནས་སུ་ནི། །དབྱངས་ཀྱི་དང་པོ་ཤད་ལྟ་བུ། །རྣམ་པ་གསལ་བ་དམིགས་བྱས་ཏེ། །དེ་ལས་མེ་སྦར་ཀླད་པ་ཡི། །དུང་ཁང་ལྟེ་བའི་རྐང་མཐིལ་གྱི། །བར་དུ་ཡོངས་སུ་གང་བར་བསམ། །སྲིན་པོའི་ལམ་ཡང་རབ་ཏུ་བསྡོམས། །སྲོག་དང་རྩོལ་བའང་གཏུགས་བྱས་ཏེ། །ཁ་སྦྱར་བ་ཡི་རྣལ་འབྱོར་དང༌། །ལུས་ནི་གཡོ་ཞིང་གཟུང་བར་བྱ། །དེ་ལྟར་རབ་ཏུ་འབད་བྱས་པས། །ལུས་ལ་དྲོད་འབར་བདེ་བ་དང༌། །བཅས་པ་སྐྱེ་འགྱུར་བདེ་བ་ཡང༌། །ཉམས་མིན་གོ་འཕང་མཆོག་ཏུ་འགྱུར། །རྣལ་འབྱོར་བསྡུས་པ་ས་མཱཔྟ། །ཨི་ཐི།།  །།ཕུལླ་ཧ་རིའི་པཎྜི་ཏའི་མན་ངག་ལ། སྤྱིར་རྣལ་འབྱོར་གསུམ་དུས་གཅིག་ལ་སྟན་གཅིག་ཏུ་བསྒོམ་པ་ཡིན་གསུང༌། དང་པོར་རང་བྱིན་གྱིས་བརླབ་པའི་རྣལ་འབྱོར། བསྐྱེད་པའི་རིམ་པའི་རྣལ་འབྱོར། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གསུམ་བསྒོམས་པས་ལམ་ཅིག་ཅར་བ་ཡིན། རང་བྱིན་གྱིས་བརླབ་པ་རྩ་ལ་བརྟེན་པ། རླུང་ལ་བརྟེན་པ། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ། བསམ་གྱིས་མི་ཁྱབ་པ་ལ་བརྟེན་པ་བཞི་ལས། འདི་རྩ་ལ་བརྟེན་པ་ཡིན་གསུང༌། དེ་ལ་འཁོར་ལོ་བཞི་ལ་བརྟེན་པ། གཉིས་ལ་བརྟེན་པ། གཅིག་ལ་བརྟེན་པ་གསུམ་ལས། འདིར་གཉིས་ལ་བརྟེན་པ་ཡིན་གསུང༌། དེ་ལ་གསུམ་སྟེ། རླུང་ལུས་ལ་གཟུད་པ། སེམས་ལ་གཟུད་པ། འོད་གསལ་དུ་གཟུད་པའོ། །ལུས་ལ་གཟུད་པ་ལ་གནད་གསུམ་འཛོམ་པ་ལ་སྟེང་རླུང་མནན། འོག་རླུང་དྲངས་ཏེ། ལྟེ་བའི་ཨ་ཤད་ལྟ་བུ་ལ་བུས་པས་དྲོད་སྐྱེས་ཏེ་ཞག་གསུམ་མམ་གཉིས་ཙམ་དུའོ། །དེ་ནས་གཡས་གཡོན་གྱི་རླུང་གིས་རྩ་དབུ་མ་བསྲུབ་སྟེ། དེའང་ཨ་ཤད་ལྟ་བུ་ལས་མེ་སྟག་ཐོར་ཐོར་བསྲུབ་སྟེ། སྟེང་འོག་གི་རླུང་མནན་ལ་ཐུབ་ཚད་དུ་བསྡམ་མོ། །དེས་ལུས་ཀྱི་ནང་ཐམས་ཅད་གཏུམ་མོའི་འོད་ཀྱིས་དམར་ཐིང་བ་བསྒོམ། དངོས་སུ་ཡང་དྲོད་སྐྱེས་སྐྱེས་ལ་ཡང་ཡང་བསྒོམ། དེ་ནས་དེ་ཀ་བཞིན་བསྒོམས་པས་རྩ་དབུ་མ་ཁ་ཕྱེ་སྟེ། དེ་ནས་ཡར་མེ་སོར་བཞི་ཙམ་ན་ར་ར་བསྒོམ། དེ་ནས་ཞག་བཞི་ནས་ལྔ་ཙམ་དུ་སྟེང་རླུང་མནན་འོག་རླུང་དྲངས་ཏེ། ནང་དུ་གནས་པ་དང་བསྟུན་ཏེ་བསྒོམ། དེ་ནི་རླུང་ལུས་ལ་གཞུག་པའོ། །དེ་གོམས་པ་ལས་ཡང་ལྟེ་བའི་མེ་ཇེ་རིང་ཇེ་རིང་ལ་དམར་ནར་གྱིས་རྩ་དབུ་མ་ན་ཡར་རླུང་ནང་དུ་འཇུག་པ་དང་བསྟུན་ཏེ། སྤྱི་བོའི་ཧཾ་ལ་མེ་རེག་རེག་བསྒོམ་པ་ལ་ཞག་གསུམ་ཙམ་དུ་བསྒོམ་སྟེ། དེ་ལ་དྲོད་སྐྱེས་ནས་མེའི་རྩེ་མོས་ཧཾ་ཕུག་པ་ལས་བྱང་ཆུབ་ཀྱི་སེམས་དཀར་ཤར་གྱིས་མར་དེད་དེ། ལྟེ་བའི་ཨ་ཤད་ལ་རེག་གིས་སོང་བས་སླར་ཡང་ཡར་ལ་མེ་འཁྲིས་པ་བཞིན་དུ་མེ་རླུང་གི་རང་བཞིན་ཡར་ལ་འབར་ཏེ། ཧཾ་ལ་རེག་པས་བྱང་སེམས་ཡར་ལ་དེད་དེ། དེ་བཞིན་མར་བྱང་སེམས་ཕྲ་མོ་རླུང་གིས་དེད། ཡང་ཡར་རླུང་གིས་བྱང་སེམས་དེད་པར་བསྒོམ་མོ། །དེའི་དུས་སུ་ལྟེ་བ་ནས་ཡར་མེ་རླུང་འབར་བ་ན་རླུང་ནང་དུ་འཇུག་པ་དང་བསྟུན། བྱང་སེམས་ཡས་འབབ་རྩ་ན། རླུང་ཕྱིར་ལྡང་བ་དང་བསྟུན་ནོ། །དེ་བཞིན་དུ་ཡང་ཡང་བསྒོམས་པས་ལུས་བདེ་བའི་ཉམས་སྐྱེའོ། །དེ་ཉིད་རླུང་སེམས་ལ་གཟུད་པའོ་གསུང་ངོ༌། །དེ་ལྟར་བསྒོམ་ན་ལྕི་བའམ་གྲང་སེལ་གྱིས་སོང་ན་ལྟེ་བ་ནས་བྱང་སེམས་དྲངས་ཏེ་སྤྱི་བོར་ལན་གསུམ་ཙམ་བསྐོར་ལ་རྩ་མིག་ཏུ་དགྲམ་མོ། །ཧཱུྃ་གིས་དྲང་ངོ༌། །ལན་གསུམ་དྲངས་པས་ཡང་ཕྱེད་ཀྱི་འོང་ངོ༌། །དེ་ལྟར་བསྒོམས་པས་བདེ་བ་དངོས་སུ་སྐྱེ་ལ། མི་རྟོག་པ་ཤུགས་ལས་སྐྱེ་གསུང༌། ཡང་ན་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་བསྒོམ་མོ། །རང་བྱིན་གྱིས་བརླབ་པ་ནི། དེ་ཁོ་ན་ཉིད་ལ་བློ་བརྟན་པའི་ཐབས་ཡིན་གསུང་ངོ༌། །འདིའི་དམ་ཚིག་ལ་མེ་ལ་མི་འདེ་བ་དང༌། གོས་མཐུག་པོ་མི་གྱོན་པ་དང༌། ཉི་མ་ལ་རྐང་པ་མི་བརྐྱང་བ་དང༌། མི་དང་གཏམ་མང་པོ་སྨྲ་བ་སྤངས་ལ་ཕལ་ཆེར་ཙོག་པུར་འདུག་པར་བྱའོ། །ཟས་འགྲངས་པ་དང༌། ནམ་ཕྱེད་དང༌། ཉིན་ཕྱེད་ཀྱི་དུས་སུ་མི་བསྒོམ་པར། སྔ་དྲོ་དང་ཕྱི་དྲོའི་ཕྱེད་ཐུན་ཆུང་ངུ་མང་དུ་བྱའོ། །རླུང་ལུས་ལ་གཟུད་པའི་མན་ངག་ནི། ལུས་ཀྱི་གནད་སྐྱིལ་ཀྲུང་བཅས་ནས་ལག་པ་སོར་མོ་བསྣོལ་ཏེ་མཉམ་གཞག་གི་ཕྱག་རྒྱ་བཅས་ནས་ལྟེ་བ་ལག་པའི་སྟེང་དུ་འབོལ་གྱི་བཏང་སྟེ། གསུས་པ་བཅར་ནས་རླུང་གི་གནད་སྟེང་རླུང་རྔུབ་སྟེ་མནན། འོག་རླུང་དྲག་ཏུ་བསྐྱེད་ནས་ཐུར་སེལ་ཐུབ་ཚད་མནན་ནས་དལ་གྱིས་བཏང་ངོ༌། །ཏིང་ངེ་འཛིན་ནི་ལྟེ་བའི་ཨ་ཤད་ལྟ་བུ་ལ་སྟེང་རླུང་མནན་པའི་རོ་རྐྱང་གིས་སྦུད་པ་ལྟར། འོག་རླུང་བསྐྱོད་པས་རོ་རྐྱང་གཉིས་ཀྱིས་སྦུད་དེ། མེ་དམར་ཙེག་པ་དམིགས་ཏེ། དེ་འདྲ་བ་ཞག་གསུམ་བཞི་བྱའོ། །དེ་ནས་ཡང་སྔ་མ་ལྟ་བུར་བྱས་པས་མེ་འབར་བ་དེ། དེ་འདྲ་ནི་ཞག་གསུམ་བཞི་ལ་བྱའོ། །དེ་ནས་སྔ་མ་ལྟར་བྱས་ཏེ། རྩ་རོ་རྐྱང་གཉིས་པོས་ཨ་ཤད་ལྟ་བུ་དབུ་མའི་རྩ་སྣ་རིང་བ་དེ་ལ་བསྲུབ་ཅིང་འབུད་པ་སྟེ། དེ་ལ་བརྟེན་ནས་དྲོད་བདེ་བ་ཆེར་འབྱུང་སྟེ། དེ་ཙམ་ན་རླུང་ལུས་ལ་ཆུད་པ་ཞེས་བྱའོ། །སེམས་ལ་ཆུད་པ་ནི་སེམས་ཇི་ལྟར་འདོད་པ་བཞིན་བཀོལ་དུ་འདོད་པ་ནི་རླུང་སེམས་ལ་ཆུད་པ་ཞེས་བྱའོ། །ཇི་ལྟར་འདོད་པ་བཞིན་དུ་བཏུབ་ཅིང་བདེ་བ་སྐྱེས་པ་ཡང་སྟོང་པ་ཉིད་དུ་ལྷང་ལྷང་འཆར་ན་རླུང་འོད་གསལ་ལ་ཆུད་པ་ཞེས་བྱའོ། །ས་མཱཔྟ། ཤུ་བྷཾ།།  །།སྭ་སྟི། ཕྱག་རྒྱ་ཆེན་པོའི་གོ་བ་བདུན་པ་ལ། སྤྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་ནི། རང་གི་རིག་པ་གསལ་བ་ངོས་བཟུང་མེད་པ་འདི་ཉིད་ཡིན་ནོ། །ཞེས་ངོ་ཤེས་པར་བྱ། དེ་ལས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འདི་ཉིད་ལས་འཕྲོས་པ་ཡིན་ཏེ། གུད་ན་མེད་ཅེས་པ་ནི་གོ་བ་དང་པོའོ། །ཡང་སྣང་བ་སྣ་ཚོགས་འདི་ཐམས་ཅད་རིག་པ་འདི་ཉིད་ལ་ཚུར་ཐིམ་པ་ཡིན་གྱི་གཞན་ནི་ཐིམ་པ་མེད་ཅེས་བྱ་བ་ནི་གོ་བ་གཉིས་པའོ། །ཡང་འདས་པ་དང་མ་འོངས་པ་དང་ད་ལྟ་བ་ཞེས་བྱ་བ་དུས་གསུམ་དུ་བརྟགས་ན་ཕྱི་ནང་མེད་དེ། རང་གི་རིག་པ་རྒྱུན་ཆགས་པ་འདི་ཉིད་ལ་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ཡིན། ཞེས་པ་ནི་གོ་བ་གསུམ་པའོ། །ཡང་སེམས་ཅན་རྟོག་པ་འཁྲུལ་པའི་སྣང་བ་ལ་ཕྱོགས་བཅུར་སྣང་ཡང་རིག་པ་འདི་ཉིད་ལ་ཤར་ཞིང་ཐིམ་པར་གོ་བ་ནི་གོ་བ་བཞི་པའོ། །ཡང་ཉོན་མོངས་པ་དང་རྣམ་པར་རྟོག་པ་འདི་དག་ཀྱང་རིག་པ་འདི་ཉིད་ལས་བྱུང་བ་ཡིན་པས་ལོགས་ན་མེད་པར་གོ་བ་ནི་གོ་བ་ལྔ་པ་སྟེ། ལོག་པར་འཛིན་ན་སྤང་བྱ་ལ་སྤྱོད་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ཤེས་བྱའི་སྒྲིབ་པར་འགྱུར་བས་སོ། །ཡང་ཉོན་མོངས་པའི་གཉེན་པོར་མི་སྡུག་པ་བསྒོམ་པ་ལ་སོགས་པ་དང༌། རླུང་དང་ལྷ་སྐུ་ལ་སོགས་པ་ཐ་དད་དུ་མི་བསྒོམ་པར་འདོད་ན་དེའི་རིག་པ་འདི་ཉིད་རྟོགས་ན་གཉེན་པོ་གཞན་མི་དགོས་ཏེ། རྟགས་པ་ཉིད་གཉེན་པོ་ཡིན་པར་གོ་བ་དྲུག་པའོ། །རིག་པ་འདི་ཉིད་ལས་ལོགས་སུ་དེ་ཁོ་ན་ཉིད་དམ་འབྲས་བུ་སྐུ་གསུམ་ཞེས་བྱ་བ་རྟོགས་ཤིང་དེ་ཁོ་ན་ཉིད་འབྲས་བུ་སྐུ་གསུམ་ཐ་དད་དུ་མེད་དོ། །རིག་པ་རྟོགས་པ་ཉིད་སངས་རྒྱས་ཡིན་པར་གོ་བ་ནི་གོ་བ་བདུན་པའོ། །དེ་དག་ཀྱང་རྟོགས་པ་གཉིས་སུ་འདུས་ཏེ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་པ་འདི་ཉིད་ལས་འཕྲོས་པར་ཤེས་པ་དང༌། དེ་དག་ཐམས་ཅད་རིག་པ་འདི་ཉིད་ལ་ཐིམ་ཞེས་པ་གོ་བ་གཉིས་པའོ། །གང་གོ་བ་གཅིག་ཏུ་འདུས་ཏེ། ཐམས་ཅད་རིག་པ་གཅིག་པོ་འདི་ཉིད་ཀྱི་ངང་ཡིན་ཞིང༌། རྟོགས་ཤིང་ངོ་ཤེས་པ་སྐྱེས་པ་ནི། ལག་པའི་མཐིལ་ན་གནས་པའི་རྡོ་རྗེ་མཐོང་བ་འདྲ་ཞེས་པའོ། །ཐ་མ་གསུམ་པོ་འདི་ལ་ཐབས་ཤེས་རབ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་དུ་མར་མིང་བཏགས་ཀྱང་ལོགས་པ་ནི་མེད་དོ། །ཕྱག་རྒྱ་ཆེན་པོ་བརྡ་ཡི་མན་ངག་ནི། བླ་མས་བསྟན་པའི་བརྡ་གཅིག་ལས། །རྟོག་པ་གསུམ་སྐྱེ་ངོ་མཚར་ཆེ། །མ་སྐྱེས་དུས་དང་སྐྱེས་པ་དང༌། །སྐྱེས་ནས་ཟུང་དུ་ཆུད་པའོ། །སྣང་བ་སློབ་དཔོན་གྱུར་པ་ན། །ཕྱག་རྒྱ་ཆེན་པོ་མཉམ་རྗེས་མེད། །ཅེས་བླ་མ་ཕྱག་ན་གསུང༌། དེ་ལ་ཕྱག་རྒྱ་ཆེན་པོ་བསྟན་པའི་ཚུལ་ནི་འདི་ཡིན་ཏེ། གནས་དབེན་པར་སློབ་མ་གྲངས་ཉུང་བར་བྱས་ལ། ཅུང་ཟད་ཤེས་པ་ཡེངས་སུ་གཞུག དེ་ནས་ལུས་ཀྱི་བརྡ་དུང་ལྟ་བུ་གཅིག་བཞག་ལ། དེ་ནས་བླ་མས་སློབ་མ་ལ་ད་ལྟའི་ཁྱེད་ཀྱི་དུང་གི་རྟོག་པ་དེ་སྔར་སྐྱེ་བ་མེད་པ་ལས་མ་སྐྱེས་པའི་དུས་ཞེས་པ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཡིན་ལ། ད་ལྟ་དེ་ཉིད་རྣམ་པར་རྟོག་པ་དེར་སྐྱེས་པའི་དུས་ཞེས་བྱའོ། །དེ་ནས་དུང་དེ་མི་སྣང་བར་བྱས་པས་དུང་སྣང་བ་དེ་ནུབ་པ་ན་དེ་ཉིད་སྐྱེ་མེད་དུ་ཐིམ་པས་ཟུང་དུ་ཆུད་པའི་དུས་ཞེས་བྱའོ། །དེ་ལྟ་བུ་དེ་ལ་ལུང་རྣམས་ལས་ཐ་སྙད་བཏགས་པ་ནི། དང་པོ་ལ་ཤེས་རབ། གཉིས་པ་ལ་ཐབས། གསུམ་པ་ལ་ཟུང་འཇུག་ཅེས་ཀྱང་བྱའོ། །དེ་ལ་སེམས་སྦྱོང་བའི་དུས་ནི། རྟོག་པ་དེ་ཉིད་ཀྱིས་སློབ་དཔོན་བྱས་ལ། དེ་སྔར་མ་སྐྱེས་པ་ཞེས་ཉམས་མྱོང་གིས་གྲུབ་པ་དེ་ཉིད་ལ་གོམས་པར་བྱས་ན་སྐྱེ་མེད་ཀྱི་ཏིང་ངེ་འཛིན་སྐྱེ་སྟེ། རྟོག་པ་གློ་བུར་བ་ཐམས་ཅད་ལ་དེ་བཞིན་དུ་གོམས་པར་བྱའོ། །དེ་ལ་ཅུང་ཟད་བརྟན་པ་དང་ཡང་སྐྱེ་བའི་དུས་ལ་བསླབ། ཟུང་དུ་ཆུད་པ་ལ་བསླབ་པར་བྱའོ། །དེས་དུས་གསུམ་མཉམ་པ་ཉིད་དུ་འགྱུར་རོ། །གཞན་ཡང་ངག་གིས་སྒྲའམ་བརྡ་ཐམས་ཅད་ལ་ཡང་དེ་བཞིན་དུ་བསླབ་པར་བྱའོ། །མཐར་ནི་མཉམ་རྗེས་མེད་པར་འགྱུར་ཏེ། སྣང་བ་ཐམས་ཅད་སློབ་དཔོན་དུ་འཆར་ཏེ། དེ་སྐད་དུའང༌། སངས་རྒྱས་མཉམ་སྦྱོར་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང༌། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ནོ།།  །།ན་མོ་ནཱ་རོ་ཏ་པཱ་ཡ། ཕྱག་རྒྱ་ཆེན་པོ་དབུ་མ་འཇུག་པ་ལ། རླུང་ལུས་ལ་གནས་པར་བྱ་བའི་ཐབས་ནི། མཛོད་སྤུར་ཆོས་ཀྱི་འབྱུང་གནས་དམར་སང་ངེ་བ་ཅིག་བསམ། དེ་ལ་ཤེས་པ་གཏད་དེ་བསྒོམས་པས་མཛོད་སྤུར་བདེ་བ་སྐྱེ། དེ་ནས་དབུ་མ་གྲོ་སོགས་གི་སྦུབས་ཙམ་ཡར་སོང་བས་སྤྱི་གཙུག་མར་འཁྱོག་པའི་མཚམས་སུ་ཐིག་ལེ་དེ་བཞག དེ་ལ་ཤེས་པ་གཏད། དེར་བདེ་བ་སྐྱེས་པ་དང་དབུ་མ་ན་མར་བ་ཐག་ཙམ་དུ་ནར་གྱིས་སོང་བས་འོག་སྒོ་བདེ་བ་ཆེན་པོའི་ལམ་གྱི་ཆོས་འབྱུང་ལས་ཀྱང་ཐལ་ཏེ་ཕྱིར་སོང་སོར་ཕྱེད་དང་གསུམ་ཙམ་དུ་འཁྱུག་བྱུང་བ་ལན་འགས་མི་བཟོད་པའི་བདེ་བ་སྐྱེ། ཐིག་ལེ་འཛག་པ་སྙམ་བྱེད་པ་བྱུང་ན། སོར་ཕྱེད་ཕྲི་ལ་གཉིས་སུ་བྱེད། དེས་ཀྱང་མི་བཟོད་ན་རན་ཚད་དབྲི། དེས་ཀྱང་མི་བཟོད་ན་ཕྱིར་ཉུག་ཙམ་བྱ། དེ་ལྟར་བྱས་པས་རླུང་ལུས་ལ་ཕོག་པ་ལ་སོགས་པའི་རྐྱེན་གང་གིས་ཀྱང་བདེ་བ་སྐྱེ་བར་གྱུར་བ་ན་རླུང་ལུས་ལ་གནས་པ་ཡིན་ནོ། །ད་ནི་རླུང་སེམས་ལ་གནས་པར་བྱ་སྟེ། སྒོ་རྣམས་ཡར་གྲོལ་བའི་ལམ་གྱི་ཐིག་ལེ་རང་ལ་ཤེས་པ་བཞག་པས། ཇི་ཙམ་ན་ལུས་མེད་པ་སྙམ་བྱེད་པ་དང༌། འཇའ་ཚོན་ཡིན་པ་སྙམ་བྱེད་པ་བྱུང་ཙ་ན་རླུང་སེམས་ལ་གནས་པ་ཡིན་ཏེ། དེ་ནས་སྟོང་པ་ཉིད་ལ་སེམས་བཞག་པས་འོད་གསལ་མངོན་དུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་དབུ་མར་ཞུགས་པའོ། །ས་མཱཔྟ། ཤུ་བྷཾ།།  །།དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལེའུ་དགུ་པ་ལས། བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས། །བརྟུལ་ཞུགས་ཅན་གྱི་ལག་པས་གདོན། །ཞེས་པའི་མན་ངག་ནི། ཀྱེའི་རྡོ་རྗེ་རྣམ་པ་བཞི་གང་ཡང་རུང་བ་ལ་གནས་ཏེ། རྩ་བའི་སྔགས་འབུམ་ཕྲག་གསུམ་བསྙེན་པ་བྱས་ནས། ལས་སྦྱོར་གྱི་དུས་སུ་རང་གི་གནས་གསུམ་ན་མཁའ་སྤྱོད་མ་དང༌། ས་སྤྱོད་མ་དང༌། ས་འོག་སྤྱོད་མ་གསུམ་གྱིས། དགྲ་བོའི་ལུས་ངག་ཡིད་གསུམ་གྱི་ནུས་པ་བཀུག་ནས་བདག་ལ་བཅུག་པར་བསམ་མོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཅིག་བཞེངས་ཏེ། བདག་ཉིད་ཀྱི་དབང་བླངས་ལ། ལས་བསྒྲུབ་པའི་གནང་བ་བྱིན་པར་བསམ་མོ། །དེ་ནས་དགྲ་བོའི་རྐང་རྗེས་ཀྱི་ས་ལ་སོགས་པ་ནས་ལིངྒ་གཅིག་བྱས་ལ། གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བརྗོད་པས་གྲོགས་བྱེད་པ་ཡིན་པས་ལྷ་མོས་བསྒྲུབ་བྱ་རླུང་གི་སྟེང་དུ་ནམ་མཁའ་ལ་འོང་བའི་དུས་སུ། དགྲ་རང་གི་བཤང་ལམ་ནས་མེ་ཁབ་འདྲ་བས་གཙགས་པར་བསམས་ལ་ཁ་ནས་ཁྲག་སྐྱུག་པར་བསམ་མོ། །དེ་ནས་གཟུགས་ལ་བཅུག་ལ་ཟླ་བ་གཅིག་ཏུ་གཟུགས་གཏུབས་ཤིང༌། དྲག་པོའི་སྦྱིན་སྲེག་ཉིན་མཚན་དྲུག་ཅུ་བྱའོ། །དེའང་ཟླ་བ་གསུམ་མམ་ཅི་ནུས་བྱའོ། །དེ་ནས་གཽ་རཱིས་གོང་མ་བཞིན་དུ་བཀུག་ལ། རང་གི་ལིངྒ་ལ་དགྲ་བོའང་གཞུག་གོ །དེའང་རང་ལ་ལིངྒ་གཅིག་བྱས་ལ་ལྟེ་བ་ནས་རྩ་བཅུ་དྲུག་ཡོད་པ་ལས་ཆེ་གེ་མོ་མཱ་ར་ཡ་ལ་སོགས་པ་བཀོད་ནས། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བསྒྲུབ་བྱའི་རྩ་རྣམས་བཅད་པར་བསམས་ལ། དེའི་དུས་སུ་མཱ་ར་ཡ་གཅིག་བརྗོད་པས་རྩ་གཅིག་བཅད། གཞན་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་རྩ་རྣམས་གཅོད་པར་བསྒོམ་པའི་དུས་སུ་མཁའ་འགྲོ་མ་བརྒྱད་དང༌། འབྱུང་པོ་ཉི་ཤུ་རྩ་བཞི་ལ་སོགས་པས་རྩ་གཅོད་པའི་སྔགས་ཀྱིས་རྩའི་ནང་ནས་ཁྲག་ཐོལ་ཐོལ་འབྱུང་བར་བསམས་པ་དེ་འཐུང་བར་བསམ་པར་བྱའོ། །དེའང་ཟླ་བ་གཅིག་ཏུ་བྱའོ། །མཐར་ནི་རས་ཀྱིས་ལིངྒ་དྲིལ་ཏེ་མཆོད་རྟེན་ཆེན་པོའམ། ལྷ་ཁང་གཉན་པོའི་ནང་དུ་སྦའོ། །བསྙེན་པ་བྱས་ནས་བསྒྲུབ་པའི་དུས་སུ་དབང་བླང་བ་ནི་བླ་མར་མོས་པའོ། །ལིངྒ་ནི་གཉིས་ཀ་དུས་གཅིག་ཏུ་བྱེད་པའོ། །གཅིག་སྦྱིན་སྲེག་བྱེད། གཅིག་མནན་པ་བྱེད་པ་སྟེ། གཞུང་གི་ཏིང་ངེ་འཛིན་དེ་ནི་ཟླ་བ་གཅིག་པོ་ལ་ཅི་ནུས་སྤྱོད་པའོ། །རྫོགས་སོ།།  །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཨཥྚ་ལ་བརྟེན་ནས་གཞན་གྱི་བྱད་བཟློག་པ་བསྟན་པ་ནི། རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསམས་ལ། བདུན་རྣམ་དག་དང༌། ཚད་མེད་པ་བཞི་དང༌། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་དུ་བསྒོམ་པ་སྒྲུབ་ཐབས་བཞིན་བྱས་ལ། རང་གི་ཐུགས་ཀ་ནས་ཡིག་འབྲུ་གཅིག་འཕྲོས་པས། དེ་མདུན་དུ་འཁོར་ལོ་རྩིབས་བཅུ་པ་ཅིག་ཏུ་གྱུར་པར་བསམ། དེ་ཡང་མཚོན་ཆའི་འཁོར་ལོ་རྩེ་མོ་དང་བཅས་པར་བསམ། དེའི་ལྟེ་བ་ལ་གདན་ཉི་མའི་དཀྱིལ་འཁོར་ཅིག་བསམ། དེའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཁོང་སྟོང་ཅིག་བསམ། ཁོང་སྟོང་དེའི་ནང་དུ་རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཡོད་པར་བསམས་ཏེ། དེ་ནི་ལུས་སྦ་བའི་མན་ངག་གོ །དེའི་ཐུགས་ཀར་རྡོ་རྗེ་ཞིག་བསམ། དེའི་ལྟེ་བར་ཧཱུྃ་ཁ་སྤྲོད་ཅིག་བསམ། དེའི་དབུས་སུ་ཡི་གེ་རྃ་དམར་པོ་ཞིག་བསམ། དེ་ལ་རང་གི་ཤེས་པ་བསྟིམ་ལ་བཞག དེ་ནི་སེམས་སྦ་བའི་མན་ངག་གོ །དེའི་མཐའ་མར་རང་གི་མིང་གི་ཡི་གེས་བསྐོར་བར་བསམ། དེ་ནི་མིང་སྦ་བའི་མན་ངག་གོ །དེ་ནས་འཁོར་ལོའི་རྩིབས་བཅུ་ལ་ཨཥྚའི་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོར་བཀོད་ནས་ཡོད་པར་བསམ། འཁོར་ལོའི་རྩིབས་ཀྱི་བར་དུ་ཁོའི་གནོད་བྱེད་ཀྱི་བགེགས་སྤྲོད་བྱེད་ཀྱི་བཟའ་མི་དང་བཅས་པ་ཡོད་པར་བསམ། འཁོར་ལོའི་རྩིབས་ཀྱི་ཕྱི་ན་ཕར་རྡོ་རྗེའི་རྭ་བས་བསྐོར་ནས་ཡོད་པར་བསམ། དེའི་དབུས་སུ་ཨཥྚའི་སྔགས་ཀྱི་ཕྲེང་བ་བཟླས་པས། སྔགས་ལས་འོད་ཟེར་དམར་པོ་བྱུང༌། གནོད་བྱེད་ཀྱི་བགེགས་ཀྱི་བར་བསྲེགས་པར་བསམ། སྔགས་བཟླས་པའི་སྟོབས་ཀྱིས་འཁོར་ལོ་དེ་རང་ཐགས་འཁོར་བ་བཞིན་འཁོར་བས། དགྲ་བགེགས་ཀྱི་ལུས་ཀྱི་སྨད་གཅོད་པར་བསམ། རང་གི་ཐུགས་ཀ་ནས་མགོན་པོ་ནག་པོ་ཞིག་སྤྲུལ་ནས་གནོད་བྱེད་དགྲ་བགེགས་ཀྱི་སྤྱི་གཙུག་གི་སྟེང་དུ་གནས་ཏེ། ཕྱག་མཚན་གྲི་གུག་གིས་ཤ་ཏིལ་ཙམ་དུ་གཏུབས། ཕྱག་གཡོན་པའི་ཐོད་པས་ཁྲག་གི་རྒྱུན་ཟེད་ཅིང་འཐུང་བར་བསམ་མོ། །མཉམ་གཞག་ལ་དེ་ལྟར་བསྒོམས་ནས། གཉིད་ལོག་པའི་དུས་སུ་འཁོར་ལོའི་ལྟེ་བའི་ནང་དུ་རང་ཉིད་ཉལ་ལོ། །ཉིན་མོ་སྤྱོད་ལམ་གྱི་དུས་སུ་འཁོར་ལོ་ཤིན་ཏུ་རྒྱ་ཆེ་བར་བྱས་ལ། འཁོར་ལོའི་ནང་དུ་སྤྱོད་ལམ་བྱའོ། །བླ་མ་དག་འཁོར་ལོ་བཙན་ཐབས་ཀྱི་མན་ངག་ཡིན་ཏེ། གར་ཐོད་ཐོད་དུ་མི་བྱའོ་གསུང་ངོ༌། །རྫོགས་སོ།།  །།ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོ་སྟོང་པ་ཉིད་དུ་བསྒོམ། དེའི་ངང་ལ་ཧྲཱིཿདམར་པོ་གཅིག་བསྒོམ། དེ་ཡོངས་སུ་གྱུར་པ་ལས་པདྨ་རིན་པོ་ཆེའི་འདབ་མ་སྣ་ཚོགས་པ། དེའི་སྟེང་དུ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་རལ་པའི་ཐོར་ཚུགས་སུ་འདུག་པ། མཚོག་མའི་སྟེང་ན་སྣང་བ་མཐའ་ཡས་བཞུགས་པ། ཕྱག་གཡོན་ན་པདྨ་དམར་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡས་པས་པུས་མོའི་ཐོག་ཏུ་མཆོག་སྦྱིན་གྱི་ཚུལ་དུ་བརྐྱང་བ། ན་བཟའ་དང་རྒྱན་གྱིས་བརྒྱན་པ། བཞེངས་ནས་བཞུགས་པ་བདག་ཉིད་དེ་ལྟ་བུ་གཅིག་ཏུ་བསྒོམས་ནས། བདག་གི་ཐུགས་ཀ་ནས་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བཅུ་དྲུག་པ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བཅུ་དྲུག་བསྒོམ་པར་བྱའོ། །དེ་ནས་བསྒྲུབ་བྱའི་སྙིང་གར་པདྨ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་བདག་རང་གི་ཐུགས་ཀར་པདྨ་ལ་གནས་པའི་བུམ་པ་རྣམས་རང་གི་རྡོ་རྗེའི་ལམ་ནས། ཨོཾ་བྷྲ་མ་ཛཱ་སྭ་སྟི་ཧྲཱིཿདི་པདྨ་མ་མྲཱ་ཨཱ་ཀརྵ་ཡ་ཛཿ ཞེས་པའི་སྔགས་འདི་བསྒྲུབ་བྱའི་ལམ་ནས་ཞུགས་ནས། བསྒྲུབ་བྱའི་པདྨའི་བདུད་རྩི་བཀུག་པར་བསམ་ཞིང༌། དེ་ནས་བདག་རང་གི་བུམ་པ་ལ་འདྲེས་པར་བསམ་མོ། །དེ་ནས་བདག་རང་གི་བུམ་པ་རྡོ་རྗེའི་ལམ་ནས་ཞུགས་པར་བསམས་ལ་བཟླས་པ་བྱ་བ་ནི། ཨོཾ་ཧཱུྃ་ཞེས་ཞག་བདུན་གྱི་བར་དུ་བསྒོམ་བཟླས་རྒྱུན་མ་ཆད་པར་བྱས་ནས་ཐལ་མོ་ཁ་སྦྱར་ཞིང་བདག་གི་ཞབས་འོག་ཏུ་བསྒོམ་པར་བྱའོ། །འཇིག་རྟེན་དབང་དུ་བྱ་བའི་རིམ་པའོ། །རྒྱ་གར་གྱི་པཎྜི་ཏ་ཨཱ་ཙརྻ་དེ་བ་ཤྲཱིས་རང་འགྱུར་དུ་བསྒྱུར་བའོ། །ཨི་ཐི།།  །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མན་ངག་འདི་ནི་བླ་མ་རྡོ་རྗེ་གདན་པས། བླ་མ་བ་རི་བ་བོད་དུ་བྱོན་པ་ལ་སྐྱེལ་ཐུང་དུ་མཛད་ནས། ད་བུ་ཁྱོད་བོད་དུ་འགྲོ་བ་ལ་ངས་བཟའ་བཏུང་གིས་མི་བྲེལ་བའི་ཐབས་ཌཱ་ཀི་མའི་ལག་ཆང་ཞེས་བྱ་བ་འདི་སྦྱིན་གྱིས་གསུངས་ནས་གནང་བའོ། །འདི་ལ་གསུམ། ཆང་བུ་ལ་བརྟེན་ཏེ་བསྒྲུབ་པ་དང༌། འཁོར་ལོ་ལ་བརྟེན་ཏེ་བསྒྲུབ་པ་དང༌། རྒྱུན་དུ་ནར་མར་བསྒྲུབ་པའོ། །དེ་ལ་དང་པོ་ཆང་བུ་ནི་ཟས་ཀྱི་རྣལ་འབྱོར་བྱས་ལ་བླ་མ་དཀོན་མཆོག་ལ་ལྷ་བཤོས་དབུལ། འགྲོ་དྲུག་ལ་གཏོར་མ་བཏང་ལ། དེ་ནས་མཁའ་འགྲོ་མ་གསུམ་ལ་དབུལ་ཏེ། ཨོཾ་ཨ་ན་ལེ། ཀུཎྜ་ལེ། མ་ཧཱ་གྲྀཧྞ་པི་ཎ་ཌ་ཡེ་སྭཱ་ཧཱ། ཨོཾ་ཨ་གྲྀཧྞ་པི་ཎ་ཌ། མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཤུ་ཏྲ་མུ་ཁེ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་སྔགས་གསུམ་པོ་དེ་ཆང་བུ་གསུམ་ལ་ལན་གསུམ་གསུམ་བཟླས་ལ་དབུལ་ལོ། །འཁོར་ལོ་བརྟེན་ཏེ་བསྒྲུབ་པ་ནི། འཁོར་ལོ་རྩིབས་བཞི་པ་ཅིག་བྲིས་ལ། དེའི་རྩིབས་བཞི་ལ་ཨོཾ་ཨ་པ་ཀཾ་པ་ཤིང་པ་ཨཱ། ཨོཾ་མ་པེ་ལ་དུ་བ་ཤི་སྭཱ་ཧཱ། ཞེས་བྱ་བ་གཡོན་སྐོར་དུ་བྲིའོ། །ལྟེ་བ་ལ་གང་དམིགས་པའི་མིང་རུས་བྲིས་ལ། དབང་དུ་སྡུས་ཤིག་པ་བྲིའོ། །དེ་ནས་མདུན་དུ་བཞག་ལ། ཞག་གསུམ་དུ་སྔགས་ཀྱི་བསྙེན་པ་ཁྲི་ཚོ་བཟླས་ལ་རང་གི་ཐང་ཁ་གཡས་པ་ལ་བཙེམ་མོ། །དེས་མི་དེ་དབང་དུ་འདུས་ཏེ་སྦྱིན་བདག་དབང་དུ་བྱའོ། །དུས་རྒྱུན་དུ་ཡི་དམ་དུ་བྱ་བ་ནི། ཏདྱ་ཐཱ། ཨོཾ་ཚ་མེ། འུ་མེ་ནི་རུ་པ་ཁ་ཐ་ན་སྭཱ་ཧཱ། ཞེས་སྔགས་དེ་སྲོད་ལ་ལན་བརྒྱ་རྩ་རེ་མ་ཆག་པར་བཟླས་ན་ཟས་ནོར་གྱི་སིདྡྷི་འབྱུང་ཞིང༌། མི་ཐམས་ཅད་བདག་ལ་བྱམས་པར་འགྱུར་རོ། །བླ་མ་རྡོ་རྗེ་གདན་པའི་གདམས་ངག་བ་རི་བའི་ཐུགས་དམ་ཌཱ་ཀི་མའི་དངོས་གྲུབ་ལག་བཅངས་ཞེས་བྱ་བ་རྫོགས་སོ། །དེ་ལྟར་བསྒྲུབས་ན་དབྱུ་གུ་མ་སྤུན་གསུམ་གྱིས་ཕུན་སུམ་ཚོགས་པར་བྱེད་དོ། །ཤུ་བྷཾ།།  །།ཡིད་སྒྱུར་ལྷ་ལ་ཕྱག་འཚལ་ལོ། །བུད་མེད་དམ་སྐྱེས་པ་དབང་དུ་བསྡུ་བར་འདོད་པས། རྫས་ལ་ད་བྱིད་ཀྱི་ཤ་དང༌། བྱེའུ་མཆིལ་པའི་ཤ་དང༌། ཀཀྐོ་ལ་དང༌། ཀ་ཤོ་ཀ་དྷ་དང༌། ད་དུ་ར་མཐེ་བོང་ཙམ་པ། སྤྲུ་ནག་པོ། དཀར་པོ་དེའི་ཕྱེད། གླ་བ་དྲི་ཐོན་པ་ཙམ་ཅིག མཇུག་གི་སྲིན་བུ། རང་གི་ས་བོན་བྱུང་བ་གཅིག རྨ་བྱའི་སྒོ། བྱེའུ་པ་ཏི་མའི་བྲུན། ར་ཁྱིའི་དྲི་མ། རང་གི་«བུ་ག་དགུའི་་་་་་»དྲི་མ། དེ་རྣམས་ཆང་ལ་སྦྱར་ལ་སྦྱིན་ནོ། །ཡང་ན་བུ་རམ་ལ་སྦྱར་ལ་སྦྱིན་ནོ། །རྫོགས་སོ།།  །།དེ་ནས་ཆོ་འཕྲུལ་བྱེད་པར་འདོད་ན། སྤང་རྒྱན་ལ་སྦྱར་བ་དང་ཨུག་ཆོས་ལ་སྦྱར་བ་དང༌། ལུག་རུ་«གཡེར་མ་དང་སྦྲང་དགོས་སྦྱར་བ་མན་ངག་ཡིན་་་་་་»བ་ལ་སྦྱར་བ་དང༌། བྱིང་བྱིང་ཐུ་ལུ་ལ་སྦྱར་བ་དང༌། དེ་གཙོར་ཤེས་པར་བྱའོ། །ཤིན་ཏུ་ཟབ་པས་སུ་ལའང་མི་བསྟན། གསང་བར་བྱའོ། །ཨི་ཐི།།  །།ཨོཾ་སྭ་སྟི། ཨོཾ་ཨུཥྞཱི་ཥཱ་ཡ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། སྐབས་སུ་ཅི་ནུས་བཟླས་སོ། །ནང་པར་གྲོང་ཁྱེར་དུ་འཇུག་པའི་དུས་སུ་ཨོཾ་ཛམྦྷ་མོ་ཧེ་ཧྲྀ་ད་ཡ་མེ་ཝརྡྷ་ནི་ཧཱུྃ་སྭཱ་ཧཱ། ཆུ་གཙང་མ་ལ་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་བཟླས་ནས་ཁྲུས་བྱས་ན་སྐྱེ་བོ་ཐམས་ཅད་བྱམས་པར་འགྱུར་རོ། །ཡི་དམ་ལྷའི་ཐང་སྐུའམ་པུ་སྟི་ལ་བསྐོར་བ་ལན་བདུན་བྱས་ནས་སྔགས་ཉེར་གཅིག་བཟླས་ནས་གྲོང་ཁྱེར་དུ་ཕྱིན་ན་སྐྱེ་བོ་ཐམས་ཅད་མགུ་བར་འགྱུར་རོ། །ཌཱ་ཀི་མའི་ལག་མགུལ་རྫོགས་སོ། །བླ་མ་བ་རི་བའི་གདམས་པའོ། །ཤིན་ཏུ་ཡིད་ཆེས། ཨི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། དད་པའི་ལྷ་ལ་ན་མོ། བདག་ཉིད་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ་ཞབས་གཡོན་པདྨ་དང་ཟླ་བའི་སྟེང་ན་བརྐྱང་བ། གཡས་བསྐུམ་ནས་གཡོན་པའི་བརླ་སྦོམ་ཕྲའི་མཚམས་སུ་བཙུགས་ནས་ཕྱེད་ཀྲུང་གི་གར་གྱིས་བཞུགས་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཁྲོ་མོའི་རྣམ་པ་རུས་པའི་རྒྱན་གྱི་བརྒྱན་པ། དེའི་ལྟེ་བ་ན་ཟླ་བའི་སྟེང་ན་ཧྲཱིཿདམར་པོ་བསྒོམ། ཡེ་ཤེས་པ་དགུག་གཞུག་ལ་སོགས་པ་མི་དགོས། དེ་ནས་རང་ཁ་ནུབ་ཏུ་བསྟན་པའི་མེ་ལོང་ལ་སིནྡྷུ་ར་བཙགས་ལ། དེ་ལ་པདྨ་འདབ་བཞི་ལྟེ་བ་དང་ལྔ་ལ། ཤར་དུ་ས། ལྷོར་ཧི། ནུབ་ཏུ་ཀ བྱང་དུ་ལ། དབུས་སུ་ཧྲིཿབྲི། འབྱོར་ན་མཆོད་པ་ལྔ། མ་འབྱོར་ན་མེ་ཏོག་དམར་པོ་དང་ཆང་བཤམས་ལ། ནམ་མཁའ་ལ་ཡིག་འབྲུ་ལྔ་བྲིས་པ་བཞིན་བསམས་ལ། ཡིད་ཀྱིས་བྲིས་པ་ལ་བསྟིམ་ལ། དེ་ལ་སྔགས་བརྗོད་ཅིང་མེ་ཏོག་དམར་པོ་དང་ཆང་གིས་མཆོད་ལ། དེ་ནས་ལག་པ་གཡོན་པའི་སྲིན་ལག་ལ་ཕྲེང་བ་བཀལ་ལ། ས་ཧྲི་ཀ་ལ་ཧྲིཾ་ཞེས་བཟླས་ཙ་ན་ལྟེ་བའི་ཧྲཱི་ལས་སྔགས་ཀྱི་ཡི་གེ་ཐོལ་ཐོལ་བྱུང་བར་བསམ་ཞིང༌། བསྙེན་པ་འབུམ་ཕྲག་བཅུ་གཉིས་ཀྱིས་ཅིས་ཀྱང་འགྲུབ་ཟེར་ཏེ། མི་འགྲུབ་ཁ་མེད་པའི་ཕྱིར། འབུམ་ཕྲག་ཉི་ཤུ་བྱའོ་གསུང༌། དེ་ནི་བསྙེན་པའོ།།  །།སྒྲུབ་པ་ནི་གཞན་བསྙེན་པ་དང་ཁྱད་མེད་པ་ལ་བཟླས་པའི་དུས་སུ་ལྟེ་བའི་ཧྲཱིཾ་ལས་འོད་ཀྱིས་བསྒྲུབ་བྱ་བདག་གི་མདུན་དུ་བཀུག་ལ། མགོ་བོ་བདག་ལ་བསྟན་ནས་འགྱེལ་ནས་འདུག་པར་བསམས་ལ། དེ་ནས་ལྟེ་བའི་ཧྲཱིཾ་ལས་འོད་དམར་པོ་འཕྲོས་པས། བསྒྲུབ་བྱ་དམར་ལམ་སོང་ནས་མྱོས་ནས་བདག་ལ་སེམས་ཆགས་པ་དང་བཅས་པར་བསྒོམ་མོ། །ཐུན་འཇོག་པའི་དུས་སུ་བསྒྲུབ་བྱ་དེ་བདག་གི་ལྟེ་བའི་ཧྲཱིཾ་ལ་བསྟིམ། དེ་ལྟ་བུ་ཞག་དྲུག་དང་བདུན་ལ་སོགས་པས་དབང་དུ་འགྱུར་ཏེ། བསྒྲུབ་བྱའི་བསོད་ནམས་ཀྱི་བྱེ་བྲག་གིས་དེ་བས་ཅུང་ཟད་འགོར་ཡང་སྲིད་དོ། །དེ་ལྟ་བུའི་བསྙེན་པ་བསྐྱལ་ནས་ཕྱིས་བསྙེན་པ་ཁ་གསོས་ཀྱིན་ལས་སྦྱོར་བྱས་པས་འགྲུབ་སྐད། ལྷ་མོ་ཏེ་ནུ་ཞེས་བྱ་བ་ལྷ་མོ་དབུ་མའི་ནང་ཚན་ལགས་སྐད། འདི་ནི་ངེས་པ་ཁོ་ནས་འགྲུབ་པ་ཡིན་ཞེས་རྗེ་བཙུན་ས་སྐྱ་པ་ཆེན་པོ་གསུང་ངོ༌། །ཨི་ཐི། ཟབ་འདི་ཁོ་ནའོ། །འདི་ནི་ཤིན་ཏུ་གཅེས་པར་མཛད་པ་ཡིན་གསུང༌།།  །།བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདུད་རྩིའི་ལྷ་མོ་འོད་འཆང་མ་བསྒྲུབ་པར་འདོད་པས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་བསྒོམ། དེའི་སྐད་ཅིག་མས་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་ཉིད་ལྷ་མོ་འོད་འཆང་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་ཤེལ་གྱི་གྲི་གུག གཡོན་ན་བདུད་རྩི་ལྔས་གང་བའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་ཀྱིས་བརྒྱན་པ། དར་དཀར་པོའི་ན་བཟའ་གསོལ་བར་བསྒོམ། དེའི་ཐུགས་ཀར་རང་འདྲ་བ་ཅིག་བསམས་ལ། རང་གི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་སྙིང་དཀར་ནག་གི་མཚམས་ནས་ཤེལ་གྱི་གྲི་གུག་གིས་བཅད་ལ། སྙིང་གི་རྩེ་མོའི་ཕྱོགས་བླ་མ་དང་ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་བས་ཕྱི་ནང་གསང་གསུམ་གྱི་པཱུ་ཛར་གྱུར་ཏེ། ཀུན་ཏུ་བཟང་པོའི་རྣམ་འཕྲུལ་གྱིས་མཉེས་པར་བསམ། བཅད་པའི་ཤུལ་རྩའི་བུ་ག་ལྔའི་ནང་དུ་ཡེ་ཤེས་ཀྱི་བདུད་རྩི་བླུགས་པས་ལུས་རྩ། རྩ་ཡི་གེ ཁམས་བདུད་རྩི། སྙིང་པོ་ཡེ་ཤེས་རླུང་རྒྱས་པས་ཁེངས་ཏེ་ཟག་པ་མེད་པའི་བདེ་བ་རྒྱས་པར་བསྒོམ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའི་རྣལ་འབྱོར་དུ་བྱས་ན་གང་ཟག་རབ་ཏིང་ངེ་འཛིན་གྱི་བཅུད་ལེན་དུ་འགྱུར་བས། ཕྱི་རོལ་གྱི་བཟའ་བཏུང་རྒྱུན་གཅོད། འབྲིང་ཆུ་འཐུང༌། ཐ་མ་ཞག་བདུན་བདུན་ན་ཟན་རྡོག་པོ་རེ་ཙམ་ལ་བརྟེན་ཏེ་ཚོད་དང་སྦྱོར་གསུང་ངོ༌། །མན་ངག་འདི་ཉམས་སུ་ལེན་པའི་དུས་སུ་ལུས་ཀྱི་སྲིན་བུ་རྣམས་འཁྲུ་སྟེ། ཚིགས་འདྲ་བའི་སྲིན་བུ་དང་ཕང་འདྲ་བ་དང༌། མཐར་སྲོག་སྲིན་མགོ་བོ་ཁྲ་བོ་འཐོན་པར་འགྱུར་གསུང༌། དེ་རྣམས་ཀྱི་སྡིག་པ་སྦྱོང་བའི་དོན་དུ་ཡི་གེ་དྲུག་པའམ། ཀཾ་ཀ་ནི་ཅི་གྲུབ་པ་བཟླས་ལ། མཐར་མ་འོངས་པའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་ཁྱེད་རྣམས་ངའི་གདུལ་བྱར་འགྱུར་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །ཐོག་མར་ཆུ་དྲོན་མོ་འཐུངས་ནས་རྗེས་ལ་གྲང་མོ་འཐུངས་ན་འཁྲུ་གསུང༌། དྲོ་གྲང་གོ་ལྡོག་ན་ཡང་འཁྲུ་གསུང༌། ཡང་ན་ཨ་རུ་ར་མཆུ་སྙུང་བསྐོལ་ལ་བསྡུས་ཏེ་འཐུངས་ནའང་འཁྲུ་སྟེ་མདོར་ན་འཁྲུ་བ་བསྔགས་སོ། །རླུང་གི་ཤས་ལ་ཐོག་མ་ནས་རླུང་ནོན་མི་བཏང་བར་རིམ་གྱིས་བྲིད་ལ་བཏང་གསུང༌། དེ་ལྟ་བུའི་ཚུལ་གྱིས་ཉམས་སུ་བླང་ཞིང་བླ་མ་དམ་པ་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱི་གསོལ་བ་དྲག་ཏུ་བཏབ་ན་བཅུད་ལེན་གྱི་ཡོན་ཏན་གནས་སྐབས་སུ་ནད་ཞི་བ་དང༌། མཐར་རྫོགས་པའི་བྱང་ཆུབ་ཐོབ་གསུང༌། བླ་མ་ས་སྐྱ་པཎྜི་ཏའི་གསུང་ཡིན། །ཨི་ཐི།།  །།སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་གི་གསུང་ངག་གིས། བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཆུ་འཐུང་བར་འདོད་པས། མདུན་དུ་ཉི་ཟླ་པདྨའི་གདན་སྟེང་དུ་རང་གི་རྩ་བའི་བླ་མ་བསྒོམས་ལ། དགྲ་གཉེན་ལུས་ལོངས་སྤྱོད་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཐམས་ཅད་ཞེན་པ་མེད་པར་ལིང་གིས་འབུལ་ལོ། །དེའི་རྗེས་ལ་རང་སྐད་ཅིག་གིས་སྟོང་པའི་ངང་ལས་ལྷག་པའི་ལྷར་བསྒོམ། སྤྱི་བོར་བླ་མ་བསྒོམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཟེར། ངོ་བོའམ་རང་བཞིན་ཡིན་ངེས་སྙམ་པའི་གུས་པ་དྲག་པོ་དུང་བ་བྱས་ལ། བླ་མའི་ཞལ་ནས་ཡེ་ཤེས་ཀྱི་བདུད་རྩི་བྱུང་ནས་རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས་ནས་སྨིན་མཚམས་ཡན་ཆད་གང༌། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག སྐུའི་དངོས་གྲུབ་སྩལ་སྙམ་དུ་བསམ། དེ་བཞིན་དུ་མགྲིན་པ་ཡན་ཆད་གང༌། གསང་བའི་དབང་ཐོབ། ངག་གི་དྲི་མ་དག གསུང་གི་དངོས་གྲུབ་གནང༌། སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག ཐུགས་ཀྱི་དངོས་གྲུབ་གནང༌། ལུས་ཐམས་ཅད་གང༌། ལྷག་མ་ཡར་ལུད་པ་ལས་བླ་མ་སྐུ་བཞིའི་བདག་ཉིད་ཅན། རྡོ་རྗེ་འཆང་གིས་དབུར་བརྒྱན། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་དངོས་གྲུབ་གནང་བར་བསྒོམ་མོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གཅིག་ལས་དབང་བཞི་ལེན་ཅིང༌། ཆུ་ལ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ་ཅིང་བཏུང་ངོ༌། །འཐུངས་པའི་རྐྱེན་གྱིས་ཀྱང་བླ་མའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བྱུང་བས་རང་གི་ལུས་དཀར་མེར་གྱིས་ཁེངས་པར་བསམས་ལ་དབང་བླངས་ལ་བཏུང་ངོ༌། །ཆུའི་གེགས་སེལ་བ་འདི་ཡིན་ཏེ། ནང་མ་དང་པོ་ལ་མར་བཏབ་པའི་ཆན་ཐུག་ཕོར་གང་ཙམ་གཏང༌། གཉིས་པ་ལ་མུ་ཟི་བཏུལ་བ་མཐེ་བོང་ཙམ་ཞིག་ཆུ་ལ་བསྐོལ་ལ་གཏང༌། གསུམ་པ་ལ་ཨ་རུ་ར་གསེར་མདོག་གཉིས་བཏུལ་ལ་བསྐོལ་ལ་གཏང༌། བཞི་པ་ལ་སྒོག་སྐྱ་སེའུ་བཅུ་ཙམ་བས་ཆེ་བ་མི་གཏང༌། ལྔ་པ་ལ་ཤ་བཟང་པོའི་ཤ་བསྲེགས་ཁམ་གསུམ་བཞི་གཏང༌། དེ་རྣམས་ཞོག་པར་བཏང་ནས་མིད་པས་དབང་ལེན་ཅིང་རང་འཐུང་བའི་ཆུ་རྒྱུན་དེའང༌། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དེ་དང་གཉིས་སུ་མེད་པར་བསམ་ཞིང་བཏུང་ངོ༌། །དང་པོ་རྡོར་བག་ཙམ་ཡོད་པ་བསྐོལ་ལ་བཏུང༌། དེ་ནས་རྡོར་མེད་པའི་ཆུ་བསྐོལ་བཏུང༌། དེ་ནས་ཆུ་གྲང་མོ་འབའ་ཞིག་ལ་བསླབ་པར་བྱའོ། །ཡང་སྲིན་ལོག་བྱུང་ན། ཆུ་ལ་ཨོཾ་ཐུད་ཏ་ཐུད་ཏེ་ཕཊ། ཅེས་བཏབ་ལ་བཏུང་ངོ༌། །སྐབས་སུ་མིག་མི་གསལ་བ་བྱུང་ན། འོམ་བུ་བསྲེགས་པའི་ཐལ་བ་ཆུ་ལ་བཏབ་པའམ་ཨ་རུ་ར་སྦངས་པའི་ཁུ་བ་བཏུང༌། སྟོད་དུ་སྲིན་ལངས་ན་གླ་རྩི་སྨད་དུ་སྲིན་ལངས་ན་སྒོག་སྐྱའམ་ཉུངས་བསྲེགས་གཏང༌། སྤྱིར་སྲིན་སྐྱོན་གང་བྱུང་ཡང༌། དབྱི་མོང་གི་རྩ་པ་བསྲེགས་པའི་ཐལ་བ་དང༌། ལྒ་སྐྱ་མོ་དང༌། ལ་ཕུག་གྲིབ་བསྐམས་བྱས་པས་ཐུབ་བོ། །བྲུན་མ་ཐོན་ན་མར་ཁུའམ། རང་གི་དྲི་ཆུ་བར་པ་ཧུ་གསུམ་ཙམ་བཏང་བས་ཐོན་ནོ། །ཙམ་ལོག་བྱུང་ན་ཕྱེ་གསུར་གཏང༌། རྨི་ལམ་ལོག་ན་ཌཱ་ཀིའི་སྤྱི་གཏོར་གཏང་ཞིང༌། ལྷན་སྐྱེས་ཀྱི་ལྟ་བ་སྦྱང་བར་བྱའོ། །ཆུ་འཐུང་གི་རིམ་པ་མང་བ་ཞིག་ཡོད་དེ། འདི་ལྟ་བུའི་ཚུལ་གྱིས་ལམ་དབང་བཞི་ལ་གོམས་ཤིང་འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་གཅིག་ཀྱང་མ་མཐོང་ངོ༌། །གནས་སྐབས་ཀྱི་ཕན་ཡོན་བཅུད་ལེན་སྤྱི་དང་མཐུན་ལ། ཁྱད་པར་དུ་ལུས་ཡང་བ་དང༌། ཟོ་བདོག་བདེ་བ་དང༌། ཏིང་ངེ་འཛིན་གྱི་ལྟ་བ་སྐྱོང་བ་བོགས་ཆེ་བ་ཡིན་ནོ། །ཆུའི་བཅུད་ལེན་གྱི་རྣལ་འབྱོར་བླ་མ་ས་སྐྱ་པ་ཆེན་པོའི་གསུང་ངོ༌། །ཨི་ཐི།།  །།བླ་མའི་ཞལ་ནས་ཐུན་ལ་འཇུག་པའི་དུས་སུ། པཱུ་ཛ་དང་འདས་པའི་གཏོར་མ་དམར་གཏོར་གཅིག་དང་གསུམ་བཤམས་ལ། གུས་པ་དང་ལྡན་པ་དྲག་པོ་བྱ་སྟེ། གསོལ་བ་གདབ་བོ། །དམར་གཏོར་གཅིག་འདས་པའི་གཏོར་མར་བྱས་ལ་བར་ཆད་བསྲུང་བའི་ཕྱིར་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ། ཉེར་གཉིས་ལ་གཏང་ངོ༌། །དམར་གཏོར་གཅིག་ཌཱ་ཀིའི་ཚོགས་ལ་དབུལ། དཀར་གཏོར་དེ་སིདྡྷིའི་ཕྱིར་རང་བཟའོ་གསུང༌། ཆུ་འཐུང་གི་ཞལ་གདམས་བླ་མ་ས་སྐྱ་པའི་གསུང༌། ཨི་ཐི།།  །།དཔལ་བདེ་མཆོག་འཁོར་ལོའི་རྣལ་འབྱོར་དང་ལྡན་པས་ལམ་དུ་འཇུག་པའི་དུས་སུ། དབུགས་སྣ་བུག་གཡས་གཡོན་གང་ནས་རྒྱུ་བརྟགས་ལ། གཡས་ནས་རླུང་རྒྱུ་ན། གཡོན་པའི་མཛུབ་མོས་བཀབ་ལ། ཡི་གེ་བདུན་པ་ཉེར་གཅིག་བཟླས་ནས། དེ་ནས་གཡས་ཉིད་ནས་རླུང་ནང་དུ་རྔུབས་ཏེ་མནན་ལ། རྐང་པ་གཡས་པ་སྔོན་ལ་བོར་ཞིང་གོམ་པ་ཉི་ཤུ་རྩ་གཅིག་འགྲོ་བར་བྱ། དེ་ནས་རླུང་ཅི་བདེར་གཏང་ངོ༌། །གཡོན་ནས་རླུང་རྒྱུ་ནའང་གཡས་དགག་པ་ལ་སོགས་པ་སྔར་བཞིན་བྱའོ། །དེ་ལྟར་བྱས་པས་ཕྱི་ན་དགྲ་དང་ཆོམ་རྐུན་ལ་སོགས་པ་ཡོད་ན། སླར་ལོག་ནས་མི་འགྲོ་མི་སྲིད་དོ། །རང་གི་སྙིང་གའི་ཧཱུྃ་ལས་སྔགས་ཐུང་སྤྲོས། ཆོས་སྐྱོང་གི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་བླང༌། རང་གི་སྙིང་གའི་ཧཱུྃ་ལ་བསྟིམ། བརྒྱ་རྩ་བརྒྱད་བཟླས་པ་ནི་བསྙེན་པའོ། །རང་གི་སྙིང་གའི་ཧཱུྃ་ལས་སྔགས་ཐུང་སྤྲོས། ཆོས་སྐྱོང་གི་ཐུགས་ཀའི་ཧཱུྃ་ལས་གཡས་སྐོར་དུ་བསྟིམ་ཞིང་བརྒྱ་བཟླས་པ་ནི་འཁུ་བའོ། །རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཐུང་ཞལ་ནས་འཐོན། ཆོས་སྐྱོང་གི་ཞལ་དུ་ཞུགས། བཤང་ལམ་ནས་འཐོན། རང་གི་བཤང་ལམ་དུ་ཞུགས། སྙིང་གའི་ཧཱུྃ་ལ་བསྟིམ་ཞིང་བརྒྱ་བཟླས་པ་ནི་སྲོག་འཕྲོག་པའོ། །རང་གི་སྙིང་གའི་ཧཱུྃ་ལས་སྔགས་རིང་སྤྲོས། ཆོས་སྐྱོང་ཐུགས་ཀའི་ཧཱུྃ་ལས་བཏོན། རང་གི་སྙིང་གའི་ཧཱུྃ་ལ་བསྟིམ་ཞིང་སྟོང་བཟླས་པ་ནི་སྲོག་གི་ཡང་ཏིག་བླངས་པའོ། །ས་སྐྱ་པའིའོ།།  །།རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟྲ་ཀྲ་མཱཏྶཱ་རཱ་དྷིཥྛཱ་ན་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས། བདག་བྱིན་གྱིས་བརླབ་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀྱེ་རྡོར་རྒྱུད་དང་འབྲེལ་བ་ཡི། །འཇིག་རྟེན་གསུམ་དབང་སྡུད་མཛད་མ། །ཀུ་རུ་ཀུལླེ་ལ་བཏུད་དེ། །དེ་ཡི་སྒྲུབ་ཐབས་གསལ་བཤད་བྱ། །རྒྱུད་འདི་སྒོམ་པའི་སྔགས་པ་སྐལ་བ་དང་ལྡན་པས་སྔ་དྲོ་མལ་ནས་ལངས་ཏེ། སྙིང་གར་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿདམར་པོ་བལྟས་ལ། དེའི་འོད་ཟེར་གྱིས་འོག་ཏུ་འཆད་པའི་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་མདུན་དུ་དམིགས་ལ་མཆོད་པ་ལྔའི་སྤྲིན་གྱི་ཤུགས་ཀྱིས་ཡང་དག་པར་མཆོད་དེ། དེའི་མདུན་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པའི་ཚིགས་སུ་བཅད་པ་གསུམ་བརྗོད་པར་བྱའོ། །དེ་ནས་ཁམས་གསུམ་གྱི་དུཿཁའི་སེམས་ཅན་རྣམས་ཡིད་ཀྱིས་དམིགས་ལ། དུཿཁ་ལས་འདོན་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཆོས་དང་གང་ཟག་གི་ངོ་བོ་གཟུང་བ་དང་འཛིན་པ་རང་བཞིན་མེད་པ་གཉིས་སུ་མེད་པར་ཤེས་པའི་མཚན་ཉིད་ཅན་གྱི་སྟོང་ཉིད་བསྒོམས་ལ། དེ་ལ་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་སོ། །དེ་ནས་གཉིས་སུ་མེད་པའི་ཤེས་པ་དེ་ཉིད་ཀྱི་སྟོང་པའི་ངང་ལས། ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་དབུས་སུ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་ལྟེ་བ་ལ་ས་བོན་དེ་ཉིད་ཀྱིས་སོ། །དེ་ལས་འོད་སྤྲོ་བ་དང་བསྡུ་བ་བྱས་ནས་དེ་ཉིད་ལ་བསྟིམ་སྟེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་ཀུ་རུ་ཀུལླེར་བལྟས་ཏེ། པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ། རོའི་སྙིང་གར་ཉི་མའི་དབུས་སུ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་མ། ཉི་མའི་འོད་ཀོར་ཅན་གྱི་ཕྱོགས་མཚམས་རྣམས་སུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། སྐུ་མདོག་དམར་པོ་ལོ་བརྒྱད་གཉིས་ལོན་མ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། དབུ་ལ་རྒྱལ་བ་རིགས་ལྔའི་རང་བཞིན་ཅན་གྱི་ཐོད་པ་ལྔ་འཛིན་མ། མི་མགོ་རློན་པའི་དོ་ཤལ་ཅན་ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་གཡོ་བ། ཁྲོ་བ་དང་སྒེག་པའི་ཉམས་ཅན། མིའི་རུས་པའི་འཁོར་ལོ་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་དང༌། དབུ་རྒྱན་དང༌། ཞབས་གདུབ་ཀྱི་རྒྱན་དང༌། རྩ་བའི་ཕྱག་གཉིས་ཀྱིས་རྣ་བའི་དྲུང་དུ་ཨུཏྤ་ལ་མདའ་དང་བཅས་པའི་མེ་ཏོག་དམར་པོའི་གཞུ་འགེངས་པ། ཕྱག་ལྷག་མ་དག་གིས་ཨུཏྤ་ལ་དམར་པོའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་བསམ་པར་བྱའོ། །དེའི་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་གར་ཨོཾ་ཨཱཿཧཱུྃ་བལྟས་ལ། དེ་ནས་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཨུཏྤ་ལ་དམར་པོའི་ལྟེ་བའི་ཉི་མ་ལ་ཧྲཱིཿདམར་པོ་བལྟས་ལ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་སྤྱན་དྲངས་ཏེ། གསོལ་བ་བཏབ་པས་དེ་དག་གིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔས་གང་བས་དབང་བསྐུར། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པས་དབུར་བརྒྱན་ཏེ་རྒྱས་གདབ་བོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་སྤྲོས་རང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པས་ཡང་དག་པར་མཆོད་ལ་ས་བོན་དེ་ཉིད་ལ་བསྡུ་བར་བྱའོ། །ཨ་ཁྱཱ་ར་མནྟྲ་ཝཛྫི་ཨ་ཨོ། ན་ཨུ་སྭ་ཊི་པ་བིནྡུ་ཙིཏྟ། ཨ་སོ་པ་ར་མ་ཧཱ་སུ་ར་ཧོ། ན་ཨུ་པོ་ཊི་ཨ་ན་ཨུ་ཙི་ཏཱ། ཞེས་པ་འདིས་བསྟོད་པར་བྱའོ། །དེ་ནས་བདུད་རྩི་ལྔ་དང༌། སྒྲོན་མ་ལྔ་ལ་སོགས་པ་མྱངས་ལ། ཡི་གེ་ཧཱུྃ་དཀར་པོ་ལས་བྱུང་བའི་ལྗགས་རྡོ་རྗེའི་རང་བཞིན་དུ་བསམས་ཏེ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཏེ། དེ་ནས་བདག་ཀུ་རུ་ཀུལླེ་མཉེས་པར་བྱའོ། །བསམ་གཏན་དང་མ་བྲལ་བས་སྔགས་བཟླས་ཏེ། ཐུགས་ཀའི་ཉི་སྟེང་གི་ཧྲཱིཿམཐར་བསྐོར་བའི་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་པའི་ཡི་གེ་བརྒྱད་ཀྱི་ཕྲེང་བ་མར་མེ་ལྟར་ཡིད་ཀྱིས་བསམ་ཞིང༌། མྱུར་བ་དང་བུལ་བ་ལ་སོགས་ཀྱི་སྐྱོན་མེད་པར་ཙནྡན་དམར་པོའི་ཕྲེང་བས་བགྲང་བར་བྱའོ། །ས་ཡ་གཅིག་བཟླས་པས་རིགས་དྲུག་གི་འཁོར་བར་གཏོགས་པའི་སེམས་ཅན་རྣམས་དབང་དུ་འགྱུར་རོ། །ཐུན་གཞན་ལ་ནི་བདག་ཉིད་ལྷར་བསམས་ལ་མཆོད་བསྟོད་ལ་སོགས་པ་བྱ་སྟེ། ཉན་བཤད་ལ་སོགས་པ་གང་བྱེད་ཀྱང་དེའི་ང་རྒྱལ་གྱིས་བྱའོ། །དེ་ནས་བསམ་པ་ཇི་ལྟ་བ་བཞིན་སྨོན་ལམ་གདབ་བོ། །འདིར་ཡང་བླ་མ་བརྒྱུད་པ་ལས་བྱུང་བའི་མན་ངག་བྲི་བར་བྱ་སྟེ། རང་གི་སྙིང་གར་ས་བོན་ཁུ་བ་འབའ་ཞིག་སྙིང་ལས་ལངས་ཏེ། མགོ་བོའི་གཡོན་ནས་བསྐོར་ནས། རྣ་བ་གཡས་པའི་བུ་ག་ནས་འཐོན་ནས་ལག་པ་གཡས་པའི་གཞུའི་རྒྱུད་ལ་གནས་པའི་མདའི་སྟོང་གི་བུ་ག་ནས་ཨུཏྤ་ལའི་མེ་ཏོག་གི་ལྟེ་བར་ཞུགས་ཏེ། དེའི་འོད་ཟེར་གྱིས་མདེའུ་དེ་རྒྱས་པར་བྱས་ནས་སྤྲོས་པས་སྲིད་པ་གསུམ་གྱི་སེམས་ཅན་གྱི་སྙིང་གར་ཞུགས་ནས་དེའི་བདེ་བ་རྣམས་བསྐུལ་ཏེ་བཀུག་ནས་ཡང་དེ་ཉིད་དུ་ཞུགས་པར་བྱས་ཏེ། ཁ་ཟུམ་ནས་མདའ་ནས་རྣ་བའི་བུ་ག་ནས་མགོ་བོའི་གཡས་ནས་བསྐོར་ནས་དཔྲལ་བའི་དབུས་སུ་གནས་ལ། ཨ་ཝ་དྷཱུ་ཏཱིའི་ལམ་ནས་མགྲིན་པ་སྙིང་ག་ལྟེ་བའི་མཐར་བདེ་བ་ཆེན་པོའི་གནས་སུ་མན་ངག་བཞིན་དུ་བཅུག་སྟེ། དེ་ནས་ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་དྲི་མ་མེད་པ་ལས་བྱུང་བའི་བདེ་བའི་དམ་པས་རང་གི་ལུས་དང༌། འཇིག་རྟེན་གསུམ་གང་བར་བལྟས་ལ། དེའི་སྐད་ཅིག་ལ་ཚིགས་སུ་བཅད་པ་འདིའི་དོན་དྲན་པར་བྱའོ། །གང་ལ་ཐོག་མ་ཐ་མ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་བདེ་ཆེན་མཆོག་གྱུར་པ། །བདག་མེད་གཞན་ཡང་ཡོད་མ་ཡིན། །ཡང་དེ་ལྟར་སེམས་ཅན་རྣམས་དབང་དུ་འགྱུར་བར་བྱ་སྟེ། དེ་དག་བྱང་ཆུབ་ཆེན་པོ་ལ་མངོན་སུམ་ཉིད་དགོད་པར་ནུས་ཀྱི་བར་དུ་བྱའོ། །དེ་བཞིན་དུ་བསྒྲུབ་བྱའམ་བསྒྲུབ་བྱ་མོ་ཀུ་རུ་ཀུལླེའི་རང་བཞིན་དུ་བསྒོམས་ནས་ས་བོན་དེ་སྔར་བཞིན་དུ་སྒྲུབ་པ་པོའི་མདའ་བསྒྲུབ་བྱའི་ལག་པར་གནས་པའི་མེ་ཏོག་འོད་ཟེར་གྱི་རྒྱས་པར་བྱས་ནས། རྣ་བའི་བུ་ག་གཡས་པར་ཞུགས་ཏེ་དེ་ལྟར་སོང་ནས་གནས་ཏེ། དེ་ཁོ་ན་བཞིན་དུ་རབ་ཏུ་ཞུགས་ནས་གནས་དེར་ཕྱིན་ལ་དེ་བཞིན་བརྟན་པརབྱའོ། །དེ་ནས་གདོན་མི་ཟ་བར་བསྒྲུབ་བྱ་སྒྲུབ་པ་པོའི་དབང་དུ་གྱུར་ནས། དོན་ཐམས་ཅད་བྱེད་པར་འགྱུར་རོ། །ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། །བྱས་པའི་བསོད་ནམས་གང་ཡོད་དེས། །སྐྱེ་བོ་ཐམས་ཅད་བྱང་ཆུབ་ལ། །འགོད་པའི་དབང་དུ་འགྱུར་བར་ཤོག །བདག་བྱིན་གྱིས་བརླབ་པའི་ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།།  །།ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ནུས་པ་མ་ཉམས་པས་ཁམས་གསུམ་དབང་དུ་བྱེད་པར་གྲགས། སྔར་གསུངས་པའི་ཏིང་ངེ་འཛིན་ལ་གནས་པའི་ཡི་གེའི་གྲངས་ཀྱིས་འབུམ་བཟླས་པ་བྱས་ཏེ། མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ཕྱེ་མ་དང༌། གོས་ལ་སོགས་པ་གང་ལ་མངོན་པར་བསྔགས་ནས་བྱིན་པ་དེ་དབང་དུ་འགྱུར་རོ། །དྲི་བཟང་པོའི་བདུག་སྤོས་ཀྱིས་བདག་ཉིད་ལ་བདུགས་ན་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ། །གང་གིས་མེ་ཏོག་དམར་པོ་ལ་སོགས་པས་སྦྱིན་སྲེག་བྱས་ན་དེ་དབང་དུ་འགྱུར་རོ། །བཟའ་བ་དང་བཏུང་བ་ལ་སོགས་པ་ལ་མངོན་པར་བསྔགས་ཏེ་བྱིན་ན་དབང་དུ་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱས་ལ། དེ་ནས་ཚེས་དང་སྐར་མ་བཟང་པོ་ལ་བཅོམ་ལྡན་འདས་མའི་མཆོད་པ་བྱས་ནས། གུར་གུམ་དང༌། གི་ཧཾ་དང༌། ག་པུར་ལ་སོགས་པས་གོས་སམ། གྲོ་གའམ། ཨུཏྤ་ལའི་འདབ་མའི་རྣམ་པ་ཅན་འཁོར་ལོ་རྩིབས་བཅུ་དྲུག་པ་བྱ་སྟེ། འཁོར་ལོའི་དབུས་སུ་སྔགས་དང་བཅས་པའི་བསྒྲུབ་བྱའམ། བསྒྲུབ་བྱའི་མིང་བྲིས་ཤིང་འདབ་མ་རྣམས་ལ་རེ་རེ་ཞིང་ཀུ་རུ་ཀུལླེ་ཞེས་བྱ་བ་ཡི་གེ་བཞིས་བསྐུར་བའི་བསྒྲུབ་བྱ་འབའ་ཞིག་གིས་མིང་བྲི་བར་བྱའོ། །ཕྱི་རོལ་དུ་ཨོཾ་གྱིས་ལན་གསུམ་བསྐོར་བའི་འཁོར་ལོ་སྐུད་པ་དམར་པོས་གྲིལ་ལ། སྤྲ་ཚིལ་ལས་བྱས་པའི་ལིངྒའི་སྙིང་གར་འཁོར་ལོ་བཅུག་ལ་སེང་ལྡེང་གི་མེ་ལ་གདུང་བར་བྱས་ན་རྐང་པས་འགུགས་པར་བྱེད་དེ། སྐྱེས་པའམ་བུད་མེད་དབང་དུ་བྱེད་ན་ཟངས་ཀྱི་ཁབ་ཀྱིས་རྐང་པ་གཉིས་སམ། སྐྱེ་གནས་ནས་ཕུག་སྟེ། མེ་སྔ་མ་ལ་གདུང་བར་བྱའོ། །དེ་ལྟར་བྱས་པས་ངེས་པར་དབང་དུ་བྱེད་པར་འགྱུར། དད་པ་ཆེན་པོ་བཅོམ་ལྡན་འདས་མ་ལ་མཆོད་པ་སྔགས་ཀྱི་རྒྱལ་པོ་བཟླས་ཏེ། དེ་ལྟ་བུའི་རིམ་པས་ཐམས་ཅད་འགྲུབ་པར་འགྱུར་རོ། །བླ་མའི་མན་ངག་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་བའོ། །དེས་རྗེ་བཙུན་ཆེན་པོ་ལ། དེས་སློབ་དཔོན་རིན་པོ་ཆེ་ལ། དེས་རྗེ་བཙུན་པ་ལ། དེས་ས་སྐྱ་པཎྜི་ཏ་ལ། ཡི་གེ་སྔགས་ནི་རྣམ་པར་སྤངས། །སྒྲ་དང་ཐིག་ལེའི་སེམས་ཀྱང་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཉིད། །ཅེས་པ་གོང་གི་པྲ་ཀྲི་ཏའི་སྐད་ཀྱིས་གླུ་བསྒྱུར་བ་འདི་ཡིན་པས་དེས་ཤེས་པར་བྱའོ།།  །།ན་མོ་བོ་དྷི་བྷ་དྲཱ་ཡ། ལས་བྱེད་གནོད་སྦྱིན་མོའི་སྒྲུབ་ཐབས་ནས་བརྩི་བ་དུས་ཀྱི་འཁོར་ལོ་ལ་བརྟེན་ཏེ་བསྒྲུབ་པའོ། །འདི་ལ་ལྔ་སྟེ། སྦྱིན་སྲེག་ལ་བརྟེན་ཏེ་ནོར་སྤེལ་བ་དང༌། ཆོ་ག་ལ་བརྟེན་ཏེ་དོན་སྒྲུབ་པ་དང༌། འཁོར་ལོ་ལ་བརྟེན་ཏེ་སྐྱེས་པ་དང་བུད་མེད་ཐམས་ཅད་དབང་དུ་བྱ་བ་དང༌། མཆོད་གཏོར་ལ་བརྟེན་ཏེ་ཌཱ་ཀི་མ་དབང་དུ་བྱ་བ་དང༌། བསྐྱེད་རིམ་ལ་བརྟེན་ཏེ་རང་གི་ལུས་མཛེས་པར་བྱ་བའོ། །དང་པོ་ལ་ཟས་དང་རྫས་ཀྱི་ལས་སོ། །དང་པོ་ནི་བདག་ལྷ་མོར་མོས་ལ། ཅི་ཟ་ཅི་འཐུང་གི་ཕུད་བདག་ལ་ཕུལ་བས་བདུད་རྩིར་གྱུར་ནས་ལྷ་མོས་གསོལ་ཞིང་འདོད་པའི་དོན་ལ་གསོལ་བ་བཏབ་པས། ཤིན་ཏུ་དགྱེས་ནས་བསོད་ནམས་དང་ལོངས་སྤྱོད་འཕེལ་བར་འགྱུར་རོ། །གཉིས་པ་ནི་ཁམ་ཕོར་སོ་མའི་ནང་དུ། ཤུག་པ་དང་བ་ལུ་ལ་མེ་བཙལ་བ་ལྟར་མོས་ཏེ། གུ་གུལ་དཀར་པོ་དང༌། ཡུངས་ཀར་དང༌། སྔར་བསྒྲུབས་པའི་རྫས་ཀྱི་རི་ལུ་བརྡར་བ་དང་བཅས་པ་བསྲེགས་ལ་འདོད་དོན་གསོལ་བ་བཏབ་པས་འགྲུབ་བོ། །དོན་སྒྲུབ་པ་ནི་འགྲོ་དུས་ན་བྲ་བོ་ནས་སྲན་མ་སུམ་པོ་བདུན་ལ་རང་གི་ལོ་གྲངས་ཙམ་གྱི་སྔགས་བཏབ་ལ། རྐང་པ་གཡས་ཀྱི་འོག་ཏུ་གཞུག་གོ །ལག་པ་གཡས་ཀྱིས་གོས་ཀྱི་གྲྭ་ནས་བཟུང་ནས་སྔགས་ཉེར་གཅིག་བཟླས་ནས་ཕྱིན་ན་ཇི་ལྟར་བསམས་པ་བཞིན་དུ་འགྲུབ་བོ། །གསུམ་པ་འཁོར་ལོ་ལ་བརྟེན་པ་ནི་རྩིབས་བཞི་པ་གཉིས་མཚལ་དང༌། རིན་པོ་ཆེས་དཔེའུ་ཆུང་ལྟར་བྲིས་ལ་རབ་གནས་བྱས་ཏེ། དར་སྣ་ལྔས་གྲིལ་ལ་སྐྱེས་པ་དང་བུད་མེད་ཀྱི་དཔུང་པ་གཡས་གཡོན་དུ་བཏགས་ལ་སྔགས་ཀྱང་བཟླས་པས་གང་ལ་བྱས་པ་དེ་དབང་དུ་འགྱུར་རོ། །བཞི་པ་མཆོད་གཏོར་ལ་བརྟེན་ནས་ཌཱ་ཀི་དབང་དུ་བསྡུ་བ་ནི་དཀར་གཏོར་གཅིག དམར་གཏོར་གཅིག འབྱུང་གཏོར་གཅིག དཀར་གཏོར་དང་འབྱུང་གཏོར་གྱི་སྣོད་རིན་པོ་ཆེར་བསམས་ལ། བཅུད་བདུད་རྩིར་བསམ་མོ། །དམར་གཏོར་གྱི་སྣོད་ཐོད་པ། བཅུད་ཤ་ལྔ་བདུད་རྩི་ལྔར་བསམ་མོ། །ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ། ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། སརྦ་ཧྲི་ཧྲི་བ་སུ་དྷཱ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་གྷུ་ལེ་གྷུ་ལེ། མ་མ་ཧྲི་ཧྲི། མ་མ་ཁ་སི་མི་སྙིང་སྒུལ་སྒུལ། ཧྲིཾ་ཧྲིཾ། སྡུས་སྡུས། ཁ་ཁ་ཁཱ་ཧི་ཁཱ་ཧི། ཉེར་གཅིག་གམ་བདུན་གྱིས་དབུལ་ཏེ། དེའང་དཀར་གཏོར་བླ་མ་དང༌། དཀོན་མཆོག་གསུམ་ལ་དབུལ། དམར་གཏོར་ཌཱ་ཀི་ལ་དབུལ། འབྱུང་གཏོར་ཡི་དྭགས་ལ་སྦྱིན། གཅིག་ལ་བྱེད་ན་རིམ་པ་བཞིན་ཤེས་པར་བྱའོ། །རང་གིས་ཀྱང་སིདྡྷི་བསམས་ལ་ལྷག་མ་བཟའོ། །ལྔ་པ་བསྐྱེད་རིམ་ལ་བརྟེན་ནས་ལུས་མཛེས་པར་བྱ་སྟེ། འགྲོ་བ་དབང་དུ་བྱ་བར་འདོད་ན། རང་སྐད་ཅིག་གིས་ལྷ་མོ་སེར་མོ་ཁྲོ་འཛུམ། སྤྱན་གསུམ་པ། སྟག་གི་ཤམ་ཐབས་དང༌། དར་གྱི་སྟོད་གཡོགས་དང༌། དར་གྱི་ཅོད་པན་དང་རིན་པོ་ཆེའི་རྒྱན་ཅན། གཡས་རལ་གྲི། གཡོན་རིན་པོ་ཆེའི་སྙེ་མ་བསྣམས་པར་བསམས་ལ། དབང་སྡུད་ཀྱི་ལྷ་མོ་དམར་མོ་གཡས་ཌཱ་མ་རུ། གཡོན་རིན་པོ་ཆེ་བསྣམས་པ་བཞི་དཔུང་པ་གཉིས་དང་མཁལ་ཁུང་གཉིས་སུ་བསམ། ལྟེ་བར་ཌཱ་ཀི་སེང་གེའི་གདོང་ཅན་ནག་མོ་གཡས་ལྕགས་ཀྱུ། གཡོན་རིན་པོ་ཆེས་གང་བའི་ཐོད་པ་ཅན། སྤྱི་གཙུག་ན་རྟ་མགོ་ལྗང་གུ་ཡོད་པ་ཅིག་བསྒོམ་མོ། །སྔགས་ནི་སརྦ་ཧྲིཾ་ཧྲིཾ་དྷ་བ་དྷཱ་ར་ཏི་ཨ་ཧརྒུ་སི་ཀྲ་མ་སྡུས་སྡུས་སྭཱ་ཧཱ། ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་གུ་ལེ་གུ་ལེ་མ་མ་ཧྲིཾ་ཧྲིཾ། མ་མ་ཁ་སི་མི་སྙིང་སྒུལ། ཧྲིཾ་ཧྲིཾ། སྡུས་སྡུས། མ་མ་ཁ་སི་བཾ་སྭཱ་ཧཱ། ཨོཾ་སི་ན་ར་ཞེས་ཉེར་གཅིག་བཟླས། ཐོ་རངས་གདོང་བཀྲུའོ། །མི་གསེབ་ཏུ་སྔགས་དང་བསྐྱེད་རིམ་གསལ་བ་གལ་ཆེའོ། །དེ་རྣམས་གང་རུང་གིས་ཀྱང་རང་མཛེས་པར་བྱས་ནས་འགྲོ་བ་དབང་དུ་བྱེད་དོ། །སྐར་མ་རྒྱལ་ལ་བྱ་བ་གལ་ཆེའོ། །མན་ངག་འདི་ནི་ཕོ་མོ་སྤྱིར་བརྩི་བ་མཛེས་པ་རྒྱན་གྱི་འཁོར་ལོ་དང༌། བུད་མེད་དམ་གང་ལ་དམིགས་པ་དབང་དུ་བྱ་བ་ནི། དཔེ་ཆུང་ལྟར་ཤེས་སོ། །བླ་མ་བཻ་རོའི་གདམས་པའོ། །ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*