བླ་མ་ས་ཆེན་གྱིས་མཛད་པའི་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས་ཀྱི་དཀའ་འགྲེལ། ༢

དེའི་སྟེང་དུ་བྃ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ལག་ན་གཏེར་གྱི་བུམ་པ་ཐོགས་པ་བསྐྱེད་ལ། དེ་ལ་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་དམ་ཚིག་པ་ལ་བསྟིམ་པ་སྟེ། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཞིང་རྒྱས་གདབ་པ་བྱས་ཏེ། ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། དེ་ལ་མཆོད་པ་དང་བསྟོད་པ་བྱས་ཏེ། ས་བསླང་བ་བྱས་ལ། དེ་ནས་ས་ཡོངས་སུ་བཟུང་སྟེ། སྦྱོང་བ་ནི་སྐྱོན་སྦྱང་བ་དང༌། བགེགས་སྦྱང་བ་གཉིས་ལས། དང་པོ་ནི་སའི་སྐྱོན་གྱོ་མོ་དང་གསེག་མ་ལ་སོགས་པ་བསལ་ཏེ། པུས་མོའམ། རྐེད་པའམ། ལྟེ་བ་ནུབ་ཙམ་བརྐོས་ལ། གཏིང་གི་ས་དང་འདྲེས་པར་བྱས་ཏེ་འཐས་ཤིང་འཐས་པར་བཅགས་ལ། ཙནྡན་ལ་སོགས་པའི་དྲིས་བྱུག་པ་བྱེད་པ་ནི། རྣལ་འབྱོར་པས་ནི་ནོར་འཛིན་སྦྱང༌། །ཞེས་པའི་དོན་ནོ། །དེ་ནས་བགེགས་སྦྱང་བ་ནི། བདག་ཉིད་ཀྱི་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསམས་ལ། དེ་ལས་སྣ་ཚོགས་རྡོ་རྗེ་དང༌། དེའི་སྟེང་དུ་འཕྲོས་པས་གུར་དང༌། འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི་དང༌། ཕྱོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བར་བསྒོམ་ཞིང་ངག་ཏུ་རཀྵ་ཞེས་བརྗོད་པ་ནི་བགེགས་སྦྱང་བ་སྟེ། འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །ཞེས་པའི་དོན་ཏོ། །དེའི་གོང་དུ་ཡང་གནས་བཙལ་དགོས་ཏེ། བྲི་བའི་གོང་དུ་གནས་ནི། ཚལ་དང་ཞེས་པ་ལ་སོགས་པ་སྟེ། ཚལ་ནི་ནགས་ཚལ་ལམ། སྐྱེད་མོས་ཚལ་ལོ། །སྐྱེ་བོ་མེད་པ་ནི་བས་མཐའོ། །བྱང་ཆུབ་སེམས་དཔའི་ཁྱིམ་ནི་སྔོན་ཕྱག་ན་རྡོ་རྗེ་དང༌། སྤྱན་རས་གཟིགས་ལ་སོགས་པ་བཞུགས་པའི་སའོ། །དཀྱིལ་འཁོར་ཁང་པ་ནི་སྔར་དཀྱིལ་འཁོར་བྲིས་པའི་ས་ཕྱོགས་སོ། །དཀྱིལ་འཁོར་དམ་པ་སྟེ་མི་བསྐྱོད་པ་ཐུགས་ཀྱི་དཀྱིལ་འཁོར་བཞེངས་པར་བྱ་ཞེས་པའོ། །རྡུལ་ཚོན་དམ་པ་ནི། རིན་ཆེན་ལྔའི་ཕྱེ་མའོ། །འབྲིང་པོ་ནི་འབྲས་ལ་སོགས་པ་སྟེ། འབྲས་ཅུང་ཞིག་སྦངས་ཏེ་རྨོངས་པ་ལ་སྡོང་རོས་ལ་སོགས་པས་ཁ་དོག་བསྒྱུར་ལ་བྱའོ། །དེ་ནས་དཀྱིལ་འཁོར་ཁྲུ་གསུམ་དང༌། །ཞེས་པ་མི་བསྐྱོད་པ་ཐུགས་ཀྱི་དཀྱིལ་འཁོར་ཏེ། ཁྲུ་གསུམ་གྱིས་ནི་བྷ་གའི་དཀྱིལ་འཁོར་རྣམ་པར་ཐར་པའི་སྒོ་གསུམ་མཚོན་པའི་བརྡར་ཁྲུ་གསུམ་དུ་གནས་པ་མཚོན་ལ། མཐེ་བོང་གསུམ་ནི་ལྷག་པར་བྱ། །ཞེས་པ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་མཐེ་བོང་གསུམ་གྱི་ཚད་དུ་གནས་པ་མཚོན་པའམ། ཡང་ན་དེར་མངོན་དུ་བྱས་པའི་ཞུ་བདེ་མི་རྟོག་པ་གསུམ་མཚོན་པའོ། །དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་མོ་རྣམ་པར་གཞུག །ཅེས་པ་མི་བསྐྱོད་པའི་རིགས་ཀྱི་རྣལ་འབྱོར་པས། ལྷྭམ་མཁན་གྱི་བུ་མོ་མཱ་མ་ཀཱིར་བསྐྱེད་པ་ལ་སོགས་པའོ། །བཟང་མོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་རྟེན་དུ་རུང་བ་སྟེ། དེ་ལྟ་བུའི་རིག་མ་དང་ལྷན་ཅིག་པའོ། །ཡང་ནི་ཇི་ལྟར་གང་རྙེད་དེ། །རང་གི་རིགས་དང་རྗེས་སུ་མཐུན་པ་མ་རྙེད་ནའོ། །བཅུ་དྲུག་ལོན་པ་ནི་ན་ཚོད་དེ། དབང་དུས་སུ་ན་ཚོད་གཙོ་ཆེ་བ་ཡིན་ལ། ལམ་དུས་སུ་རིགས་གཙོ་བོར་གྱུར་པ་ཡིན་ཞིང༌། མཐར་སྤྱོད་པའི་དུས་སུ་ནི་རྟོགས་པ་གཙོ་ཆེ་བ་ཡིན་གསུང༌། ཇི་སྲིད་ཁུ་བ་ལྡན་གྱུར་པ། །ཞེས་པ་ནི་གསང་བའི་རྫས་བཙལ་བར་བྱ་བའི་དོན་དུ་འདུ་ཤེས་གསུམ་དང་ལྡན་པས་བསྟེན་པའོ། །གསང་བའི་རྫས་ལེན་པར་བྱེད་ཙམ་ན། ངོ་ཚ་བའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་དོན་དུ་ཕྱག་རྒྱ་དང་ཐབས་སློབ་མ་གཉིས་ཀྱི་གདོང་རས་ཀྱིས་བཅིངས་ཏེ། སློབ་མ་རྣམ་རྟོག་ཤས་ཆེ་ན་ཉ་ཕྱིས་ལ་སོགས་པས་བླང་ཞིང༌། རྣམ་པར་རྟོག་པ་ཤེས་ཆུང་ན་ལྕེས་དངོས་སུ་བླངས་ཏེ་མགྲིན་པའི་གནས་སུ་གཞག་པར་བྱའོ། །གསང་དབང་གི་དུས་སུ་སློབ་དཔོན་གྱིས་ཇི་ལྟར་ཉམས་སུ་མྱོང་པ་བཞིན་དུ། དབང་གསུམ་པའི་དུས་སུ་སློབ་མས་ཀྱང་མྱོང་བས་ན། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །ཅེས་པ་ནི་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ལྷན་སྐྱེས་མངོན་དུ་འགྱུར་བའོ། དབང་གསུམ་པའི་དུས་སུ་སློབ་དཔོན་གྱིས་སློབ་མ་ལ་ཕྱག་རྒྱ་གཏད་པའི་དབང་གནང་སྟེ། རིག་མ་དེ་ཉིད་སློབ་མ་ལ་བྱིན་ནས། ངག་ཏུ། སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང་བཅས་པས་གཏད་དེ། དེ་བཞིན་དུ་སློབ་མས་ཀྱང་རིག་མ་དེ་ཉིད་བསྟེན་པར་བྱ་བ་ནི། དེ་ཉིད་ལ་ཡང་བྱེད་པར་བྱ། །ཞེས་པའི་དོན་ནོ། །དབང་གསུམ་པ་དེའི་མཚན་ཉིད་བསྟན་པ་ནི། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རང་ནི་གཞན་པ་དགག་པ་ཙམ་ཡིན་ལ། རིག་པ་ནི་གསལ་བའི་ངོ་བོར་སྐྱེས་པ། ཡེ་ཤེས་ཉིད་ཅེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་ཉིད་ཡིན་སྙམ་དུ་རྟོགས་པ་སྟེ། སྤྲིན་གསེབ་ཀྱི་ཉི་མ་དང་འདྲ་བར་དོན་གྱི་ཡེ་ཤེས་སུ་འདོད་པ་ནི། པདྨ་བཛྲའི་ལུགས་ཡིན་ལ། ཌོཾ་བིའི་རྗེས་འབྲང་དང་བཅས་པ་ནི་དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བ་དེ་དཔེའི་ཡེ་ཤེས་སུ་འདོད་ལ། བཀའ་གདམས་ཀྱིས་གང་ཟག་གི་དབང་པོའི་རིམ་པ་དང་སྦྱར་ན་གཉིས་ཀ་མི་འགལ་ཏེ། གང་ཟག་དབང་པོ་འབྲིང་དང༌། ཐ་མ་ལ་ནི་དབང་གསུམ་པའི་ཉམས་མྱོང་དེ་ཉིད་དོན་དུ་ངེས་ཤིང་སྣང་སྟེ། ཡང་དག་ཡེ་ཤེས་སྣང་བ་པོ། །ཞེས་པ་འདི་ཉིད་ལས་ཀྱང་དོན་གྱི་ཡེ་ཤེས་སུ་གསལ་ལ། ཡང་དབང་པོ་རབ་ལ་དཔེ་རུ་སྣང་གི དོན་དུ་སྣང་ན་དབང་གསུམ་པའི་དུས་ཉིད་ན་གྲོལ་བར་འགྱུར་བས་ན། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དཔེ་རུ་འདི་ཉིད་ལས་གསུངས་སོ། །རང་གཞན་ཡང་དག་རིག་པ་ནི་རང་སྒྲུབ་པ་པོ་དང་གཞན་ཕྱག་རྒྱར་འཛིན་པ་ཡང་སྤང་ཞེས་བྱའོ། །ཡེ་ཤེས་དེ་རྟག་ཅིང་མཐར་ཐུག་པ་མེད་པས་མཁའ་མཉམ། མཚན་མ་དང་རྣམ་པར་རྟོག་པའི་རྡུལ་དང་བྲལ་བས་ན་རྡུལ་བྲལ་ལོ། །དངོས་དང་ནི་ཞུ་བ། དངོས་མེད་བདེ་བ། བདག་ཉིད་ནི་རང་རིག་གསལ་བ། མཆོག་ནི་མི་རྟོག་པའོ། །ཐབས་ཞུ་བ། ཤེས་རབ་བདེ་བ། འདྲེས་པ་ནི་མི་རྟོག་པའོ། །ཡང་ན་ཐབས་ནི་ཕ་ལས་ཐོབ་པའི་བྱང་སེམས། ཤེས་རབ་ནི་མ་ལས་ཐོབ་པའི་རཀྟ་ཉི་མ་ལྟར་དམར་བ། འདྲེས་པ་ནི་གཉིས་གཅིག་ཏུ་གྱུར་པའོ། །ཆགས་དང་ཞེས་པ་དགའ་བ། ཆགས་བྲལ་མཆོག་དགའ། རྣམ་པར་འདྲེས་པ་ནི་དགའ་བྲལ་ལོ། །དབང་གསུམ་པའི་དུས་སུ་མྱོང་བའི་ལྷན་སྐྱེས། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་བྱའོ། །ཨཀྵ་ར་ཞེས་པའི་སྒྲ་ལས་ཉམས་མྱོང་དེ་ཉིད་ལ་མི་འགྱུར་བའི་དོན་གྱིས་ན་ཡི་གེ་ཞེས་བྱའོ། །དབང་གསུམ་པའི་ཉམས་མྱོང་དེ་ཉིད་སྣང་ལུགས་ཀྱི་ཆ་ནས་འགྲོ་བའི་བདག་ཉིད་ཅེས་བྱ་ལ། གྲུབ་ལུགས་ཀྱི་ཆ་ནས། དེ་ཉིད་ཐམས་ཅད་ཁྱབ་པ་དང༌། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་བྱའོ། །དངོས་དང་དངོས་མེད་ནི་ཞུ་བདེའོ། །དེ་ལས་བྱུང་བ་ནི་མི་རྟོག་པའོ། །རྣམ་པར་ཤེས་པ་ཀུན་གྱི་ཚུལ། །ཞེས་པ་ནི་ཡེ་ཤེས་དེ་ཉིད་མིག་ལ་སོགས་པའི་རྣམ་ཤེས་དུ་མར་ཡང་སྣང༌། ཞེས་པའོ། །ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད། མུ་སྟེགས་པའི་ཀུན་ཏུ་བརྟགས་པའི་གང་ཟག་རྣམས་སུ་ཡང་སྣང་བས་ན། སྐྱེས་བུ་སྔོན་རབ་ཅེས་པ་ལ་སོགས་པ་གསུངས་སོ། །སྣང་ལུགས་ཀྱི་ངོས་ནས་དངོས་པོ་ཀུན་གྱི་རང་བཞིན་ནམ་བདག་པོར་སྣང་ལ། སྣང་ཙམ་ཉིད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་དུ་ཡང་གྲུབ་པ་མེད་པས་ན། སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་བྱའོ། །དང་པོ་དགའ་བ་ཙམ་ཉིད་དེ། །ཞེས་པ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ། ནང་ནས་ཉམས་མྱོང་བདེ་བ་ཆུང་བས་སོ། །གཉིས་པའི་གྲངས་ནི་སྐད་ཅིག་གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མའོ། །གོང་མ་བས་ཉམས་མྱོང་བདེ་བ་ཆེ་བས་ན་མཆོག་དགའོ། །གསུམ་པ་ནི་སྐད་ཅིག་གསུམ་པ་རྣམ་པར་ཉེད་པའི་སྐད་ཅིག་མ་ལའོ། །དགའ་བྲལ་བཤད་ཅེས་པ་ཕྱི་བྱད་གཟུགས་སུ་ཞེན་པ་དང་བྲལ་བས་སོ། །བཞི་པ་ནི་སྐད་ཅིག་མ་བཞི་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལའོ། །དེའི་དུས་སུ་ཐབས་ཤེས་སམ། ཞུ་བདེའམ། རླུང་དང་བྱང་སེམས་ལྷན་ཅིག་སྐྱེས་པས་ན་ལྷན་སྐྱེས་སོ། །རྡོ་རྗེ་སྙིང་པོ་ལ་སོགས་ཀུན། །མཁས་པས་དེ་སྐད་དེས་ཐོས་ནས། །བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར། །ཞེས་པ་ནི་དགའ་བ་བཞིའི་མཐར་ལྷན་སྐྱེས་སྐྱེ་བ་ལ་ངོ་མཚར་བའོ། །དང་པོ་དགའ་བ་འགྲོ་བའི་གཟུགས། །ཞེས་པ་ནི་སྐད་ཅིག་དང་པོ་ལ་ཕྱི་བྱད་གཟུགས་སུ་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པས་ན་འགྲོ་བའི་གཟུགས་ཏེ། དེ་ཡང་རྟོག་བཅས་སུ་འདུག་ལ། མཆོག་དགའི་དུས་ན་ནང་གི་བདེ་བ་ལ་འདོད་པ་ཡོད་པས། དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །ཅེས་བྱ་སྟེ། དེ་ཡང་རྟོག་བཅས་སུ་འདུག་ལ། དགའ་བྲལ་གྱི་དུས་ན་ཕྱི་བྱད་གཟུགས་སུ་འཛིན་པ་དང་བྲལ་ཡང༌། ནང་དུ་བདེ་བ་ལ་འདོད་པ་ཡོད་པས་ན། དེ་ཡང་འགྲོ་བ་སྟེ། རྟོག་བཅས་སུ་འདུག་པ་དེ་གསུམ་གྱི་དུས་ན་ལྷན་སྐྱེས་ཀྱི་རྟོགས་པ་མེད་པས་ན། གསུམ་པ་ལྷན་ཅིག་སྐྱེས་པ་མེད། །ཅེས་བྱའོ། །སངས་རྒྱས་ཐམས་ཅད་སྐུ་གཅིག་པ། །ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་ངང་ངམ་ཚུལ་གཅིག་པས་ནའོ། །འདོད་ཆགས་ནི་དགའ་བ། ཆགས་བྲལ་ནི་དགའ་བྲལ། དབུ་མ་ནི་མཆོག་དགའ་སྟེ། དེ་གསུམ་གྱི་དུས་ན་ཡང་ལྷན་སྐྱེས་མེད་ལ། ལྷན་སྐྱེས་ཀྱི་དུས་ན་ཡང༌། གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་བྱའོ། །ཡང་ན་དེ་ཉིད་ཐམས་ཅད་དེ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་སྣང་ལུགས་ཀྱི་ངོས་ནས་ཐམས་ཅད་དུ་སྣང་བས་ན། ཡང་ན་དེ་ཉིད་ཐམས་ཅད་དེ། །གང་དུ་ཡང་གྲུབ་པ་མེད་པས་ན། ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཞེས་བྱའོ། །ལྷན་སྐྱེས་དེ་རང་དུས་ནམ་སྐྱེ་སྙམ་ན། དེ་ཡང་དགའ་བྲལ་དང་པོར་མཚོན། །ཞེས་བྱ་སྟེ། དགའ་བྲལ་ནི་འདིར་རྟེན་ཐིག་ལེ་ཤོར་བ་ལ་བྱའོ། །དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་པ་ལྷན་སྐྱེས་ཀྱི་དུས་ན། དེ་གསུམ་གྱི་རྟོག་པ་མེད་པས་སོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་བསྒོམས་པ་ལས་འབྲས་བུའམ་རྟགས་ཅི་འབྱུང་སྙམ་ན། དང་པོར་སྤྲིན་དང་འདྲ་བ་སྟེ། །དངོས་པོ་ཐམས་ཅད་བན་བུན་དུ་སྣང་བ་སྟེ། མི་གསལ་བར་འབྱུང་ལ། གྲུབ་པ་སྒྱུ་མ་ལྟ་བུ་ཞེས་པ་ནི་གསལ་ཡང་དོན་བྱེད་མི་ནུས་པས་སོ། །གཉིད་ལོག་སད་པ་མི་ཕྱེད་པ། །ཞེས་པའམ། ཉལ་དང་ལོག་པའི་ཁྱད་པར་ལས་ཏེ། རྟགས་རབ་མཉམ་རྗེས་མེད་པར་དངོས་པོ་ཐམས་ཅད་རྨི་ལམ་གྱི་སྣང་བ་བཞིན་དུ་གསལ་ལ་མ་ཞེན་པའི་རྟོགས་པ་རྒྱུད་ལ་སྐྱེ་བའོ། །དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཞེས་པ་མཐར་ཐུག་ས་བཅུ་གསུམ་པའི་སྐུ་དང༌། ཡེ་ཤེས་ཟུང་དུ་ཆུད་པའམ། སྟོང་པ་དང་སྙིང་རྗེ་དབྱེར་མེད་དོ། །དེ་གང་གིས་འགྲུབ་ན། ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་བྱ་སྟེ། རྟེན་ལས་ཀྱི་ཕྱག་རྒྱ་ལ་མི་བརྟེན་པར་འབྲས་བུ་མཐར་ཐུག་ས་བཅུ་གསུམ་པ་རྟོགས་པ་མེད་པར་བཞེད་དོ། །སྟོན་པས་ཏེ། རྒྱུད་འཆད་པ་པོའི་སྟོན་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པས་སོ། །གྲུ་བཞི་ནི་ཆོས་ཀྱི་དབྱིངས་ལ་མི་མཉམ་པ་མེད་པའི་བརྡའོ། །བུམ་པ་བརྒྱད་ལ་སོགས་པར་ལྡན། །ཞེས་པ་ནི་བུམ་པ་སྟ་གོན་ཏེ། ལྷ་དགུའི་བུམ་པ་དགུ། རྣམ་པར་རྒྱལ་བའི་བུམ་པ་དང༌། ལས་ཐམས་ཅད་པའི་བུམ་པ་གཉིས་ཏེ་བཅུ་གཅིག་བཅའོ། །དེ་དག་ལ་ཡང་ཁ་རྒྱན་དང་མགུལ་ཆིངས་ལ་སོགས་དགོས་པས་ན། དེ་ཡང་ཡལ་ག་ལ་སོགས་ལྡན། །ཞེས་སོགས་བྱའོ། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །ཕྱག་གཉིས་པའི་ང་རྒྱལ་གྱིས་སོ། །སར་པ་ནི་དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པའོ། །ཚད་མ་ནི་རིང་ཐུང་དུ་དཀྱིལ་འཁོར་གྱི་ཉིས་འགྱུར། སྦོམས་སུ་སྒོའི་ཉི་ཤུ་ཆར་བྱས་པའོ། །མཛེས་པ་ནི་འཇུར་མདུད་མེད་པའོ། །འཁོར་ལོའི་བདག་པོ་ནི་གཙོ་བོ་ཡིན་ལ། དཀྱིལ་འཁོར་ཅན་ནི་འཁོར་ཏེ། གཙོ་བོ་ཡབ་ཀྱི་རྩ་སྔགས་ལ་སྔོན་དུ་བསྙེན་པ་འབུམ་བསྐྱལ་ན། འཁོར་ལ་ཁྲི་ཁྲི་མི་དགོས་ལ། སྙིང་པོ་དེ་ཝ་པི་ཙུ་ལྟ་བུ་ལ་བསྙེན་པ་བསྐྱལ་ན། འཁོར་ལ་ཁྲི་ཁྲི་བཟླས་སོ། །ཡུམ་གྱི་དང་ཕྲེང་སྔགས་ལ་སྔོན་དུ་བསྙེན་པ་སོང་ན་འཁོར་ལ་ཁྲི་ཁྲི་མི་དགོས་ལ། རང་གི་སྙིང་པོ། ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་སོང་ན་འཁོར་ལ་ཁྲི་ཁྲི་ཡིན་གསུང་ངོ༌། །ཇི་ལྟར་བསམ་གཏན་དེ་བཞིན་འདིར། །ཞེས་པ་ནི་རྒྱུད་གཞན་ལས། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང༌། སྔོན་དུ་སྲུང་བའི་འཁོར་ལོ་ཇི་ལྟར་བཅིང་པ་ལ་སོགས་པ་གཞན་ནས་གསུངས་པ་བཞིན་འདིར་ཡང་བྱ་ཞེས་བྱའོ། །གང་ཞིག་དབང་ནི་རབ་ཕྱེ་བ། །ཞེས་པ་གུར་ལས་གསུངས་པ་བཞིན། དབང་བཅུ་གཅིག་དབྱེ་བའམ། ཡང་ཉེར་དྲུག་གམ། ཉེར་དགུར་ཕྱེ་བ་དེ་རྒྱུད་འདི་རང་གི་དཀྱིལ་ཆོག་ནས་ཇི་ལྟར་འབྱུང་བ་བཞིན་དབང་བསྐུར་བྱ་ཟེར་བའོ། །མཆོད་དང་གསོལ་བ་གདབ་པ་ཉིད། །ཇི་ལྟར་བཤད་པ་སྟེ། གུར་རམ་དཀྱིལ་ཆོག་འདི་ཉིད་ལས་ཇི་ལྟར་འབྱུང་བ་བཞིན། བསྙེན་པར་གསོལ་བ་གདབ་པ་དང༌། དབང་བསྐུར་བར་གསོལ་བ་གདབ་པ་བྱའོ། །དེ་ལྟ་དེ་ལྟར་སྟེང་དང་འོག །ཅེས་པ་ཕྱིའི་འཕར་མའི་ཤར་སྟོད་དང༌། ནུབ་སྨད་དུ་རིམ་པ་བཞིན་དགོད་དོ། །རྡོ་རྗེ་སེམས་དཔའ་སྙེམས་བྱས་ནས། །ཞེས་པ་རྡོ་རྗེ་སློབ་དཔོན་ཕྱག་གཉིས་པའི་ང་རྒྱལ་དུ་བྱའོ། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །ཅེས་པ་སློབ་མ་ལ་ཇི་ཙམ་བསྐུར་ཚད་ཅིག་བདག་ཉིད་སྔོན་དུ་ལེན་པའོ། །ཁྲུས་དང་ཞེས་པ་ལ་སོགས་པ་ནི་སློབ་དཔོན་གྱི་ལུས་ཀྱི་ཀུན་ཏུ་སྤྱོད་པ་སྟེ། ཁྲུས་བྱས་དྲི་ཞིམ་པོས་ལུས་ལ་བྱུགས། སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པ་སྣ་ཚོགས་པའི་རྒྱན་གྱིས་ལུས་བརྒྱན་ཏེ། ངག་ཏུ་ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དྲུང་དུ་སློབ་མ་ལ་དབང་བསྐུར་བར་བྱའོ། །ཕྱི་ནས་ཏེ་དབང་གསུམ་པ་བསྐུར་བའི་རྗེས་ལའོ། །དེ་ཉིད་ཅེས་པ་གསུམ་པའི་ཉམས་མྱོང་དེ་ཉིད་ཚིག་གི་སྒོ་ནས་གཞན་ལ་སྟོན་པས་ནའོ། །རྣམ་དག་ཡེ་ཤེས་གཟུགས་ཅན་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་རང་བཞིན་འོད་གསལ་དང༌། རྣལ་འབྱོར་པས་ལམ་དུ་བྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། མཐར་ཐུག་སངས་རྒྱས་ཀྱི་ཡེ་ཤེས་ལ་རང་བཞིན་རྣམ་དག་གི་ངོས་ནས་ཁྱད་པར་མེད་པར་འདུག་པའོ། །དེ་ཉིད་ཀྱི་ཕྱིར་ན། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་བྱའོ། །མཆོག་དགའ་ནི་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པས་ན་ལྷན་སྐྱེས་སོ། །བསྒོམ་པ་མེད་ནི་བསྒོམ་བྱའོ། །སྒོམ་པ་པོ་ནི་སྒོམ་བྱེད་ཀྱང་མེད་པའོ། །ལུས་ཀྱང་མེད་ཅིང་ཞེས་རང་བཞིན་གྱིས་གྲུབ་པའི་ལུས་ལ་སོགས་པ་མེད་པ་སྟེ། རྒྱུ་རྐྱེན་གློ་བུར་པ་ལ་བརྟེན་ནས་སྐྱེས་པའི་ཕྱིར་རོ། །ཡང་ན་ལུས་སུ་རྟོག་པ་མེད་ཅེས་སོགས་སུའང་སྦྱར་རོ། །བསྒོམ་དང་སྒོམ་པ་པོ་མེད་ཅེས་བསྒོམ་བྱའི་ཡུལ་ཅིག་ལ་སྒོམ་བྱེད་ཅིག་གིས་བསྒོམ་པ་ཞེས་བྱ་བར་འཛིན་པ་མེད་པའོ། །ཡང་ན་བྷ་ག་ཞེས་པའི་སྒྲ་ལས་དངོས་པོར་འགྲོ་བས་ན། དངོས་དང་ཡེ་ཤེས་མེད་ཅེས་ཀྱང་གསུང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ་བཤེས་དང་དགྲ་བོར་གྲུབ་པའམ། འཛིན་པ་མེད་ཅིང་རློམ་སེམས་སམ། ང་བདག་ཏུ་འཛིན་པ་མེད་པའི་ལྷན་སྐྱེས་སྣ་ཚོགས་སུ་སྣང་བ་ཉིད་ཅེས་བྱའོ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་དལ་བར་རྒྱུ་བའི་རླུང་གིས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྩ་གནས་ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །དེ་བས་ན་ནམ་མཁའ་སྟེ་འདུས་མ་བྱས་པ། ནམ་མཁའ་དེ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་མ་གྲུབ་པ་ལྟར་བདེ་བ་དེ་ཡང་ཁ་དོག་དང་དབྱིབས་སུ་གྲུབ་པ་མེད་པས་སོ། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་པ་བདེ་བ་ནམ་མཁའ་དང་འབྱུང་བ་ལྔ་པོ་དེ་རྟེན་དང་བརྟེན་པ་ཐ་མི་དད་དུ་རྟོགས་པའོ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་པ་ནི་ཕྱག་རྒྱའི་འབད་རྩོལ་ལས་སྐྱེས་པའི་ཕྱིར་གདོད་མ་ནས་གྲུབ་པ་མིན་པས་ན། དེ་ཉིད་མིན་ཞེས་བྱའོ། །དེ་ལྟར་ན་ལྷན་སྐྱེས་དེ་རང་ལ་གདོད་ནས་གྲུབ་པ་དང༌། གཞན་གྱི་རྐྱེན་གྱིས་གྲུབ་པ་གཉིས་ཡོད་དམ་ཞེ་ན། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །དེ་ཕྱིར་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་པ་ནི་ཞུ་བདེ་ལྷན་སྐྱེས་ཀྱི་མཚན་ཉིད་དེ། ཐབས་ཤེས་རབ་ལྷན་ཅིག་སྐྱེས་པས་སམ། ཞུ་བདེའམ། རླུང་དང་བྱང་སེམས་ལྷན་ཅིག་སྐྱེས་པས་ན། ལྷན་ཅིག་སྐྱེས་པ་ཞེས་བྱའོ། །རང་བཞིན་ལྷན་སྐྱེས་ནི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་བཞིན་འོད་གསལ་དེ། དུས་སམ་གནས་སྐབས་ཐམས་ཅད་དུ་རང་གི་ངང་གིས་རང་ཆས་སུ་གནས་པས་ན། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་བྱའོ། །མདོར་ན་དངོས་པོ་ཐམས་ཅད་ལ་རང་བཞིན་ལྷན་སྐྱེས་དེས་ཁྱབ་ཅིང༌། དེར་འདུས་པས་ན། རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་བྱའོ། །ཕྱག་རྒྱ་ནི་དམིགས་པ་མེད་པའི་ཤེས་རབ་བོ། །རྒྱུ་དང་བྲལ་བ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། ཡོ་གེ་སྙིང་རྗེ་ཐབས་སུ་འགྱུར། །ཞེས་སྦྱར་རོ། །སྔགས་ཀྱི་བཟླས་པ་མེད་ཅེས་པ་ལ་སོགས་པ་ནི། ལྷན་སྐྱེས་ཀྱི་རྟོགས་པས་མ་ཟིན་པའི་ཕྱི་རོལ་བཟླས་པ་དང་དཀའ་ཐུབ་ལ་སོགས་པ་མེད་པའོ། །དེ་ནི་སྔགས་བཟླས་ཏེ། ལྷན་སྐྱེས་དེ་ཉིད་ཀྱིས་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པར་བྱེད་པས་ན་བཟླས་པ་ཡིན་ལ། དེས་རྣམ་རྟོག་བསྲེགས་པས་སྦྱིན་སྲེག་དང༌། ཡང་དཀྱིལ་འཁོར་ནི་མཎྜལ་ཡིན་ལ། མ། མ་ནུ་ས་ར་ན། སྙིང་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདེ་བ་ཡིན་ལ། ལ། ལ་ཏི་ནི་ལེན་ཅིང་གཅོད་པར་བྱེད་པ་སྟེ། མཚན་མ་དང་རྣམ་རྟོག་གཅོད་པར་བྱེད་པས་ན། དེ་ཉིད་ལ་དཀྱིལ་འཁོར་ཞེས་ཀྱང་བྱའོ། །དེ་ནས་རྣལ་འབྱོར་ལམ་པ་ལ་དངོས་པོ་ཐམས་ཅད་སེམས་སུ་འདུས་པའི་ཚུལ་ཅན་ཞེས་བྱའོ། །དེ་ལྟར་ཐབས་ཉམས་སུ་ལེན་པའི་གང་ཟག་དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། རྒྱུ་ལ་ལྟོས་པ་དང༌། རིགས་ལ་ལྟོས་པ་དང༌། སྤང་བྱ་ལ་ལྟོས་པ་དང༌། རྐྱེན་ལ་ལྟོས་པའི་གང་ཟག་བཞིའོ། །དེ་ལ་རྒྱུ་ལ་ལྟོས་པའི་གང་ཟག་ནི་རིང་བའི་རྒྱུ་སྟེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རང་ཆས་སུ་གནས་པ་ལ་བྱ་སྟེ། རིང་ཞིག་ན་འགྲུབ་ཏུ་རུང་བ་ལ་དགོངས་ནས། ཕྱག་རྒྱ་བསྡུས་པ་ལས། ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་གསུངས་པའི་དོན་ཡང་དེ་ཉིད་དོ། །རིགས་ལ་ལྟོས་པ་ནི་ཉེ་བའི་རྒྱུ་སྟེ། སྒྲུབ་པ་པོའི་རིགས་གང་ཡིན་པ་ལ་རིགས་དེའི་ཁ་དོག་དང༌། སྲིན་ལག་གི་རྩ་བར་རིགས་གང་ཡིན་པ་དེའི་མཚན་མ་འོང་བ་སྟེ། ཕྱི་མའི་ལེའུ་བཅུ་པ་ལས། རྣལ་འབྱོར་པ་གང་ནག་པོ་ཆེ། །ཞེས་སོགས་དང༌། གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་པ་ལ་སོགས་པ་གསུངས་པའི་དོན་ཡང་དེ་ཉིད་དོ། །སྤང་བྱ་ལ་ལྟོས་པ་ནི། འདོད་ཆགས་ཤས་ཆེ་བ་ལ་འོད་དཔག་མེད། ཞེ་སྡང་ཤས་ཆེ་བ་ལ་ཞེ་སྡང་གི་རིགས་མི་བསྐྱོད་པའི་རིགས་ཞེས་བྱ་བ་ལ་སོགས་པ། གཉེན་པོའི་རིགས་ཀྱི་མིང་གིས་སྤང་བྱ་ལ་བཏགས་པ་སྟེ། གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ཕྲག་དོག་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་པའི་དོན་ཡང་དེ་ཉིད་དོ། །རྐྱེན་ལ་ལྟོས་པ་ལ་གཉིས་ཏེ། རྒྱུད་སྦྱང་བ་མ་བྱས་པ་རིང་ཞིག་ན་འགྲུབ་ཏུ་རུང་བ་དང༌། རྒྱུད་སྦྱང་བ་བྱས་པས་འགྲུབ་པར་ངེས་པའོ། །དེ་ལ་དང་པོའི་དོན་ནི་དུས་རིང་ཞིག་ན་འགྲུབ་པ་ལ་དགོངས་ནས། འདི་ཉིད་ལས། མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་བ་དང༌། །གཞན་ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་པ། །དེ་ཡང་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་པ་དང༌། ཡང་ཕྱག་རྒྱ་བསྡུས་པ་ལས་ཀྱང༌། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེའི་རྡོ་རྗེར་ཤེས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འགྲུབ་ཏུ་རུང་བ་ལ་དགོངས་ནས་གསུངས་སོ། །རྒྱུད་སྦྱང་བ་བྱས་པ་འགྲུབ་ངེས་པ་ལ་གཉིས་ཏེ། བསླབ་པས་རྒྱུད་སྦྱངས་པ་དང༌། དབང་གིས་རྒྱུད་སྦྱངས་པའོ། །དེའི་དང་པོའི་དོན་ཡང་འདི་ཉིད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལས་དབང་གིས་རྒྱུད་སྦྱངས་པ་ནི། དབང་རྣམ་པ་བཞིས་རིམ་པ་བཞིན། ལུས་དང༌། ངག་དང༌། ཡིད་དང༌། དེ་གསུམ་ཆར་གྱི་དྲི་མ་དག་པར་བྱས་པའོ། །དེ་ལ་ཡང་ལེ་ལོ་ཅན་ཚོགས་གསོག་པར་འདོད་པ་དང༌། བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་སངས་རྒྱས་པར་འདོད་པ་གཉིས་ལས་དང་པོ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །ཞེས་པ་ལ་སོགས་པའི་དོན་ཡང་དེ་ཉིད་དོ། །བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་འགྲུབ་པ་ལ་དགོངས་ནས། སཾ་པུ་ཊ་ལས། གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པ་གསུངས་པའི་དོན་ཡང་དེ་ཉིད་དོ། །དེ་ལྟར་ན། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞིར་ཤེས་བྱ། །ཞེས་པའི་དོན་དེ་དང་ཡང་མཐུན་པར་བྱས་པ་ཡིན་ནོ། །དེ་ལྟར་བདག་མེད་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་གང་ཟག་དེས། ཧེ་རུ་ཀ་བཞིའམ། བདག་མེད་མ་ལ་སྔོན་དུ་བསྙེན་པ་སོང་བས། ལྟ་སྟངས་ལ་སོགས་པའི་ལས་ཚོགས་བྱ་བར་འབྲེལ་པས་ན་ལྟ་སྟངས་ཀྱི་ལེའུ་བསྟན་ཏེ། འདིའི་བརྗོད་བྱ་ནི་བསྐྱེད་པའི་རིམ་པ་དང་སྤྱི། རྗོད་བྱེད་ནི་གསུམ་ཀ་འཇུག་གོ །མངོན་པར་རྟོགས་པ་ནི་ལས་མཐའ་དག་བསྒྲུབ་པའི་མངོན་པར་རྟོགས་པ་དང་འབྲེལ་ཏེ། དམན་པ་ལ་མོས་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམས་དང་འབྲེལ་ལོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། སཾ་པུ་ཊའི་བརྟག་པ་བདུན་པ་དང་སྦྱར་རོ། །ཚིག་དོན་ནི་ཧེ་རུ་ཀ་བཞིའམ། བདག་མེད་མ་ལ་སྔོན་དུ་གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཞིའམ། དུས་ཀྱི་བསྙེན་པ་ཟླ་བ་དྲུག མཚན་མའི་བསྙེན་པ་ནམ་མཚན་མ་ཐོབ་ཐོབ་ཏུ་བསྐྱལ་བ་ཅིག་གིས། རྒྱལ་པོ་དང་བློན་པོ་ལ་སོགས་པ་ལྟུང་བར་བྱེད་པར་འདོད་ན། རླུང་ཕྱིར་འབྱུང་བ་དང་བསྟུན་ཏེ། ལྟུང་བར་བྱ་རྒྱུ་དེ་བདག་གི་མིག་གི་ཐད་ཀར་བསམས་ལ། བདག་གི་མིག་འབྲས་རྣམ་པ་གཉིས་ཧཱུྃ་ལས་བྱིན་གྱིས་བརླབས་ཏེ། མིག་གཉིས་སྟེང་དུ་བལྟས་པས་ལྟུང་བར་བྱ་རྒྱུ་དེ་ལྟུང་བར་འགྱུར་རོ། །དབང་གི་ལྟ་སྟངས་གཡོན་ན་གནས། །ཞེས་པ་ནི་དབང་དུ་བྱ་རྒྱུ་དེ་བདག་གི་གཡོན་ངོས་སུ་བསམས་ལ། མིག་རྣམ་པ་གཉིས་ཧཱུྃ་ལས་བྱིན་གྱིས་བརླབས་ཏེ། དབུགས་ནང་དུ་རྔུབ་པ་དང་བསྟུན་ནས། མིག་གཡོན་ནས་གཡས་སུ་བཟློག་ན་དབང་དུ་བྱ་རྒྱུ་དེ་དབང་དུ་འགྱུར་ཏེ། གཡོན་པ་ནས་ནི་གཟུགས་བརྙན་གཉིས། །ཞེས་པ་མིག་གཉིས་སུ་དབང་དུ་བྱ་རྒྱུ་དེའི་གཟུགས་བརྙན་འཆར་བའོ། །གཡས་པའི་ཆ་ལ་དགུག་པ་ཉིད། །སྟེང་ནས་ཀྱང་ནི་གཟུགས་བརྙན་གཉིས། །ཞེས་པ་ནི་བདག་གི་གཡོན་ངོས་སུ་དགུག་པར་བྱ་རྒྱུ་དེ་བསམས་ལ། སྟེང་དུ་བཟློག་པ་ལས་སྟེང་དུ་གཟུགས་བརྙན་གཉིས་མིག་གི་ནང་དུ་འཆར་བའོ། །སྟེང་རླུང་བུམ་པ་ཅན་དུ་བཟུང་བ་ལ་བརྟེན་པ་སྟེ། བུམ་པ་ཅན་ནི་འོག་ཏུ་རླུང་ཅུང་ཞིག་བསྡམས་ཏེ། སྟེང་རླུང་མནན་ནས་མགྲིན་པར་རླུང་བཟུང་ནས་འཇོག་པ་སྟེ་དགང་བ་དང་བསྟུན་པའོ། །དེ་ལྟར་ན་དགུག་པར་བྱ་རྒྱུ་དེ་ཁུགས་པར་འགྱུར་རོ། །དབུ་མ་རེངས་པའི་ལྟ་སྟངས་ཉིད། །ཅེས་པ་ནི། རེངས་པར་བྱ་རྒྱུ་དེ་བདག་གི་མདུན་གྱི་སྟེང་དུ་བསམས་ལ་མིག་གཉིས་བྱིན་གྱིས་བརླབས་ཏེ་རླུང་ཞི་བར་བྱེད་པ་དང་བསྟུན་ནས་ཐད་ཀར་བལྟས་ན་རེངས་པར་འགྱུར་ཏེ། སྣ་ཡི་རྩེ་མོའི་དབུས་སུ་གཉིས། །ཞེས་པས་མིག་གཉིས་སྣའི་ཐད་ཀར་ལྟ་བའོ། །རྡོ་རྗེའི་ཤིང་ལ་དགུག་པ་ཉིད། །ཅེས་པ་རྡོ་རྗེའི་ཤིང་ནི་ཤི་རི་ཁཎྜ་ཞེས་པ་རྡོ་རྗེ་རྩེ་ལྔ་པ་བརྩེགས་པ་ལྟ་བུ་ཅིག་ཡོད་གསུང༌། ཟླ་དྲུག་བསྒོམས་ཞེས་པ་ནི། དུས་ཀྱི་བསྙེན་པ་སྟེ། སྔོན་དུ་བསྙེན་པ་ཟླ་བ་དྲུག་སོང་ན་ངེས་པར་འགྲུབ་ཅེས་པའོ། །འདི་ལ་འཁྲུལ་པར་མི་བྱ་ཞེས་པ་ནི། འགྲུབ་བམ་མི་འགྲུབ་སྙམ་པའི་ཐེ་ཚོམ་མི་བྱའོ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་གསང་སྔགས་ཀྱི་ཆེ་བའོ། །དེ་ལྟར་ལྟ་སྟངས་བཞི་བསྒྲུབ་པ་ལ་དགོས་པ་རང་ཅི་ཡོད་སྙམ་ན། མཁས་པས་སེམས་ཅན་གཞུག་པར་བྱ། །ཞེས་པ་སྟེ་ལྟ་སྟངས་བཞིས་འདུལ་བའི་གདུལ་བྱ་ལ་ལྟ་སྟངས་ཀྱི་སྒོ་ནས་གདུག་པ་ཅན། བླ་མ་བརྙས་བྱེད་ལ་སོགས་པ་དེ་དག་ལྟ་སྟངས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟེན་པ་ལ་འཇུག་པར་བྱ་བའོ། །གསད་པའི་ལྟ་སྟངས་མི་བྱའམ་ཞེ་ན། དངོས་སུ། གསད་པར་འདི་ལ་བྱ་མ་ཡིན། །ཞེས་པ་སྟེ། དངོས་སུ་མཚོན་གྱིས་བསད་ན་རྩ་བའི་ལྟུང་བ་བཞི་པར་འགྱུར་བས་ན། ཕ་རོལ་པོ་གདུག་པ་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་དེ་ལ། བདག་ལ་བསྒྲལ་བའི་ནུས་པ་ཡོད་པ་ཅིག་གིས་སྦྱོར་བའི་ཐབས་ལ་མཁས་པས། ཁོས་མ་ཚོར་བ་དང༌། བསམ་པའི་ཐབས་ལ་མཁས་པས་སྙིང་རྗེ་ཆེན་པོ་བསྐྱེད་ནས་གདུག་པ་ཅན་དེ་ལྟ་སྟངས་ཀྱི་སྒོ་ནས་བསྒྲལ་བར་བྱའི། ཐབས་ལ་མཁས་པས་མ་ཟིན་ན་བྱང་སེམས་སྤངས་པའི་རྩ་ལྟུང་འབྱུང་བས་སོ། །འོ་ན་གདུག་པ་ཅན་དེ་རང་ལྟ་སྟངས་ཀྱི་སྒོ་ནས། ཐབས་ལ་མཁས་པའི་ཁྱད་པར་གྱིས་མ་བསྒྲལ་ན་ཅི་སྟེ་སྙམ་ན། དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་པ་དེ་ལྟར་བདག་ལ་སྒྲོལ་བའི་ནུས་པ་ཡོད་པ་ཅིག་གིས། བསམ་པ་དང་སྦྱོར་བའི་ཐབས་ལ་མཁས་པས་གདུག་པ་ཅན་དེ་མ་བསྒྲལ་ན་རྩ་ལྟུང་བཅུ་པ། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་བཤད། །ཅེས་པ་དེར་འགྱུར་བས་སོ། །འོ་ན་གདུག་པ་ཅན་མ་ཡིན་པ་དེ་བསྒྲལ་ན་དོན་དུ་འགྱུར་རམ་མི་འགྱུར་སྙམ་ན། སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །ཞེས་པས། གདུག་པ་ཅན་མ་ཡིན་པ་དེ་བསྒྲལ་ན། ནང་གི་དོན་དུ་བྱ་བ་མ་ཡིན་པ་དེའི་དོན་དུ་འགྱུར་བས་ན་དེ་བསྒྲལ་བར་མི་བྱའོ། །བྱ་བ་མ་ཡིན་ཐམས་ཅད་བྱ། །ཞེས་པ་ནི་གདུག་པ་ཅན་དེ་བསྒྲལ་བར་ཐབས་ལ་མཁས་པའི་སྒོ་ནས་བྱ་ཞེས་བྱའོ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་པ་སེམས་ཅན་གནོད་པ་ཙམ་ནི། གདུག་པ་ཅན་མ་ཡིན་པ་ལ་གནོད་པ་བྱས་ནའོ། །ན་དང་ཞེས་པ་ལ་སོགས་པ་ནི་དེའི་དུས་ཀྱི་བཟའ་བ་བསྟན་པ་སྟེ། ཡི་གེའི་དོན་གྱིས་སྤྱིའི་དོན་དུ་བཤད་པའོ། །དགའ་བྲལ་དགའ་བ་ལ་སྨོད་པ། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟ་བུ་དེ་ཡང་སྐྱེ་བ་བདུན་པའི་ཤ་ཟོས་ན་རྟོགས་པར་འགྱུར་ཞེས་བྱའོ། །མཐོང་ནས་རྣལ་འབྱོར་པ་ཡིས་མཚོན། །ཞེས་པ་ནི་སྐྱེ་བ་བདུན་པར་རྟོགས་ནས་སོ། །དེའི་ཤ་ཟོས་པ་ལ་དགོས་པ་གཉིས་ཡོད་པ་ནི། སྐད་ཅིག་ལ་ནི་མཁའ་སྤྱོད་འགྱུར། །ཞེས་བྱའོ། །ཀུ་རུ་ཀུལླེ་ཞེས་པ་ནི། རི་ཀུ་རུ་ཀུལླེ་བྱ་བ་ལ་གནས་པས་སམ། སྒྲོལ་མ་སྐུ་མདོག་དམར་མོར་ཡོད་པའོ། །གོང་དུ་བརྟག་པ་བཅུ་གཉིས་པར། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་པའི་དོན་ནི་གཞན་དུ་ཤེས་པར་བྱའོ། །ཧེ་རུ་ཀ་བཞིའམ་བདག་མེད་མ་ལ་སྔོན་དུ་བསྙེན་པ་སོང་བ་ཅིག་གིས། སྒྲོལ་མའི་རྣལ་འབྱོར་གྱིས་དབང་དུ་བྱ་བའི་ལས་སྒྲུབ་པར་འདོད་ན། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །ཞེས་པའི་དོན། མངོན་རྟོགས་ནི། ཐོག་མར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་ཨུཏྤ་ལ་ཧྲཱིཿས་མཚན་པ་བསམས་ལ། དེ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། སྒྲོལ་མ་སྐུ་མདོག་དམར་མོ་ཕྱག་བཞི་མ་བསྐྱེད་ལ། དེ་ལ་ཡེ་ཤེས་པ་གཞུག་པ་ལ་སོགས་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། དེ་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཇི་ལྟ་བ་བཞིན་བྱའོ། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །ཞེས་པ་ཧེ་རུ་ཀ་བཞི་ལ་བསྙེན་པ་སྔོན་དུ་སོང་བས་སྒྲོལ་མ་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། དབང་དུ་བྱ་རྒྱུ་དེ་དབང་དུ་བྱ་བར་འདོད་པ་ཙམ་གྱིས་སོ། །འཇིག་རྟེན་གསུམ་ནི་ས་འོག ས་བླ། ས་སྟེང་གསུམ་དབང་དུ་བྱེད་ཅེས་སྤྱིར་བཤད་ལ། བྱེ་བྲག་ཏུ་སྒྲོལ་མའི་སྔགས་འབུམ་ཕྲག་གཅིག་ལ་སོགས་པས། རྒྱལ་པོ་དང་བློན་པོ་ལ་སོགས་པ་དབང་དུ་བྱེད་དོ་ཞེས་བྱའོ། །དེ་ལ་ཕྱུགས་ནི་ཕྱུགས་བདག་ཆེན་པོའོ། །ལྷ་མ་ཡིན་ནི་ཐག་ཟངས་རིས་སོ། །ལྷ་ནི་བརྒྱ་བྱིན་གྱི་ཆུང་མ་ཐིག་ལེ་མཆོག་ལ་སོགས་པའོ། །ཀྱེའི་རྡོ་རྗེ་ནི་བརྗོད་བྱ་རྒྱུད་གསུམ་མམ། སྐུ་དང་ཡེ་ཤེས་དབྱེར་མེད་དོ། །མཁའ་འགྲོ་མ་ནི་ཆོས་ཀྱི་སྐུ་ཅིར་ཡང་མི་དམིགས་པའི་ཚུལ་གྱིས་ནམ་མཁའ་ལ་འགྲོ་ལ། གཟུགས་སྐུ་གཉིས་ནི་སེམས་ཅན་གྱི་དོན་དུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འགྲོ་བས་སོ། །དྲྭ་བ་ནི་པཉྫར་སྟེ་བུད་མེད་དམ་སྒྱུ་མའི་རྣམ་གྲངས་སོ། །སྡོམ་པ་ནི་མཚན་མ་དང་རྣམ་རྟོག་བསྡམས་པའོ། །བརྟག་པ་ནི་དོན་དུ་མ་ཕྱོགས་གཅིག་ཏུ་བྱས་པའོ། །རྒྱལ་པོ་ནི་རྒྱུད་གསུམ་དང་སྦྱར་ཏེ་བཤད་དོ། །བརྟག་པ་དང་པོ་རྫོགས་སོ།།  །།བརྟག་པ་ཕྱི་མ་ནི་བརྟག་པ་དང་པོ་ཉིད་ཀྱང་དོན་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་སྐོང་བར་བྱེད་པས་ན། བརྟག་པ་དང་པོ་ཉིད་ལས་དོན་ལོགས་པ་མེད་པས་ན། བརྗོད་བྱའི་དོན་གང་ཡིན་པ་ལ་སོགས་པ་དོན་གྱི་གནས་ཀྱང་གོང་མ་ཉིད་ཀྱིས་རྟོགས་པར་བྱ་བས་འདིར་མི་བརྩིའོ། །དེ་ལ་འདི་ནི་བརྟག་པ་དང་པོའི་བཞི་པར་རང་ཉིད་དབང་བསྐུར་ཙམ་གསུངས་ཀྱི། སྐུ་གཟུགས་ལ་སོགས་པ་ལྷའི་བདག་ཉིད་དུ་རབ་ཏུ་གནས་པ་མ་གསུངས་པས། དེ་ཁ་བསྐང་བ་དང༌། ཡང་ཕྱི་མའི་ལེའུ་དྲུག་པར་རས་རིས་ལ་སོགས་པ་ཇི་ལྟར་བྲི་བའི་ཚུལ་ལམ་ཐབས་ཀྱི་ཆོ་ག་གསུངས་ཀྱང༌། དེ་དག་ལ་རབ་ཏུ་གནས་པ་ཇི་ལྟར་བྱ་བ་མ་གསུངས་པས་ན། དེ་དག་མ་ཚང་བ་ཁ་སྐོང་བའི་དོན་དུ་རབ་གནས་བསྟན་གསུང་ངོ༌། །དེ་ལ་ཚིག་གི་དོན་ནི་ཞུས་པའི་སྐབས་ན། བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །ཅེས་པ་ནི་བདག་ལའོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །ཞེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དམ། རིགས་ལྔའི་སངས་རྒྱས་ཐམས་ཅད་ས་བཅུ་གསུམ་པའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་གཅིག་པས་སོ། །རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་པ་དོན་དམ་པར་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་བྱ་རྒྱུ་དང༌། རབ་ཏུ་གནས་པས་སྟོང་པར་འདུག་ཀྱང༌། ཀུན་རྫོབ་ཏུ་རབ་ཏུ་གནས་པར་བྱ་རྒྱུ་ལ་སོགས་པ་ཡོད་པས། དེ་ལྟར་བསྟན་པའི་དབང་དུ་བྱས་ནས་རྣམ་པར་གཞག་པ་སྟེ། དེ་ལ་བཟང་པོ་ཞེས་བྱ་བ་ནི་བཟང་པོ་དྲུག་དང་ལྡན་པ་སྟེ། དེ་ལ་རྟེན་ཡོངས་སུ་དག་པ་བཟང་པོ་ནི། ལྷ་བཟོའམ་རི་མོ་མཁན་གྱིས་བྱ་བ་ཐམས་ཅད་རྫོགས་པའོ། །གནས་ཁང་བཟང་པོ་ནི་གཙང་ཁང་ལ་སོགས་པ་ས་གཞི་ཤིན་ཏུ་བསྟར་ཞིང་འཐས་པ་དང་ལྡན་པ་ལ། དྲི་བཟང་པོས་ཆག་ཆག་བཏབ་སྟེ། ཉམས་དགའ་བར་བྱས་པའོ། །ཡོ་བྱད་བཟང་པོ་ནི་སློབ་དཔོན་ལ་མཁོ་བའི་ཡོ་བྱད་སྟོད་གཡོགས་དང༌། དབུ་རྒྱན་དང༌། རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་དང༌། རབ་ཏུ་གནས་པའི་ལྷ་ལ་མཁོ་བའི་ཡོ་བྱད་མཆོད་པའི་ཡོ་བྱད་ཁྱད་པར་ཆེན་པོ་བཤམ་པ་དང༌། རབ་གནས་ཀྱི་རྟེན་ལ་མཁོ་བའི་ཡོ་བྱད། སྤུ་གྲི་དང༌། སེན་གྲི་དང༌། སྤབས་བཞར་དང༌། ཐུར་མ་དང༌། མེ་ལོང་ལ་སོགས་པ་དང་ལྡན་པའོ། །དུས་ཚོད་བཟང་པོ་ནི་ཡར་གྱི་ངོ་ལ་བྱ་བའམ། ཡང་ན་བརྒྱད་གཉིས་སམ། ཚེས་བཅུ་གཉིས་ལ་སོགས་པ་སྐར་མ་རྒྱལ་གྱི་ཉིན་པར་བྱ་བའོ། །སློབ་དཔོན་བཟང་པོ་ནི་སྔོན་ཆད་ལས་ཀྱི་ཆོ་ག་མཐོང་ཞིང་དེ་ཉིད་བཅུ་ཤེས་པ་སྟེ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ལ་མཁས་པའོ། །ཆོ་ག་ཡོངས་སུ་དག་པ་བཟང་པོ་ནི་ལྷག་ཆད་མེད་པའོ། །རིམ་པ་ཇི་ལྟར་བཤད་དུ་གསོལ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གྱི་བྱ་བའི་རིམ་པ་བཤད་དུ་གསོལ་ཞེས་པའོ། །ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །ཞེས་པ་ནི་རབ་གནས་ཀྱི་སྔོན་དུ་སྦྱིན་སྲེག་གིས་ས་སྦྱང་བའོ། །དཀྱིལ་འཁོར་དམ་པ་བཞེངས་པ་དང༌། ཞེས་པ་ནི་རབ་གནས་དང་སྤྱིན་སྲེག་དེ་དཀྱིལ་འཁོར་དང་འབྲེལ་བའི་ཕྱིར་རོ། །སྔ་བར་སྐུ་གཟུགས་སྦྱངས་ནས་ནི། །ཞེས་པ་དང་པོ་སྦྱོར་བའི་དུས་སུ། རྟེན་དེ་ལ་བགེགས་སྦྱང་བ་དང༌། སྐྱོན་སྦྱང་བ་གཉིས་བྱ་སྟེ། དེ་ལ་བགེགས་སྦྱང་བ་ནི། མེ་དང༌། ཆུ་དང༌། ཡུངས་ཀར་ལག་ཏུ་ཐོགས་ནས་རྟེན་དེ་ལ་ལག་པ་གཉིས་ཀྱིས་སྣེ་སྣོལ་དུ་ལན་གསུམ་ཙམ་བསྐོར་ལ་ཕྱིར་དོར་རོ། །དེ་ནས་རྟེན་དེ་འདག་ཆལ་གྱིས་བཀྲུ་བ་དང༌། བ་བྱུང་ལྔའམ། ཤུན་ལྤགས་ལྔས་བྱུགས་ཤིང་བཀྲུས་ལ་སྣུམ་གྱིས་ཅུང་ཟད་བྱུགས་ཏེ། དེ་དག་ལུགས་མ་ལ་སོགས་པ་ཡིན་ན་དངོས་སུ་བྱ། བྲིས་པའམ་པུ་སྟི་ལ་སོགས་པ་ཡིན་ན་མེ་ལོང་ལ་བྱའོ། །དེ་ནི་རྟེན་སྟ་གོན་དུ་གནས་པའོ། །དེ་ནས་རྟེན་དེ་དག་ངོ་ཤེས་པ་ཡིན་ན་གང་ཡིན་དེར་བསྐྱེད། ངོ་མི་ཤེས་པ་དང༌། མཆོད་རྟེན་ལ་སོགས་པ་ཡིན་ན། སྐུའི་རྟེན་རྣམ་སྣང་དུ་བསྐྱེད། རྡོ་རྗེ་ལ་སོགས་པ་རབ་ཏུ་གནས་པར་བྱེད་ན་ཐུགས་ཀྱི་རྟེན་ཡིན་པས་མི་བསྐྱོད་པར་རོ། །པུ་སྟི་ལ་སོགས་པ་ནི་གསུང་གི་རིགས་འོད་དཔག་ཏུ་མེད་པར་བསྐྱེད་དོ། །ཡང་ན་དེ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བསྐྱེད་གསུངས་ཏེ། སྟ་གོན་དུ་གནས་པའོ། །དེ་ནས་བུམ་པའི་སྟ་གོན་ནི། བུམ་པ་ལྷ་དགུའི་དང༌། ལས་ཐམས་ཅད་པའི་དང་བཅུ་ཇི་ལྟ་བ་བཞིན་བཅའ་བའོ། །དེ་ནས་རྟེན་དེ་ལ་བསྐྱེད་པའི་ལྷ་དེ་བློས་ནམ་མཁའ་ལ་བཏེག་སྟེ། དངོས་གཞིའི་དུས་སུ་དཀྱིལ་འཁོར་ཆེན་པོ་ཚོན་གྱིས་བྲིས་ནས་སྔར་གྱི་བུམ་པ་རྣམས་དང༌། མཆོད་པའི་ཡོ་བྱད་རྣམས་དཀྱིལ་འཁོར་གྱི་མདུན་དུ་བཀོད་ལ། རབ་ཏུ་གནས་པའི་རྟེན་སྤྱན་དྲངས་ཏེ་སྟ་གོན་གྱི་དུས་ཇི་ལྟ་བ་བཞིན་དུ་སྦྱང་བ་དང་བཀྲུ་བ་བྱས་ལ། སྔར་བློས་ནམ་མཁའ་ལ་བཏེག་པའི་ལྷ་དེ་དག་སྐུ་གཟུགས་ཀྱི་རྟེན་ལ་བློས་བཅུག་སྟེ་ཐ་མི་དད་པར་བསམས་པ་ནི། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་གར་རབ་ཏུ་གཞུག །ཅེས་པའི་དོན་ནོ། །དེ་ནས་རྗེས་ཀྱི་དུས་སུ་རྟེན་དེ་རས་རིས་ལ་སོགས་པ་ཡིན་ན། གོང་ལག་ལ་སོགས་པ་ཐམས་ཅད་རྫོགས་པར་བྱ། ལུགས་མ་ལ་གདན་ཁྲི་དང༌། གདུགས་དང༌། རྒྱབ་ཡོལ་ལ་སོགས་པ་ཐམས་ཅད་རྫོགས་པར་བྱ། གླེགས་བམ་ཡིན་ན་གླེགས་ཐག་དང༌། ན་བཟའ་ལ་སོགས་ཀུན་རྫོགས་པར་བྱ་སྟེ། རང་གི་ལྷ་གང་ཡིན་དེ་སྲུང་མའི་ཚུལ་དུ་བསྐོས་ལ་བཞག་གསུངས་སོ། །རང་འདོད་ལྷ་མཉམ་ནི་རབ་གནས་བྱེད་པའི་རྡོ་རྗེ་སློབ་དཔོན་དེ་མཉམ་རྗེས་མེད་པར་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པའོ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན་ནི་དེ་ཁོ་ན་ཉིད་བཅུ་ཤེས་ཤིང་སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བའོ། །ཨོཾ་བཛྲ་པུཥྤེ་ལ་སོགས་ནི་རབ་གནས་ཀྱི་ལྷ་ལ་མཆོད་པ་དབུལ་བའི་སྔགས་སོ། །སྣ་ཚོགས་ཧཱུྃ་ནི་རྫོགས་པ་དང༌། །མེ་ཏོག་ལ་སོགས་དབུལ་བ་ཉིད། །ཅེས་པ་ནི་མེ་ཏོག་ལ་སོགས་པ་དེ་དག་ཐམས་ཅད་ཧཱུྃ་ལས་རྒྱ་ཆེ་སྟེ་ནམ་མཁའ་ལྟ་བུ། ཟབ་སྟེ་ཆུ་ཟླ་ལྟ་བུར་དྭངས་ཤིང་ཐོགས་པ་མེད་པར་བསམས་ལ་དབུལ་བའོ། །གོང་མའི་རྒྱུད་ཀྱི་ཆོ་ག་ནི་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་པ་ལས་སོ། །སྦྱིན་སྲེག་གི་དོན་ནི་ཡི་གེ་ལོགས་སུ་བཀོད་པས་འདིར་མ་བྲིས་སོ། །འདི་ཉིད་ལ་ནི་ལྷག་མ་བསྒྲུབ། །ཅེས་པ་ནི་བསད་པའི་ཐབས་དེ་ཉིད་ལའོ། །ལྷག་མ་ནི་བསྐྲད་པ་དང་རེངས་པར་བྱ་བ་ལ་སོགས་པ་ཡང་ཐབས་དེ་ཉིད་ཀྱིས་འགྲུབ་སྟེ། དེ་དག་ཀྱང་དྲག་པོ་མངོན་སྤྱོད་ཀྱི་ལས་སུ་གཅིག་པས་སོ། །བསད་ལ་ཇི་ལྟར་ཞེ་སྡང་ཉིད། །ཅེས་པ་ནི་དྲག་པོའི་སེམས་ཀྱིས་བྱ་བ་དང༌། ཞི་བ་ལ་ཞི་བའི་སེམས་ཀྱིས་བྱ་བའོ། །ཞི་ལ་ཏིལ་དང་ཞེས་པ་ནི། བསྲེག་རྫས་ཀྱི་ཁྱད་པར་རོ། །མ་མ་ཞེས་པ་ནི་སའི་ལྷ་མོ་དེ་འདོད་པ་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྟེན་ནམ་སྐྱེད་བྱེད་ཡིན་པས་མ་དང་ཆོས་མཐུན་པས་སོ། །རིན་ཆེན་སྣ་ཚོགས་འཛིན་པ་ནི། །ཕྱག་ན་གཏེར་གྱི་བུམ་པ་ཡོད་པའོ། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ཞེས་པ་མི་བསྐྱོད་པ་ཐུགས་ཀྱི་དཀྱིལ་འཁོར་འདི་བྲི་བའི་ལྷ་མོ་ཁྱོད་ཀྱིས་དཔང་པོ་མཛད་ཅིག ཅེས་སའི་ལྷ་མོ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་མཁྱེན་པར་གསོལ་བ་གདབ་པའོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་རྒྱུད་འཆད་པ་པོའི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་ལ་རྡོ་རྗེ་སྙིང་པོས་རྡོ་རྗེ་རིགས་ཀྱི་ལེའུར། དངོས་པོ་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་ལྷའི་རྣལ་འབྱོར་གྱིས་གྲོལ་བར་གསུངས་པ་ལ། ལྷ་གང་གིས་རྣལ་འབྱོར་གྱིས་གྲོལ་བ། གསལ་བར་མ་གསུངས་པས། དེ་ཉིད་གསལ་བར་ཞུ་བ་ནི། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །ཞེས་པ་ལ་སོགས་པ་སྟེ། ནམ་མཁས་མཚོན་ནས་སོ་སོར་བརྟག་པའི་འགོག་པ་དང༌། བརྟག་མིན་གཉིས་ཀྱང་བསྡུས་ཏེ། འདུས་མ་བྱས་གསུམ་པོ་དེ་དག་ངོས་བཟུང་ངམ་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་མཐའ་ཐུག་པ་མེད་པ་ལྟར། ཆོས་ཉིད་དེ་བཞིན་ཉིད་དེ་ཡང་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་མཐའ་ཐུག་པ་མེད་པས་ན། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །ཞེས་བྱའོ། །རྒྱ་མཚོར་ཀུ་བ་ཇི་ལྟ་བ། །ཞེས་བྱ་བ་ནི་དཔེ་གཉིས་པ་སྟེ། རྒྱ་མཚོ་གཏིང་དཔག་དཀའ་ཞིང་མཐའ་ཐུག་པ་མེད་པ་ལྟར། ཆོས་ཉིད་དེ་བཞིན་ཉིད་དེ་ཡང་དེ་དང་འདྲ་བས་སོ། །ཀུ་བ་ཇི་ལྟ་བར་ཞེས་པ་ནི། ཀུ་བ་ཁ་དོག་ཅེས་བྱ་བ་རྒྱ་མཚོ་ཆེན་པོའི་ནང་དུ་རླབས་ཀྱིས་བདས་ནས་ཡུན་རིང་དུ་འཕྱོ་བར་འགྱུར་གྱི། གནས་པའམ་རྟེན་མི་རྙེད་པ་བཞིན། ཆོས་ཀྱི་དབྱིངས་སམ་ཆོས་ཉིད་རྒྱ་མཚོ་དང་འདྲ་བ་གཏིང་དཔག་དཀའ་ཞིང་མཐའ་ཐུག་པ་མེད་པ་དེ་ལ། ཁ་དོག་དང་འདྲ་བའི། རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །ཇི་ལྟར་སེམས་ཅན་འགྲུབ་པར་འགྱུར། །ཞེས་ཆོས་ཉིད་དེ་བཞིན་ཉིད་དེ་ཇི་ལྟར་རྟོགས་པར་འགྱུར། ཞེས་པའམ། མཆོག་གི་དངོས་གྲུབ་ཇི་ལྟར་འགྲུབ་པར་འགྱུར། །ཞེས་སྦྱར་རོ། །ལན་དུ། བདག་མེད་རྣལ་འབྱོར་ལྡན་པའམ། །ཞེས་པ་བདག་མེད་མ་ལས་གཞན་པའི་ཤེས་རབ་ཀྱི་རྣལ་འབྱོར་ཀུ་རུ་ཀུལླེ་ལ་སོགས་པའམ། ཡང་ན་ཧེ་རུ་ཀ་དཔལ་བརྩོན་ཏེ། ཞལ་བརྒྱད་ཕྱག་བཅུ་དྲུག་པ་མིན་པའི་ཕྱག་གཉིས་པ་ལ་སོགས་པའི་ཐབས་ཀྱི་རྣལ་འབྱོར་གཞན་གྱིས་མཆོག་གི་དངོས་གྲུབ་མི་རྟོགས་ཏེ། གཞན་པའི་སེམས་ཀྱིས་ཞེས་པ། ལྷའི་རྣལ་འབྱོར་གཞན་གྱིའམ། ཐ་མལ་གྱི་སེམས་ཀྱིས་སྐད་ཅིག་ཀྱང་མཆོག་གི་དངོས་གྲུབ་འདོད་པས་མི་གནས་ཞེས་བྱའོ། །འོ་ན་ལྷ་གཞན་གྱི་རྣལ་འབྱོར་གྱིས་མཆོག་གི་དངོས་གྲུབ་མི་འཐོབ་ཀྱི་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡབ་ཡུམ་ཁོ་ནས་ཐོབ་པ་རང་ཅིས་སྙམ་པ་ལ། གཞན་དག་གིས་མི་འཐོབ་སྟེ། འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར། ལྷ་གཞན་གྱི་རྣལ་འབྱོར་གྱིས་མཆོག་གི་དངོས་གྲུབ་མི་འཐོབ་ཅེས་བྱའོ། །དེ་ལ་འབྲས་བུ་འབྱུང་བ་མེད་པ་ནི། རྒྱུད་འདི་འཆད་པའི་སྟོན་པ་ཕྱག་བཅུ་དྲུག་པ་ཁོ་ན་ཡིན་པས་རྒྱུ་འབྲས་རྗེས་སུ་མཐུན་པའི་འབྲས་བུ་ཕྱག་བཅུ་དྲུག་པ་ཁོ་ནས་འཐོབ་ཅེས་སྦྱར་རོ། །དཔལ་གྱི་འོས་མ་ཡིན་པ་ནི། དཔལ་ནི་འདིར་ཆོས་ཀྱི་སྐུ་ཡིན་ཏེ། ཆོས་ཀྱི་སྐུ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། ཆོས་ཀྱི་སྐུའི་མཚོན་བྱེད་ཁྱད་པར་ཅན་ཕྱག་བཅུ་དྲུག་པ་ཁོ་ན་ལ་ཡོད་ཀྱི། གཞན་ལ་མེད་པས་སོ། །འདི་ལ་ཇི་ལྟར་ཡོད་ན་ཆོས་ཀྱི་དབྱིངས་ཀྱི་ཆ་སྟོང་པ་བཅུ་དྲུག་ཕྱག་གིས་མཚོན་ལ། སྙིང་རྗེའི་ཆ་བསྡུ་བའི་དངོས་པོ་བཞི་ནི་ཞབས་ཀྱིས་མཚོན་པས་སོ་གསུང༌། ད་ནི་གནས་གང་དུ་བསྒྲུབ་པའི་གནས་གསལ་བར་མ་གསུངས་པས་དེ་གསལ་བར་བྱ་བའི་དོན་དུ་གསུངས་པ་ནི། དང་པོ་གོམས་པར་བྱེད་དུས་ཀྱི། །ཞེས་པ་ལ་སོགས་པ་སྟེ། དང་པོ་ནི་སེམས་བརྟན་པ་མ་ཐོབ་པ་རྣམས་ཀྱིའོ། །གཅིག་ཏུ་མཉམ་གཞག་ནི་ལྷའི་རྣམ་པ་ལ་སེམས་བརྟན་པའོ། །གནས་ནི་བཟང་པོ་ཞེས་པ་གནས་གང་དུ་གནས་ན་གདོན་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་ཤིང་སྲོག་གི་བར་ཆད་དུ་མི་འགྱུར་བ་དང༌། བཀྲ་ཤིས་པ་དང༌། ཏིང་ངེ་འཛིན་མཆོག་སྐྱེ་བ་སྟེ། དེ་ལྟ་བུའི་གནས་དེ་ལ་རང་ཁྱིམ་ཞེས་བྱའོ། །མཚན་དུས་ཀྱི་ཁྱད་པར་ཏེ། བརྟན་པ་མ་ཐོབ་པས་ནི་མཚན་མོ་རྣམ་རྟོག་ཤས་ཆུང་བས་བསྒོམས་ལ། ཅུང་ཞིག་བརྟན་པ་ཐོབ་པས་ནི་ཉིན་མཚན་གཉིས་ཀར་བསྒོམ་ཞེས་བྱའོ། །བདག་ཉིད་འགྲུབ་པའི་སེམས་ཀྱིས་ནི། །ཞེས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འདོད་པའི་བསམ་པས་སོ། །ཡང་གང་དུ་ལྷའི་རྣལ་འབྱོར་དེ་དུས་ཇི་སྲིད་དུ་བསྒོམ་པ་གསལ་བར་མ་གསུངས་པ་དེ་གསལ་བར་སྟོན་པ་ནི། རྐང་པ་འཁྲུད་དང་ལ་སོགས་པའོ། །འབྱུང་དང་ཞེས་པ་ནི་ཕྱིར་འབྱུང་བའོ། །བཅོམ་ལྡན་འདས་མ་བསྟེན་པ་དང༌། ཞེས་པ་ཐབས་ཤེས་སྙོམས་པར་འཇུག་པའི་དུས་སུ་ཡང་ལྷའི་རྣལ་འབྱོར་དང་མི་འབྲལ་བར་བསྒོམ་ཞེས་པའོ། །རྣལ་འབྱོར་མ་ཉིད་རྣམ་པར་བསྒོམ། །ཞེས་པ་དེས་མཚོན་ནས་ཡབ་ཧེ་རུ་ཀར་ཡང་བསྒོམ་པར་དོན་གྱིས་འབྲེལ་ལོ། །གཞན་གྱི་ཚུལ་གྱིས་ལྷའི་རྣལ་འབྱོར་ལས། གཞན་ཐ་མལ་གྱི་རྣམ་རྟོག་གིས་སོ། །གདུག་པ་སྟེ་ཞེ་སྡང་གི་སེམས་ཀྱིས་དངོས་གྲུབ་འདོད་པས་དངོས་གྲུབ་ཀྱི་ཕྱིར་རམ། ཆེད་དུ་མཁས་པ་སྟེ་ལྷའི་རྣལ་འབྱོར་ལ་སེམས་བརྟན་པས་མི་གནས་པར་བྱའོ། །ད་ནི་སྤྱོད་པའི་ལེའུ་ལས། རིམ་པ་གཉིས་ཀྱིས་དྲོད་ཐོབ་པ་དེས་སྤྱོད་པ་སྤྱད་པ་ཙམ་གསུངས་ཀྱི། དྲོད་ཐོབ་པའི་དུས་དང་ཐབས་གང་གིས་དྲོད་ཐོབ་པར་བྱེད་པ་གསལ་བར་མ་གསུངས་པས། དེ་གསལ་བར་བསྟན་པ་ནི། བསམ་གཏན་ཉོན་མོངས་འཇིག་བྱེད་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་བསམ་གཏན་ནི་དྲོད་ཀྱི་ཡེ་ཤེས་སོ། །ཉོན་མོངས་འཇིག་བྱེད་པ་ཞེས་པ་ཐ་མལ་གྱི་རྣམ་རྟོག་ཆོས་བརྒྱད་དུ་ཞེན་པ་སྤོང་བའོ། །ཕྱིས་གསུང༌། བསམ་གཏན་གང་ལ་མཉམ་པར་བཞག་ན། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྤོང་ཞིང་འཇིག་པར་བྱེད་པའམ། ཐ་མལ་གྱི་རྣམ་རྟོག་སྤོང་བར་བྱེད་པ་ནི། བསམ་གཏན་ཉོན་མོངས་འཇིག་བྱེད་དོ། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཞེས་པ་ནི་བསམ་པ་སྟེ། སེམས་ཅན་གྱི་དོན་ལ་ཐུགས་བརྩེ་བའམ། འདོད་པའི་ལོངས་སྤྱོད་ཀྱིས་རྣམ་པར་བརྩེ་བས་སོ། །དངོས་གྲུབ་དོན་དུ་ནི་དྲོད་ཀྱི་ཡེ་ཤེས་ཀྱི་དོན་དུའོ། །ཟླ་བ་ཕྱེད་དུ་ནི་དུས་ཏེ་ཉི་མ་གཅིག་ཀྱང་མ་ཆད་པར། ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས། །ཞེས་པ་སྟེ། དྲོད་ཐོབ་པའི་དུས་སུའོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནི། རང་བྱིན་གྱིས་བརླབ་པ་ཙཎྜཱ་ལཱིའི་ཡེ་ཤེས་མངོན་དུ་བྱ་སྙམ་པ་ལས་གཞན་པའི་འོ། །ལྷའི་གཟུགས་སུ་སེམས་པ་ཞེས་པ་ལུས་ལས་བྱུང་ཞིང་བདེ་བ་ལ་རོལ་པའི་དོན་གྱིས་ན་ལྷ་ཞེས། ཙཎྜཱ་ལཱིའི་ཡེ་ཤེས་དེ་ཉིད་ལ་བྱའོ། །བསྒོམས་པས་ཡོངས་སུ་བརྟག་པར་གྱིས། །ཞེས་པ་ཙཎྜཱ་ལཱི་བསྒོམས་པས་དྲོད་ཐོབ་པར་བརྟག་པར་གྱིས་ཤིག་པའོ། །ད་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་སྟོན་པ་ལས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་པ་ནི་རང་ནི་སྒྲུབ་པ་པའོ། །གཞན་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱའོ། །དོན་ནི་རབ་བསྒྲུབ་ཕྱིར། །ཞེས་པ་དྲོད་ཐོབ་པར་བྱ་བའི་ཕྱིར་རོ། །འཁོར་བར་ཐབས་གཞན་ཡོད་མ་ཡིན་ཏེ། དྲོད་ཐོབ་པར་བྱེད་པ་ལ་ཉེ་བའི་རྒྱུད་དཀྱིལ་འཁོར་འཁོར་ལོའི་ཐབས་ལས་གཞན་མེད་ཅེས་པའོ། །རིག་མ་ལྷན་ཅིག་གོམས་བྱས་པས། །ཞེས་པ་སྟེ། ལས་ཀྱི་ཕྱག་རྒྱ་འདུ་ཤེས་གསུམ་དང་ལྡན་པར་བསྟེན་ན། འཕྲལ་དུ་མངོན་དུ་བྱེད་པ་སྟེ། དྲོད་ཐོབ་ཅེས་བྱའོ། །ཡང་ན་རིག་མ་ལན་ཅིག་གོམས་པས་ཟེར་ན་ལན་ཅིག་འདུ་ཤེས་གསུམ་ལྡན་དུ་བསྟེན་པས་དྲོད་འཐོབ་ཅེས་སྦྱར་རོ། །ད་ནི་དྲོད་ཐོབ་ཅེས་བྱ་བའི་གོ་བ་རང་གསལ་བར་མ་གསུངས་པས། དེ་གསལ་བར་སྟོན་པ་ནི། འཇིགས་སྨྱོ་ཞེས་པ་ལ་སོགས་པའོ། །ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་པ་ནི་དྲོད་ཆེན་པོ་ཐོབ་པ་སྟེ། ཚར་གཅད་རྗེས་གཟུང་གཉིས་ཀ་ནུས་པའོ། །དེ་ལྟར་ངེས་པར་ཤེས་བྱས་ནས། །ཞེས་པ་དྲོད་ཆེན་པོ་ཐོབ་ནས་སོ། །སྐད་ཅིག་ཀྱང་རྣལ་འབྱོར་པ་དེ་ངུ་འབོད་དུ་མི་གནས། མི་སྐྱེས་ཞེས་བྱའོ། །ད་ནི་རྒྱུད་སྦྱང་བ་མ་བྱས་པ་རིང་ཞིག་ནས་འགྲུབ་པའི་དབང་དུ་བྱས་ནས། མཚམས་མེད་ལྔ་ནི་བྱེད་པ་དང༌། །ལ་སོགས་པ་གསུངས་ཏེ། སྐྱེ་བ་དམན་པ་ནི། གདོལ་པའམ་སྨྱིག་མ་མཁན་ལ་སོགས་པའོ། །རྨོངས་པ་ནི་མ་རིག་པ་སྟེ་ལས་རྒྱུ་འབྲས་དང༌། དེ་ཁོ་ན་ཉིད་ལ་རྨོངས་པའོ། །མ་རུང་ལས་བྱེད་ནི། བླ་མ་བརྙས་བྱེད་ལ་སོགས་པའོ། །ད་ནི་རྒྱུད་སྦྱང་བ་བྱས་པ་འགྲུབ་པར་ངེས་པའི་དབང་དུ་བྱས་ནས། དགེ་བ་བཅུ་ལ་གོམས་པ་དང༌། ཞེས་པ་ལ་སོགས་པ་སྟེ། དགེ་བ་བཅུ་ལ་གོམས་པ་ནི་ཕ་རོལ་ཏུ་ཕྱིན་པའི་བསླབ་པས་བཅིངས་པའོ། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །ཞེས་པ་རྫོགས་རིམ་རྣམ་པ་གཉིས་ལའོ། །དངོས་གྲུབ་ཐོབ་པ་ནི་དྲོད་ཀྱི་དངོས་གྲུབ་ཐོབ་པའོ། །ད་ནི་གོང་དུ་རྣམ་པ་གཉིས་ཀྱིས་དྲོད་ཐོབ་ནས་སྤྱོད་པ་བྱ་བར་གསུངས་པ་ལ། སྤྱོད་པའི་སྔོན་དུ་གསང་སྤྱོད་དུས་ཇི་སྲིད་ཅིག་ཏུ་བྱ་བ་དང༌། གྲོགས་དུ་ཞིག་དང༌། སྤྱོད་པ་སྤྱད་པ་དང༌། མཐར་དུས་ཇི་སྲིད་ཅིག་གིས་གྲོལ་བར་འགྱུར་བ་དང༌། སྤྱོད་པའི་དགོས་པ་གསལ་བར་མ་གསུངས་པས་དེ་དག་རིམ་པ་བཞིན་དུ་གསལ་བར་བཤད་པ་ནི། ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཅེས་པ་ཀུན་འདར་གྱི་སྤྱོད་པའི་དུས་སུ་བཟའ་བྱ་དང༌། བཟའ་བྱ་མ་ཡིན་པ་དང༌། བགྲོད་བྱ་དང་བགྲོད་བྱ་མ་ཡིན་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་ཏེ། སྨོན་པ་ལྟ་བུར་འཇིག་རྟེན་པ་རྣམས་སྐྲག་པར་འགྱུར་བའི་སྤྱོད་པ་བྱེད་པས་ན། འཇིག་རྟེན་པ་རྣམས་ཀྱི་མངོན་དུ་མི་བྱེད་ཀྱི། གསང་ནས་སྤྱོད་པ་བྱེད་དོ། །དེ་ལྟར་གསང་སྤྱོད་ཟླ་བ་གཅིག་བྱས་པ་དང༌། ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་མཁའ་འགྲོ་མ་རྣམས་ཀྱིས་ལུང་བསྟན་པའི་ཕྱག་རྒྱ་མ་འབྱུང་སྟེ། ཡུལ་འདི་ན་ཕྱག་རྒྱ་མ་འདི་ལྟ་བུ་ཡོད་ཀྱི་དེ་དང་ལྷན་ཅིག་སྤྱོད་པ་གྱིས་ཤིག ཅེས་ལུང་སྟོན་པ་འབྱུང་སྟེ། ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །སྣང་བ་རྙེད་འགྱུར་སྔགས་པ་ལ། །ཞེས་པ་ལ་སོགས་པའི་དོན་ནོ། །རྙེད་པ་དེ་ཡང་མིག་ཡངས་མ། །ཞེས་པ་ལ་སོགས་པ་ལ། མིག་ཡངས་པ་ནི་དཀྱུས་རིང་བའོ། །གཟུགས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་རྟེན་དུ་རུང་བའོ། །ལང་ཚེ་བཅུ་དྲུག་མའམ་ཉི་ཤུ་མའོ། །གཞན་ཡང་བྱང་ཆུབ་ཀྱི་སེམས། བདེ་བ་སྐྱེ་བའི་རྒྱུ། སིཧླ་དང་ག་པུར་ལྡན་པ་སྟེ་དེ་ཉིད་རྒྱས་པའོ། །དེ་ནི་རང་བཞིན་ནམ་ངོ་བོ་ཉིད་ཀྱི་ཡོན་ཏན་ནོ། །སྦྱངས་པ་ལས་བྱུང་བའི་ཡོན་ཏན་བྱང་ཆུབ་ཀྱི་སེམས་རྣམ་པར་སྦྱངས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་ཀྱིས་རྣམ་པར་སྦྱངས་པ་ནི་གསང་དབང་གི་དུས་སུ་བྱང་སེམས་ལྕེ་ལ་འཇོག་པའོ། །དེའི་ཡང་སྔོན་དུ་བུམ་དབང་དགོས་ལ། གསང་དབང་བསྐུར་བ་ལ་དབང་གསུམ་པ་དགོས་ཤིང༌། གསུམ་པའི་ཉམས་མྱོང་དེ་ཉིད་ལམ་དུ་བྱེད་པའི་བཞི་པས་གོམས་པར་བྱེད་པས་ན་དོན་གྱིས་དབང་བཞི་ཀ་ལ་བྱའོ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི་ཟེར་ཡང༌། ལྷ་ཡི་གཟུགས་ཀྱང་གཅིག་པ་ཉིད། །དམ་ཚིག་སེམས་ཀྱང་གཅིག་པ་ཉིད། །ཅེས་སྦྱར་ཏེ། ལྷའི་གཟུགས་ཀྱི་སེམས་གཅིག་པ་ནི་བདག་དང་ཕྱག་རྒྱ་གཉིས་ཀ་ལྷར་བསྐྱེད་པའོ། །དམ་ཚིག་སེམས་གཅིག་པ་ནི་དེ་གཉིས་ཀའང་མཁའ་དང་གསང་བ་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། ཐ་མལ་གྱི་ཆགས་པ་སྤངས་ཏེ་ལྷན་སྐྱེས་མངོན་དུ་བྱ་བར་འདོད་པས། གཉིས་ཀའང་ཆོས་ཀྱི་འདུ་ཤེས་སུ་གཅིག་པའོ། །ཡང་ན་ཐབས་ལ་བཟའ་བསྲུང་གི་དམ་ཚིག་ཇི་སྙེད་ཡོད་པ་དེ། ཤེས་རབ་ཀྱིས་ཀྱང་བསྲུང་དགོས་པས་སོ། །ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་པ་ནི་སྤྱོད་པའི་མཐར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཟླ་བ་གཅིག་བྱེད་པ་སྟེ། འདི་ནི་ཀུན་བཟང་གི་སྤྱོད་པའི་དུས་སོ། །སྤྱིར་དྲོད་ཀྱི་མཐའ་ནི་ཟླ་བ་ཕྱེད་ཡིན་ལ། སྤྱོད་པའི་མཐའ་ནི་ཟླ་བ་གཅིག་ཡིན་ཞིང༌། སྙོམས་འཇུག་གི་མཐའ་ནི་ཞག་རྣམ་པ་ལྔ་ཡིན་ཞིང༌། དུས་ཀྱི་མཐའ་ནི་སྐྱ་རེངས་འཆར་ཀ་སྟེ། གུར་ལས་ཀྱང༌། ཉི་མ་གཅིག་གི་སྦྱོར་བ་དང༌། །ཞེས་པ་ནས། ཉི་མ་ལྔ་ཡི་སྦྱོར་བ་ཡིས། །འགྲུབ་འགྱུར་ཞེས་པ་དང༌། ཡང༌། སྐྱ་རེངས་འཆར་ཀའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ལྟར་ལུང་བསྟན་པའི་བུ་མོ་མ་རྙེད་ན། མཆོག་ཐོབ་པ་ཡི་བུད་མེད་གང༌། །ཞེས་པ་དྲོད་ཐོབ་པའི་རྣལ་འབྱོར་མ་རྟོགས་པ་མཆོག་ཏུ་གྱུར་པ། གཙང་མི་གཙང་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པ། དེ་ལྟ་བུ་དང་ལྷན་ཅིག་སྤྱོད་པ་བྱ་བའམ། ཡང་ན་བདག་གི་ནུས་པའི་མཐུས་ལྷ་དང་སྟེ། བརྒྱ་བྱིན་གྱི་ཆུང་མ་ཐིག་ལེ་མཆོག་དང༌། ལྷ་མིན་གྱི་བུ་མོ་ལེགས་སྨིན་དང༌། མི་རྣམས་ཏེ་མིའི་བུ་མོ་རྒྱུད་ཡོངས་སུ་སྦྱངས་པ་མཐུས་བཀུག་ལ་སྤྱོད་པ་བྱ་བར་འབྲེལ་ལོ། །བདག་གི་དལ་བ་མངོན་དུའི་ཕྱིར། །ཞེས་པ་ནི་དགོས་པ་གསལ་བར་བཤད་པ་སྟེ། དལ་བ་ནི་རང་གི་སེམས་བརྟན་གཡོ་བརྟག་པའི་ཕྱིར་རོ། །གང་བཤད་འཇིགས་པའི་གཟུགས་ཅན་ཏེ། །འཇིག་རྟེན་པ་རྣམས་སྐྲག་པར་འགྱུར་བའི། །གཙང་བཙོག་ལ་སོགས་མེད་པར་སྨྱོན་པའི་བརྟུལ་ཞུགས་ཀྱིས་སྤྱོད་པ་སྤྱད་ཀྱི། སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཞེས་པ་ལྟོ་བ་དགང་བའི་དཔུང་གཉེན་གྱི་སྤྱོད་པ་ཐ་མལ་གྱི་འདོད་ཡོན་ལ་ཆགས་པས་མི་སྤྱོད་དེ། དེ་ལྟར་སྤྱད་ན་ངུ་འབོད་ལ་སོགས་པ་སྐྱེད་པར་བྱེད་པས་སོ། །ད་ནི་ལེའུ་བཅུ་པར། དངོས་གྲུབ་མཚན་ཉིད་མི་བྱེད་པ། །ཕྱག་རྒྱའི་དངོས་གྲུབ་ཅེས་གྲགས་པ་དེ་ལ་བརྩད་པ་སྟོན་ཏེ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཞེས་པའི་དོན་ནི། རྟེན་བུད་མེད་ཀྱིས་བདག་མེད་མའི་དཀྱིལ་འཁོར་དུ་རིམ་པ་གཉིས་ཀྱིས་དྲོད་ཐོབ་པ་གཅིག་གིས་སྤྱོད་པ་བྱེད་པ་ན། གྲོགས་གང་དང་སྤྱོད་པ་བྱེད་དེ་བུད་མེད་ནང་ན་ཕྱག་རྒྱ་མ་བསྟེན་པ་ནི་མི་འཐད་ལ། ཕྱག་རྒྱ་མར་མ་བསྟེན་པར་ཡང་ཕྱག་རྒྱའི་དངོས་གྲུབ་ཅེས་ཇི་ལྟར་བྱ་སྙམ་དུ་དྲིས་པའོ། །ལན་བུད་མེད་དང་རྟོགས་པ་མཉམ་པའི་ཐབས་སྒྲུབ་པ་པོ་དང་ཕྲད་ན་ནི་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བར་ཡང་རུང་ལ། དེ་ལྟ་བུའི་ཐབས་སྒྲུབ་པ་པོ་མ་རྙེད་ན་དྲོད་ཐོབ་པ་དེས་རང་གི་ལུས་སྐད་ཅིག་གིས་སྐྱེས་པར་བསྒྱུར་ནུས་པས་ན། བུད་མེད་ཀྱི་ལུས་སྤངས་ལ་སྐྱེས་པའི་ལུས་སུ་བསྒྱུར་ཏེ། ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པ་སྤྱད་ན་ཕྱག་རྒྱའི་དངོས་གྲུབ་འཐོབ་ཅེས་བྱའོ། །ཆགས་དང་འཇིག་པ་དག་གིས་ཀྱང༌། །ཞེས་པ་ལ་སོགས་པས་ནི་ཕྱག་རྒྱའི་དངོས་གྲུབ་ཀྱི་མཚན་ཉིད་སྟོན་ཏེ། ཆགས་དང་ནི་ཟག་བཅས་ཀྱི་ལུས་སྐྱེ་བའོ། །འཇིག་པ་ལུས་དེ་མཐར་རིམ་གྱིས་འགག་པའོ། །ཐབས་དང་ཤེས་རབ་གནོད་མི་འགྱུར། །ཞེས་པ་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་ལ་བྱ་བའམ། ཡང་ན་ཐབས་སྒྲུབ་པ་པོ་དང༌། ཤེས་རབ་ཕྱག་རྒྱ་ལ་གནོད་པར་མི་འགྱུར་ཏེ། དེ་དག་ལ་ཟག་བཅས་ཀྱི་སྐྱེ་འཇིག་མེད་ཅེས་པའོ། །གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །ཅེས་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང༌། གཟུགས་སྐུའི་སྣང་བ་ཉེ་བར་མ་འགགས་པའོ། །དེ་ཉིད་ཀྱི་དུས་ན་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་པས་ན། འཇིག་པ་ཤེས་རབ་སྲིད་མཐར་བརྗོད། །ཅེས་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དེ་ལ་ཟག་བཅས་ཀྱི་སྐྱེ་འཇིག་ལྟ་བུ་མེད་པས། རབ་འཇིག་ཡོད་མ་ཡིན། དེ་ཉིད་ལ་ཟག་བཅས་ཀྱི་སྐྱེ་བ་ལྟ་བུ་མེད་པས་ཆགས་པ་མེད་ཅེས་བྱའོ། །ལ་ལ་སྟེ་ཟག་བཅས་ཀྱི་དངོས་པོ་རྣམས་འཇིག་པས་འཇིག་པར་འགྱུར། ཞེས་བྱའོ། །ཕྱག་རྒྱའི་དངོས་གྲུབ་དེ་ལ་ཟག་བཅས་ཀྱི་སྐྱེ་འཇིག་དང་བྲལ་བས་ན། འཇིག་པའི་དངོས་མེད་ཟག་པ་མེད། །ཅེས་བྱའོ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །ཞེས་སྣང་བ་ལ་མ་ཞེན་པར་རོ། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་ཆུའི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་པར་བྱའོ། །ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཞེས་པ་སྣང་ཡང་རང་བཞིན་མེད་པའོ། །བར་མའི་སྲིད་ཡིན་ཞེས་པ་བར་དོའི་ལུས་ལྟར་ཐོགས་རྡུགས་དང་བྲལ་བར་བསྒོམ་པའོ། །རྟག་ཏུ་གོམས་པའི་རྣལ་འབྱོར་པ་སྟེ། ལྷའི་འཁོར་ལོ་དེ་སྣང་ལ་རང་བཞིན་མེད་པར་རྒྱུན་དུ་གོམས་པ་ལས། དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད་དེ། ཆུའི་ཟླ་བ་ལྟར་རོ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཞེས་པ་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞིའི་མཐར་ལྷན་སྐྱེས་མངོན་དུ་བྱས་པ་ལས། དཀྱིལ་འཁོར་གྱི་འཁོར་ལོ་སྣང་ལ་རང་བཞིན་མེད་པར་ཤེས་པའི་རྟོགས་པ་འབྱུང་བས་ན། ཇི་ལྟར་ཤེས་པའི་བདེ་ཆེན་པོ། །ཞེས་བྱ་སྟེ། དཀྱིལ་འཁོར་གྱི་རྣམ་པ་སྣང་ལ་རང་བཞིན་མེད་པར་ཤེས་པའོ། །དེ་ནི་འདི་ཡི་བྱིན་རླབས་ཡིན། །ཞེས་པ་སྣང་ལ་རང་བཞིན་མེད་པ་དེ་ཕྱག་རྒྱ་ལ་བརྟེན་ནས། དགའ་བ་བཞིའི་མཐར་ལྷན་སྐྱེས་མངོན་དུ་བྱས་པའི་བྱིན་རླབས་ཡིན་ཞེས་བྱའོ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་པ་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞིའི་མཐར་ལྷན་སྐྱེས་མངོན་དུ་མ་བྱས་པར་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་ཆུའི་ཟླ་བ་ལྟར་རྟོགས་པ་མེད་ཅེས་བྱའོ། །ད་ནི་རྡོ་རྗེ་རིགས་ཀྱི་ལེའུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུངས་པ་ལ། དེས་དངོས་པོ་ཀུན་ལ་ཇི་ལྟར་ཁྱབ་པ་དང་གནས་པ་གསལ་བར་མ་གསུངས་པས་དེ་གསལ་བར་སྟོན་པ་ནི། བདེ་བ་གནག་ཅིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡང་རང་བཞིན་ལྷན་སྐྱེས་ཀྱི་དབང་དུ་བྱས་ནས། དངོས་པོ་ཐམས་ཅད་ལ་དེ་ལས་བྱུང་བའི་ཚུལ་དུ་ཁྱབ་པ་དང༌། ཞུ་བདེ་ལྷན་སྐྱེས་ཀྱི་དབང་དུ་བྱས་ནས་བདག་ཉིད་གཅིག་པའི་ཚུལ་དུ་ཁྱབ་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་བདེ་བ་སྟེ། རང་བཞིན་ལྷན་སྐྱེས་སེམས་གཉུག་མ་དེ་ཉིད་ནག་པོར་ཡང་སྣང་ཞེས་པ་ནས། དེ་ཉིད་སྔོན་པོར་ཡང་སྣང་ཞེས་སྦྱར་རོ། །བདེ་བ་རྒྱུ་དང་སྟེ་བཅུད་དང༌། མི་རྒྱུ་བ་སྣོད་དུ་ཡང་རང་བཞིན་ལྷན་སྐྱེས་དེ་ཉིད་སྣང་ཞེས་བྱའོ། །ཡེ་ཤེས་བདེ་བ་སྟེ་ལྷན་སྐྱེས་དེ་ཉིད་ཤེས་རབ་ཡུམ་དུ་ཡང་སྣང་ལ། ཐབས་ཡབ་ཏུ་ཡང་སྣང༌། དེ་བཞིན་ཀུན་དུ་རུ་སྐྱེས་བདེ་སྟེ། རང་བཞིན་ལྷན་སྐྱེས་དེ་ཉིད་ཀུན་དུ་རུའི་རྣམ་པར་ཡང་སྣང་ཞེས་བྱའོ། །བདེ་བ་དངོས་པོ་སྟེ་གཟུགས་སུ་ཡང་རང་བཞིན་ལྷན་སྐྱེས་དེ་ཉིད་སྣང་ལ། དངོས་མེད་མིང་བཞིའི་ཕུང་པོར་ཡང་ལྷན་སྐྱེས་དེ་ཉིད་སྣང་བའོ། །ཡང་ན་དངོས་པོ་ནི་སྣང་བའི་ཆའོ། །དངོས་མེད་ནི་སྟོང་པའི་ཆའོ། །དེས་ན། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱའོ། །བདེ་བ་གནག་ཅིང་ནི་མི་བསྐྱོད་པར་སྣང་བའོ། །སྔོ་བ་ནི་ཡབ་ཧེ་རུ་ཀར་ཡང་སྣང་བའོ། །བདེ་བ་སྔོ་བའི་བར་ནི་བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས། རིགས་དྲུག་དང་ཡང་སྦྱར་བའོ། །ཡང་ཞུ་བདེ་ལྷན་སྐྱེས་ཀྱི་དབང་དུ་བྱས་ནས། དཔེར་ན་གསེར་འགྱུར་གྱི་རྩི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བ་ལྟར། ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེས་དངོས་པོ་ཐམས་ཅད་བདེ་སྟོང་གི་རྣམ་པར་བསྒྱུར་ནུས་ཏེ། དངོས་པོ་ཐམས་ཅད་ལ་བདག་ཉིད་གཅིག་པའི་ཚུལ་གྱིས་ཁྱབ་པའོ། །བདེ་བ་གནག་ཅིང་ལ་སོགས་པ་དངོས་པོ་ཐམས་ཅད་ཞུ་བདེ་ལྷན་སྐྱེས་སུ་བསྒྱུར་ནུས་པའོ། །བདེ་བ་རྒྱུ་དང་མི་རྒྱུ་སྟེ། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བསྒྱུར་བར་ནུས་ལ། བདེ་བ་སྟེ་ཞུ་བདེ་ལྷན་སྐྱེས་དེས་ཤེས་རབ་ཡུམ་དང༌། ཐབས་ཡབ་ཏུ་སྣང་བ་ཡང་བདེ་སྟོང་གི་ངོ་བོར་སྒྱུར་བར་བྱེད་ལ། བདེ་བ་དངོས་པོ་ཞུ་བ་དང༌། དངོས་མེད་བདེ་བར་སྣང་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྒྱུར་བར་བྱེད་པའོ། །ཡང་བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས་བདེ་བ་གནག་ཅིང་ལ་སོགས་པ་རྒྱལ་བ་རིགས་དྲུག་ཏུ་སྣང་བ་དེ་ཡང༌། ཞུ་བདེ་ལྷན་སྐྱེས་ཀྱི་ངོ་བོར་བསྒྱུར་ནུས་པའོ། །ད་ནི་བསྐྱེད་རྫོགས་གཉིས་ཀ་བསྒོམ་དགོས་པའི་འཐད་པ་སྟོན་པ་ལས་དྲི་བའི་དོན་ནི་གོ་སླའོ། །ལན་ལ་ཨེ་མའོ་ཞེས་པའང་རངས་པའོ། །དད་པའི་ཤུགས་ཀྱིས་ཉམས་པ་ནི། བསྐྱེད་རིམ་ལ་དད་པའི་ཤུགས་ཉམས་པའོ། །ལུས་ཀྱི་དངོས་མེད་གང་ལས་བདེ། །ཞེས་པ་བསྐྱེད་རིམ་གྱི་ལུས་ལ་རྫོགས་རིམ་གྱི་བདེ་བ་གནས་པ་སྟོན་ཏེ། ལུས་ལྷར་བསྐྱེད་པ་ལས་བདེ་བ་འབྱུང་སྟེ། ལུས་ལ་རྩ་གནས། རྩ་ལ་བྱང་སེམས་གནས་ཤིང༌། དེ་ལ་བདེ་བ་གནས་པས་ན། ལུས་ཀྱི་དངོས་པོ་མེད་ན་གང་ལས་བདེ་སྟེ། བདེ་བའི་ཡུལ་མེད་པས། བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། ཞེས་པ་ཁྱབ་པར་བྱ་བའི་དོན་གྱིས་ན་ཁྱབ་པ། སྐྱེད་པར་བྱེད་པའི་དོན་གྱིས་ན་ཁྱབ་པ། རྫོགས་རིམ་གསུངས། ལུས་ལྷར་བསྐྱེད་པ་ཡོད་ན་བདེ་བ་འབྱུང༌། མེད་ན་མི་འབྱུང་བས་སོ། །དེས་ན་བདེ་བས་འགྲོ་བ་སྟེ། ལུས་ཡོད་ཚད་ལ་བདེ་བས་ཁྱབ་པ་ཉིད་ཅེས་བྱའོ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །ལ་སོགས་པ་ནི་བསྐྱེད་རྫོགས་གཉིས་ཀ་བསྒོམ་དགོས་པའི་དཔེའོ། །དངོས་དང་དངོས་མེད་ང་མ་ཡིན། །ཞེས་པ་དངོས་པོ་སྟེ་ཁུ་བ། དངོས་མེད་དེ་བདེ་བ། དེ་གཉིས་ཀའང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ང་མ་ཡིན་ཞེས་བྱའོ། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་པ་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་བདེ་སྟོང་གི་ངོ་བོར་རྟོགས་པས་སོ། །གང་ཞིག་ལེ་ལོས་བསྣུན་པ་ནི། ཚོགས་མ་བསགས་པ་དང་བསྐྱེད་རིམ་ལ་མ་དད་པའོ། །རྨོངས་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པ་སྟེ། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་ཤེས་ཞེས་པའོ། །འོ་ན་ལྷན་སྐྱེས་དེ་དུས་ནམ་གྱི་ཚེ་རྟོགས་སྙམ་ན། མཆོག་མཐའ་དགའ་བྲལ་དང་པོ་ཞེས་ཏེ། འདི་ལ་བཤད་པ་གསུམ་ཡོད་པ་ལས་དང་པོ་ནི། རྒྱུད་ཤེས་རབ་ཀྱིས་རློམ་པའི་གང་ཟག་སློབ་དཔོན་ལ་རག་ལུས་སུ་གཞུག་པར་བྱ་བའི་ཕྱིར་མཆོག་མཐའ་སྟེ། མཆོག་དགའི་མ་ཐ། དགའ་བྲལ་གྱི་ཡ་ཐ་སྟེ། དུས་གསུམ་པར་སྐྱེ་བར་བཤད་ཀྱི། དོན་གྱི་བཞི་པར་སྐྱེ་བར་འདོད་གསུང༌། ཡང་བཤད་པ་གཉིས་པའི་དབང་དུ་བྱས་ན། དགའ་བྲལ་ནི་རྟེན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཉམས་པ་ལ་ཟེར་ལ། དེའི་ཡ་ཐར་སྐྱེ་བས་དགའ་བྲལ་དང་པོར་ཞེས་བྱ་སྟེ། འདི་ཉིད་ཀྱིས་ལྷན་སྐྱེས་བཞི་པར་སྐྱེ་བར་གསལ་གསུང༌། བཤད་པ་གསུམ་པ་ནི་སྤྱིར་དགའ་བ་བཅུ་དྲུག་ཡོད་པ་ལས། སྤྱི་བོ་ནས་མགྲིན་པའི་བར་དུ་དགའ་བས་བསྡུས་པའི་དགའ་བ་བཞི་སྐྱེ་ལ། མགྲིན་པ་ནས་སྙིང་གའི་བར་ལ་མཆོག་དགས་བསྡུས་པའི་དགའ་བ་བཞི་སྐྱེ་ལ། སྙིང་ག་ནས་ལྟེ་བའི་བར་ལ་དགའ་བྲལ་གྱིས་དུས་པའི་དགའ་བ་བཞི་སྐྱེ་ལ། གསང་གནས་ནས་རྡོ་རྗེ་ནོར་བུའི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་སྐྱེ་ལ། དགའ་བ་བཞི་པོ་དེའི་དགའ་བ་དང་མཆོག་དགའ་གཉིས་ཡར་སོང༌། དགའ་བྲལ་མར་ལུས་པའི་དབུས་ན་བྱང་ཆུབ་ཀྱི་སེམས་གཟུང་བའི་གནས། འབར་འཛག་གི་རྟོག་པ་མེད་པའི་རྩ་བྱ་བ་ཡོད་པས། གནས་དེར་ལྷན་སྐྱེས་མངོན་དུ་བྱེད་པ་ལ་དགོངས་ནས། ལྷན་སྐྱེས་གསུམ་པར་སྐྱེ་བར་བཤད་པ་སྟེ། ནང་ལྟར་བཤད་པ། མ་ནིང་གི་དབང་ལ་དགོངས་པ་ཡིན་གསུང་ནའང་དཔྱད་དུ་ཡོད། མུན་པ་ལ་ནི་མར་མེ་བཞིན། །ཞེས་པ་གསལ་བར་བྱས་པའི་དཔེའོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །བཙུན་མོ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་ཞིང་འདྲིས་པར་བྱ་བས་ནའོ། །བྷ་ག་ནི་དེའི་ཆོས་ཀྱི་འབྱུང་གནས་ཏེ། མཚན་མ་དང་རྣམ་རྟོག་འཇོམས་པས་སོ། །ཨེའི་རྣམ་པ་ནི་དབྱིབས་ཏེ་གྲུ་གསུམ་དུ་ཡོད་པའོ། །སངས་རྒྱས་ནི་དེ་ན་གནས་པའི་ཁམས་བདུད་རྩིའི་དྭངས་མའོ། །དེ་ཉིད་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་འདུག་པས་རིན་པོ་ཆེ། ཡང་ཟ་མ་ཏོག་ཏུ་ནོར་འཛུད་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་སུ་འདུག་པས། ཆོས་འབྱུང་དེ་ལ་ཟ་མ་ཏོག་ཅེས་བྱའོ། །བདེ་བ་ཅན་ཏེ། ཆོས་འབྱུང་དེར་སྟོན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ང་རྟག་ཏུ་བཞུགས་ཞེས་བྱའོ། །ད་ནི་འཁོར་དང་སྟོན་པ་ཐ་མི་དད་ཀྱི་དབང་དུ་བྱས་ནས། འཆད་པ་པོ་ང་ཞེས་པ་ལ་སོགས་པ་གསུངས་སོ། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་སྟེ། མཐར་ཐུག་འབྲས་བུ་ས་བཅུ་གསུམ་པ་ཞེས་བྱ་བའི་ཐོབ་བྱ་དེ་ཉིད་ལྷན་སྐྱེས་ང་རང་ཡིན་ཞེས་པའོ། །འཇིག་རྟེན་ཏེ་སྣང་སྲིད་སྐྱེ་འཇིག་སྣ་ཚོགས་སུ་སྣང་བ་ཡང་ལྷན་སྐྱེས་ཉིད་ཀྱི་རྣམ་འཕྲུལ་ཡིན་ལ། འཇིག་རྟེན་འདས་པ་སྟེ། མཚན་མ་དང་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་མཐར་ཐུག་འབྲས་བུ་དེ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཡིན་ཞེས་བྱའོ། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཞེས་པ་བདེ་བ་སྐྱེ་བའི་གནས་ཡིན་པས་ཆོས་འབྱུང་ལ་བྱའོ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་བྷ་ག་དེ་ན་བྱང་ཆུབ་ཀྱི་སེམས་ཨཱ་ལི་ཕྲག་གཉིས་ཀྱི་རྣམ་པར་གནས་ལ། དེ་མཚན་བཟང་པོའི་ངོ་བོ་ཉིད་ཡིན་པས་སོ། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་པ་བྱང་སེམས་ཀཱ་ལི་ཕྲག་གཉིས་ཀྱི་རྣམ་པར་གནས་ལ། ཀཱ་ལི་ཡོངས་སུ་གྱུར་པ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཡིན་པས་སོ། །ཁུ་བ་ཞེས་བྱ་རྣམ་པར་གནས། །ཞེས་པ་ཆོས་འབྱུང་ནང་ན་བྱང་སེམས་ཐིག་ལེའི་ངོ་བོར་ཨཱ་ལི་ཀཱ་ལིའི་རྣམ་པར་མཚན་དང་དཔེ་བྱད་ཀྱི་བདག་ཉིད་དེ་གནས་ཞེས་པའོ། །དེ་མེད་པས་ན་ཞེས་པ་རྟེན་ཐིག་ལེ་དེ་མེད་ན་བདེ་མེད་འགྱུར་ཏེ་རྩིག་པ་མེད་པའི་རི་མོ་བཞིན་ནོ། །བདེ་བ་མེད་པར་ཡང་ཞུ་བ་མི་འབྱུང་སྟེ། ཕན་ཚུན་ལྟོས་པའི་ཕྱིར་རོ། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །ཞེས་པ་བདག་དང་ཕྱག་རྒྱ་གཉིས་ཀ་ལྷར་བསྐྱེད་དེ་འདུ་ཤེས་གསུམ་དང་ལྡན་པར་ཕྱག་རྒྱ་བསྟེན་པ་ལས་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་བས་ནའོ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །ཞེས་པ་བསྐྱེད་རིམ་གྱིས་རྟོགས་པ་མིན་ཞེས་པའོ། །ཕྱག་རྒྱ་བསྟེན་པའི་དུས་ཉིད་ནའང་ལྷའི་རྣལ་འབྱོར་དང་མི་འབྲལ་བས། དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་བྱའོ། །ད་ནི་རྒྱུའི་རྒྱུད་དངོས་པོའི་གནས་ལུགས་དང་སྦྱར་ནས་ལུས་དང་སེམས་རྫོགས་པའི་སངས་རྒྱས་སུ་བཞག་པ་ནི། རིམ་པ་ལྟར་ཞལ་ཕྱག་རྣམ་པ་ལ་སོགས་པའོ། །རྣམ་དག་རྣམ་པས་ཞེས་པས། གློ་བུར་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་རྣམ་པར་དག་པས་ན། རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་བྱའོ། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །ཞེས་པ་ལ་སོགས་པའི་ཆོས་མཐུན་ཡོད་པ་ཙམ་གྱི་སྒོ་ནས་ལུས་སེམས་རྫོགས་པའི་སངས་རྒྱས་སུ་བསྟན་པའོ། །འོ་ན་སེམས་ཅན་ཐམས་ཅད་རང་གི་ངང་གིས་གྲོལ་བར་འགྱུར་བས་འབད་པ་དོན་མེད་དོ་སྙམ་ན། རང་བཞིན་གྱིས་དག་ཀྱང་དྲི་མ་གློ་བུར་བས་བསྒྲིབས་ཟེར་བ་ནི། འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་བྱའོ། །ད་ནི་དྲི་མ་སེལ་བར་བྱེད་པའི་ཐབས་སྟོན་པ་ལས་རིགས་མཐུན་གཉེན་པོར་ཆེ་བ་ནི། དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་པ་ལ་སོགས་པ་སྟེ། འགྲོ་བའི་དུག་མཁལ་ཁྲག་དང༌། གནས་པའི་དུག་བོང་ང་ལ་སོགས་པའོ། །དུག་གི་དེ་ཉིད་སྨན་དང་སྔགས། །ཞེས་པའོ། །ཇི་ལྟར་རླུང་གིས་ཟིན་པ་ལ་སོགས་པ་ནི། བཟློག་པ་གཉེན་པོར་ཆེ་བའོ། །རྣམ་རྟོག་ལས་ནི་ཞེས་པ་ཐ་མལ་གྱི་རྣམ་རྟོག་གོ །རྣམ་པ་ལྷ་རུ་འཛིན་པའི་རྣམ་རྟོག་དག་ཅེས་བྱའོ། །སྲིད་པ་ཉིད་ཀྱིས་ཏེ། ལྷའི་སྲིད་པའམ། དམ་པའི་སྲིད་པས་ཐ་མལ་གྱི་དྲི་མ་དག་ཅེས་བྱའོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ལ་སོགས་པ་ནི། བསྣན་པ་གཉེན་པོར་ཆེ་བའོ། །སྐྱེ་བོ་མི་བཟད་པ་ཡི་ལས། །ཞེས་པ་འཁྲིག་པ་སྤྱོད་པ་ལ་སོགས་པའོ། །གང་དང་གང་གིས་འཆིང་གྱུར་པ་སྟེ། འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་གསུམ་གྱིས་འཁོར་བར་འཁོར་བར་བྱེད་པས་སོ། །ཐབས་ལ་མཁས་པས་ཟིན་ན་འདུ་ཤེས་གསུམ་ལྡན་དང་མ་བྲལ་བའི་ཆགས་པ་ཉིད་ཀྱིས་གྲོལ་བར་འགྱུར་ཞེས་བྱའོ། །ཆགས་པས་འཇིག་རྟེན་འཆིང་བར་འགྱུར། །ཞེས་པ་ཐ་མལ་པའི་ཆགས་པས་སོ། །དེ་ཉིད་འདུ་ཤེས་གསུམ་གྱི་ཐབས་ལ་ཁམས་པས་ཟིན་ན་གྲོལ་བར་འགྱུར་བས་ན། ཆགས་པ་ཉིད་ཀྱིས་རྣམ་གྲོལ་འགྱུར་ཞེས་བྱའོ། །བཟློག་པའི་སྒོམ་པ་ནི་སྤངས་བྱ་དེ་ཉིད་གཉེན་པོར་འགྱུར་པས་སོ། །སངས་རྒྱས་ཀྱི་མུ་སྟེགས་ནི་གནས་མ་བུའི་སྡེ་པ་ལ་སོགས་པ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་མི་འདོད་པ་རྣམས་སོ། །འབྱུང་བ་ལྔ་ཡི་རང་བཞིན་གྱིས། །ཀུན་དུ་རུ་ལས་ལྔ་རུ་འགྱུར། །ཞེས་པ་ཀུན་དུ་རུ་བསྟེན་པའི་བྱེ་བྲག་གིས་འབྱུང་བར་འགྱུར་བའོ། །དགའ་བ་ཆེན་པོ་གཅིག་ཉིད་ལས། །ཞེས་པ་ཞུ་བདེ་ལྷན་སྐྱེས་གཅིག་ཉིད་ལས་སོ། །ཀུན་རྫོབ་ཏུ། །འབྱུང་བ་ལྔ་ཡི་བྱེ་བྲག་གི །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་བྱའོ། །ཇི་ལྟར་ལྔ་རུ་འགྲོ་བར་འགྱུར་སྙམ་ན། བོལླ་ཀཀྐོ་ལ་སྦྱོར་བས། །ཞེས་པ་ལ་སོགས་པ་སྟེ། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །ཞེས་པ་སྲ་བ་སྟེ་ས་རྣམ་པར་དག་པ་སངས་རྒྱས་སྤྱན་ཡིན་ལ། གཏི་མུག་ཆོས་ཀྱི་ཕྱིར། ཞེས་པ་གཏི་མུག་རྣམ་པར་དག་པའམ། གཏི་མུག་སྦྱོང་བའི་གཉེན་པོ་ཡིན་པས་སོ། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཅེས་པ་གཏི་མུག་རྣམ་པར་དག་པ་རྣམ་པར་སྣང་མཛད་ཡེ་ཤེས་ཀྱི་ཆ། དེ་དང་དབྱིངས་ཀྱི་ཆ་ལྷ་མོ་སྤྱན་མ་དེ་དབྱེར་མེད་པ་ལམ་དུ་བྱ་བའི་ཕྱིར་རོ། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །ཅེས་པ་ཆུ་རྣམ་པར་དག་པ་མཱ་མ་ཀཱི་ཡིན་ལ། ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེས་པ་དབྱིངས་ཀྱི་ཆ་ཆུ་རྣམ་པར་དག་པ་མཱ་མ་ཀཱི་དེ་དང་མི་བསྐྱོད་པ་ཡེ་ཤེས་ཀྱི་ཆ་དེ། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་ལམ་དུ་བྱ་བའི་ཕྱིར་རོ། །ཞེས་སྡང་འདྲེན་པ་མི་བསྐྱོད་པ། །ཞེས་པ་ཞེ་སྡང་སྦྱོང་བར་འདོད་པའི་གཉེན་པོ་ཡིན་པས་སོ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །ཞེས་པ་དྲོད་ནི་མེ་སྟེ། མེ་རྣམ་པར་དག་པ་ལྷ་མོ་གོས་དཀར་མོ་ཡིན་ལ། འདོད་ཆགས་དཔག་མེད་ནི། འདོད་ཆགས་རྣམ་པར་དག་པ་འོད་དཔག་མེད་ཡིན་པས་སོ། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཞེས་པ་མེ་རྣམ་པར་དག་པ་གོས་དཀར་མོ་དང༌། འདོད་ཆགས་རྣམ་པར་དག་པ་འོད་དཔག་མེད་དེ། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་མོས་པར་བྱ་བའི་ཕྱིར་རོ། །ཀཀྐོ་ལར་ནི་གང་ཞིག་སེམས། །ཞེས་པ་ཕྱག་རྒྱའི་ཆོས་ཀྱི་འབྱུང་གནས་ཀྱི་སྙིང་པོའོ། །སེམས་ནི་བྱང་ཆུབ་ཀྱི་སེམས་དང་ཐ་མི་དད་པས་སོ། །དེ་ནི་རླུང་གི་རང་བཞིན་ཅན། །ཞེས་པ་ཐིག་ལེ་དེ་རླུང་གིས་འདྲེན་པར་བྱེད་པ་ལ་སྒྲོལ་མ་ནི་རླུང་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་སོ། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །ཅེས་པ་ཕྲག་དོག་རྣམ་པར་དག་པ་དོན་ཡོད་གྲུབ་པ་དེ་དང༌། ལྷ་མོ་སྒྲོལ་མ་རླུང་རྣམ་པར་དག་པའི་རང་བཞིན་དེ་གཉིས་ཐ་མི་དད་པས་སོ། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །ཞེས་པ་རའི་སྒྲ་ལས། ར། ར་ག་ཏ་ན། ཁྲག་ཏུ་འགྲོ་ལ། ར། རཱ་ག་ན་འདོད་ཆགས་སུ་འགྲོ་སྟེ་སྒྲ་མཐུན་པས་སོ། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ཞེས་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་ཙམ་མོ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །ཞེས་པ་ལྷ་མོ་སྤྱན་མ་དེ་དང༌། སེར་སྣ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་དེ། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་མོས་ནས་ལམ་དུ་བྱ་བའི་ཕྱིར་རོ། །སེམས་ནི་ཆེན་པོ་གཅིག་ཉིད་ལ་ནི་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཉིད་ལའོ། །ལྔའི་གཟུགས་ཏེ་རིགས་ཞུ་བདེ་ལྷན་སྐྱེས་གཅིག་པ་དེ་ཉིད། ཀུན་རྫོབ་ཏུ་འབྱུང་བ་ལྔར་འགྱུར་ལ། དེ་ལས་རིགས་ལྔར་འགྱུར་བས་ན། ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་བྱའོ། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེ་བ་ཉིད། །ཅེས་པ་རིགས་རེ་རེ་ལ་ཡང༌། །རྡོ་རྗེའི་རིགས་ཀྱི་ལས་ཀྱི་རིགས་དང༌། པདྨའི་རིགས་ཞེས་བྱ་བ་ལ་སོགས་པ་དུ་མར་ཕྱེ་བས་སོ། །རིགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུ་དེ་ཉིད་ལ་ལྔ་དང༌། སྟོང་ཕྲག་ལ་སོགས་པ་དུ་མར་ཡང་འགྱུར་ཞིང༌། དེ་ཐམས་ཅད་ཀྱང་བདེ་བ་རྣམ་པར་དག་པ་རྡོ་རྗེ་འཆང་གི་རིགས་སུ་གཅིག་པས་ན། དེ་ཕྱིར་འདི་དག་རང་བཞིན་གཅིག་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་གཅིག་པའོ། །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་པ་དེ་ཐམས་ཅད་ཀྱང་བདེ་བ་རྣམ་པར་དག་པ་རྡོ་རྗེ་འཆང་ཆེན་པོའི་རིགས་སུ་གཅིག་པས་སོ། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་པ་སྦྱང་གཞི་སྤང་བྱ་རིགས་ལྔ་ཡོད་པས། དེ་སྦྱོང་བྱེད་ཀྱང་ལྔར་བཞག་པའོ། །རིགས་ལྔ་སོ་སོ་རེ་རེ་ལའང༌། །བྱེ་མའི་ལམ་ནི་གཅིག་པུ་ལ། །སངས་རྒྱས་སུ་ནི་མ་དག་མིན། །ཞེས་པའི་ཚུལ་གྱིས་དུ་མར་ཕྱེ་བས་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་དུ་འགྱུར་རོ། །རིགས་གཅིག་ལ་ནི་སྟེ་བདེ་བ་རྣམ་པར་དག་པའི་རིགས་ལའོ། །དེ་ལས་ཕྱེ་བས་དེ་བཞིན་གཤེགས་པའི་ཚོགས་ཏེ་རིགས་ལྔར་འགྱུར་ལ། དེ་ལ་ཡང་ཕྱེ་བས་རིགས་ནི་རྣམ་པ་བརྒྱར་འགྱུར་ཞིང༌། དེ་རེ་རེ་ལ་ཡང་ཕྱེ་བས། དེ་རྣམས་ལས་བྱུང་འབུམ་ཕྲག་རིགས་ཆེན་རྣམས། །དབྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །ཞེས་བྱའོ། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུ་དེ་ཉིད་ལས་རིགས་དེ་རྣམས་འབྱུང་ཞེས་བྱའོ། །ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲྭ་བའི་སྡོམ་པའི་དོན་ནི་གཞན་དང་འདྲའོ། །དངོས་གྲུབ་རྒྱུ་དང་བཅས་པ་ཞེས་ཁ་བསྐངས་ཏེ། དངོས་གྲུབ་ནི་ས་བཅུ་གསུམ་པའི་འབྲས་བུ། སྟོང་པ་དང་སྙིང་རྗེ་དབྱེར་མེད་ཟག་བཅས་ཀྱི་སྐྱེ་འཇིག་དང་བྲལ་བའོ། །རྒྱུ་ནི་ཉེ་བའི་རྒྱུ་རྫོགས་རིམ་པ་རྣམ་པ་གཉིས་ཀྱིས་རྟོགས་པར་བྱ་བའི་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །གཏན་ལ་དབབ་པ་ནི་དེ་ངེས་པར་བྱེད་པའི་གཞུང་གི་ཚོགས་སོ། །དེ་ནས་རྡོ་རྗེ་ཅན་ཏེ། འཆད་པའི་སྟོན་པ་རྡོ་རྗེ་འཆང་ཆེན་པོས། པརྞ་རི་ཁྲོད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དཔལ་གསང་བ་འདུས་པ་སོགས། ཐམས་ཅད་ཀྱི་གླིང་གཞི་ནི། ནི་ཏ་ན་སྟེ། འབྱུང་བར་ངེས་པ་ཡིན་ཏེ། ཨེ་ཝཾ་གྱི་དོན་རྗོད་པར་བྱེད་པའོ། །ཐབས་ནི་དེ་རྟོགས་པར་བྱེད་པའི་གཞུང་ངོ༌། །དེ་ལ་ཡང་མདོར་བསྟན་དོན་དྲུག་ཏུ་ཡོད་པ་ལས། སྡོམ་པ་དང་ནི་ཞེས་པ། རྡོ་རྗེ་རིགས་ཀྱི་ལེའུར་གནས་གང་དུ་སྡོམ་པ་དང༌། ཐབས་གང་གིས་སྡོམ་པ་དང༌། སྤང་བྱ་གང་སྡོམ་པའི་ཚུལ་གྱིས། བདག་བྱིན་གྱིས་བརླབ་པའི་ཐབས་ཀྱི་སྡོམ་པའི་རབ་ཏུ་དབྱེ་བ་གསུངས་ཀྱང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་དབང་དུ་བྱས་ནས་སྡོམ་པའི་རབ་ཏུ་དབྱེ་བ་མ་གསུངས་པས། དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་སངས་རྒྱས་ཀྱི་སྡོམ་པ་དང༌། རྣལ་འབྱོར་མའི་སྡོམ་པ་གཉིས་སུ་མ་ཚང་པ་ཁ་བསྐངས་ཏེ་སྟོན་པའོ། །དབང་དང་ཡང་ཞེས་པ་དབང་གི་ལེའུར། ཇི་ལྟར་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །ཞེས་དབང་བཞི་གསུངས་ཀྱང༌། མདོ་དེར་བུམ་དབང་གི་སྐབས་སུ་རིག་པའི་དབང་ལྔ་བསྐུར་བའི་རྗེས་ལ་དྲུག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་མ་གསུངས་པས་དེ་གསལ་བར་གསུང༌། ཡང་མདོ་དེར་གསང་དབང་གི་རྟེན་དང༌། ཇི་ལྟར་བསྐུར་ཚུལ་མ་གསུངས་པས། དེ་གསལ་བར་གསུངས། ཡང་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ། སྔོན་དུ་བླ་མ་ལ་མཆོད་ཅིང་བསྟོད་པ་བྱ་བ་མ་གསུངས་པས། དེ་ཁ་བསྐངས་སོ། །དེ་བཞིན་དགོངས་པའི་སྐད་ཉིད་དང༌། །ཞེས་པ་བདུན་པ་བརྡའི་ལེའུར་ལུས་བརྡ་ཙམ་གསུངས་ཀྱང༌། ངག་བརྔ་གསལ་བར་མ་གསུངས་པས། ངག་གི་བརྡ་འདིར་ཁ་བསྐང༌། དགའ་དང་སྐད་ཅིག་དབྱེ་བ་དང༌། །ཞེས་པ་རྡོ་རྗེ་རིགས་ཀྱི་ལེའུར་དགའ་བ་བཞི་ཙམ་གྱི་དབྱེ་བ་གསུངས་ཀྱང༌། མདོ་དེར་དགའ་བ་བཞི་མཚོན་པར་བྱེད་པའི་དབང་དང༌། དེའི་དག་པ་མ་གསུངས་པས་དེ་གསལ་བར་སྟོན་པའོ། །དེ་བཞིན་བཟའ་བ་ལ་སོགས་པ། །ཞེས་པ་ནི་སྤྱོད་པའི་ལེའུར་རིམ་པ་གཉིས་ཀྱིས་དྲོད་ཐོབ་ནས་སྤྱོད་པ་སྤྱད་པར་གསུངས་ཀྱང༌། ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་བྱེ་བྲག་ཏུ་མ་གསུངས་པས་དེ་གསལ་བར་སྟོན་པའོ། །སོགས་དང་ཞེས་པའི་སོགས་ཁོངས་སུ་རྣམ་པར་དག་པའི་ལེའུར། མ་དག་པའི་ཡུལ་ཉེར་བཞི་གསུངས་པ་ལས། དེ་དག་གི་གཉེན་པོ་ཡང་ཕལ་ཆེར་གསུངས་པ་ལ། ཁྱད་པར་དུ་དབང་པོ་དྲུག་གི་དག་པ་མ་གསུངས་པས། དེ་མ་ཚང་བ་ཁ་བསྐངས་ཏེ་སྟོན་པའོ། །ད་ནི་གོང་མ་དེ་ཉིད་ཀྱི་དོན་རྒྱས་པར་བཤད་པའི་དབང་དུ་བྱས་ནས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པ་ལ། ཨེ་ནི་ཐ་མལ་པའི་འདོམ་གྲུ་གསུམ་མོ། །ཝཾ་ནི་ཐབས་ཀྱི་གསང་བའི་རྡོ་རྗེའོ། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །ཞེས་གནས་དེར་དགའ་བ་བཞིའི་མཐར་ལྷན་སྐྱེས་མངོན་དུ་བྱས་པའོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་པ་དབང་གསུམ་པ་དང་ལམ་དུ་བྱེད་པའི་བཞི་པའི་ཉམས་མྱོང་གིས་རྟོགས་ཞེས་པའོ། །ད་ནི་རྣལ་འབྱོར་མའི་སྡོམ་པ་བསྟན་པ་ལས། བཅོམ་ལྡན་ཞེས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པའོ། །སྟོན་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སྟོན་པའོ། །འགྲོ་བའི་བླ་མ་ཞེས་པ། ཚངས་པ་དང༌། ཁྱབ་འཇུག་ལ་སོགས་པ་འཇིག་རྟེན་པའི་བླ་མར་གྱུར་པས་སོ། །མཁའ་འགྲོ་མ་ཡི་སྡོམ་པ་ཉིད། །ཨེ་ཝཾ་རྣམ་པས་ཅི་ཞིག་བརྗོད། །ཅེས་པ་སངས་རྒྱས་ཀྱི་སྡོམ་པའི་ཨེ་ཝཾ་དག་དེ་ལྟར་ཡིན་ན། རྣལ་འབྱོར་མའི་སྡོམ་པའི་ཨེ་ཝཾ་ཇི་ལྟར་ཡིན་ཞེས་དྲིས་པའོ། །ཨེ་ཡི་ཆ་བྱད་བཟང་པོ་གང༌། །ཞེས་པ་ཕྱག་རྒྱའི་ཆོས་ཀྱི་འབྱུང་གནས་སོ། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན་ཏེ། རྩ་མཛེས་པའི་སྤྱི་བོ་སྟེ་དབུས་ན་གནས་པའོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་པ་སྐྱེ་བའི་གནས་སམ། རྟེན་ཀུན་འདར་གྱི་ཆ་ཤས་ཆོས་འབྱུང་ནང་ན་གནས་པའོ། །སངས་རྒྱས་ནི་དྲི་ཆེན་གྱི་དྭངས་མ་རྣམ་པར་སྣང་མཛད་ལ་སོགས་པ། ཁམས་བདུད་རྩི་ལྔའི་དྭངས་མའོ། །རིན་ཆེན་ནི་ཞུ་བདེ་དབྱེར་མེད་གནས་དེར་མངོན་དུ་བྱས་པའོ། །ཟ་མ་ཏོག་ཅེས་པ། བདེ་བ་སྐྱེ་བའི་གནས་ཆོས་འབྱུང་ངོ༌། །སྐད་ཅིག་དབྱེ་བས་ཕྱེ་བ་ཡིས། །ཞེས་པ་ལ་སོགས་པའི་དོན་ནི། སྐད་ཅིག་བཞི་པོ་དེ་དགའ་བཞིའི་འཇལ་བྱེད་དམ་གོ་བྱེད་ཡིན་ལ། དགའ་བ་བཞི་ནི་གཞལ་བྱའམ་གོ་བྱར་འདུག་པས་སོ། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པ་གནས་དེར་སྐད་ཅིག་བཞིས་མཚོན་པའི་དགའ་བ་བཞི་མངོན་དུ་བྱེད་ཅེས་བྱའོ། །ད་ནི་དགའ་བ་རྣམ་པ་བཞི་པོ་དེ་འཇལ་བར་བྱེད་པའི་སྐད་ཅིག་མ་བཞི་གསལ་བར་འཆད་པ་ནི། སྣ་ཚོགས་དང་ནི་ཞེས་པ་ལ་སོགས་པའོ། །བདེ་བའི་ཡེ་ཤེས་ཟ་བ་ཉིད། །ཅེས་པ་ལུས་དང་སེམས་བརྟས་པར་བྱེད་པའོ། །བདག་གིས་བདེ་བ་ཟོས་པ་ཡིས། །ཞེས་པ་ཕྱི་བྱད་གཟུགས་སུ་འཛིན་པ་དང་བྲལ་ལ་ནང་གི་བདེ་བ་ལ་འདོད་པ་ཡོད་པས་སོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །ཅེས་པ་དེའི་དུས་ན་བདེ་བ་ལ་མི་རྟོག་པས་བརྒྱན་པས་མཚན་མ་དང་རྣམ་རྟོག་ལས་ཡིད་སྐྱོབ་པར་བྱེད་པས་ན། གྲོས་ཞེས་བྱའོ། །མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་ཏེ། དེའི་དུས་ན་དགའ་བ་གསུམ་གྱི་རྟོག་པ་མེད་པས་གསུམ་ལས་གཞན་ཞེས་བྱའོ། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་པ་དགའ་བ་དང་དགའ་བྲལ་སྤངས་པའོ། །སྣ་ཚོགས་དང་པོའི་དགའ་བ་ཉིད། །ལ་སོགས་པས་ཉམས་མྱོང་དགའ་བ་བཞི་བསྟན་ཏོ། །དགའ་བ་བཞི་པོ་དེ་རང་གང་གིས་མཚོན་པར་བྱེད་ཅེ་ན། གྲངས་དང་ཆོས་མཐུན་ཡོད་པའི་སྒོ་ནས་དབང་བཞིས་མཚོན་ཞེས་ཟེར་བ་ནི། སློབ་དཔོན་ཞེས་པ་ལ་སོགས་པའོ། །འོ་ན་དབང་བཞི་པོ་དེ་རང་གི་དག་བྱ་གང་དག་པར་བྱེད་སྙམ་ན། དགོད་པ་དག་པ་སློབ་དཔོན་ཉིད། །ཅེས་པ་ལ་སོགས་པས་བསྟན་ཏེ། གསང་སྔགས་ནི་ཕལ་ཆེར་ནི་འདོད་པའི་ཁམས་ཀྱི་སེམས་ཅན་གྱི་དོན་དུ་གསུངས་ལ། འདོད་པའི་ཁམས་ཀྱི་སེམས་ཅན་ལ་ཆགས་པ་རབ་འབྲིང་བཞི་ཡོད་པས། དེ་དག་པར་བྱེད་པ་ནི་རྒྱུད་སྡེ་བཞི་དང་བསྟུན་ནས་ཆགས་པ་ཆེ་འབྲིང་བཞིའི་གཉེན་པོར་དབང་བཞི་གསུངས་སོ། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །ཞེས་པ་ནི་དགོངས་པ་སྟེ། དབང་རྣམ་པ་བཞིས་རིམ་པ་ལྟར་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བྱས་ནས་སྐུ་གསུང་ཐུགས་ཀྱི་ངོ་བོར་སྒྱུར་བར་བྱེད་པའོ། །གཏོར་དང་བླུགས་པ་ཞེས་པ་ནི་ངེས་ཚིག་སྟེ། བུམ་དབང་གི་དུས་སུ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་གཏོར་ཞིང་ལྡུགས་པར་བྱེད་ལ། གསང་དབང་གི་དུས་སུ་བྱང་ཆུབ་ཀྱི་སེམས་ལྕེ་ལ་ལྡུགས་གཏོར་ཞིང་བླུགས་པར་བྱེད་ལ། ཤེས་རབ་ཡེ་ཤེས་དང་ལམ་དུ་བྱེད་པའི་བཞི་པའི་དབང་གི་དུས་སུ་མཆོག་གི་ཟེ་བར་བྱང་སེམས་གཏོར་ཞིང་བླུགས་པར་བྱེད་པས་ན་དབང་ཞེས་བྱའོ། །ད་ནི་བུམ་དབང་གི་དུས་སུ། རིག་པའི་དབང་ལྔའི་རྗེས་ལ། དྲུག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བར་འདོད་ནས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་པ་ལ་སོགས་གསུངས་ཏེ། སློབ་དཔོན་གྱིས་དབང་གི་དུས་སུ་ནི་ཤེས་རབ་མ་དངོས་སུ་བསྟེན་པ་ནི་མིན་གྱི། རྡོ་རྗེ་སློབ་དཔོན་གྱིས་ཡུམ་རྡོ་རྗེ་སྙེམས་མ་ལ་འཁྱུད་པར་བསྒོམས་ནས། སློབ་མའི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་བྱིན་ཏེ། སོ་སོའི་ཚིགས་སུ་བཅད་པ་དང་བཅས་པས་བསྟོད་ནས། མཐར། དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་དག་ཏུ་གྱིས། །ཞེས་པ་ལ་སོགས་པ་བརྗོད་ནས་རྗེས་སུ་གནང་བ་ཡང་སྟེར་བའོ། །ད་ནི་གསང་དབང་གི་རྟེན་དང་ཇི་ལྟར་བསྐུར་བའི་ཐབས་སྟོན་པ་ལས། ཤིན་ཏུ་བཞིན་བཟང་མ་ལ་སོགས་པ་ནི་རྟེན་ནོ། །མཐེ་བོང་སྲིན་ལག་གིས། །ཞེས་པ་ནི་ཇི་ལྟར་བསྐུར་བ་སྟེ། དངོས་སུ་ལྕེས་ལེན་དུ་གཞུག་པའམ། རྟོག་པ་ཤས་ཆེ་ན། ཉ་ཕྱིས་ལ་སོགས་པས་བླངས་ལ། ལྕེ་ལ་བཞག་པའམ། ཡང་ན་ཉིན་པར་གྱི་ཐིག་ལེ་ཞེས་བྱ་བས་མགྲིན་པའི་ཕྱི་རོལ་དུ་མཐེབ་སྲིན་གྱིས་ཐིག་ལེ་བྱས་པ་བསྐུར་རོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟོན་པ་ལས། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། དེ་གཉིས་ཀའི་སྔོན་དུ་བྱ་བ་ནང་གི་མཆོད་པ་ཚོགས་ཀྱི་མཆོད་པ་དང༌། ཕྱི་རྫས་ཀྱི་མཆོད་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕྱག་རྒྱ་དབུལ་བ་དང༌། མཆོག་དབང་གཉིས་བསྐུར་བའི་དོན་དུ་སློབ་མས་སློབ་དཔོན་ལ་ཚིགས་སུ་བཅད་པའི་སྒོ་ནས་གསོལ་བ་གདབ་དགོས་པས། གཞུང་འདི་ཉིད་འཁྲུགས་ཀྱི་ཚུལ་དུ་སྦྱར་ན་དང་པོར། ཞིམ་པའི་བཟའ་བ་བཏུང་བ་དང༌། བ་ལ་ཆེ་མཆོག་མ་ད་ན། །ཞེས་པས་ཚོགས་ཀྱི་འཁོར་ལོ་ནང་གི་མཆོད་པ་བསྟན་ཏེ། དེ་ལ་ཞིམ་པའི་བཟའ་བ་ནི། འབྲས་ཆེན་དང་སྟ་རུ་ལ་སོགས་པའོ། །བདུག་པ་ལྷ་བཤོས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས། ཕྱི་རོལ་རྫས་ཀྱི་མཆོད་པ་བསྟན་ཏོ། །དེ་ནས་གསོལ་བ་གདབ་པ་ནི། ཇི་ལྟར་དབང་བསྐུར་གསོལ་བཏབ་པའི། །ཞེས་པ་སྟེ། མཆོག་དབང་རྣམ་པ་གཉིས་བསྐུར་བར་བྱ་བའི་ཆེད་དུ་གསོལ་བ་འདེབས་པའོ། །སློབ་མའི་བྱ་བ་བཤད་པར་བྱ། །ཞེས་པའི་སློབ་མའི་བྱ་བ་ནི་བླ་མ་མཆོད་པ་དང༌། དབང་བསྐུར་བར་གསོལ་བ་གདབ་པའོ། །བླ་མ་ཕྱག་རྒྱར་ལྡན་མཐོང་ནས། །ཞེས་པ་སློབ་མས་སོ། །བསྟོད་དང་མཆོད་པ་ཟེར་ཡང༌། །མཆོད་དང་བསྟོད་པ་ཇི་བཞིན་བྱ། །ཞེས་སྦྱར་ཏེ། མཆོད་པ་ནི་གོང་གི་རྣམ་པ་གསུམ་མོ། །བསྟོད་པ་ནི་གསོལ་བ་གདབ་པའི་ཚིག་འདི་རྣམས་ཀྱིས་བསྟོད་པ་སྟེ། དེ་ལ། བཅོམ་ལྡན་ཞི་བ་ཆེན་པོ་ནི། །བདག་སློབ་མའི་ངོ་གང་ལ། བླ་མ་དེ་མཚན་མ་དང་རྣམ་རྟོག་ཞི་བར་འདུག་པས་སོ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །ཞེས་པ་བླ་མ་སྟེ་ཕྱག་རྒྱ་དང་དབྱེར་མི་ཕྱེད་པར་དབང་གི་དོན་བསྒོམ་པར་བཞེད་པའོ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །ཞེས་པ་མཐར་ཐུག་གི་འབྲས་བུ་ས་བཅུ་གསུམ་པའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་བསྒྲུབ་པའོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཞེས་པ་ཕྱག་རྒྱ་དང་ལྷན་ཅིག་དབང་གི་དོན་བསྒོམ་པ་ལས་དབང་གི་ཉམས་མྱོང་རྟོགས་པ་བྱུང་བས་ནའོ། །ཇི་ལྟར་ཁྱོད་ནི་རྣལ་འབྱོར་ཆེ། །ཞེས་པ་སློབ་མའི་ངོ་གང་ལ། བླ་མ་དེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་མཐོང་བས་ནའོ། །མངའ་བདག་ཅེས་བླ་མ་ལ་བོས་ནས་སློབ་མ་བདག་ལ་དབང་གསུམ་པའི་ཉམས་མྱོང་དེ་ལྟ་བུ་རྒྱུད་ལ་སྐྱེ་བར་མཛོད་ཅིག་ཅེས་པའོ། །ཁྱོད་ལ་དེ་ལྟ་བུའི་རྟོགས་པ་བསྐྱེད་དགོས་སམ་སྙམ་པ་ལ། འཁོར་བའི་འདམ་གྱི་ཚོགས་ནང་དུ། །ཞེས་སོགས་སྨོས་སོ། །དེ་ལྟར་སློབ་མའི་བྱ་བ་རྫོགས་པ་དང༌། སྟོན་པས་ཤེས་རབ་རབ་ཏུ་མཆོད། །ཅེས་པ་ལ་སོགས་པ་སྨོས་སོ། །རབ་ཏུ་མཆོད་པ་ནི་ཀུན་དུ་རུའི་མཆོད་པས་སོ། །བརྗོད་པར་བྱས་ནས་གཏད་པར་བྱ། །ཞེས་སློབ་མ་ལ་ཕྱག་རྒྱ་གཏད་པའི་དུས་སུ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་པའི་ཚིགས་སུ་བཅད་པ་དང་བཅས་པས་གཏད་པར་བྱའོ། །ཕྱག་རྒྱ་བདེ་བ་ལྡན་པ་ཆེ། །ཞེས་པ་སྒྲུབ་པ་པོའི་རྒྱུད་ལ་བདེ་བ་སྐྱེ་བར་བྱེད་པས་སོ། །ད་ནི་མཆོག་དབང་གི་ངོ་བོ་ཉིད་བསྟན་པར་འདོད་ནས། སྟོན་པས་སྨྲས་པ་སེམས་དཔའ་ཆེ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཅེས་པ་ལ་སོགས་སྨོས་ཏེ། མཆོག་ཏུ་གྱུར་པ་ནི་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པས་ན། ལྷན་ཅིག་སྐྱེས་པའི་དགའ་བའོ། །དུས་ནམ་གྱི་ཚེ་སྐྱེ་སྙམ་ན། སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །ཞེས་བྱ་སྟེ། དགའ་བ་གསུམ་གྱི་མཐར་སྐྱེ་བའོ། །བདེ་བ་ཆེན་པོ་རྣམ་པར་ཟུང༌། །ཞེས་པ་དབང་གསུམ་པའི་ཉམས་མྱོང་ཞུ་བདེ་ལྷན་སྐྱེས་དེ་དང་མི་འབྲལ་བར་གྱིས་ཤིག་པའོ། །ད་ནི་ཚིག་ཉིད་རིན་པོ་ཆེ་བཞི་པ་འཆད་པར་འདོད་ནས། སློབ་མ་སྙིང་རྗེ་ཅན་མཐོང་ནས། །ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཅེས་པ་དབང་གསུམ་པའི་ཉམས་མྱོང་འདི་ཉིད་དོ། །རྒྱུའི་རྒྱུད་དངོས་པོའི་གནས་ལུགས་ཀྱི་དབང་དུ་བྱས་ནས། དབང་གསུམ་པའི་ཉམས་མྱོང་ལྷན་སྐྱེས་དེས་དངོས་པོ་གསུམ་ཀུན་ལ་ཁྱབ་པས་ན། ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་བྱའོ། །གཉིས་དང་ཞེས་པ་ཞུ་བདེ་བའམ་གཟུང་འཛིན་གཉིས་སོ། །གཉིས་སུ་མེད་པའི་ཚུལ་ཞེས་པ་དེ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་གཅིག་པས་ནའོ། །དངོས་དང་དངོས་མེད་ནི་ཞུ་བདེའོ། །བདག་ཉིད་གཙོ་ཞེས་པ་དེ་གཉིས་ཀའང་ལྷན་སྐྱེས་གཅིག་གི་ངོ་བོ་ཡིན་པས་སོ། །ཡང་ན་ལྷན་སྐྱེས་དེས་བརྟན་གཡོ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་གནས་པས་ན། བརྟན་དང་གཡོ་བ་ཁྱབ་གནས་པའོ། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་པ་ནི་སྣང་ལ་རང་བཞིན་མེད་པས་དོན་བྱེད་མི་ནུས་པའོ། །དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ལ། །བཅོམ་ལྡན་བདག་ནི་འཁྲུལ་གྱུར་པས། །ཞེས་གོང་དུ། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་གྲོལ་བར་འགྱུར། །ཞེས་བཤད་པ་ལས་འགྲེའོ། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ལ། །ཞེས་པ་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ལ་ཟེར་རམ་སྙམ་ནས་ཐེ་ཚོམ་སྐྱེས་པའོ། །དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །ཞེས་པ་དཀྱིལ་འཁོར་ལ་མཎྜལ་ཟེར་ལ། མ། མ་ནུ་ས་ར་ན། དཀྱིལ་ལམ་སྙིང་པོ་ཡིན་ལ། འཁོར་ནི་ལའི་སྒྲ་ལས་དྲངས་ན། ལ་ལ་ཏི་གྲྀཧྣ་སྟེ་ལེན་ཅིང་གཅོད་པར་བྱེད་པ་ཡིན་ལ། གང་ལེན་ན། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པ་བྱང་སེམས་ལེན་ཅིང་མངོན་དུ་བྱེད་པའོ། །འོ་ན་ཐབས་གང་གིས་མངོན་དུ་འགྱུར་སྙམ་ན། བོལླ་ཀཀྐོ་ལ་སྦྱོར་བས། །ཞེས་བྱ་སྟེ། དེའི་བདེ་བ་ནི་མཆོག་གི་ཟེ་བར་མངོན་དུ་བྱས་པའི་ཞུ་བདེ་ཐ་མི་དད་དོ། །ད་ནི་དབང་གི་ལེའུ་དང༌། འདི་ཉིད་ཀྱི་འདས་མ་ཐག་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གསུངས་པ་དེའི་དམ་ཚིག་དང་སྡོམ་པ་མ་ཚང་བ་ཁ་བསྐང་བའི་ཕྱིར་གསུངས་པ། སྡོམ་པ་ཞེས་བྱ་གང་གིས་དང༌། །དམ་ཚིག་གང་གིས་གནས་པར་བགྱི། །ཞེས་པ་སྟེ། དེ་ལ་སྡོམ་པ་ནི་སྤང་བྱ་སྤོང་བ་ཡིན་ལ། དམ་ཚིག་ནི་གཉེན་པོ་བསྐྱེད་པའམ། ཡང་ན་སྡོམ་པ་ནི་སྔར་ཐོབ་པ་ཡིན་ལ། དམ་ཚིག་ནི་ཕྱིས་སྲུང་བའམ་ཡང་ན་རྣམ་གྲངས་སུ་བྱ་གསུང༌། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ལ་སོགས་པའི་དོན་ནི་གཉིས་ཏེ། ལས་དང་པོ་པ་ལ་སྒྲ་ཇི་བཞིན་མ་ཡིན་པར་བཤད་པ་དང༌། དྲོད་དམ་ཡེ་ཤེས་ཐོབ་པ་ལ་སྒྲ་ཇི་བཞིན་པར་བཤད་པའོ། །དེ་ལ་དང་པོའི་དབང་དུ་བྱས་ན། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་སྲོག་དང་འདྲ་བར་ཁམས་གསུམ་འཁོར་བར་ཁྲིད་ཅིང་གནས་པར་བྱེད་པས་ན་སྲོག་སྟེ། ང་བདག་ཏུ་འཛིན་པ་སྤོངས་ཤིག་པའོ། །རྫུན་གྱི་ཚིག་སྨྲ་བ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྒྲོལ་ལོ་ཞེས་བསྒྲལ་བར་མི་ནུས་བཞིན་དུ་ཁས་བླང་བའོ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང༌། །ཞེས་པ་སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པར་གྱིས་ཤིག་པའོ། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་པ་རང་གི་རིགས་ཀྱི་ཕྱག་རྒྱ་མ་རྙེད་ན། རིགས་གཞན་གྱི་ཕྱག་རྒྱ་ཡང་སྟེན་ཅིག་པའོ། །དེ་ཉིད་དྲོད་དམ་ཡེ་ཤེས་ཐོབ་པ་ལ་སྒྲ་ཇི་བཞིན་པར་བཤད་ན། ཁྱོད་ཀྱི་སྲོག་ཆགས་གསད་པར་བྱ་ནི། གདུག་པ་ཅན་བླ་མ་བརྙས་བྱེད་ལ་སོགས་པ་དེ། ཐབས་ལ་མཁས་པས་ཟིན་པར་བྱས་ལ་བསད་ཅེས་བྱའོ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཞེས་པ་ནང་ན་རྟོགས་པ་ཁྱད་པར་ཅན་ཡོད་ཅིང༌། དེ་ཁོ་ན་ཉིད་རྟོགས་པའི་འགལ་རྐྱེན་དུ་མི་འགྱུར་ན། དངོས་སུ་རྫུན་སྨྲ་བའོ། །ཕ་རོལ་པོ་སེར་སྣའི་ཀུན་ནས་ཉོན་མོངས་དང་བྲལ་བའི་ཕྱིར་དང༌། ལེན་པ་པོའི་བསམ་པ་ཚིམ་པར་བྱ་བའི་ཕྱིར་དང༌། བདག་ཉིད་རྟོགས་པའི་འགལ་རྐྱེན་དུ་མི་འགྱུར་ན་དངོས་སུ་མ་བྱིན་པར་ཡང་ལོང་ལ། གཞན་གྱི་བུད་མེད་ཀྱང་བསྟེན་ཞེས་བྱའོ། །སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །ཅེས་པ་ལ་སོགས་པ་ནི་དེ་ཉིད་ཀྱི་དོན་རྒྱས་པར་འཆད་པའོ། །ད་ནི་རྣམ་པར་དག་པའི་ལེའུ་དང༌། ལེའུ་འདི་ཉིད་ཀྱི་འདས་མ་ཐག་པ། ཡུལ་ལ་སོགས་པ་རྣམ་སྦྱོང་བྱེད། །ཅེས་གསུངས་པའི་དོན་གསལ་བར་འཆད་པ་ནི། དེ་ནས་རྣལ་འབྱོར་མ་ཐམས་ཅད་ཅེས་པ་ལ་སོགས་པས་སྟོན་ཏོ། །དེ་ལ་རང་བཞིན་གདོད་ནས་མ་སྐྱེས་པས། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཞེས་པ་ནི་ཆོས་ཅན་ཁམས་བཅོ་བརྒྱད་པོ་དེ། གློ་བུར་དུ་རྒྱུ་རྐྱེན་ལས་སྐྱེས་པས་ན་རྫུན་མིན་ནོ། །རང་བཞིན་གྱིས་གྲུབ་པ་མེད་པས་ན་བདེན་མིན་ཞེས་བྱའོ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར་ཏེ། སྣང་ལ་རང་བཞིན་མེད་པར་རོ། །འདི་ལྟ་སྟེ་གཙུབ་ཤིང་དང༌། ཞེས་པ་ལ་སོགས་པ་ནི། གློ་བུར་བའི་རྒྱུ་རྐྱེན་ལས་བྱུང་བས་རྫུན་མིན་གྱི་དཔེའོ། །མེ་འདི་གཙུབ་ཤིང་ལ་ཡང་མི་གནས་ཞེས་པ་ལ་སོགས་པས། རང་བཞིན་གྱིས་གྲུབ་པ་མེད་པའི་དཔེའོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག ཅེས་པ་ནི་གློ་བུར་དུ་རྒྱུ་རྐྱེན་ལས་སྐྱེ་ཡང་རང་བཞིན་གྱིས་གྲུབ་པ་མེད་པར་ཡིད་ལ་གྱིས་ཤིག་པའོ། །ད་ནི་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་བཤད་པར་འདོད་པས་ན། རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་ཐམས་ཅད་ཅེས་པ་ལ་སོགས་སྨོས་ཏེ། དེ་ལ་བདུད་རྩི་ལྔ་ཐོགས་ཤིང༌། །ཞེས་པ་ལ་སོགས་པ་ནི་གསང་བའི་མཆོད་པའོ། །ཀུན་དུ་རུའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད་ཅེས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ། བདུད་རྩི་ལྔའི་རོ་ལ་ཡང་འཐུང་བར་བྱེད་ཅེས་པ། ཆང་བདུད་རྩི་དང་བཅས་ཏེ་ནང་གི་མཆོད་པས་མཆོད་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་ནས། །ཞེས་པ་མཆོད་པ་གསུམ་གྱིས་མཉེས་པའོ། །དེ་ཉིད་བདག་གི་གསང་མཛད་པ། །ཞེས་པ་བདག་བྱིན་གྱིས་བརླབ་པའི་རིམ་པ་དེ་ཉིད་དོ། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །ཞེས་པ་དབང་གི་དོན་བསྒོམ་པའི་སྟོབས་ཀྱིས་སོ། །དགའ་བ་དང་རངས་པ་ནི་རྣམ་གྲངས་སམ། ཡང་ན་དང་པོ་དགའ། དུས་ཕྱིས་རངས་པར་འགྱུར་ཞེས་སྦྱར་རོ། །བཟའ་བཏུང་ཇི་ལྟར་རྙེད་པ་སྟེ། །འདི་ནི་བཟའ་བས་བཟའ་བའོ། །འདི་ནི་མི་བཟའ་སྙམ་པའི་རྣམ་རྟོག་སྤངས་པའོ། །འགྲོ་དང་འགྲོ་མིན་ཏེ། རྒྱལ་པོ་དང༌། རིགས་ངན་ལ་སོགས་པའི་ཁྱིམ་ལ་བཟང་ངན་དུ་མི་འཛིན་པའོ། །འདི་བྱར་མི་རུང་སྙམ་པ་ལ་སོགས་པའི་དོགས་པ་མེད་པའི་སེམས་ཀྱིས་སྤྱོད་པ་སྤྱད་ཅེས་པའོ། །གྲོང་གི་ཆོས་ནི་རབ་ཏུ་སྤང་སྟེ། ངོ་ཚ་ལ་སོགས་པའི་རྟོག་པ་སྤང་བའོ། །བློ་ལྡན་སྔགས་ནི་མི་བཟླ་ཞིང༌། །ཞེས་པ་དེ་ཉིད་ལ་མཆོག་ཏུ་ཞེན་པའི་ཚུལ་གྱིས་མི་བཟླ། དེ་ཁོ་ན་ཉིད་རྟོགས་པའི་འགལ་རྐྱེན་དུ་འགྱུར་ན་མི་བཟླ་ཐ་མལ་པའི་རྣམ་རྟོག་ཏུ་འགྲོ་ན་མི་བཟླའོ། །བསམ་གཏན་ཏེ། ལྷའི་རྣལ་འབྱོར་ཡང་སྐྱོན་གོང་མ་གསུམ་དང་ལྡན་ན་མི་བྱའོ། །ཡང་ནང་ན་དེ་ཁོ་ན་ཉིད་ཀྱི་རྟོགས་པ་བཟང་པོ་ཡོད་ན། གཉིད་ནི་སྤང་བར་མི་བྱ་བ་ལ་སོགས་པ་ཐམས་ཅད་བྱའོ། །ནང་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་ཡོད་ན། རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་འབྲེལ། བུ་བཙས་སྐྱེས་ནི་ཤ་མ། སྐྱུར་བ་ནི་རཀྟ། མངར་བ་ནི་དྲི་ཆེན། བསྐ་བ་ནི་ཤ་ཆེན། ཁ་བ་དང༌། ཚ་བ་དྲི་ཆུའི་རོའོ། །ལན་ཚྭ་ཐིག་ལེའི་རོའོ། །ད་ནི་རྣམ་པར་དག་པའི་ལེའུར་དབང་པོ་དྲུག་གི་དག་པ་མ་གསུངས་པས། དེ་ཁ་བསྐངས་ཏེ་འཆད་པ་ནི། དེ་ནས་ཞེས་པ་ལ་སོགས་པའོ། །མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་པ་མཉམ་གཞག་གི་དུས་སུ་མྃ་ལས་གཏི་མུག་རྡོ་རྗེར་བསྐྱེད་པའོ། །རྗེས་སྤྱོད་ཀྱི་དུས་སུ་མིག་གཏི་མུག་རྡོ་རྗེར་སྐད་ཅིག་གིས་བསྐྱེད་ལ། གཟུགས་ཐམས་ཅད་གཽ་རཱིར་ཡིད་ལ་བྱའོ། །རྣ་བར་ཌྃ་ལས་ཞེ་སྡང་རྡོ་རྗེ་མའོ། །སྣར་པྃ་ལས་སེར་སྣ་རྡོ་རྗེ་མའོ། །རྃ་ལས་ཁ་ལ་འདོད་ཆགས་རྡོ་རྗེ་མའོ། །ཨྃ་ལས་ལུས་ལ་ཕྲག་དོག་རྡོ་རྗེ་མའོ། །མཐར་ནྃ་ལས་ཡིད་ལ་བདག་མེད་རྣལ་འབྱོར་མར་བསྐྱེད་དོ། །རྗེས་ཀྱི་དུས་སུ་འདི་ཐམས་ཅད་ལ་དྲན་པ་ཙམ་བྱའོ། །དེ་ལྟར་སྐྱེ་མཆེད་བྱིན་གྱིས་བརླབ་པ་ལ་དགོས་པ་གསུམ་སྟེ། ཐ་མལ་གྱི་རྣམ་རྟོག་ལྡོག་པ་དང༌། བར་ཆད་མི་འབྱུང་བ་དང༌། ལུས་ཀྱི་བསྲུང་བར་འགྱུར་བའི་དགོས་པ་ཡོད་གསུངས། ད་ནི་བརྡའི་ལེའུར་ངག་བརྡ་མ་གསུངས་པས་དེ་ཁ་བསྐངས་ཏེ་སྟོན་པ་ནི། དགོངས་པའི་སྐད་ཅེས་པ་དོན་གཞན་དུ་གནས་པ་ལ་ཚིག་གཞན་གྱིས་སྟོན་པའོ། །སྐད་ཆེན་པོ་ནི་དོན་ཆེན་པོ་སྟོན་པས་སོ། །དམ་ཚིག་བརྡ་ནི་རྒྱས་པར་རུ། །ཞེས་པ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ། དམ་ཚིག་དང་དབང་བསྐུར་ཐོབ་པ་རྣམས་བརྡའི་སྒོ་ནས་སྨྲ་བར་བྱ་བ་ལས་མི་འདའ་བས་སོ། །བརྡ་འདི་དག་ཀྱང་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་བྱེད་ན་ནི་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། སྤྱོད་པའི་དུས་སུ་བྱེད་ན་སྦས་པའོ། །ཕྱག་རྒྱ་འདི་རྣམས་དངོས་གྲུབ་སྦྱིན། །ཞེས་པ་སྒྲུབ་པ་པོ་ལ་ལྷན་སྐྱེས་ཀྱི་རྟོགས་པ་བསྐྱེད་པས་སོ། །འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །ཞེས་པ་ཞུ་བདེ་ཐ་མི་དད་དུ་འགྱུར་བའོ། །བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང༌། །ཞེས་པ་བྱང་སེམས་དྲང་བའི་ནུས་པ་ཡོད་པས་སྔར་ཕབ་པའི་ལམ་དེ་ཉིད་ནས་ཡར་འདྲེན་པའོ། །འཚེ་བ་དང་ནི་ལ་སོགས་པ། །འདིའི་དབང་དུ་བྱས་པའོ། །གནས་བཞི་ལས་སྐྱེས་མཁའ་འགྲོ་མ། །ཞེས་པ་ལ་ཞིང་ལས་སྐྱེས་པའི་མཁའ་འགྲོ་མ་ནི་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་ལ་གནས་པ་ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་མ་རྣམས་སོ། །གནས་ལས་སྐྱེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་ཡུལ་ཉི་ཤུ་རྩ་བཞི་ན་གནས་པ་རྣམས་སོ། །རིགས་ལས་སྐྱེས་པ་ནི། མཁའ་འགྲོ་མར་ཡོད་པ་དེའི་བུ་མོ་དང་ཚ་མོ་ལ་སོགས་པ་ཐམས་ཅད་མཁའ་འགྲོ་མར་སོང་བའོ། །སྔགས་ལས་སྐྱེས་པ་ནི་སྔགས་འགའ་ཞིག་བཟླས་པའི་སྟོབས་ཀྱིས་མཁའ་འགྲོ་མར་སོང་བའོ།།  །།དེ་ནས་ཞེས་པ་ལེའུར་གསུམ་པའི་རྗེས་ལའོ། །རྡོ་རྗེ་སྙིང་པོ་ལ་སོགས་པ་དཔའ་བོའི་འཁོར་དང༌། རི་ཁྲོད་མ་ལ་སོགས་པ་རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་དང་མཉམ་པ་ཐམས་ཅད་གླུ་གར་ལ་སོགས་པའི་དོན་ལ། དང་པོར་ཐེ་ཚོམ་དུ་གྱུར། ཕྱིས་ཡིད་གཉིས་སུ་གྱུར་པའོ། །ཡང་ན་དོན་ལ་ཐེ་ཚོམ་དུ་གྱུར། ཚིག་ལ་ཡིད་གཉིས་སུ་གྱུར་ནས་སོ། །སྤྱོད་པའི་ལེའུར། གླུ་ནི་རྣམ་དག་སྔགས་སུ་བཤད། །གར་ནི་བསྒོམ་པར་བྱ་བ་ཉིད། །ཅེས་པ་ལ་སོགས་པ་གླུ་གར་ཇི་ལྟར་བྱ་བ་གསུངས་པ་ལ་གླུ་གར་གྱི་དགོས་པ་མ་གསུངས་པས། ལྷ་གང་གི་རྣལ་འབྱོར་གྱིས་བྱ་བ་དང༌། དུས་ནམ་གྱི་ཚེ་བྱ་བ་དང༌། གླུ་ཉིད་ངག་ཏུ་ཇི་ལྟར་བླང་བའི་ཚིག་མ་གསུངས་པས། དེ་གསལ་བར་འཆད་པའོ། །ཡང་ལྷ་དབང་བསྐུར་བའི་ལེའུར་དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་མཚོན་ཏོ། །ཞེས་བྱ་བ་ཙམ་གསུངས་ཀྱི། ལྷ་མོ་གང་གི་ཕྱག་རྒྱའམ་རིགས་ཀྱི་བདག་པོ་གང་ཡིན་པ་དང༌། རིགས་ཀྱི་བདག་པོའི་རྒྱས་བཏབ་པའི་ཕན་ཡོན་མ་གསུངས་པས། དེ་གསལ་བར་སྟོན་པའོ། །ཡང་སྔགས་ཀྱི་ལེའུར་ཨ་ཀཱ་རོ་ལ་སོགས་པའི་སྔགས་གསུངས། དབང་གི་ལེའུར། གོང་གི་ཨ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་རྣམ་པར་སྦྱིན། །བྱ་བ་ཙམ་གསུངས་ཀྱང༌། གཏོར་མའི་དགོས་པ་དང༌། སྔགས་ཉིད་ཀྱང་རྒྱས་པར་མ་གསུངས་པས། དེ་གསལ་བར་སྟོན་པའོ། །ཡང་སྔགས་ཀྱི་ལེའུར་ལྷ་མོ་བཅོ་ལྔའི་ཕྲེང་སྔགས་ཙམ་གསུངས་ཀྱང༌། ལྷ་མོ་བཅོ་ལྔ་པོ་དེ་དག་ཨཱ་ལི་གང་གི་ངོ་བོ་ཉིད་ཡིན་པ་མ་གསུངས་པས། དེ་གསལ་བར་འཆད། ཡང་རྡོ་རྗེ་རིགས་ཀྱི་ལེའུར། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའོ། །ཞེས་པས། ལས་ཀྱི་སྒོ་ནས་གྲངས་ཙམ་གསུངས་ཀྱང༌། དེ་ཉིད་ལྷ་མོ་གང་གི་ངོ་བོར་དག་པ་མ་གསུངས་པས། དེ་གསལ་བར་སྟོན་པའོ། །དེ་ལ། དྲན་པ་མི་འཕྲོགས་རྣལ་འབྱོར་ལས། །ཞེས་པ་ཐ་མལ་གྱི་རྣམ་རྟོག་གིས་མི་འཕྲོགས་པའོ། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །ཞེས་པ་ནི། གླུ་གར་གྱི་ལྷའི་རྣལ་འབྱོར་ཏེ། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཆགས་བྲལ་མིན་གོམས་ལ་སོགས་པའོ། །དེ་ལ་རྡོ་རྗེ་ཆོས་དང་ཞེས་པ་སྣང་བ་མཐའ་ཡས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། གླུ་གར་ལྷ་གང་གི་རྣལ་འབྱོར་གྱིས་བྱ་བའོ། །རྣལ་འབྱོར་མ་དང་མ་མོ་ཡིས། །ཞེས་པ་སྣང་བ་མཐའ་ཡས་ཀྱི་ཡུམ་གོས་དཀར་མོ་དང༌། རྣམ་སྣང་གི་ཡུམ་སྤྱན་མའི་རྣལ་འབྱོར་གྱིས་གླུ་གར་བྱ་བར་འབྲེལ་ལོ། །གང་དུ་གུས་པར་གླུ་ལེན་ལ་སོགས་པ་ནི། དུས་སམ་གནས་གང་དུ་གླུ་གར་བྱ་བའོ། །གླུ་ཡི་མཐའ་ནས་ཞེས་པ་ནི། གླུ་ཡི་རྗེས་ལའོ། །བ་ལང་ཚེའི་སྒྲ་ནི་ཅེ་སྤྱང་གི་སྒྲའོ། །ཕྱི་རོལ་ཚལ་དུ་ནི་དུར་ཁྲོད་དུའོ། །ད་ནི་ལྷ་དབང་བསྐུར་བའི་ལེའུར་རིགས་ཀྱི་བདག་པོས་མཚན་པར་གསུངས་པའི་དོན་གསལ་བར་སྟོན་པར་འདོད་ནས། ཕྱག་རྒྱ་རྟགས་དང་ཞེས་པ་ལ་སོགས་པ་སྨོས་ཏེ། གདབ་པར་བྱ་བའི་དོན་གྱིས་ན་རྒྱའོ། །མཚོན་ཅིང་གོ་བར་བྱེད་པས་ན་རྟགས་སོ། །རང་གི་རིགས་མཚོན་ཅིང་མ་ནོར་བར་བྱེད་པས་ན་མཚན་མའོ། །འདིས་ནི་ཞེས་པ་རང་རང་གི་རིགས་ཀྱི་བདག་པོས་མཚན་པ་འདིས་སོ། །རིགས་ནི་མཚོན་པར་བྱ། ཞེས་པ་རང་རང་གི་རིགས་གང་ཡིན་པ་མཚོན་ཅིང་ངོ་ཤེས་པར་བྱེད་པའོ། །རིགས་ཀྱི་བདག་པོས་མཚན་པར་མ་བྱས་ན་ཅི་ཉེས་སྙམ་ན། རིགས་འཆོལ་སྒོམ་པའི་སྦྱོར་བ་ལས། །རིགས་ལྔའི་དངོས་གྲུབ་མེད་ཅིང༌། རིགས་ལྔ་པོ་དེ་སྒྲུབ་པའི་སྒྲུབ་པ་པོ་མེད་ཅེས་བྱའོ། །ད་ནི་རིགས་གང་གིས་ཕྱག་རྒྱ་གང་ཡིན་པ་གསལ་བར་སྟོན་པ་ནི། ཞེ་སྡང་ཕྱག་རྒྱས་བདག་མེད་མ། །ཞེས་བྱ་སྟེ། མི་བསྐྱོད་པ་དང་བདག་མེད་མ་གཉིས་ཀ་འབྱུང་བ་ན་ཆུ་ཁམས་རྣམ་པར་དག་པ་ཡིན་ལ། ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་སོ། །གཏི་མུག་ཕྱག་རྒྱས་རྡོ་རྗེ་མ། །ཞེས་པ་གཏི་མུག་རྣམ་པར་དག་པའི་ལྷ་རྣམ་སྣང་དེ་དང༌། རྡོ་རྗེ་མ་གཉིས་ཀ་འབྱུང་བ་ན་ས་དང༌། ཕུང་པོ་ན་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཆོས་མཐུན་ཙམ་གྱི་སྒོ་ནས་རྣམ་པར་གཞག་པའོ། །སེར་སྣ་སྟེ་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱས་ལྷ་མོ་དཀར་མོ་ལ་གདབ་ཅིང་མཚོན་ཏེ། དེ་གཉིས་ཀ་ཡང་འབྱུང་བ་ན་ནམ་མཁའ་དང༌། ཕུང་པོ་ན་ཚོར་བའི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཆགས་པ་སྟེ་འདོད་ཆགས་རྣམ་པར་དག་པ་འོད་དཔག་མེད་ཀྱིས། ཆུ་མ་ལ་ཕྱག་རྒྱས་གདབ་སྟེ། དེ་གཉིས་ཀའང་འབྱུང་བ་ན་མེའི་ཁམས་དང༌། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཕྲག་དོག་སྟེ་ཕྲག་དོག་རྣམ་པར་དག་པ་དོན་ཡོད་གྲུབ་པ་དེས་མཁའ་འགྲོ་མ་ལ་ཕྱག་རྒྱས་གདབ་སྟེ། དེ་གཉིས་ཀའང་འབྱུང་བ་ན་རླུང་དང༌། ཕུང་པོ་ན་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་སྔགས་ཀྱི་ལེའུར་གསུངས་པའི་དོན་གསལ་བར་སྟོན་པ་ནི། ཨཱ་ལི་དང་པོ་བདག་མེད་མ། །ཞེས་པ་འཕར་མ་གཉིས་ཡོད་པའི་ནང་མའི་དབུས་སུ་ཉི་ཟླ་གཉིས་ཀྱི་བར་དུ། ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་བསྐྱེད་ལ། དེ་ལས་བདག་མེད་མའི་སྐུར་བསྐྱེད་པ་སྟེ་དེས་འགྲེ། ད་ནི་རྡོ་རྗེ་རིགས་ཀྱི་ལེའུར་རྩ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་དེའི་དོན་གསལ་བར་སྟོན་པ་ལས། རྡོ་རྗེ་རིགས་ཀྱི་ལེའུར་རྩ་སུམ་ཅུ་རྩ་གཉིས་གསུངས་པ་དེའི་རྣམ་པར་དག་པ་སྟོན་པ་ནི། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་གསུངས་པ་ལ་རྩ་སུམ་ཅུ་སོ་གཉིས་པ་རྩ་བདུད་འདྲལ་མ་དེའི་རྣམ་པར་དག་པ་མ་གསུངས་པས། དེའི་རྣམ་དག་མི་གསུང་བའི་འཐད་པ་བསྟན་པ་ནི། གང་ཕྱིར་ཞེས་པ་ལ་སོགས་པ་སྟེ། དམ་ཚིག་རྡོ་རྗེ་རྗེས་འབྲང་དང་བཅས་པ་ནི། རྩ་བདུད་འདྲལ་མ་དེ་སྟེང་གི་མཁའ་སྤྱོད་མས་བསྡུས་པར་བཞེད་གསུངས། གང་ཕྱིར་ཞེས་པ་ནི་རྒྱུའམ། གཏན་ཚིགས་གང་གི་ཕྱིར། ཨཱ་ལི་བཅུ་དྲུག་པ། ཨཿཚེག་དྲག་ཅན་དེ་ལྷ་མོ་བསྐྱེད་པའི་ས་བོན་དུ་མི་བཞག་ཅེ་ན། ཞེས་དྲིས་པའི་ལན་དུ། གང་ཕྱིར་བཅུ་དྲུག་ཆ་མེད་པས། །ཞེས་པ་ཨཱ་ལི་བཅུ་དྲུག་པ་དེས་ལྷ་མོ་སྐྱེད་པར་མི་བྱེད་པས་ན། བཅུ་དྲུག་ཆ་མེད་པའམ། ཡང་ན་སྔགས་སུ་བཤད་ན། རྩ་སུམ་ཅུ་རྩ་གཉིས་པ། རྩ་བདུད་འདྲལ་མ་དེས་བུ་ཚའི་སོ་དང་སེན་མོ་ལ་སོགས་པ་འཁོར་བའི་ཆོས་བསྐྱེད་པའི་བྱ་བ་མི་བྱེད་པས་ནའོ། །ཡང་དབང་ལྟར་བཤད་ན། དགའ་བ་རྣམ་པ་བཅུ་དྲུག་གི་མཐའ་བཅུ་དྲུག་པ། ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་པ་དེས། རྣམ་རྟོག་བསྐྱེད་པའི་བྱ་བ་མི་བྱེད་པས་ནའོ། །ཡང་དཔེའི་དབང་དུ་བྱས་ན་ཚེས་བཅོ་ལྔ་མན་ཆད་ཀྱིས་ཟླ་བ་འཕེལ་བའི་བྱ་བ་བྱེད་ལ། ཚེས་བཅུ་དྲུག་པ་དེས་ཟླ་བ་འཕེལ་བའི་བྱ་བ་མི་བྱེད་པས། བཅུ་དྲུག་ཆ་མེད་པས་ཞེས་བྱའོ། །དེ་ལྟར་ན། འབད་པ་ཀུན་གྱི་ལྷག་མ་སྟེ། ཨཱ་ལི་བཅོ་ལྔ་ལས་ལྷག་མ་བཅུ་དྲུག་པ་དེ་སྤང༌། རྩ་སུམ་ཅུ་སོ་གཅིག་ལས་ལྷག་མ་སོ་གཉིས་པ། བདུད་འདྲལ་མ་དེ་སྤང༌། དགའ་བ་བཅུ་དྲུག་པ་དེ་སྤང༌། དཔེའི་དབང་དུ་བྱས་ན་ཚེས་བཅོ་ལྔ་ལས་ལྷག་པའི་བཅུ་དྲུག་པ་དེ་སྤངས་ཏེ། ཟླ་བ་འཕེལ་བའི་བྱ་བ་མི་བྱེད་པས་ཞེས་བྱའོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་པ་བཅུ་དྲུག་པའི་ལྷ་མོ་བསྐྱེད་པའི་ས་བོན་དུ་མི་འཆད་པའི་རྒྱུ་མཚན་འདྲི་བའོ། །དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་པ་ཨཱ་ལི་བཅུ་དྲུག་པ་དེས་ལྷ་མོ་བསྐྱེད་པའི་བྱ་བ་མི་བྱེད་ལ། དགའ་བ་བཅུ་དྲུག་པ་དེས། རྟོག་པ་བསྐྱེད་པའི་བྱ་བ་མི་བྱེད་ལ། ཚེས་བཅུ་དྲུག་པ་དེས་ཟླ་བ་འཕེལ་བའི་བྱ་བ་མི་བྱེད་པས་སོ། །འོ་ན་ཨཱ་ལི་བཅོ་ལྔ་པོ་དེ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་དམ་ཞེ་ན། བཅོ་ལྔ་ཆ་ཡི་བདག་ཉིད་ཀྱིས། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །ཞེས་སྨོས་ཏེ། བཅོ་ལྔ་པོ་དེས་ལྷ་མོ་བསྐྱེད་པའི་བྱ་བ་བྱེད་ཅེས་པའོ་གསུངས། །ཕྱིས་འོ་ན་ཨཱ་ལི་བཅུ་དྲུག་པ་དེས་བྱ་བ་ཅི་ཡང་མི་བྱེད་དམ་སྙམ་ན། ཡབ་ཧེ་རུ་ཀ་སྐྱེད་པར་བྱེད་ཟེར་བ་ནི། བཅོ་ལྔ་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་སྟེ། བཅོ་ལྔའི་ཆ་ནི་བཅུ་དྲུག་པ་ཡིན་པས་ཨཿཚེག་དྲག་ཅན་དེའི་ཟླ་བ་སྟེ། རྩ་བདུད་འདྲལ་མ་དེའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཨཿཚེག་དྲག་ཅན་གྱི་རྣམ་པར་གནས་པ་དེའོ། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །ཞེས་པ་ཡབ་ཧེ་རུ་ཀའི་ངོ་བོ་ཉིད་དུ་འགྱུར་ཞེས་བྱའོ། །ཡང་རྩ་བདུད་འདྲལ་མ་དེ། ཀུན་འདར་གྱི་ཆ་ཤས་ཡིན་པས་ན་ཡང༌། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས་ཏེ། མི་རྟོག་པ་བསྐྱེད་པས་སོ། །དགའ་བ་བཅུ་དྲུག་པ་དེ་རྟོག་བཅས་ཀྱི་དགའ་བ་བཅོ་ལྔས་བསྒྲུབས་པའི་འབྲས་བུ་ཡིན་པས་ན་ཡང༌། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །ཞེས་བྱའོ། །ཡང་ན་ཚེས་བཅུ་དྲུག་པ་དེ་བཅོ་ལྔ་མན་ཆད་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་པས་ན་ཡང༌། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས་སོ། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་པ་ཨཱ་ལི་བཅོ་ལྔས་བསྐྱེད་པའི་རྣལ་འབྱོར་མ་བཅོ་ལྔ་པོ་དེ། བཅུ་དྲུག་པ་དེས་བསྐྱེད་པའི་ཡབ་ཧེ་རུ་ཀ་དེའི་ཆ་ཤས་སམ་འཁོར་ཡིན་ཞེས་པའམ། ཡང་ནི་རྩ་སུམ་ཅུ་རྩ་གཅིག་པོ་དེ་བདུད་འདྲལ་མའི་སྐྱེད་བྱེད་དམ་ཆ་ཤས་ཡིན་ཞེས་བྱའོ། །དབང་ལྟར་བཤད་ན་དགའ་བ་བཅུ་དྲུག་པ་དེ་སྐྱེད་བྱེད་དམ་ཆ་ཤས་ནི། བཅོ་ལྔ་པ་ཡིན་ཞེས་བྱའོ། །འོ་ན་ལྷའི་ལེའུར་ཡབ་ཧེ་རུ་ཀ་ནི་ཧཱུྃ་ལས་བསྐྱེད་པར་བཤད་ན། ཨཱ་ལི་བཅུ་དྲུག་གི་ཐ་མ་ཨཿཚེག་དྲག་ཅན་ལས་བསྐྱེད་པ་མི་རིགས་སོ་སྙམ་པ་ལ། ཨཿཚེག་དྲག་ཅན་དེའི་ཚེག་དྲག་གཉིས་ཞབས་སྐྱེད་དང༌། ཐིག་ལེར་བྱིན་པས་སྟོབས་ཀྱི་ཧཱུྃ་དུ་འགྲོ་ལ། དེ་ལས་བསྐྱེད་གསུང་ངོ༌། །རྣལ་འབྱོར་མ་ཀུན་ལས་བྱུང་བ། །ཞེས་པ་རྣལ་འབྱོར་མ་ནི་རྩ་སུམ་ཅུ་རྩ་གཉིས་པོ་དེ་ལས་བྱང་ཆུབ་ཀྱི་སེམས་བྱུང་བས་ན། རྣལ་འབྱོར་མ་ཀུན་ལས་བྱུང་བའོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཉིད། །ཅེས་པ་རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆོས་བཞི་ལྡན་ནོ། །འགྲིབ་མེད་ནི་རྟེན་ཐིག་ལེ་དེ་ལ་བརྟེན་ནས་སྐྱེས་པའི་རང་རིག་པ་གསལ་བ་ལ་བྱ་སྟེ། མཚན་མ་དང་རྣམ་པར་རྟོག་པས་མི་འགྲིབ་པས་སོ། །བཏུང་བ་མཆོག་ནི་བྱང་ཆུབ་ཀྱི་སེམས་ཞུ་བའོ། །ནམ་མཁའ་ནི་དེ་ལ་བརྟེན་པའི་མི་རྟོག་པའོ། །དེས་ན་ག་བུར་ཏེ་ཐིག་ལེ་ཆོས་བཞི་ལྡན་དེ་ཐིག་ལེ་བཟུང་བའི་ནུས་པ་ཡོད་པས་ཅི་ནས་ཀྱང་མི་སྤང་ཞེས་བྱའོ། །ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །ཞེས་པ་ནི་རྟེན་ཐིག་ལེ་དཀར་ལ་གསལ་བའི་རྣམ་པར་ཡོད་པ་སྟེ། དེ་ཡང་ཕྱག་རྒྱའི་འབད་རྩོལ་ལ་བརྟེན་ནས་སྐྱེ་བ་དང༌། རང་གི་ངོ་བོ་ཡང་མིག་གི་ཡུལ་དུ་བྱར་ཡོད་པས་ན། ཀུན་རྫོབ་ཀྱི་ཐབས་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་སྐྱེས་པའི་ཞུ་བདེ་དེ་ལ་བྱའོ། །དོན་དམ་བདེ་བའི་གཟུགས་ཅན་ཉིད། །ཅེས་པ་རང་བྱིན་རླབས་ཀྱི་ཐབས་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་དེ་ཕྱག་རྒྱའི་རྩོལ་སྒྲུབ་ལ་ལྟོས་མི་དགོས་ཤིང༌། རང་བྱུང་གི་ཡེ་ཤེས་དེའི་རང་གི་ངོ་བོ་ཡང་མིག་གི་ཡུལ་དུ་བྱར་མེད་པས་དོན་མ་ཞེས་བྱའོ། །འོ་ན་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་རང་གནས་གང་དུ་མངོན་དུ་བྱེད་སྙམ་ན། བུད་མེད་ཀོལླ་བདེ་བ་ཅན། །ཞེས་པ་སྟེ་བདེ་བ་སྐྱེ་བའི་གནས་ཡིན་པས་ཆོས་འབྱུང་ངོ༌། །ཨེ་ཝཾ་རྣམ་པའི་རང་བཞིན་ཅན། །ཞེས་པ་ཨེ་ནི་ཕྱག་རྒྱའི་ཆོས་འབྱུང་ངོ༌། །ཝཾ་ནི་དེའི་ནང་ན་གནས་པའི་ཀུན་འདར་གྱི་ཆ་ཤས་རྩ་མཛེས་པའི་སྤྱི་བོའོ། །བདེ་བ་སྲུང་བ་ཉིད་ཀྱི་ཕྱིར། །ཞེས་བྱ་བ་ནི་རྟེན་ཐིག་ལེ་མི་ཉམས་པར་བསྲུང་བའི་གནས་ཡིན་པས་ཆོས་འབྱུང་ཉིད་ལ་དེ་སྐད་ཅེས་བྱའོ། །དེ་ཡང་སངས་རྒྱས་གཅིག་ལྟ་བུས་བགྲོད་པའི་གནས་ཡིན་ནམ་སྙམ་ན་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གནས་དེ་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཞེས་སོགས་སྨོས་ཏེ། སངས་རྒྱས་ནི་ཁམས་བདུད་རྩི་ལྔའི་དྭངས་མའོ། །བྱང་ཆུབ་སེམས་དཔའ་ནི་དབང་པོ་དྲུག་གི་དྭངས་མའོ། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །ཞེས་པ་ནི་ཆོས་འབྱུང་གི་ནང་དུ་མངོན་དུ་བྱས་པའི་ཞུ་བདེ་དེ་ཉིད་ཐབས་ཀྱིས་མ་ཟིན་ན་འཁོར་བ་སྐྱེད་པར་བྱེད་པས་སོ། །དེ་ཉིད་ཐབས་ལ་མཁས་པ་ཁྱད་པར་ཅན་གྱིས་ཟིན་ན་འཁོར་བ་སྤོང་བའི་གཉེན་པོར་ཡང་འགྲོ་བས་ན། འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་བྱའོ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་པ་ནི་རྟེན་ཐིག་ལེ་སྤངས་ན་མྱ་ངན་ལས་འདས་པའི་ཉེ་རྒྱུ་ཟད་པས་གསུངས། འཁོར་བ་ཇི་ལྟ་བུ་སྙམ་ན། འཁོར་བ་གཟུགས་དང་ཞེས་པ་ལ་སོགས་པའོ། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་པ་ཐབས་ཀྱིས་ཟིན་ནའོ། །ཐབས་ཀྱིས་མ་ཟིན་ན་འཁོར་བར་སྐྱེ་བའི་རྒྱུ་བྱེད་པས་ན། རྨོངས་ཕྱིར་ཞེས་སྨོས་སོ། །རྨོངས་མེད་དེ། ཐབས་ལ་མཁས་པ་ཁྱད་པར་ཅན་གྱིས་ཟིན་ནའོ། །འཁོར་བ་དག་པ་ནི་ཐ་མལ་གྱི་རྣམ་རྟོག་གི་དུག་མེད་པའོ། །དེ་ལྟར་ན་འཁོར་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཞེས་པ་རྟེན་ཐིག་ལེ་དེ་ཐབས་ཀྱིས་ཟིན་ན་མྱ་ངན་ལས་འདས་པ་འཐོབ་པའི་ཉེ་བའི་རྒྱུ་ཐུན་མོང་མ་ཡིན་པ་བྱེད་པས་སོ། །ད་ནི་གོང་གི་དཀྱིལ་འཁོར་འཁོར་ལོའི་རྟེན་ཉིད་གསལ་བར་སྟོན་པ་ནི། ཤིན་ཏུ་བཞིན་བཟང་ལ་སོགས་པའོ། །དེ་ལ་གཟུགས་བཟང་བ་ནི་རི་དྭགས་ཀྱི་སྐེད་འདྲ་བ་ལ་སོགས་པའོ། །སྔོ་བསངས་ནི་ཁ་དོག་གི་ཁྱད་པར་རོ། །དལ་མ་ནི་རང་བཞིན་གྱིས་ཤེས་པའམ་རྒྱུད་དལ་བའོ། །སྐྲ་བཟང་བ་ནི་གསང་རྩ་ཁྱད་པར་དུ་འཕགས་པའོ། །སིཧླ་ག་པུར་འབྱུང་བའི་གནས། །ཞེས་པ་རྟེན་ཐིག་ལེ་རྒྱས་པ་སྟེ། ལང་ཚོ་དར་ལ་བབ་པའོ། །དེ་དག་གིས་རང་བཞིན་གྱི་ཡོན་ཏན་བསྟན་ནས། ད་ནི་སྦྱངས་པ་ལས་བྱུང་བའི་ཡོན་ཏན་སྟོན་པ་ནི། རང་གིས་དབང་བསྐུར་ཞེས་སོགས་སོ། །སྐྲ་བཟང་བ་ནི་ལི་བ་སྟེ། མུར་ཁོངས་ཀྱི་མཐའ་རྣམ་པར་མཛེས་པ་དེ་ནི་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རིམ་གྲོ་རྒྱས་པར་བྱ་བ་སྟོན་པ་ལས། དེར་ནི་ཆང་ཡང་བཏུང་བ་ཉིད། །ཅེས་པ་ཕྱག་རྒྱ་མའོ། །དེ་ནས་རང་ཡང་བཏུང་བ་ཉིད། །ཅེས་པ་ནི་རང་གི་ལུས་བརྟས་ཤིང་ཐིག་ལེ་རྒྱས་པར་བྱ་བའི་ཕྱིར་རོ། །རང་བཞིན་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་པ་རང་སྒྲུབ་པ་པོ་དང༌། གཞན་ཕྱག་རྒྱ་གཉིས་ཀས་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རོ། །ཕྱི་ནས་ཕྱག་རྒྱ་རྗེས་ཆགས་བྱ། །ཞེས་པ་འདུ་ཤེས་གསུམ་དང་ལྡན་པར་ཐབས་ཤེས་རབ་སྙོམས་པར་འཇུག་པའོ། །དེ་ལ་སྤྱིར་ཕྱག་རྒྱ་ཆེན་པོ་ཞེས་པ་ལྷའི་སྐུ་རྣམ་པར་མཛེས་པ་ཕྱག་རྒྱ་ཆེན་པོ་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་ཟེར་ལ། ཡང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་རྟེན་མིའི་བུ་མོ་རྒྱུད་ཡོངས་སུ་དག་པ་ལ་ཡང་ཕྱག་རྒྱ་ཞེས་བྱ་ཞིང༌། ཡང་རང་བྱུང་གི་ཡེ་ཤེས་སྐྱེ་བའི་རྟེན་གྱི་དབང་དུ་བྱས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན། རྩ་ཀུན་འདར་གྱི་ཆ་ཤས་ཨ་ཤད་ལྟ་བུའི་རྣམ་པར་ཡོད་པ་དེ་ལའང་ཕྱག་རྒྱ་ཆེན་པོ་ཟེར་ལ། མཐར་ཐུག་གི་འབྲས་བུ་ས་བཅུ་གསུམ་པའི་སྐུ་དང་ཡེ་ཤེས་དབྱེར་མེད་དེ་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་ཟེར་བས་ན་དོན་གཅིག་ལ་མངོན་པར་འཆོལ་བའི་ཉེས་པ་སྤང་བར་བྱའོ། །དེར་ནི་སྦྱོར་བ་ལས་བྱུང་བ། །ཞེས་པ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་སེམས་དེ། མཁས་པ་སྟེ་བྱང་སེམས་བཟུང་བའི་ཐབས་ཁྱད་པར་ལྔ་ལ་མཁས་པས་སོ། །མི་སྤང་བ་ནི་མི་ཉམས་པར་སྲུང་བའོ། །གལ་ཏེ་ཤོར་ནའང་དངོས་སུ་ལྕེས་བླང་གི་ལག་པ་ལ་སོགས་པས་བླང་བར་བྱ་བ་མ་ཡིན་པའོ། །བྱང་སེམས་གཟུང་བའི་དགོས་པ་ནི། ངེས་པར་བློ་དང་སྟོབས་ཀྱི་ཕྱིར། །ཞེས་པ་ཟག་པ་མེད་པའི་ཤེས་རབ་དང༌། སྟོབས་དང༌། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་བར་བྱ་བའི་ཕྱིར་རོ། །མི་འཆི་ལྕེ་ཡིས་བླང་བ་ཉིད། །ཅེས་པ་རྟེན་ཐིག་ལེ་དེ་ཐོག་མར་མི་ཉམས་པར་བསྲུང༌། ཉམས་ན་ལྕེས་ལེན་པ་རང་ཅིས་སྙམ་ན། ག་བུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །ཅེས་སྨོས་ཏེ། ཕྱི་དབྱིབས་ཀྱི་བདག་མེད་མ་ནི་སྐུ་མདོག་སྔོན་མོ་ཐོད་པ་དང་གྲི་གུག་ཐོགས་པ་དེ་ལ་ཟེར་ལ། སྔགས་སུ་བཤད་ན་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་ན་རྩ་ཀུན་འདར་གྱི་ཆ་ཤས་ཨ་ཤད་ལྟ་བུའི་རྣམ་པར་གནས་པ་ལ་ཟེར་ལ། དབང་ཆོས་སུ་བཤད་ན་མཆོག་གི་ཟེ་བར་མངོན་དུ་བྱས་པའི་རྟེན་ཐིག་ལེ་ཉིད་ལ་ནང་ལྟར་བཤད་པའི་བདག་མེད་མ་ཞེས་ཟེར་བས་ན། ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །ཅེས་པ་ཞུ་བདེ་ཐ་མི་དད་དུ་སྐྱེ་བའོ། །མཐར་ཐུག་དེ་ཁོ་ན་ཉིད་ཀྱི་བདག་མེད་མ་ནི། ཆོས་ཀྱི་སྐུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ལ་བྱའོ། །ད་ནི་རང་བྱུང་གི་ཡེ་ཤེས་དོན་དམ་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བའི་རྟེན་གྱི་དབང་དུ་བྱས་ནས། དེ་ཡི་བདེ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡི་བདེ་བ་ཟེར་ཡང༌། བདེ་བ་དེ་ཡི་ཞེས་བྱ་སྟེ་ལྟེ་བའི་ཨ་ཤད་ལྟ་བུ་དེར། མངོན་དུ་བྱས་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་དེ་ཉིད་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དོན་དམ་བྱང་ཆུབ་སེམས་དེ་སྐྱེ་བའི་གནས་གཙོ་བོའི་དབང་དུ་བྱས་ནས། ལྟེ་བའི་དཀྱིལ་འཁོར་དུ་ནི་བརྟག །ཅེས་བྱ་སྟེ། ལྟེ་བ་ན་རྩ་མདུད་གྲུ་གསུམ་ཨེའི་དབྱིབས་སུ་གནས་པ་དེའི་ནང་ན་རྩ་ཀུན་འདར་གྱི་ཆ་ཤས་ཨ་ཐུང་གི་དབྱིབས་སུ་གནས་པ་དེ། རང་བྱུང་གི་ཡེ་ཤེས་སྐྱེ་བའི་གནས་ཡིན་པས་སོ། །དང་པོའི་དབྱངས་ཡིག་ནི་ཨ་ཐུང་གི་དབྱིབས་སུ་གནས་པའོ། །དེ་ཉིད་ལ་བློའམ་ཤེས་རབ་ཅེས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བཏགས་ཤིང་བརྗོད་དོ། །ཕྱི་དབྱིབས་སུ་བཤད་ན། བདག་མེད་མའི་ས་བོན་ཨ་ཐུང༌། དེ་ཉིད་རྫོགས་པའི་རིམ་པའི་དབང་དུ་བྱས་ན་བཅོམ་ལྡན་ཤེས་རབ་མ་སྟེ། དེ་ཉིད་ལ་ནང་གསང་སྔགས་སུ་བཤད་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱའོ། །དེ་ཉིད་བདེ་ཆེན་ནས་ལྟེ་བའི་ཨཾ་གི་བར་དུ་གནས་པས་རིང་མིན་ཐུང་མིན་ཞེས་སོ། །ཨ་ཤད་ལྟ་བུ་ཀུན་འདར་གྱི་ཆ་ཤས་དེ། བ་ཐག་ལྟ་བུར་ཕྲ་བ་ཡིན་པས་ཕྱི་རོལ་གྱི་རགས་པའི་གྲུ་བཞི་སོགས་མིན་ཞེས་སྦྱར་རོ། །ལྟེ་བའི་གནས་སུ་མྱོང་བའི་བདེ་བ་དེ་ཡུལ་དྲུག་ཏུ་རྟོགས་པ་དང་བྲལ་བས་ན། དྲི་དང་ཞེས་སོགས་སྨོས་སོ། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །ཞེས་པ་ཤུ་ཀྲ་དང་བདེ་བ་ལྷན་ཅིག་སྐྱེས་པས། ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེད་པར་བྱེད་པས་ན། བྱེད་པ་ཅན་ཞེས་བྱའོ། །དེ་ལས་སྐྱེས་པ་ནི་ཨ་ཤད་ལྟ་བུ་དེ་ལས་སོ། །སྐྱེས་པའི་བདེ་བ་རྣལ་འབྱོར་པས་བཟའ་ཞེས་བྱའོ། །དེ་དང་ལྷན་ཅིག་སྟེ། བདེ་བ་དེ་དང་ཕྱག་རྒྱ་ཆེ། །ཞེས་པ་ལྟེ་བའི་ཨའོ། །ལྟེ་བའི་ཨ་དེ་ཉིད་བདེ་བ་སྐྱེ་བའི་གནས་ཡིན་པས་ན། ཟག་མེད་ཀྱི་བདེ་བ་སྦྱིན་པའི་དངོས་གྲུབ་འགྱུར། །ཞེས་བྱའོ། །ཨ་ཤད་ལྟ་བུར་མྱོང་བའི་བདེ་བ་དང་ཡུལ་དྲུག་བསྲེས་ནས་ཐ་མི་དད་དུ་བསྒོམས་པས་ན། གཟུགས་སྒྲ་ཞེས་སོགས་སྨོས་སོ། །ཤེས་རབ་ཀྱིས་ནི་སྤྱད་པར་བྱ། །ཞེས་པ་ནི་དེ་ཐམས་ཅད་བདེ་སྟོང་གི་ངོ་བོ་ཉིད་དུ་རྟོགས་པར་བྱ་བའོ། །རྟེན་ཐིག་ལེ་དང་བདེ་བ་ལྷན་ཅིག་ལྟེ་བའི་གནས་དེར་སྐྱེ་བས་ན། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །ཞེས་བྱའོ། །དེ་ཉིད་བདེ་བ་ཆེན་པོ་སྐྱེད་པར་བྱེད་པས་ན། བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །ཞེས་བྱའོ། །དེ་ཉིད་སྙིང་པོ་དམ་པ་ལེན་ཅིང༌། མཚན་མ་དང་རྣམ་རྟོག་གཅོད་པར་བྱེད་པས་ན་དཀྱིལ་འཁོར་འཁོར་ལོ་ཞེས་བྱའོ། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །ཞེས་པ་ཡེ་ཤེས་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བའི་རྟེན་བྱེད་པས་སོ། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་མཉམ་པ་མེད་པར་ཐུགས་སུ་ཆུད་པའོ། །ཡང་དག་གྱུར་པ་སོ་སོར་རྟོག །ཅེས་པ་ཆོས་ཅན་གྱི་དངོས་པོ་ཐམས་ཅད་སོ་སོར་མ་འདྲེས་པར་ཐུགས་སུ་ཆུད་པའོ། །དེ་ཉིད་བྱ་བ་ནན་ཏན་ཏེ། །ཞེས་པ་ལུས་ངག་ཡིད་གསུམ་ཞེན་པ་དང་བྲལ་བའི་བྱ་བ་ནན་ཏན་དུ་བྱེད་པས་སོ། །ཟག་མེད་ཀྱི་ཕུང་པོ་ལྔ་པོ་དེས་ཟག་མེད་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་བྱེད་པས་ན། ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །ཞེས་བྱའོ། །དེ་ཉིད་ལྟེ་བའི་ཨ་དེ། དཀྱིལ་འཁོར་བདག་པོ་སྟེ། ཡབ་ཧེ་རུ་ཀ་ཡང་དེ་ཉིད་ཡིན། །ཞེས་སྦྱར་རོ། །ཨ་དེ་ཉིད་ལ་ཆོས་དང་གང་ཟག་ཏུ་འཛིན་པ་མེད་པས་ན། དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་བདག་མེད་མ་ཞེས་སྦྱར་རོ། །འཁོར་ལོ་སྒོམ་པའི་ལམ་ནི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ངོ༌། །ཐམས་ཅད་བཅོམ་ལྡན་འདས་གསུངས་ན། ཞེས་པ་ལེའུ་བརྒྱད་པར་རོ། །དེའི་རྫོགས་རིམ་སྡོམ་པའི་རབ་ཏུ་དབྱེ་བ་ཡང་བཤད་དུ་གསོལ། །ཞེས་བྱ་སྟེ། སྡོམ་པའི་དབྱེ་བའང་བཤད་པར་བྱ། །ཞེས་པ་དེའི་གསལ་བྱེད་དོ། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཞེས་པ་ཨ་ཤད་ལྟ་བུར་མངོན་དུ་བྱས་པའི་བདེ་བའོ། །དེས་མཚན་མ་དང་རྣམ་རྟོག་སྡོམ་པར་བྱེད་པས་སྡོམ་པའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་པ་ཕྱི་རོལ་དུ་ཉན་ཐོས་ལུས་ངག་གི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསྡམས་པ་ལ་སྡོམ་པར་འཇོག་པ་བཞིན། འདིར་ཡང་རྣམ་རྟོག་བསྡམས་པ་ལ་སྡོམ་པར་འཇོག་པས་ན། ཕྱི་རོལ་དེ་བཞིན་ནང༌། ཞེས་བྱའོ། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་པ་གང་དུ་སྡོམ་པ་དང༌། གང་གིས་སྡོམ་པ་དང༌། གང་སྡོམ་པར་དབྱེ་བའོ། །བོལླའི་བདེ་བ་ནི་ཨ་ཤད་ལྟ་བུར་མངོན་དུ་བྱས་པའི་བདེ་བ་དེས། མཚན་མ་དང་རྣམ་པར་རྟོག་པ་ལ་རྒྱས་འདེབས་པར་བྱེད་པས་ན། ཕྱག་རྒྱ་ཆེ་ཞེས་བྱའོ། །རྡོ་རྗེ་སྐྱེ་མཆེད་ཅེས་པ་ནི་ལྟེ་བའི་ཨཾ་གི་གནས་སུ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་ཞིང་མཆོད་པར་བྱེད་པས་ནའོ། །ཐམས་ཅད་བདག་ཉིད་ཅེས་པ་ལྟེ་བའི་ཨཾ་དེ་བདེ་བ་བསྐྱེད་པའི་གནས་ཡིན་པས་སོ། །འདི་ནི་གསང་བའི་སྙོམས་འཇུག་པས། །ཞེས་པ་རྩ་ཀུན་འདར་གྱི་ཆ་ཤས་ཨ་ཤད་ལྟ་བུ་ཤེས་རབ། དེ་དང་བདེ་བ་སྟེ་ཐབས་དེ་གཉིས་སྙོམས་པར་ཞུགས་པའོ། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཅེས་པ་ཐབས་ཤེས་རབ་ཀྱི་བོལླ་དང་ཀཀྐོ་ལ་སྦྱར་བ་མེད་ཅེས་པའོ། །ཕྱི་རོལ་གཉིས་གཉིས་བཀག་པའོ། །བྱ་བའི་འགྱུར་ཡང་ཡོད་གསུངས། །སྐུ་གསུམ་འདུས་ཀྱི་ནང་དུ་ནི། །ཞེས་པ་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པའོ། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །ཞེས་པ་ལྟེ་བ་སྤྲུལ་པའི་འཁོར་ལོ་སྤྲུལ་པའི་སྐུ། སྙིང་ག་ཆོས་ཀྱི་སྐུ། མགྲིན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཅེས་པ་སྐུ་གསུམ་ན་གནས་པའི་བྱང་སེམས་དེ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་འཁོར་ལོ་ན་གནས་པར་གཅིག་པས་སྐུ་གསུམ་པོ་དེ་ཡང་བདེ་ཆེན་གྱི་འཁོར་ལོར་འདུས་པས་སོ། །མ་ལུས་པའི་སེམས་ཅན་ནི། འདོད་ཁམས་ཀྱི་སེམས་ཅན་རྣམས་ཀྱིའོ། །སྐྱེ་བའི་གཞིའམ་གནས་སུ་གང་ལ་བརྗོད་པར་བྱ། །ཞེས་པའོ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །ཞེས་པ་བུ་ཚ་ལ་སོགས་པ་འཁོར་བའི་ཆོས་སྐྱེད་པར་བྱེད་པས་སོ། །གང་གིས་བསྐྱེད་དང་སྤྲུལ་བྱེད་པ་ནི། ནི་རམ་དེར་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་བ་དང་རྣམ་བྱང་སྤྲུལ་ཞིང་སྐྱེད་པར་བྱེད་པས་ནའོ། །དེས་ན། སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །ཅེས་བྱའོ། །སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཟེར་ཡང༌། ཆོས་ནི་སེམས་ཀྱི་རང་བཞིན་ཏེ། །ཞེས་བྱ་སྟེ། ཆོས་ཐམས་ཅད་སྙིང་ངམ་སེམས་ལས་བྱུང་བའི་ཕྱིར། ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །ཞེས་བྱའོ། །རོ་རྣམ་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་ཕྱིར། །ཞེས་པ་མགྲིན་པ་དེ་རོ་དྲུག་པོ་ཀུན་ལ་ལོངས་སྤྱོད་པའི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱི་བོ་བདེ་བ་ཆེན་པོའི་གནས། །ཞེས་པ་བྱང་སེམས་ཕལ་ཆེར་དེ་ན་གནས་པས་སོ། །ཨེ་ཝྃ་རྣམ་པ་རྒྱུ་མཐུན་ཉིད། །ཅེས་པ་ལྟེ་བའི་ཨེ་གྲུ་གསུམ་དང༌། ཝྃ་སྟེ་ཀུན་འདར་གྱི་ཆ་ཤས་སོ། །རྒྱུ་མཐུན་པའི་རྒྱུ་ཡང་སུ་ཁ་བསྐྱེད་པའི་ཕྱིར་སྦར་བ་ལ་སོགས་པ་བྱེད་ལ། འབྲས་བུ་ཡང་བདེ་བ་འབྱུང་བས་ན་རྒྱུ་མཐུན་པའོ། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ཉིད། །ཅེས་པ་རྣམ་པར་སྨིན་པ་ནི་རྒྱུ་དང་མི་འདྲ་བ་སྨིན་པ་སྟེ། གཏུམ་མོ་སྦར་བ་ལ་སོགས་པའི་ལས་བྱ་མི་དགོས་ལ། འབྲས་བུ་བདེ་བ་མྱོང་བས་སོ། །རོ་དྲུག་ལ་ལོངས་སྤྱོད་པས་ན་མགྲིན་པར་ཙཎྜཱ་ལཱིའི་ཡེ་ཤེས་ཀྱིས་སླེབ་ཙམ་ན། ལོངས་སྤྱོད་སྐྱེས་བུས་བྱེད་པ་ཉིད། །ཅེས་བྱའོ། །བདེ་བའི་འཁོར་ལོ་དྲི་མེད་ཉིད། །ཅེས་པ་ནི་དེར་མངོན་དུ་བྱས་པའི་བདེ་བ་དེ་རྟོགས་པའི་དྲི་མ་དང་བྲལ་བས་ནའོ། །ད་ནི་སྔ་མ་དེ་ཉིད་ཀྱི་མཇུག་བསྡུ་བ་ནི། རྒྱུ་མཐུན་སོགས་པས་རབ་ཕྱེ་བའི། །ཞེས་སོགས་སྨོས་སོ། །ལས་ཀྱི་རླུང་ནི་བཤང་སྒོའི་རླུང་ངོ༌། །བསྐུལ་བ་ནི་སུམ་མདོའི་མེ་བསྐུལ་བའོ། །ལས་ལ་བཅོམ་ལྡན་ཤེས་རབ་མ། །ཞེས་པ་ནི་ལས་ཀྱི་རླུང་གིས་བསྐུལ་བའི་བྱང་ཆུབ་ཀྱི་སེམས་དེ་ཀུན་འདར་གྱི་ཆ་ཤས་ཨ་ཤད་ལྟ་བུའི་རྣམ་པར། ལྟེ་བའི་གནས་ན་ཡོད་པ་དེར་ཉམས་སུ་མྱོང་བས་ན་དེ་སྐད་ཅེས་བྱའོ། །ད་ནི་གོང་གི་འབྲས་བུ་བཞི་པོ་ཉིད་རྒྱས་པར་སྟོན་པ་ནི། ཇི་ལྟར་བྱས་པ་དེ་བཞིན་ནི། །རྒྱུ་འབྲས་རྗེས་མཐུན་པའོ། །རྣལ་འབྱོར་ནི་ཞུ་བདེའོ། །དག་ཕྱིར་དྲི་མེད་ཉིད། ཅེས་པ་སུ་ཙཀ་ཏུ་མྱོང་བའི་བདེ་བ་དེ་མཚན་མ་དང་རྣམ་པར་རྟོག་པའི་དྲི་མ་དག་པས་ནའོ། །བསྐྱེད་པ་སྐྱེས་བུས་བྱེད་པ་ཉིད། །ཅེས་པ་སྐྱེས་བུའི་དོན་བྱེད་པས་ནའོ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་པ་ཀའི་སྒྲ་ལས་ཀ་ནི་ཀ་ན། སྡེ་པའམ། དགེ་འདུན་ཡིན་ལ། ཀ་ཀཱ་ཡ་ན་སྐུར་འགྲོ་བས་སྟེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རྒྱུའི་རྒྱུད་ཀྱི་དབང་དུ་བྱས་ནས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན་ལ། དེའི་རྟེན་ཡིན་པས་ལུས་འདི་ལ་སངས་རྒྱས་སུ་སྟོན་པའོ། །ད་ནི་ལུས་དང་སེམས་རང་བཞིན་གྱིས་སངས་རྒྱས་ཡིན་པའི་དབང་དུ་བྱས་ནས། ལྟོ་བ་གནས་སུ་བརྗོད་པ་ལ་སོགས་པ་གསུངས་ཏེ། དེ་ཡང༌། སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །ཅེས་པའི་རྗེས་ལ། ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་ཡར་བླངས་ལ། དེ་ནས་འདི་དག་རྐྱེན་གྱིས་ཞེས་སྨོས་ཏེ། མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །ཡིན་པ་ལ་སོགས་པ་ཆོས་མཐུན་ཡོད་པའི་སྒོ་ནས། འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །རང་བཞིན་གྱི། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཅེས་བྱའོ། །རྣལ་འབྱོར་མ་རྣམས་ཚིག་འདི་དག་ཐོས་ནས། ཞེས་བྱ་བ་ནི་ཆོས་མཐུན་ཙམ་གྱི་སྒོ་ནས་རང་བཞིན་གྱི་ལུས་དང་སེམས་རྫོགས་པའི་སངས་རྒྱས་ཡིན་ནོ། །ཞེས་པའི་ཚིག་ཐོས་པའོ། །ངོ་མཚར་བ་ལ་སོགས་པ་གསུམ་ནི་སེམས་ཀྱིས་སོ། །ས་ལ་འགྱེལ་བ་དང་འདར་བ་ནི་ལུས་ཀྱི་སྒོ་ནས་སོ། །ས་དང་ནི་ས་རྣམ་པར་དག་པ་སངས་རྒྱས་སྤྱན་ནོ། །ཆུ་དང་ནི་ཆུ་རྣམ་པར་དག་པ་མཱ་མ་ཀཱིའོ། །རླུང་དང་ནི་རླུང་རྣམ་པར་དག་པ་སྒྲོལ་མའོ། །བྱིན་ཟ་ནི་མེ་རྣམ་པར་དག་པ་གོས་དཀར་མོའོ། །དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་རུང་བས་ན་སྣོད་ཅན་ནོ། །གང་ཞིག་སུས་ཀྱང་མི་ཤེས་པ་ནི། རང་བཞིན་གྱིས་ལུས་དང་སེམས་རྫོགས་པའི་སངས་རྒྱས་ཡིན་པར་རོ། །དེ་ཉིད་ང་ཡིས་ཏེ། རྡོ་རྗེ་འཆང་གིས་སོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་རང་བཞིན་གྱིས་སྒྲིབ་པ་དང་བྲལ་བས་སོ། །གློ་བུར་དུ་དྲི་མ་དང་བཅས་པས་སེམས་ཅན་དུ་མི་འགལ་ལོ། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་པ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་ཐབས་ལ་མཁས་པ་གཉིས་ཀྱིས་གློ་བུར་གྱི་དྲི་མ་དེ་བསལ་ན་སངས་རྒྱས་ཉིད་འཐོབ་ཅེས་བྱའོ། །བདེན་པ་མ་མཆིས་ཤིང་ཞེས་པ་གློ་བུར་དུ་དྲི་མ་དང་བཅས་པས་སོ། །རྫུན་པ་མ་མཆིས་པ་ནི་རང་བཞིན་གྱི་དྲི་མ་དང་བྲལ་བས་སོ། །འོ་ན་དེ་ལྟ་བུའི་གློ་བུར་གྱི་དྲི་མ་དེ་ཐབས་གང་གིས་སྤོང་ཞེ་ན། བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་གང་ཞིག་མི་ཤེས་པ་ནི། དུག་གི་དེ་ཁོ་ན་ཉིད་སྨན་དང་སྔགས་མི་ཤེས་པའོ། །དེས་བཙན་དུག་ཟོས་ན་བརྒྱལ་བར་འགྱུར་ལ། རྨོངས་སྤངས་ནི་དུག་གི་དེ་ཁོ་ན་ཉིད་ལ་རྨོངས་པ་སྤངས་པ་སྟེ་སྨན་དང་སྔགས་ཤེས་པའོ། །དེ་ཡིས་དེ་ཉིད་ཡོངས་སུ་གཅོད་པ་ནི། དུག་གི་སྐྱོན་ལས་རྒྱལ་བར་སྤྱོད་པའོ། །དེ་བཞིན་ཞེས་པ་དོན་དེ་འཁོར་བའི་རྣམ་པར་རྟོག་པ་ཞི་ཞིང་མྱ་ངན་ལས་འདས་པ་འཐོབ་པའི་ཐབས་ཤེས་པའོ། །ཀྱེ་ཡི་རྡོ་རྗེར་ངལ་བསོ་བ་ནི་བསྐྱེད་རྫོགས་གཉིས་ཀྱི་ཐབས་ལ་མཁས་པ་ཤེས་པའོ། །མ་རིག་སོགས་པས་མི་འཛིན་པ་ནི། དེ་དག་གི་ཉེས་པས་མི་གོས་པའོ། །གཏི་མུག་ལ་སོགས་བཅིང་བ་མིན། །ཞེས་པ་ཀུན་ནས་ཉོན་མོངས་པ་གསུམ་གྱི་འཁོར་ལོར་མི་འཁོར་བའོ། །ཀྱེ་ཡི་རྡོ་རྗེ་རྡོ་རྗེ་འཛིན། །ཞེས་པ་ཆོས་སྐུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་དོ། །སྙོམས་འཇུག་གནས་པ་ནི་དངོས་སུ་ཡབ་ཡུམ་ཞལ་སྦྱོར་དུ་གནས་པའོ། །ཨེ་ཝྃ་རྣམ་པར་བཞུགས་ནས་ནི། །ཞེས་པ་ཐབས་ཤེས་རབ་གཉིས་མེད་དམ་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་ནས་སོ།།  །།ད་ནི་ལྷའི་ལེའུར་ཧེ་རུ་ཀ་གསུམ་གྱི་སྐྱེད་ཆོག་གསུངས་ཀྱང༌། ཕྱག་བཅུ་དྲུག་པ་སྐྱེད་པའི་ཆོ་ག་མ་གསུངས་པས། དེ་སྐྱེད་པའི་ཆོ་ག་གསལ་བར་སྟོན་པ་ལས། འདིར་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ཏུ་བསྒོམ་པར་བཞེད་དེ། དེ་ལ། དཀྱིལ་འཁོར་ཇི་སྐད་སྔར་གསུངས་པ། །ཞེས་པ་ལེའུ་བརྒྱད་པར་རོ། །དོ་ཤལ་ནི་ཧཱ་ར་ནི་དྲྭ་བའོ། །དོ་ཤལ་ཕྱེད་པ་ཨརྡྷ་ཧཱ་རའི་སྒྲ་ལས་དྲྭ་ཕྱེད་དོ། །མཚམས་བཞི་ནི་ཟུར་བཞི་པ་སྟེ་གྲུ་བཞིར་ཡོད་པའོ། །རྡོ་རྗེ་སྲད་བུས་ཡང་དག་བརྒྱན། །ཞེས་པ་ནི་ཐིག་བཞིས་མཛེས་པར་བྱས་པའོ། །བསྒོམས་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་གཞལ་ཡས་ཁང་བསྒོམ། དེའི་སྔོན་དུ་ཚོགས་གཉིས་བསག་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། དེའི་ནང་དུ་གཞིའི་ཡན་ལག་ཆོས་འབྱུང་བསྒོམ་པ་དང༌། དེའི་ནང་དུ་འབྱུང་བ་རིམ་བརྩེགས་རྒྱུའི་ཡན་ལག་བསྒོམ་པ་དང༌། དེ་ཡོངས་སུ་གྱུར་པ་ལས་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་རྒྱ་དང་ཚད་ཡོངས་སུ་མ་ཆད་པ་བསྒོམས་ལ། དེ་ཐམས་ཅད་ཀྱང་སེམས་ཀྱི་རྣམ་འཕྲུལ་ལམ་ངོ་བོ་ཉིད་དུ་གོ་བར་བྱ་བའི་རྐྱེན་གྱི་ཡན་ལག་རྣམ་པར་ཤེས་པ་གཞུག་པ་ནི། རང་གི་སེམས་ཉིད་ཡི་གེ་འབྲུ་གསུམ་ཧོ་དམར་པོ་ཁྲག་དང་འདྲ་བ་གཉིས་ཀྱིས་མཐའ་བརྟེན་ནས་ཡོད་པ་ལས་དེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་བསྒོམ་པའོ། །དེ་ནས་གཞལ་ཡས་ཁང་དེའི་དབུས་སུ་པད་ཉིའི་སྟེང་དུ་གཙོ་བོ་ལ་བདུད་བཞི་བརྩེགས་པའི་གདན། ཕྱོགས་མཚམས་བརྒྱད་དུ་ཡང་གདན་བརྒྱད་བསྒོམ་པ་ནི། ཚངས་པ་ཞེས་པ་ནས། གཽ་རཱི་ལ་སོགས་པ་ཡི་གདན། །ཞེས་པས་བསྟན་ཏེ། དེ་ཡན་ཆད་ཀྱིས་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །ད་ནི་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་སྟོན་ཏེ། དེ་ནས་གཞལ་ཡས་ཁང་དེར་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས། རྒྱུ་རྡོ་རྗེ་འཆང་གཙོ་བོ་ཡབ་ཡུམ་སྐུ་རྫོགས་པར་བསྐྱེད་ནས་ཡབ་ཡུམ་ཐབས་ཤེས། ལྷན་སྐྱེས་མངོན་དུ་བྱ་བའི་ཕྱིར་སྙོམས་པར་ཞུགས་པ་ནི། འདོད་ཆགས་ཆེན་པོ་རྗེས་ཆགས་པ་ནས། དེ་ལ་དབུས་སུ་ང་ཡོད་དེའི་བར་གྱིས་བསྟན་ལ། ཡང་དེ་ལྟར་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་འཁོར་གྱི་ལྷ་མོ་དབྱུང་བ་ནི། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །དགའ་བས་ཤིན་ཏུ་རོལ་བ་ལས། །ཞེས་སྦྱར་ཏེ། གྲོང་ཁྱེར་ཉམས་དགར་རྟེན་གཞལ་ཡས་ཁང་ངོ༌། །ཁྱོད་དང་ང་ཞེས་པ་ཡུམ་བདག་མེད་མ་དང༌། དགའ་བས་ཤིན་ཏུ་རོལ་པ་ནི་ཡབ་ཡུམ་གཉིས་ལྷར་བསྐྱེད་པ་དང༌། མཁའ་གསང་བྱིན་གྱིས་བརླབ་པ་དང༌། འཁོར་གྱི་ལྷ་མོ་དབྱུང་སྙམ་པའི་བསམ་པས། ཐབས་ཤེས་རབ་སྙོམས་པར་ཞུགས་པའི་སྒྱུ་མའི་བདེ་བའི་སྒྲ་གསང་གནས་ནས་གྲགས་པ་དེས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་བཞུ། བདག་གི་སྣ་གཡོན་ནས་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཐོན་ཡུམ་གྱིས་མཁར་བབས་པ་ལས། རྟེན་ཐིག་ལེ་བརྒྱད་དུ་གྱུར་ལ། ཐིག་ལེ་བརྒྱད་པོ་དེ་དག་གསང་གནས་ནས་ཕར་སྤྲོས་པས། གྃ་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་ས་བོན་དུ་གྱུར་པ་ནི། གྃ་ཙྃ་ཞེས་པ་ནས། འདི་ཡི་ས་བོན་ཕྱུང་བ་དང༌། །ཞེས་པའི་བར་གྱིས་བསྟན་ཏོ། །གྃ་ལ་སོགས་པའི་ཡི་གེ་བརྒྱད་པོ་དེ་ལས་ཅིར་འགྱུར་སྙམ་ན། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཞེས་པ་ནས། རླུང་གི་མཚམས་སུ་གཡུང་མོ་ཉིད། །ཅེས་པའི་བར་དང་སྦྱར་རོ། །དེ་ལྟར་ཕྱོགས་མཚམས་བརྒྱད་དུ་ཕྱུང་བའི་ལྷ་མོ་དེ་དག་ཁ་དོག་ཇི་ལྟ་བུ་སྙམ་ན། གཽ་རཱི་ཁ་དོག་ནག་མོར་འགྱུར། །ཞེས་པ་ནས། གཡུང་མོ་སྣ་ཚོགས་པ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་ཕྱག་མཚན་དང་བཞུགས་ཚུལ་དང་རྒྱན་ཆ་ཇི་ལྟ་བུ་སྙམ་ན། དཀར་མོ་གཡས་ན་གྲི་གུག་སྟེ། །ཞེས་པ་ནས། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་འཁོར་གྱི་ལྷ་མོ་ཕྱུང་བའི་རྗེས་ལ། རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་འབྲུ་གསུམ་ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟེན་ནས་གནས་པ་ལས། ཐབས་ཤེས་རབ་སྙོམས་པར་འཇུག་གོ་སྙམ་དུ་དྲན་པ་ཙམ་ལས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་འོད་དུ་ཞུ་སྟེ། བ་སྤུའི་བུ་ག་ཐམས་ཅད་དང༌། རྩ་ཕྲན་སྟོང་ཕྲག་བརྒྱད་ཅུ་པོ་ཐམས་ཅད་ཀྱང་ཐིག་ལེས་གང་ནས་འོད་དུ་ཞུ་བ་ནི། ཆོས་སྐུ་ལམ་དུ་བྱ་བའི་ཕྱིར་ཏེ། དེ་ཡང༌། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཞུ་བར་གྱུར། །ཞེས་པས་བསྟན་ཏེ། དེ་ནས་ཞུ་བ་ལས་ཚད་མེད་བཞི་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་མཚམས་ཀྱི་ལྷ་མོ་བཞིས་གླུས་བསྐུལ་བ་ནི། སྣ་ཚོགས་གླུ་ཡིས། །ཞེས་པ་ནས། སྙིང་རྗེའི་རྒྱུན་ཆད་མ་མཛད་ཅིག་གིས་བར་གྱིས་བསྟན་ཏོ། །དེ་ལྟར་གླུས་བསྐུལ་བ་ལས། ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཨྃ་དང་ཧཱུྃ་གི་ཞེས་པ་ནས། བསྡིགས་པར་མཛད་ཀྱི་བར་གྱིས་བསྟན་ཏོ། །དེ་ནས། བདག་པོའི་ས་བོན་དག་གིས་ནི། །ཨྃ་ཧཱུྃ་ཞེས་པ་ནས། གཙོ་བོ་འདི་ལྟར་བསྒོམ་པ་ཉིད། །ཅེས་པའི་བར་དང་སྦྱར་རོ། །འདི་ལྟར་བསྒོམ་ན་གང་ལྟར་བསྒོམ་སྙམ་ན། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་པ་ནས། ལྷག་མའི་ཞལ་ནི་བུང་བ་བཞིན། །ཞེས་པའི་བར་གྱིས་བསྟན། དེ་ལྟར་བསྒོམས་པའི་གཙོ་བོ་དེ་ལ་ཕྱག་མཚན་ཇི་ལྟ་བུ་ཡོད་སྙམ་ན། གཡས་ཀྱི་ཐོད་པ་བརྒྱད་ན་ནད་བརྒྱད་སེལ་བའི་རྟགས་སུ། གླང་པོ་ལ་སོགས་བརྒྱད་བསྣམས་པ། །གཡོན་གྱི་ཐོད་པ་བརྒྱད་ན། སའི་ལྷ་སེར་པོ་ལ་སོགས་བརྒྱད་བསྣམས་པའོ། །སྒེག་ཅིང་ཞེས་པ་ལ་སོགས་པ་ནི་ཉམས་དགུ་སྟེ། བཞུགས་ཚུལ་གྱི་བྱེ་བྲག་གོ །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་མངོན་བྱང་ལྔའི་རིམ་པས་སྐུ་རྫོགས་པ་དང༌། གནས་གསུམ་བྱིན་གྱིས་བརླབ་པ་བྱ། སྐྱེ་མཆེད་བྱིན་གྱིས་བརླབ། ཡེ་ཤེས་དགུག་གཞུག་བྱ། དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་མཚན་པར་བསམ། དེ་ནས་མཆོད་པ་དང་བསྟོད་པ་བྱ། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་བྱ་སྟེ། དེ་ལྟར་ན་འདིར་བསྐྱེད་པའི་རིམ་པ་ཡན་ལག་དྲུག་བསྒོམ་པར་བཞེད་དོ། །ཡང་འདིའི་ལུགས་ཀྱི་མངོན་པར་རྟོགས་པ་ཚར་གཅིག་ལ་སྐྱེ་གནས་བཞི་ཀ་ཚང་བར་བཞེད་དེ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ནི་མངོན་བྱང་ལྔའི་རིམ་པ་དྲོད་གཤེར་ལས་སྐྱེས་པ་ཡིན་ལ། འཁོར་གྱི་ལྷ་མོ་ནི་མངལ་སྐྱེས་ཡིན་ཞིང༌། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐིག་ལེ་ལས་བཞེངས་པ་ནི་སྒོང་སྐྱེས་ཡིན་ལ། སྐྱེ་མཆེད་ཀྱི་ལྷ་རྣམས་ནི་བརྫུས་སྐྱེས་སུ་བཞེད་དོ། །གུར་གྱི་དགོངས་པས་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པར་བཞེད་དོ། །དེ་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྐྱེད་པ་དེ་ལ། གར་དགུ་ཞེས་པ་གོང་གི་ཉམས་དགུ་པོ་དེ་ཉིད་དང་ལྡན་པའོ། །དེ་ལ། དེ་ལས་ག་པུར་བཏུང་བ་ཉིད། །དེས་ནི་དཀྱིལ་འཁོར་བསང་གཏོར་བྱ། །ཞེས་པ་སྤྱིར་བྱང་ཆུབ་ཀྱི་སེམས་བཏང་བའི་དུས་རྣམ་པ་ལྔ་ཡིན་གསུངས་ཏེ། སློབ་མ་ལ་གསང་དབང་བསྐུར་བའི་དུས་དང༌། དཀྱིལ་འཁོར་གྱི་ལྷ་ལ་བསང་གཏོར་བྱ་བའི་དུས་དང༌། དམ་ཚིག་གི་རྫས་བདུད་རྩི་རིལ་བུ་བྱ་བའི་དུས་དང༌། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་དུས་དང༌། རང་ཉིད་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པའི་དུས་དང་ལྔར་དགོས་གསུངས། དབང་ནི་ཇི་ལྟར་གསུངས་པ་ཉིད། །ཅེས་པ་གུར་ལས་ཏེ། དེ་ལ་དབང་གི་སྔོན་དུ་འགྲོ་བ་བཅུ་བཞི་དང༌། གོང་གི་དངོས་གཞི་བཅུ་བཞི་སྟེ་ཉེར་བརྒྱད་དུ་དབྱེ་བའམ། ཡང་ན་ཉེར་དྲུག་ཏུ་དབྱེ་བའམ། ཡང་ན་སོ་གཉིས་སུ་དབྱེ་གསུངས། དེ་ལ་དང་པོའི་དབང་དུ་བྱས་ན། བསྙེན་པ་ལ་དུས་དང༌། གྲངས་དང༌། མཚན་མའི་བསྙེན་པ་གསུམ། སའི་ཆོ་ག་ལ་སྦྱང་གཟུང་གཉིས། །སྟ་གོན་ལ་ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་གསུམ་སྟེ། སའི་ལྷ་མོ་སྟ་གོན་དུ་གནས་པ་ནི་ས་ཆོག་ཏུ་འདུས་པས་སོ། །དེ་ནས་ཐིག་གིས་བྲི་བ། ཚོན་གྱིས་བྲི་ཞིང་ལྷ་དགོད་པ། དཀྱིལ་འཁོར་བསྒྲུབ་པ། དེ་ལ་མཆོད་པ། བདག་འཇུག་བྱ་བ། སློབ་མ་གཞུག་པ་དང་བཅུ་བཞིའོ། །དངོས་གཞི་ལ་རིག་པའི་དབང་ལྔ། དྲུག་པ་རྫོགས་པའི་སངས་རྒྱས་ཀྱི་དབང་དང༌། བདུན་པ་བུམ་པའི་དབང་དང་བདུན། དེའི་སྟེང་དུ་མཆོག་དབང་གསུམ་སྟེ་བཅུ་ཐམ་པ། དེ་ནས་དབང་གི་མཐའ་རྟེན། ལུང་བསྟན། རྗེས་གནང༌། དབུགས་དབྱུང༌། གཟེངས་བསྟོད་བཞི་སྟེ། དེ་ལྟར་བཅུ་བཞི་པོ་དེས་ན་ཉེར་བརྒྱད་དུ་དབྱེ་བའམ། ཡང་ན་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་གཉིས་གཅིག་ཏུ་བྱས། དབང་བཞི་པ་དེ་དངོས་སུ་བསྟན་པར་ཡང་མི་ནུས་ལ། གཞུང་གིས་གྲུབ་པའང་མེད་པས་ན། དེ་ཡང་ཕྲི་བས་དེ་ལྟར་ཉེར་དྲུག་གོ །ཡང་སྟ་གོན་ལ་སའི་ལྷ་མོ་སྟ་གོན་དུ་གནས་པ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དུ་གནས་པ་དང་རྣམ་པ་བཞི། དཀྱིལ་འཁོར་བྲི་བ་དང་ལྷ་དགོད་པ་གཉིས་སོ་སོར་བྱས། དེ་ནས་བུམ་པ་དགོད་པ་དང༌། དཀྱིལ་འཁོར་གྱི་རྒྱན་དགྲམ་པ་གཉིས་ཏེ་དབང་གི་དངོས་གཞི་དེ་སིལ་བུར་བགྲང་ན། བུམ་དབང་ལ་རིག་པའི་དབང་ལྔ་དང༌། རྫོགས་པའི་སངས་རྒྱས་དང༌། བདུན་པ་བུམ་པའི་དབང་དང་བདུན་དུ་འགྱུར་ལ། གསང་དབང་ལ་རྗེ་བཙུན་ཡབ་ལས་ཐོབ་པ། ཡུམ་ལས་ཐོབ་པ། གྲོལ་བའི་སྟོབས་ལས་ཐོབ་པ་གསུམ་ཡིན་ལ། དེ་ཉིད་ལ་ཡང་དྲི་བཟང་པོ་དང་བསྲེས་ཏེ། ཉ་ཕྱིས་དང་དུང་ཆོས་ལ་སོགས་པའི་སྣོད་དུ་སྦྱིན་པ་དང༌། མཐེབ་སྲིན་གྱིས་བླངས་ཏེ་ལྕེ་ཐོག་ཏུ་བཞག་པ་དང༌། ཤིན་ཏུའང་རྣམ་རྟོག་ཤས་ཆེ་བ་ལ། མགྲིན་པའི་གནས་སུ་མཐེབ་སྲིན་གྱིས་ཐེག་ལེ་བྱ་བ་དང་གསུམ་སྟེ། དེ་ལྟར་ན་གསང་དབང་ལ་ལྔའོ། །ཤེས་རབ་ཡེ་ཤེས་ལ་ཕྱག་རྒྱ་གཏད་པ་དང༌། ཉམས་མྱོང་དགའ་བ་བཞིའི་མངོན་པར་རྟོགས་པ་བསྟན་པ་གཉིས་སོ། །བཞི་པ་ལ་རྣམ་པ་ལྔ་སྟེ། ཚིག་གི་བཞི་པ་དང༌། ལམ་དུ་བྱེད་པའི་བཞི་པ་དང༌། དོན་གྱི་བཞི་པ་དང༌། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་དང༌། བཞི་པ་རྟེན་ཅན་དང་ལྔ། དབང་བཞི་ནུབ་གཅིག་ལ་རྫོགས་པར་བསྐུར་བའི་དབང་དུ་བྱས་ནས། བུམ་དབང་གི་རྗེས་ལ་རྗེས་གནང་སྦྱིན་ཞིང༌། གསང་དབང་ལ་ལུང་བསྟན། ཤེས་རབ་ཡེ་ཤེས་ལ་དབུགས་དབྱུང༌། དབང་བཞི་པ་ལ་གཟེངས་བསྟོད་མཐའ་རྟེན་དུ་སྤྱིན་གསུང༌། དབང་གི་ལེའུར། ཇི་ལྟར་དབང་ནི་རབ་ཕྱེ་བས། །ཞེས་པའི་སྐབས་སུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་དེ་ལ་བསྟན་པ་ནི། །ཞེས་པ་དབང་གསུམ་པའི་ཉམས་མྱོང་དེ་ཉིད་ཚིག་གི་བཞི་པས་སྟོན་པའོ། །དབང་གསུམ་པའི་དུས་སུ་མྱོང་བའི་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དུས་ནམ་རྟོགས་སྙམ་ན། དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཞེས་པ་སྟེ། དགའ་བྲལ་གྱི་རྟེན་ནི་ཐིག་ལེ་ཉམས་པ་ལ་ཟེར་པས། དེའི་ཐོག་མར་སྐྱེ་ཞིང༌། མཆོག་དགའ་རྗེས་ལ་སྐྱེ་བའོ། །དེ་ལྟ་བུའི་ལྷན་སྐྱེས་དེ་རྟོགས་པར་བྱེད་པའི་ཐབས། དཔལ་གསང་བ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་དུ་ཡང་མ་གསུངས་པས་ན་ཐམས་ཅད་རྒྱུད་དུ་སྦས་པའོ། །འོ་ན་ཞུ་བདེ་ལྷན་སྐྱེས་དེ་གནས་གང་དུ་མངོན་དུ་བྱེད་སྙམ་ན། མཐའ་ཡི་མཐའ་ཡིས་ཕྱེ་བ་ཉིད། །ཅེས་པ་རིགས་ཀྱི་བདག་པོའི་ཁ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོ་གཉིས་འཛོམ་པ་མཆོག་གི་ཟེ་བར་མངོན་དུ་བྱེད་ཅེས་པའོ། །ཡང༌། དེ་ཡི་སྐད་ཅིག་ཇི་ལྟར་ལགས། །ཞེས་པ་ནི་མཆོག་གི་ཟེ་བར་མངོན་དུ་བྱས་པའི་ཞུ་བདེ་དེའི་འོ། །གཞོན་ནུའི་དགའ་བ་ནི་ཐབས་ཤེས་རབ་སྙོམས་པར་ཞུགས་པའི་བདེ་བའོ། །ལྐུགས་པའི་རྨི་ལམ་ནི་གསལ་བར་ཉམས་སུ་མྱོང་ཡང་བརྗོད་པར་མི་ནུས་པའོ། །སྲིད་མེད་མྱ་ངན་འདས་པ་མེད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན། ཕྱེད་ཕྱི་རོལ་དུ་གནས་པའང་མ་ཡིན། ཕྱེད་ནང་དུ་གནས་པའང་མ་ཡིན་པའོ། །འདི་ནི་སྟེ་ལྷན་སྐྱེས་འདིའོ། །མཆོག་ཏུ་བདེ་ཆེན་ཉིད། །ཅེས་དགའ་བ་གསུམ་པོ་བས་མཆོག་ཏུ་གྱུར་པས་ན། མཆོག་ཏུ་བདེ་ཆེན་ཉིད། ཅེས་བྱའོ། །བདག་མེད་ནི་ཐབས་སྒྲུབ་པ་པོའོ། །གཞན་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱ་ཡང་མེད་པའོ། །ད་ནི་མ་ནིང་དང་དགེ་སློང་བསླབ་པས་བཅིངས་པ་དང༌། རྒན་པོ་ནུས་པ་མེད་པ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དབང་དུ་བྱས་ནས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། ཞེས་པ་ལ་སོགས་གསུངས་སོ། །མཆོག་མཐའ་ནི་མཆོག་དགའི་མཐའོ། །དགའ་བྲལ་དབུས་ཏེ་དེ་གཉིས་ཀྱི་བར་དུ་སྐྱེ་བའོ། །སྟོང་དང་ནི་བདེ་བ། སྟོང་མིན་ནི་ཞུ་བའོ། །ཡང་ན་མི་རྟོག་པ་དང་བདེ་བ་རིམ་པ་བཞིན་ནོ། །ཧེ་རུ་ཀ་ཞེས་པ་དོན་གྱི་ཧེ་རུ་ཀ་བདེ་སྟོང་དབྱེར་མེད་དོ། །ཀྱེའི་རྡོ་རྗེ་མངོན་པར་འབྱུང་བ་ཞེས་བྱ་བ། སྐུ་མངོན་པར་འབྱུང༌། གསུང་མངོན་པར་འབྱུང༌། དབང་བསྐུར་བ་མངོན་པར་འབྱུང་བས་ན་མངོན་པར་འབྱུང་བའོ། །དེ་ལ་སྐུ་མངོན་པར་འབྱུང་བ་ནི་ཕྱག་བཅུ་དྲུག་པ་བསྐྱེད་པའི་ཆོ་ག་གསུངས་པས་སོ། །གསུང་མངོན་པར་འབྱུང་བ་ནི་རྐང་པ་བརྒྱད་པའི་སྔགས་གསུངས་པས་སོ། །དབང་བསྐུར་བ་མངོན་པར་འབྱུང་བ་ནི་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བ་གསུངས་པས་སོ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། ཞེས་པ་ལ། འདི་ནི་དབང་གི་ལེའུར། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་ཕྱག་རྒྱ་ཆེན་པོའི་མཚན་ཉིད་གསུངས་པ་དང༌། ཡང་ཕྱག་རྒྱ་བསྡུ་པར་ཤིན་ཏུ་བཞིན་བཟང་མ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་དེ་མངོན་དུ་འགྱུར་བའི་ཐབས་སམ། རྟེན་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་གསུངས་པ་ལ། བུ་མོ་པདྨ་ཅན་གྱི་མཚན་ཉིད་བྱེ་བྲག་ཏུ་ཕྱེ་སྟེ་གསལ་བར་མ་གསུངས་པས། དེ་གསལ་བར་འཆད་པའོ། །དེ་ལ། ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཞེས་པ་ལ། དོན་ཕྱག་རྒྱ་ཆེན་པོ་ནི་རང་བཞིན་ལྷན་སྐྱེས་སམ། སེམས་རང་བཞིན་འོད་གསལ་ལ་ཟེར་ལ། དེ་རྟོགས་པའི་རྟེན་ནམ་མཚོན་བྱེད་དུ་འདུག་པས་མིའི་བུ་མོ་རྒྱུད་ཡོངས་སུ་དག་པ་པདྨ་ཅན་དེ་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ནས་ཁ་སྦྱོར་དབྱེ་བ་ཡི། །ཞེས་པ་ལ། འདི་བརྡའི་ལེའུར། འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །གསད་པར་བྱ་བ་བརྗོད་པ་ཉིད། །ཅེས་པ་ལ་སོགས་པས་བསམ་པའི་ཐབས་ལ་མཁས་པ་ཟུར་ཙམ་གསུངས་ཀྱི། ཆོ་ག་ལ་མཁས་པ་དང༌། བདག་ལ་སྒྲོལ་བའི་ནུས་པ་ཡོད་པ་དང༌། ཕ་རོལ་པོ་བསྒྲལ་བའི་ཡུལ་དུ་གྱུར་པའི་དོན་བྱེ་བྲག་ཏུ་ཕྱེ་སྟེ་གསལ་བར་མ་གསུངས་པས། ཐབས་ལ་མཁས་པ་གསུམ་ཉིད་བྱེ་བྲག་ཏུ་ཕྱེ་སྟེ་གསལ་བར་སྟོན་ཏེ། དེ་ལ། ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ཞེས་པ་དེའི་དུས་ཀྱི་ལྷའི་རྣལ་འབྱོར་ཏེ། མཉམ་རྗེས་མེད་པར་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པ་སྟེ། བདག་ལ་བསྒྲལ་བའི་ནུས་པ་ཡོད་པས་ཡོད་པར་སྟོན། སྙིང་རྗེས་གསད་པར་བྱ་བ་ཉིད། །ཅེས་པས་བསམ་པའི་ཐབས་ལ་མཁས་པ་བསྟན། ཇི་ལྟར་ཕྱུགས་ཀྱི་གཟུགས་མཐོང་ནས། །ཞེས་པས་ཕ་རོལ་པོ་བསྒྲལ་བའི་ཡུལ་དུ་གྱུར་པར་བསྟན་ཏེ། བསྒྲུབ་བྱ་དེ་མཁའ་འགྲོ་མ་རྣམས་ཀྱིས་བཤའ་ཕྱུགས་ལྟ་བུར་མཐོང་བའོ། །ཁྲག་ནི་སྐྱུགས་པ་ཉིད་དང་ཡང༌། །ཞེས་པ་ལ་སོགས་པས་སྦྱོར་བའི་ཐབས་ལ་མཁས་པ་སྟོན་ཏེ། དེ་ཡང་སྐུའི་སྦྱོར་བས་བསྒྲུབ་བྱ་དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཚུར་བཀུག་ལ། གསུང་གི་སྦྱོར་བས་ཞགས་པས་སྐེ་ནས་བཏབ་ནས། ཐུགས་ཀྱི་སྦྱོར་བས་སྙིང་ག་ནས་ལྕགས་ཀྱུས་ཕུག་ནས། གདུག་པ་ཅན་བླ་མ་བརྙས་བྱེད་ལ་སོགས་པ་དེའི་ལུས་དང་རྣམ་ཤེས་འབྲལ་བར་བྱེད་པའོ། །དེ་ཡི་ལམ་དུ་ཁབ་ནི་མེའི། །ཞེས་པ་ལ་སོགས་པས་རྡོ་རྗེ་མེ་ཁབ་ཀྱི་སྦྱོར་བས་གདུག་པ་ཅན་ཚར་བཅད་པའི་ཆོ་ག་བསྟན། སྔགས་ཀྱི་ལེའུར་སྔགས་གསུངས་ཀྱང་ལྷག་ཆད་ཁ་བསྐང་བའི་ཕྱིར་སྔགས་བཏུ་བ་མ་གསུངས་པ་སྟེ། མ་ཚང་བ་ཁ་བསྐང་དུ་སྔགས་བཏུ་བ་གསུངས་པ་ལ་གསུམ། གཞི་གང་ལས་བཏུ་བ་དང༌། ཇི་ལྟར་བཏུ་བའི་ཐབས་དང༌། བཏུས་པའི་དགོས་པའོ། །དེ་ལ་གཞི་ནི་ཨཱ་ལི་དང་ཀཱ་ལི་ལས་སོ། །ཐབས་ནི་ཆོས་འབྱུང་དཀར་པོ་གྲུ་གསུམ་པའི་ནང་དུ་པདྨ་འདབ་བརྒྱད་བྲིས་ཏེ། འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཨཱ་ལི་ལས་བརྩམ་སྟེ་དགོད་དོ། །དགོས་པ་ནི་སྔགས་ཀྱིས་ལྷག་ཆད་སྤང་བའི་ཕྱིར་བཏུ་བའོ། །ཀྱེའི་རྡོ་རྗེའི་དཀའ་འགྲེལ་བླ་མ་ས་སྐྱ་པ་ཆེན་པོས་མཛད་པའོ། །ཧེ་བཛྲ་ན་མའི་རྒྱུད་དྲུག་ལས་ཀྱེའི་རྡོ་རྗེའོ། །དེ་ལ་རྩ་བ་དང་བཤད་པའི་རྒྱུད་གཉིས་ལས། ལྟོས་པ་གང་ལ་ལྟོས་ནས་རྩ་བ་དང་བཤད་པའི་རྒྱུད་དུ་འཇོག་ན། བཀའ་ཡིན་པར་མཉམ་པ་ལ་ལྟོས་པ་གཉིས་པ་ལྟོས་ནས་འཇོག་གོ །དེ་ཡང་བརྗོད་བྱ་དོན་གྱི་རྒྱུད་ལ་ལྟོས་ནས་རྩ་བ་དང་བཤད་པའི་རྒྱུད་དུ་མི་འཇོག རྗོད་བྱེད་སྒྲའི་རྒྱུད་ལ་ལྟོས་ནས་འཇོག་པ་ལ། དང་པོར་བྱུང་ཞིང་བཤད་གཞིའམ། བསྟན་རྒྱུ་ལྟ་བུར་འདུག་པ་ལ་རྩ་བ་བྱ། ཕྱིས་འབྱུང་ཞིང་སྟོན་བྱེད་དམ་འཆད་བྱེད་དུ་འདུག་པ་ལ་བཤད་རྒྱུད་དུ་བྱ་སྟེ། སྐབས་ཁ་ཅིག་ཏུ་མི་གསལ་བ་གསལ། སྐབས་ཁ་ཅིག་ཏུ་མ་ཚང་བ་ཁ་བསྐང༌། སྐབས་ཁ་ཅིག་ཏུ་འཁྲུགས་པ་བསྡེབས་པའི་ཚུལ་གྱིས་གསལ་བར་འཆད་དེ། དེ་ལ་ཐུན་མོང་གི་ཆ་བཤད་པའི་རྒྱུད་དུ་འགྲོ་བ། སཾ་པུ་ཊ་དང༌། ཐུན་མོང་མ་ཡིན་པའི་བཤད་པའི་རྒྱུད་དུ་འགྲོ་བ་མཁའ་འགྲོ་མ་རྡོ་རྗེ་གུར་ཏེ། དེ་ལྟར་ན་བཤད་རྒྱུད་གཉིས་སུ་བཞེད་དོ། །རྩ་བའི་རྒྱུད་ལ་ཡང་གཉིས་ཏེ། རྒྱུད་རྒྱས་པ་ལ་ཤླཽ་ཀ་འབུམ་ཕྲག་ལྔ། བརྟག་པ་སུམ་ཅུ་རྩ་གཉིས་བཞུགས་སོ། །བསྡུས་པ་ལ་བརྟག་པ་ན་གཉིས། ཤླཽ་ཀ་བདུན་བརྒྱ་ལྔ་བཅུ་ཐམ་པའོ། །དེ་ལས་འདི་རྩ་བའི་རྒྱུད་བསྡུས་པའོ། །འདི་ཇི་ལྟ་བུའི་རྒྱུད་བསྡུས་པ་ཡིན་ན། མངའ་བདག་མེ་ཏྲཱི་བའི་བརྒྱུད་པ་འཛིན་པ། བླ་མ་རྒྱ་གར་བའི་བརྒྱུད་པས་བརྟག་པ་སུམ་ཅུ་རྩ་གཉིས་ཀྱི་དང་པོ་གཉིས་ཕྱུང་བ་ལ་བཞེད་དེ། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཡིན། །གསུངས་པ་དང༌། འདི་ནས་ཀྱང༌། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་སྟེ། བརྟག་པ་དང་པོ་རྫོགས་སོ་ཟེར། མཁའ་འགྲོ་མ་སྒྱུ་མ་དྲྭ་བའི་བརྟག་པ་སྟེ། གཉིས་པའོ་ཟེར་བས་དང་པོ་གཉིས་ཕྱུང་བ་ལ་ཐེ་ཚོམ་མི་ཟའོ་ཟེར་ལ། རྒྱུད་འདི་རང་དང་བསྟུན་པའི་དུས་སུ་དེའང་མི་འཐད་དམ་གསུངས་ཏེ། བརྟག་པ་དང་པོའི་ལྟ་སྟངས་ཀྱི་ལེའུ་ལས། གོང་དུ་བརྟག་པ་བཅུ་གཉིས་ལས། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་གསུངས་པས་ཀྱང་གོང་ན་གཅིག་ཡོད་པར་གོ་ལ། །ཡང་བརྟག་པ་ཕྱི་མའི་རབ་གནས་ཀྱི་ལེའུ་ལས། གོང་མའི་རྒྱུད་ཀྱི་ཆོ་ག་རིམ་པས། མཆོད་ཡོན་ཞབས་བསིལ་གོང་མ་བཞིན། །ཟེར་བས་བརྟག་པ་གཉིས་པ་འདིའི་གོང་ན་གཅིག་ཡོད་པར་གསུངས་པས། དེ་ཡང་མི་འཐད་དམ་གསུང་ངོ༌། །ནཱ་རོ་པའི་བརྒྱུད་པ་བཤེས་གཉེན་མར་པ་བས། བསྡུས་པའི་རྒྱུད་ལོགས་མར་བཞེད་པ་ལ། དེ་ཡང་མི་འཐད་དེ། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཟེར་བས་སོ། །བླ་མ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པའི་བླ་མ་ཁམས་པ་བ། རྒྱུད་རྒྱས་པ་ལ་བརྟག་པ་སུམ་ཅུ་སོ་གཉིས་པ་ལས་བཏུས་པ་བརྟག་པ་བཅུ་གཉིས་པ་གཅིག དེ་ལས་བཏུས་པ་དགུ་པ་གཅིག དེ་ལས་བཏུས་པ་གཉིས་པ་འདི་ཡིན་པར་བཞེད་དོ། །དེ་ཡང་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཞེས་པ། དེས་གནོད་པས། དེ་ཡང་མི་འཐད་པར་བཞེད་དོ། །འོ་ན་ཇི་ལྟ་བུའི་བསྡུས་པའི་རྒྱུད་ཡིན་ན། ཌོཾ་བི་བའི་བཞེད་པས་འདིར་རྒྱུད་རྒྱས་པའི་བརྟག་པ་སུམ་ཅུ་རྩ་གཉིས་པའི་ཐ་མ་གཉིས་ཕྱུང་བར་བཞེད་དེ། དེ་ཡང་རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །ཅེས་པ་ནས། སུམ་ཅུར་གཅིག་མེད་སུམ་ཅུ་པ། །བརྟག་པ་སུམ་ཅུ་པ་ཞེས་བཤད། །ཅེས་པས་བརྟག་པ་ཐམས་ཅད་ཀྱི་མ་ཚང་བ་ཁ་བསྐང་བ། བརྟག་པ་སུམ་ཅུ་པ་སྟེ། སུམ་ཅུ་ལས་མེད་པ་ལ། དེ་གང་གི་ཕྱོགས་ལ་ཞེ་ན། འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཀྱེ་ཡི་རྡོ་རྗེ་རྡོར་འཆང་གིས། །སྟོང་ཕྲག་སུམ་ཅུའི་གྲངས་ཀྱིས་ནི། །ཨེ་མ་རྒྱུད་ནི་རྒྱས་བསྟན་པ། །ཞེས་རྒྱུད་རྒྱས་པའི་ཕྱོགས་ལ་བརྟག་པ་སུམ་ཅུ་པར་གསུངས་ལ། འོ་ན་དེ་ལས་མེད་དམ་ཞེ་ན། མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །དག་པའི་སྙིང་པོ་ཡོངས་བསྡུས་པ། །ཞེས་བརྟག་པ་ཐམས་ཅད་ཀྱི་དོན་བསྡུས་ཀྱི་བརྟག་པ་གཉིས་གསུངས་ལ། འོ་ན་དེ་ལས་གཞན་པ་ཅིག་ཡོད་དམ་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས་གསུངས་པ་སྟེ། འདི་ནི་རྒྱུད་ཀྱི་ངེས་པའོ། །ཞེས་སོ། །དེས་རྒྱུད་རྒྱས་པ་ལས་བསྡུས་པ་རང་ལ་དགོས་པ་ཅི་ཡོད་ཅེ་ན། མ་འོངས་པ་སྙིགས་མ་ལྔ་ལྡན་གྱི་དུས་སུ་སྐྱེས་པའི་སོ་སོ་སྐྱེ་བོ་རྣམས་ཚེ་ཐུང་ཞིང༌། ཤེས་རབ་ཞན་པས་རྒྱུད་རྒྱས་པ་ལ་ལྟ་མི་ནུས་པས། དེའི་དོན་དུ་བསྡུས་སོ། །དེའང་གུར་ལས་ཤེས་ཏེ། བཅོམ་ལྡན་འདས་ཇི་ལྟར་ན་རྒྱུད་ཀྱི་བསྟན་པ་རྒྱས་པ་མ་ལགས་བྱས་པས། སོ་སོ་སྐྱེ་བོ་གང་ཡིན་པ་དེ་ཡང་སྲོག་གཅོད་པ་ལ་དགའ་བ་དང༌། རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་ལ་ཡང་རྩ་བའི་ལྟུང་བ་ཕལ་ཆེར་འབྱུང་བ་དང༌། གང་དག་སྤྱོད་པ་དེ་དག་ཀྱང་མི་དགེ་བ་བཅུ་ལ་ལྷག་པར་སྤྱོད་པ་དང༌། མ་མོའི་ཚོགས་རྣམས་ཀྱང་ཤ་ཁྲག་ལ་དགའ་བས་རྒྱུད་ཀྱི་བསྟན་པ་རྒྱས་པ་མ་ཡིན་ནོ། །ཞེས་པ་རྒྱུད་རྒྱས་པ་ལ་ལྟོས་ནས་བཏུས་པའི་རྒྱུད་ཀྱང་ཡིན། བརྟག་པ་སུམ་ཅུ་རྩ་གཉིས་པ་ལ་ལྟོས་ནས་ཕྱུང་བའི་རྒྱུད་ཀྱང་ཡིན་ནོ། །འོ་ན་ཕྱུང་བ་ཡིན་ན་གླིང་གཞི་འོང་བ་ཇི་ལྟར་ཡིན་ན། རང་དབང་ཅན་གྱི་རྒྱུད་དུ་གྲུབ་པར་བྱ་བའི་ཕྱིར་རོ། །བླ་མ་དམ་པའི་ཞབས་ལ་གུས་པས་འདུད། མའི་རྒྱུད་ལ་རྩ་བ་དང་བཤད་པ་གཉིས་སུ་བཞུགས་ཏེ། དེ་ལ་སྔོན་བྱུང་ཞིང་བསྟན་བྱར་འདུག་པ་ལ་རྩ་བའི་རྒྱུད་དུ་བྱ། ཕྱིས་བྱུང་ཞིང་སྟོན་བྱེད་དུ་འདུག་པ་ལ་བཤད་པའི་རྒྱུད་བྱ་སྟེ། འཇུག་ལུགས་དེའི་ཕྱོགས་ལ་ནི་ཕན་ཚུན་ལྟོས་ནས་བཞག་པར་བཞེད་དེ། དེ་ཡང༌། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོར་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་ཡི་རྒྱུད། །ཅེས་གསུངས་པས་དེའི་ལུགས་ལྟར་ན། རྒྱུད་ཕྱི་མ་ཡན་ཆད་བཤད་པའི་རྒྱུད་དོ། །འཇོག་ལུགས་གཉིས་པ་ལྟར་ན། དེ་རྩ་བར་ཁས་བླངས་ནས་དེའི་མ་ཚང་བ་ཁ་བསྐང༌། མི་གསལ་བ་གསལ་བར་བྱེད་པ་ལ་སོགས་པ་ལ་རྒྱུད་ཕྱི་མ་སྟེ། དེ་གཉིས་ཀ་བཤད་གཞིར་ཁས་བླངས་ནས་ཚུལ་གཉིས་ཀྱིས་བཤད་པ་ནི་ཕྱི་མའི་ཕྱི་མ། དེ་གསུམ་ཀ་བཤད་གཞི་མཁས་བླངས་ན། ཚུལ་གསུམ་གྱི་ཐོག་ཏུ་ཡང་ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན་པ་ལ་བཤད་རྒྱུད་ཅེས་བྱ་བར་བཞེད་དེ། དེ་ལ་རྒྱུད་གསུམ་པོ་འདིའི་དབང་དུ་བྱས་ན། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལ། ཐུན་མོང་མ་ཡིན་པའི་ཚུལ་གྱིས་བཤད་པ་དང༌། ཐུན་མོང་གི་ཚུལ་གྱིས་བཤད་པའོ། །ཇི་ལྟ་བུའི་རྩ་བའི་རྒྱུད་ཡིན་ཞེ་ན། རྗེ་མེ་ཏྲཱི་ཞབས་པའི་བརྒྱུད་པས། རྒྱས་པ་ལ་བརྟག་པ་སྟེ་ལེའུ་སོ་གཉིས། ཤླཽ་ཀ་ནི་འབུམ་བཞུགས་པའི་དང་པོ་གཉིས་ཕྱུང་བར་བཞེད་དེ། བརྟག་པའི་རྒྱལ་པོ་དང་པོ་ཡིན། །སྒྱུ་མའི་བརྟག་པ་གཉིས་པ་སྟེ། །གསུངས་པ་ན་ཐེ་ཚོམ་མི་ཟ་གསུངས་པ་ལ། དེའི་ཕྱོགས་ལ་འགལ་བ་སྣང་སྟེ། བརྟག་པ་དང་པོའི་བཅུ་གཉིས་པ་ལས་རྒྱས་པའི་སྐབས་ནས། གོང་དུ་བརྟག་པ་བཅུ་གཉིས་ལས། རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་གསུངས་པ་དང་འགལ་ཏེ། བརྟག་པ་དང་པོ་གཉིས་ཕྱུང་བར་བཞེད་ན་གོང་དུ་བསྡུ་རྒྱུའི་བརྟག་པ་བཅུ་གཉིས་པ་མེད་པས་སོ། །ཡང་འགལ་བ་གཉིས་པ་རབ་གནས་ཀྱི་སྐབས་ནས། གོང་མའི་རྒྱུད་ཀྱི་ཆོག་རིམ་པ། །ཞེས་གསུངས་པ་ལ་བརྟག་པ་དང་པོར་མ་གསུངས་སོ། །བླ་མ་རྡོ་རྗེ་གདན་པའི་བརྒྱུད་པའི་བཞེད་ཀྱིས་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་པ། བཅུ་གཉིས་པ། དགུ་པ། འདི་བརྟག་པ་གཉིས་པ་བཀོལ་བ་དུམ་བུའི་རྒྱུད་དུ་བཞེད་པ་དང༌། དཔལ་ནཱ་རོ་བའི་བརྒྱུད་པས། རྒྱས་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བར་བཞེད་པའི་རྒྱུད་ཆུང་ངུ་རྩ་རྒྱུད་དུ་བཞེད་པ་དེ་གཞུང་དང་འགལ་བར་སྣང་སྟེ། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཞེས་པའོ། །རྗེ་ཌོཾ་བི་ཧེ་རུ་ཀའི་བརྒྱུད་པས་ནི་བརྟག་པ་སུམ་ཅུ་པོ་ཡན་ཆད་ཀྱི་བརྟག་པར་གསུངས་པ་ལ། རྒྱུད་རྒྱས་པ་མ་འོངས་པ་ལ་མཁོ་བའི་ཡན་ལག་ཏུ་མ་གྱུར་ནས། རྩོད་དུས་སུ་མཁོ་བའི་ཡན་ལག་ཏུ་རྒྱུད་བསྡུས་པ་ཞུས་པ་དེ་དག་གི་དོན་སུམ་ཅུ་རྩ་གཉིས་པ་ལས་གང་གཅེས་པ་བསྡུས་པ་བརྟག་པ་གཉིས་པ་འདི་ཡིན་ཏེ། དང་པོ་གླེང་གཞི་གསུངས་པ་དང༌། རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་གསུངས་པ་དང༌། གོང་མའི་རྒྱུད་ཀྱི་ཆོག་རིམ་པས། །ཞེས་གསུངས་པ། མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཀྱེ་ཡི་རྡོ་རྗེ་རྡོར་འཆང་གིས། །ཨེ་མ་རྒྱུད་ཀྱི་རྒྱས་བསྟན་པ། །དག་པའི་སྙིང་པོ་ཡོངས་བཟུང་བ། །ཞེས་རྒྱས་པ་ལས་བསྡུས་པར་གསུངས་པའི་རྒྱུད་དུ་བརྟག་པ་གཉིས་པ་གསལ་ཏེ། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་གཟུང་ཕྱིར་རོ། །སུམ་ཅུར་གཅིག་མེད་སུམ་ཅུ་པ། །ཞེས་པ་གཉིས་པོ་དེ་དང་བརྟག་པ་སོ་གཉིས་སུ་གྲངས་ཀྱང་ཚང་བར་བྱས་སོ། །འོ་ན་རྒྱུད་རྒྱས་པ་ལ་བརྟག་པ་སུམ་ཅུ། བསྡུས་པ་ལ་གཉིས་སུ་འོང་བ་ཅིས་སྙམ་ན། འདི་ཡི་རྒྱུད་ཀྱི་ངེས་པའོ། །ཞེས་བྱའོ། །རྒྱུད་རྒྱས་པ་ལས་བསྡུས་པའི་དགོས་པ་ནི། འཆད་པ་དང༌། ཉན་པ་པོ་ཉོན་མོངས་པའི་དབང་དུ་འགྱུར་ལ། དེས་ཕྱིས་བགེགས་འཕེལ། བར་ཆད་ལ་སོགས་པ་འབྱུང་བས་སོ། །ཐ་མ་གཉིས་ཕྱུང་བས་ན་ཕྱུང་བ་ཞེས་ཀྱང་འཐད་དོ། །དེ་ལྟ་བུ་དེ་རྒྱུད་ཀྱི་རིམ་པས་ནི་གང་ཟག་གཞུག་པའི་གོ་རིམ་ལ་དགོངས་ནས། འབྲས་བུ། གང་ཟག ཐབས་དང་གསུམ་དུ་གནས་ཏེ། འབྲས་བུ་ལ་བྲོད་པ་སྐྱེས་པས་རྒྱུ་དང་ཐབས་ལ་ནན་ཏན་བྱེད་པ་ལ་དགོངས་སོ། །སྟོན་ལུགས་འདི་བརྟག་པ་དང་པོ་རྩ་བའི་རྒྱུད་དུ་སྟོན། བརྟག་པ་ཕྱི་མ་ནི་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བར་བྱེད་པས་བཤད་པའི་རྒྱུད་ཀྱི་ཚུལ་དུ་སྟོན་གསུངས། གོང་དུ་བརྟག་པ་བཅུ་གཉིས་ལས། རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་པ་ལ་བཞེད་ལུགས་དུ་མ་སྣང་སྟེ། པདྨ་བཛྲ་ནི་བརྟག་པ་ཞེས་བྱ་བ་ལེའུ་ལ་ཟེར་ལ། བརྟག་པ་དང་པོ་འདི་ཉིད་ལ། ལེའུ་བཅུ་གཅིག་ཡོད་པ་ལས་འདིའི་གོང་ཡན་ཆད་ལེའུ་བཅུ་ཐམ་པ། རྡོ་རྗེ་རིགས་ཀྱི་ལེའུ་ལ་གཉིས་འབྱེད་པས་བཅུ་གཅིག སྔགས་ཀྱི་ལེའུ་དང་བཅུ་གཉིས་ཡོད་པ་ལས། བཅུ་གཉིས་པ་སྔགས་ཀྱི་ལེའུ་ལས་རྒྱས་པར་གསུངས་པ་ལེའུ་དགུ་པ་འདིར་མདོ་རུ་བསྡུ། ཞེས་ཏེ། སྔགས་ཀྱི་ལེའུ་ན་རྒྱས་པར་གསུངས་པ་མེད་པས་དེ་ཡང་མི་འཐད་ལ་འགྲེལ་བར། ཀུ་རུ་ཀུལླེའི་བརྟག་པ་བཅུ་གཉིས་པར་བྱས་ནས་འདུག་གསུངས་ཏེ། དེ་ལྟ་བུ་ཡང་གཞུང་གཞན་དུ་བཅུ་གཉིས་པར་གྲུབ་པ་མེད་པས་མི་འཐད་དོ། །དམ་ཚིག་རྡོ་རྗེ་རྗེས་འབྲང་དང་བཅས་པ་ནི། གོང་དུ་བརྟག་པ་བཅུ་གཉིས་པ། ཞེས་བྱ་བ་ནི་བརྟག་པ་བཅུ་གཉིས་ལས་གསུངས་པས་ཟེར་ཏེ། དེ་ལ་གོ་བ་མི་འདུག་གསུངས། སྨན་ལུང་པ་ནི་སྤྱིར་རྒྱུད་རྒྱས་བསྡུས་ལྔར་བཞུགས་ཏེ་རྒྱུད་རྒྱས་པ་ལ་བརྟག་པ་སོ་གཉིས་པ་དང༌། སུམ་ཅུ་པ་དང༌། བཅུ་གཉིས་པ་དང༌། བརྟག་པ་དགུ་པ་དང༌། བསྡུས་པ་བརྟག་པ་གཉིས་པ་འདི་ཉིད་དང་ལྔར་བཞུགས་པ་ལས། རྒྱུད་བརྟག་པ་བཅུ་གཉིས་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྒྱས་པར་གསུངས་པ་དེ། ལེའུ་དགུ་པ་འདིར་མདོ་རུ་བསྡུ། གསུངས་ཏེ། བཤད་པའི་རྒྱུད་ལས་རྒྱས་པ་ལ་བརྟག་པ་སོ་གཉིས་དང༌། བསྡུས་པ་ལ་བརྟག་པ་གཉིས་སུ་གསུངས་ཀྱི། རྒྱས་བསྡུས་ལྔར་གྲུབ་པ་མེད་པས་དེ་ཡང་མི་འཐད་ལ། མར་པས། གོང་དུ་གསུངས་ཞེས་འདི་ཉིད་ཀྱི་སྔགས་ཀྱི་ལེའུ་ལ་བྱ་ལ། བརྟག་པ་བཅུ་གཉིས་ལས་རྒྱས་པར་གསུངས་ཞེས་བྱ། ཀུ་རུ་ཀུལླེ་ཡན་ཆད་དགུ་དང༌། དངོས་གྲུབ་བརྟག་པ་ཡན་ཆད་བཅུ་གཉིས་ལས་རྒྱས་པར་གསུངས་པ། དགུ་པ་འདིར་མདོ་རུ་བསྡུ། ཞེས་གསུང་སྐད། བླ་ཆེན་པའི་ལུགས་ཀྱི། གོང་དུ་བརྟག་པ་བཅུ་གཉིས་ལས་ཟེར་ཡང་རུང་སྟེ། བཤད་པའི་རྒྱུད་ལས། མཁའ་འགྲོ་ཀུ་རུ་ཀུལླེ་དགུ་ཟེར་བས་བརྟག་པ་དགུ་པར་བཤད། དངོས་གྲུབ་བརྟག་པ་བཅུ་གཉིས་པ། །ཞེས་བཅུ་གཉིས་པ་དངོས་གྲུབ་ཀྱི་བརྟག་པར་བཤད་ཀྱང༌། བཅུ་གཉིས་པ་དེར་ཀུ་རུ་ཀུལླེའི་ལས་ཚོགས་རྒྱས་པར་གསུངས་པ་དེ། ལེའུ་དགུ་པ་འདིར་མདོ་རུ་བསྡུ་གསུངས། ཡང་ཀུ་རུ་ཀུལླེ་འདིས་དགོས་པ་གསུམ་འགྲུབ་སྟེ། དབང་དུ་བྱ་བའི་ལས་འགྲུབ་པ་དང༌། དུག་གིས་མི་ཚུགས་པ་དང༌། ཤེས་རབ་འཕེལ་བར་བྱེད་པའོ། །ས་བཅུ་གཅིག་པ་སྤྱིའི་དོན་གྱི་མཐར་ཐུག་ལས་ཁྱད་པར་དུ་འཕགས་པ་སྦས་པའི་དོན་གྱི་མཐར་ཐུགས་བཅུ་གསུམ་པ་དེ་ལ། སྤང་བྱ་དང༌། ཐོབ་བྱ་དང་སྦྱང་གཞི་ཁྱད་པར་དུ་འཕགས་པ་ཡོད་དམ་ཞེ་ན། གདམས་ངག་དང་ལུང་རྣམས་ཀྱིས་ཡོད་པར་བཞེད་དེ། ས་བཅུ་གཅིག་པའི་དུས་སུ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་འཁོར་དང་ཞིང་ཁམས་ལ་སོགས་པ་ཐ་དད་པའི་ཚུལ་དུ་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བཤད་དེ་གསུངས་སོ། །དེ་བས་ན་ཡོན་ཏན་ཐམས་ཅད་གཞན་སྣང་ཐ་དད་པའི་ཚུལ་དུ་སྣང་བ་ནི་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡིན་པས་ན། སྤང་བྱ་མ་སྤངས་སོ། །ཐོབ་བྱ་ཡང་མ་ཐོབ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་རོ་གཅིག་པར་མ་ཤེས་ཏེ། བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་བྱས་པ་མེད་དོ། །སྦྱང་གཞི་ཡང་ལུས་ཀྱི་རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་ན་རླུང་དང་བྱང་སེམས་སུམ་ཅུ་རྩ་གཉིས་དབུ་མའི་གནས་སུ་ཐིམ་པ་ལས་ས་བཅུ་གསུམ་གྱི་རྟོགས་པ་འཆར་བ་ལས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཐབས་དེ་དང་བྲལ་བས་དེའི་རྟེན་འབྲེལ་མ་འཛོམ་པས་སོ། །དེ་རྣམས་མེད་པ་ཅིས་ཤེ་ན། ཉེ་བའི་རྒྱུ་ཐུན་མོང་མ་ཡིན་པ་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་འཛོམ་པའི་རྟེན་འབྲེལ་མེད་པས། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ས་བཅུ་གཉིས་པ་ཁམས་གསུམ་མཐོང་བ་མེད། དེ་མེད་པས་བསམ་གྱིས་མི་ཁྱབ་པ་འཁོར་འདས་ཀྱི་ཆོས་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ཟག་མེད་ཀྱི་ཡེ་ཤེས་སུ་སྣང་བ། ཐམས་ཅད་རང་གི་སེམས་སུ་ཤེས་པའི་ཐོབ་བྱ་མེད་དོ། །མ་བླ་ན་མེད་པའི་ཐོབ་བྱ་འདིས་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་སྤྱོད་པའི་མཐར། ཉེ་བའི་རྒྱུ་ཐུན་མོང་མ་ཡིན་པའི་དུས་སུ་རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་ན། བྱང་སེམས་དང་རླུང་སུམ་ཅུ་སོ་གཉིས། ཆོས་བརྒྱད་དམ་དྲུག་གི་བདག་ཉིད་མངོན་དུ་བྱས། བྱང་སེམས་སོ་གཉིས་དབུ་མར་ཐིམ་པས། སྦྱང་གཞི་ཁྱད་པར་དུ་འཕགས་པའང་ཡོད་ལ་རྟེན་འབྲེལ་གྱི་ཆེ་བས་ན་ས་བཅུ་གཉིས་པ་ལ་ནི་ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་མཐོང་བ་ཡོད་དེ། དེ་ལ་བརྟེན་ནས་ས་བཅུ་གསུམ་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐ་དད་དུ་འཛིན་པ་མེད་པས། སྦྱང་གཞི་དང་ཡང་ཁྱད་པར་མེད་དོ། །ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་པ་སྐྱེ་བས་ཐོབ་བྱ་ལ་ཡང་ཁྱད་པར་ཡོད་དེ། དེ་བས་ན་རྒྱུ་ལ་ཁྱད་པར་ཡོད་པས་འབྲས་བུ་ལ་ཡང་ཁྱད་པར་ཡོད་དོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་རྒྱུད་རྣམས་སུ་རྒྱུའི་ཐབས་དེ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ལུང་གིས་བཤད་པ། ཡང་དག་པར་སྦྱོར་བའི་ཐིག་ལེ་ནས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ། སངས་རྒྱས་ཉིད་ཡིན་ལ། མཚན་གཞི་ཡང་དག་པར་མཚོན་པ་ནི། རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཡང་དེ་ཉིད་ལས། གཞན་དུ་བསྐལ་པ་གྲངས་མེད་པ། །བྱེ་བས་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཡང་ན་རྡོ་རྗེ་སེམས་དཔའ་འཐོབ། །ཅེས་གསུངས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*