བརྒྱ་བཞིའི་ཆོ་ག

༄༅། །བརྒྱ་བཞིའི་ཆོ་ག་ལེགས་མཛེས་ཕྲེང་བ་ཞེས་བྱ་བ་བླ་མ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་བཞུགས་སོ།།

ན་མོ་གུ་རུཿ གང་གི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །ཙ་ཏུར་རུ་ཏྲ་མིང་གི་ལྷག་མར་མཛད། །ཉི་མའི་གཉེན་གྱུར་དེ་ལ་གུས་བཏུད་ནས། །མཆོད་སྦྱིན་བརྒྱ་བཞིའི་ཆོ་ག་བཤད་ཀྱིས་ཉོན། །དེ་ལ་འདིར་བརྒྱ་བཞིའི་ཆོ་ག་ལ་མདོ་ལུགས་དང་སྔགས་ལུགས་གཉིས་ལས། འདིར་མདོ་ལུགས་བླ་མ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་འདི་ལ་དོན་གཉིས་ཏེ། གླེང་གཞི་དང་ཆོ་ག་བྱ་བའི་ཐབས་གཉིས་སོ། །དང་པོ་ནི། སྔོན་ལྷའི་དབང་པོ་བརྒྱ་བྱིན་གདུག་པའི་ནད་ཀྱིས་ཟིན་པ་དང་། ལྷ་རྣམས་ཀྱིས་ཞུས་པས། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བདུད་ཀྱིས་ཟིན་པ་ལ་དགོངས་ནས་བརྒྱ་བཞིའི་ཆོ་ག་འདི་མཛད་པས་བདུད་བཞི་ལས་ཐར་ནས་ནད་ལས་གྲོལ་ཏེ། མིང་ཡང་བརྒྱ་བཞི་ཞེས་བཏགས་ནས་རྡོ་རྗེ་གདན་གྱི་ཀ་གདན་གྱི་འོག་ཏུ་སྦས་སོ། །དེ་ནས་པཎྜི་ཏ་ལྔ་བརྒྱའི་ནང་ནས་སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བ་སྒྲ་ཤིན་ཏུ་མཁས་པ་དེས་གཏོན་ནས་དར་བར་མཛད་དེ། དེས་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ལ། དེས་རྡོ་རྗེ་གདན་པ་ཆེ་བ་ལ། དེས་རྡོ་རྗེ་གདན་པ་ཆུང་བ་ལ་གནང་བའོ། །གཉིས་པ་ཆོ་ག་བྱ་བ་ལ་གཉིས། དངོས་གཞི་དང་ཕན་ཡོན་ནོ། །དང་པོ་ལ་གསུམ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་ནི་རང་ཉིད་བསྙེན་པ་སོང་ཞིང་། འདིའི་ལུང་ཐོབ་པས་གནས་ཁང་ཡིད་མཐུན་ཞིང་མཐུན་རྐྱེན་ཚང་བའི་སར། མཎྜལ་གྲུ་བཞི་པ་ལ་དྲི་ཞིམ་པོའི་ཆུས་བྱུགས་པར་ཚོན་རྩི་དཀར་པོས་པདྨ་འདབ་བརྒྱད་ལེགས་པར་བྲིས་པའི་དབུས་སུ་དེ་བཞིན་གཤེགས་པའི་ཕྱག་གི་སོར་མོ་བཞིའི་རྩེ་ལ། མཐེའུ་ཆུང་ལ་ལྷའི་བུའི་བདུད་དཀར་པོ་མདུན་དུ་ལྷ་བཤོས་ལག་གཡས་མེ་ཏོག སྲིན་ལག་ལ་འཆི་བདག་གི་བདུད་ནག་པོ་མདུན་དུ་མར་མེ་ལག་གཡས་ཁྲམ་ཤིང་། གུང་མོ་ལ་ཕུང་པོའི་བདུད་སེར་པོ་མདུན་དུ་དམར་གཏོར་ལག་གཡས་རལ་གྲི། མཛུབ་མོ་ལ་ཉོན་མོངས་པའི་བདུད་དམར་པོ་མདུན་དུ་དཀར་གཏོར་ལག་གཡས་མདུང་ཁུར་བ་རྣམས་ལྷའི་ལུས་ཅན་དར་དང་རིན་པོ་ཆེས་བརྒྱན་ཞིང་ལངས་པ་འཆི་བདག་གི་བདུད་ལ་ཁྲོ་གཉེར་ཡོད་པ། བཞི་ཀ་ཐོར་ཚུགས་མི་གཉིས་པའི་གཟུགས་རྣམས་བཞག དེ་རྣམས་ཀྱི་མདུན་ཕྱག་མཐིལ་དུ་ཡོན་བདག་གི་གླུད་གོས་རྒྱན་དང་བཅས་པ་བཤམས། ཕྱག་གི་དབུས་སུ་མཉྫིའི་སྟེང་དུ་ཐུབ་པའི་སྐུ་རབ་གནས་ཅན་བཞུགས་སུ་གསོལ། འདབ་མ་བརྒྱད་ལ་ཉེ་བའི་སྲས་བརྒྱད་ཀྱི་སྐུའམ་སྐུ་མདོག་དང་མཐུན་པའི་ཚོམ་བུ་བཀོད། དེའི་ཕྱིར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བཟུང་ཆུ་གཉིས་སྔོན་འགྲོའི་ཉེར་མཆོད་ཀྱིས་བསྐོར། དེའི་ཕྱི་རོལ་དུ་ཕུང་པོའི་བདུད་སེལ་བ་ལ་སྐུ་གདུང་གི་མཆོད་རྟེན་བརྒྱ། དེའི་ཕྱི་རོལ་དུ་ཉོན་མོངས་པའི་བདུད་སེལ་བ་ལ་སྣང་གསལ་གྱི་མར་མེ་བརྒྱ། དེའི་ཕྱི་རོལ་དུ་ལྷའི་བུའི་བདུད་སེལ་བ་ལ་འབྲུའི་ལྷ་བཤོས་བརྒྱ། དེའི་ཕྱོགས་བཞི་རུ་འཆི་བདག་གི་བདུད་སེལ་བ་ལ་སྲོག་གི་གླུད་བརྒྱ་རྣམས་ཕྱོགས་རེར་ཉི་ཤུ་རྩ་ལྔ་རེ་གྲུ་བཞིར་བཤམས། དེའི་ཟུར་བཞིར་ཕྱོགས་མདོག་དང་མཐུན་པར་མདའ་དར་མེ་ལོང་བཅས་པ་བཤམས། འདིར་བརྒྱ་བཞིའི་མདུན་བསྐྱེད་ཁོ་ན་ལ་གཏོར་མ་འབུལ་བའི་དབང་དུ་བཏང་སྟེ་ཟླུམ་གཏོར་གཅིག་གི་དྲུང་དུ་ཆུ་གཉིས་སྔོན་འགྲོའི་ཉེར་མཆོད། དེའི་མདུན་ཕྱོགས་སྐྱོང་དང་འབྱུང་པོ་གཉིས་ལ་ཟླུམ་གཏོར་རེ་རེ། བགེགས་ལ་མཐེབ་སྐྱུ་གསུམ་སྒྲོམ་རྒྱན་ལྡན་ཏིང་ལོ་ཆང་བུ་སྟེ་ཆ་གསུམ་གཏོར་མ་བཤམ་མོ། །གཉིས་པ་དངོས་གཞི་ནི། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་མཆོད་རྫས་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། འོག་ཏུ་བསངས་སྦྱངས་ཞེས་པའི་སྐབས་སུ་འདི་ལྟར་དྲན་པར་བྱའོ། །སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཞེས་དང་། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱཱ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི། པྲཛྙཱ་པྲ་ར་མི་ཏ་ནཱ་ད་སྭ་བྷ་ཝན། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཁ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་དང་བཅས་པས་བྱིན་དབབ་ཅིང་། འོག་ཏུ་མཆོད་པ་བྱིན་རླབས་དགོས་པ་རྣམས་ལ་དྷརྨ་ར་ཎི་མི་བརྗོད་པ་ཁྱད་པར་རོ། །བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་ཉེར་གཅིག་ལ་སོགས་པ་ཅི་ནུས་བྱ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ལན་གཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱབ་འཇུག་སྔོན་པོ། ཚངས་པ་དཀར་པོ། བརྒྱ་བྱིན་ལྗང་གུ། དབང་ཕྱུག་དམར་པོ་རྣམས་ཀྱི་སྟེང་དུ། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་ཐུབ་པ་རྡོ་རྗེའི་གདན་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་ཞིང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པ་སེར་པོ། གཡས་རིན་པོ་ཆེའི་རྔ་གཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ། གཡས་རིན་པོ་ཆེའི་རྔ་གཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གསུམ་བཀོད་གཙོ་འཁོར་གསུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ་དང་། བྱམས་པ་ལ་རྣམ་སྣང་། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་ལ། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ལ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ་ཞིང་། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ་སྟེ། བདག་བསྐྱེད་དོ། །མདུན་བསྐྱེད་ནི། མཎྜལ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱ་ཧཱ། ལས་བསྟན་པའི་བདག་པོ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་བ། འདབ་མ་བརྒྱད་ལ་ཤར་དུ་འཇམ་དཔལ་དབྱངས་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པོ་ཏི་འཛིན་པ། ལྷོ་རུ་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ནུབ་ཏུ་སྤྱན་རས་གཟིགས་དཀར་པོ་པདྨ་དང་དྲིལ་བུ་འཛིན་པ། བྱང་དུ་སའི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་འཛིན་པ། བྱང་ཤར་དུ་སྒྲིབ་པ་རྣམ་སེལ་དཀར་པོ་རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་འཛིན་པ། ཤར་ལྷོར་བྱམས་པ་སེར་པོ་ཀླུ་ཤིང་དང་དྲིལ་བུ་འཛིན་པ། ལྷོ་ནུབ་ཏུ་ཀུན་ཏུ་བཟང་པོ་སྔོན་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ནུབ་བྱང་དུ་ནམ་མཁའི་སྙིང་པོ་སྔོན་པོ་རལ་གྲི་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་པས་སྟོན་པ་ཤཱཀྱའི་རྒྱལ་པོ་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿབྷ་ག་ཝན་ཨེ་ཧྱེ་ཧི་མཧཱ་ཀ་རུ་ནི་ཀ་ཏྲི་ཤྱ་ཧོ་ས་མ་ཡ་སཏྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལ་ཡ་སཏྭཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་སོགས་གོང་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ་དང་། ཉེ་བའི་སྲས་བརྒྱད་ལ་རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན། མཆོད་པ་བྱིན་རླབས་གོང་བཞིན་བྱས་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མེ་ཏོག་ཇི་སྙེད་དང་། པུཥྤེ། བདུག་སྤོས་དང་། དྷཱུ་པེ། སྣང་གསལ་དང་། ཨཱ་ལོ་ཀེ། དྲི་ཆབ་དང་། གནྡྷེ། ཞལ་ཟས་དང་། ནཻ་ཝི་དྱཱ། རོལ་མོ་ཇི་སྙེད་ཡོད་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་བཛྲ་དྷརྨ་ར་ཎི་ཏ་སོགས་བརྗོད་ནས། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའི་མཐར་སེ་གོལ་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟི་རཏྣ ༴ །བློན་པོ་རིན་ཆེན ༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཧསྟ་རཏྣ ༴ །རྒྱལ་བ་སྲས་དང ༴ །གླང་པོ་རིན་ཆེན ༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ ༴ རྒྱལ་བ་སྲས་དང ༴ །རྟ་མཆོག་རིན་ཆེན ༴ །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་རཏྣ ༴ རྒྱལ་བ་སྲས་དང ༴ །དམག་དཔོན་རིན་ཆེན ༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཌྒ་རཏྣ་པཱུ་ཛི་ཏེ་ཧཱུྃ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རུ་པ་ཀཱ་མ་གུ་ན་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར ༴ །བཞེས་ཤིག་བླ་མེད ༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་ཀཱ་མ་གུ་ན ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་དཀར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར ༴ །བཞེས་ཤིག་བླ་མེད ༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀཱ་མ་གུ་ན ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར ༴ །བཞེས་ཤིག་བླ་མེད ༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་ཀཱ་མ་གུ་ན ༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར ༴ །བཞེས་ཤིག་བླ་མེད ༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་པརྵེ་ཀཱ་མ་གུ་ན ༴ རྡོ་རྗེས་ཕྱག་འཚལ་བའི་ཚུལ་དང་། དྲིལ་བུ་ཚིགས་བཅད་རེའི་མཚམས་སུ་གསིལ་ལ། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་འབྲལ་བའི་དགོངས་པ་དང་། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱེད་ཀྱིས་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང་། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པས་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པར་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དྭང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་གེགས་མཛད་དང་། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་དུ་བག་སྐྱོང་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱོད་ནི་རྒྱུ་བ་དང་། །གནས་སྐབས་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།།  ༈ །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་ལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །བཙུན་པ་ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས། ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྫོགས་སོ། །ཤེས་རབ་སྙིང་པོ་ཤློ་ཀ་ཉེར་ལྔ་པ་པཎྜི་ཏ་བི་མ་ལ་དང་ལོ་ཙཱ་བ་རིན་ཆེན་སྡེས་བསྒྱུར་བའོ།།  ༈ །སཱཙྪའི་རབ་གནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་ལས་བཏུས་པ་ནི། སཱཙྪའི་བགེགས་ལ་དམིགས་ནས་རྡོ་རྗེ་གསོར་ཞིང་། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། ལྷ་མོ་བུམ་པ་ཐོགས་པ་དུ་མས་མི་གཙང་བ་དང་འབགས་བཙོག་བཀྲུས་པར་བསམ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཤློ་ཀ་གཅིག་གི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད། སླར་ཡང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་མཆོད་རྟེན་རྣམས་བྷྲཱུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་དེ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སེངྒེ། གླང་ཆེན། རྟ་མཆོག རྨ་བྱ། མཁའ་ལྡིང་གི་ཁྲི་དང་། པདྨ་དང་ཟླ་བའི་གདན་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿལས་དབུས་སུ་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་ས་གནོན་དང་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་གཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་དང་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེས་བརྒྱན་པ། རང་གི་ཐུགས་ཀ་ནས་འོད་འཕྲོས། རང་བཞིན་གྱི་གནས་ནས་སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་ཕྱོགས་བཅུ་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བའི་དབང་པོ་སྲས་དང་སློབ་མར་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པས། ཏིལ་གྱི་གོང་བུ་ཏིལ་གྱིས་གང་བ་བཞིན་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱིས་གང་བར་བསམ་ལ། ཛཿཧཱུྃ་བཾ་ཧོཿ ཅི་འགྲུབ་བརྗོད། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡང་ཧཱུྃ་ལས་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུ་བཅས་སྐུ་ནི་མང་པོ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རྡོ་རྗེས་སྤྱན་དབྱེ་ཚུལ་དང་། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་ཙཀྵུ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་མཆོད་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་གསུམ་བྱ། འདི་ནི་རབ་གནས་དོན་གསལ་ལས་གསུངས་པའི་ཆོ་ག་བསྡུས་པ་ཡིན། ཞེས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་ལས་ས་སྐྱ་པ་ཀུན་བློས་བཏུས་པའོ།།  ༈ །གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ཨོཾ་མཧཱ་མུ་ནི་ས་པ་རི་ཝཱ་ར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མཐར་རོལ་མོ། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་གོང་བཞིན། ཕྱོགས་སྐྱོང་གི་གཏོར་མ་ལ་དམིགས་ཏེ་རྡོ་རྗེ་གསོར་ཞིང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས་མ་དག་པ་བསངས་ཤིང་། རྡོ་རྗེ་མེའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་བརྗོད་པས་གཟི་བྱིན་བསྐྱེད་ལ། རིན་པོ་ཆེའི་སྣོད་ཡངས་པར་བདུད་རྩིའི་ཚོགས་ཀྱིས་གང་བར་བསམས་ནས། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་ཚུལ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱདྱ་ནུཏྤནྣ་ཏྭད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་ཅི་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་བསམ་ཞིང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་པས་སྤྱན་དྲངས་པར་བསམས་ལ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཅིང་། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུག་སོལ། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། པདྨའི་ཕྱག་རྒྱ་བཅས་ལ། པདྨ་ཀ་མ་ལ་ཡ་སཏྭཾ་གྱིས་གདན་ཕུལ་ལ། ཨོཾ་ཨིནྡྲ་ཡེ། ཨགྣ་ཡེ། ཡ་མ་ཡེ། ནི་རི་ཏྱ། ཝ་རུ་ཎཱ་ཡེ། ཝཱ་ཡ་བེ། ཀུ་བེ་རཱ་ཡ། ཨཱི་ཤྭ་རཱ་ཡ། ཨུརྡྷེ་བྲཧྨ། སུརྻ་གྲ་ཧ་ཨ་ཏི་པ་ཏ་ཡེ། ཙནྟྲ་ནཀྵ་ཏྲ། ཨ་དྷི་པ་ཏ་ཡེ། ཨ་ཏོ་པྲི་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་བཛྲ་ས་མ་ཡ་སཏྭཾ། ཞེས་བརྗོད་ཅིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་པས་དམ་ལ་བཞག དེ་ནས་སྔར་གྱི་སྔགས་ཀྱི་རྗེས་ལ། མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས། གྲྀཧྞ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། པུཥྤེ་སྭཱ་ཧཱ། དྷཱུ་པཾ་སྭཱ་ཧཱ། དཱི་པཾ་སྭཱ་ཧཱ། གནྡྷཾ་སྭཱ་ཧཱ། ཞེས་པས་མཆོད་ནས། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང ༴ །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང ༴ །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང ༴ །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང ༴ །གནོད་སྦྱིན་ལག་ན་དབྱུག་ཐོ་འཛིན། །ནོར་སྐྱོང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང ༴ །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང ༴ །འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་པས་བསྟོད། དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། སྔར་གྱི་སྔགས་རྣམས་ཀྱི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །སྭ་སྭ་སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུད་མེད་མཛའ་བཤེས་གཉེན་འདུན་བཅས། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །འཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕྲིན་ལས་བཅོལ་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུངས་པའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་སྦྱིན་ལ། སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་བར་ཆད་ཉེ་བར་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ལ་ཁུ་ཚུར་གཉིས་བསྣོལ་བའི་མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོག་ཅིང་། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ། ཞེས་པས་གཤེགས་སུ་གསོལ། འབྱུང་པོ་རྣམས་ལ་སྔ་མ་ལྟར་བསངས་སྦྱངས། བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་པར་བསམ་ཞིང་། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུད་མེད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ཨོཾ་སརྦ་ལོ་ཀ་ཀཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨའི་ཕྱག་རྒྱ་དང་བཅས་པས། པདྨ་ཀ་མ་ལ་ཡ་སཏྭཾ། གྱིས་གདན་ཕུལ། མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨརྒྷཾ་སོགས་ཀྱིས་མཆོད་ལ། གཏོར་མ་གསོལ་བར་བསམ་ཞིང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས། ཨོཾ་དེ་ཝ། ནཱ་ག ཡཀྵ། རཀྵ་སཱ། གན་དྷརྦྷ། ཨ་སུ་ར། ག་རུ་ཌ། ཀིཾ་ན་ར། མ་ཧོ་ར་ག མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ། ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷགས་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་སྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། གྲོང་དང་ཕྱུགས་སླས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕྲིན་ལས་བཅོལ་ཞིང་། སྔ་མ་ལྟར་ཆོས་ཀྱི་སྦྱིན་པ་དང་། ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་བར་ཆད་ཉེ་བར་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ལ། མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ལོ་ཀ་ཀཱ་ར་གྲྀཧྞེ་དཾ་ཨརྒྷཾ྄་སྭཱ་ཧཱ། ཞེས་དང་། མཐེ་བ་སྲིན་གྱིས་སེ་གོལ་ཕྱིར་གཏོག་ཅིང་གཙྪ། ཞེས་པས་གཤེགས་སུ་གསོལ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཉེ་བའི་སྲས་བརྒྱད་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག ཚར་གཅིག་དང་། ཊཀྐི་ཧཱུྃ་ཛཿ ཅེས་ཚར་གསུམ་བརྗོད་པས་བགེགས་རྣམས་གཏོར་མ་ལེན་པའི་ཕྱིར་དུ་འོང་བར་བསམས་ལ། ལག་གཡོན་ཁུ་ཚུར་སྙིང་ཁར་བཅངས། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་ལ། ཨོཾ་གུང་ཀ་རེ་གུང་ཀ་རེ་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། སརྦ་བིགྷྣཱན། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ནས། གནྡྷཾ་སྭཱ་ཧཱའི་བར་གྱིས་མཆོད་ལ། ལག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མདུན་ནས་བསྐོར་ཞིང་མཐར་མཆོག་སྦྱིན་དང་བཅས་པས་སེ་གོལ་བྱ་ཞིང་། ཨོཾ་གུང་ཀ་རེ་གུང་ཀ་རེ་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། སརྦ་བིགྷྣན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་སོགས་བཏགས་ལ་ལན་གསུམ་གྱིས་གཏོར་མ་བྱིན་པས་ཚིམ་པར་བསམས་ལ། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཞེས་བསྔོས་ལ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམས། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པ། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཞེས་བརྗོད་ཅིང་། ཨོཾ་སརྦ་བིགྷྣན་གཙྪ། ཞེས་པས་གཤེགས་སུ་གསོལ་ལ། གཏོར་མ་ས་གཙང་སར་དོར་ཞིང་། རོལ་མོའི་སྒྲ་དྲག་པོ་དང་བཅས་པས། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྚོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། པ་རི་ཤུ་པཱ་ཤ་ཧ་སཏྭ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ན་ཡ་ཀ་ནཱན། མཧཱ་ག་ན་པ་ཏི། ཛི་ཝི་ཏ། ཨནྟ་ཀ་རཱ་ཡ་སྭཱ་ཧཱ། བགེགས་ཐམས་ཅད་ཉེ་བར་ཞི་བར་ཅིག་ཏུ་གྱུར་ཅིག བརྒྱ་བཞིའི་རྫས་རྣམས་ལ་དམིགས་ནས། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་དཔྲལ་བར་བཞག་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱབྷཱ་ཝ་ཤུདྡྷོ྅ཧཾ། ལན་གསུམ་གྱིས་སྦྱངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་སྤེལ། ལག་པ་རྡོ་རྗེ་བསྡམས་པའི་གུང་མོ་བསྒྲེང་བའི་ཚིགས་བར་མ་བཅག་པ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་གསུམ་གྱིས་བགེགས་བསྐྲད། ལག་པ་གཡོན་ཁུ་ཚུར་སྙིང་ཁར་བཞག གཡས་མཆོག་སྦྱིན་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནཱཏྤནྣ་ཏྭད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་མཉམ་པོར་ཐོབ་པར་བསམ། ལག་གཡོན་སྔར་བཞིན་གཡས་སྡིགས་མཛུབ་བསྒྲེང་བ་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་ཚིམ་པར་བསམ། ལག་པ་རྡོ་རྗེ་བསྡམས་པ་ནང་བཅིང་བྱས་པའི་མཐེ་བོང་དཔྲལ་བར་བཞག་པ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་བཅས་ལ། ན་མཿསམནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏེ་མཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ལན་གསུམ་གྱིས་མགྲོན་རྣམས་མཉེས་པའི་མཐུ་དང་ལྡན་པར་བསམ། དེ་ནས། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད། དེ་ནས། མདུན་གྱི་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་མཐེའུ་ཆུང་ལ་ལྷའི་བུའི་བདུད་དཀར་པོ་མེ་ཏོག་འཛིན་པ། སྲིན་ལག་ལ་འཆི་བདག་གི་བདུད་ནག་པོ་ཁྲམ་ཤིང་འཛིན་པ། གུང་མོ་ལ་ཕུང་པོའི་བདུད་སེར་པོ་རལ་གྲི་འཛིན་པ། མཛུབ་མོ་ལ་ཉོན་མོངས་པའི་བདུད་དམར་པོ་མདུང་འཛིན་པ་རྣམས་མངོན་སུམ་ལྟ་བུར་བཞུགས་པར་གྱུར། རྔ་བརྡུང་ཞིང་དབྱངས་དང་བཅས་པས་སམ་མེད་ཀྱང་རུང་སྟེ་འདི་སྐད་དོ།།  ༈ ཀྱཻ་འཆི་བདག་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་ལྷའི་བུའི་བདུད། །བདུད་བཞི་བདུད་ཀྱི་དམག་ཏུ་ཚོགས། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་ལ། །འཆི་བདག་ནག་པོ་བདུད་ཀྱིས་ཟིན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བརྒྱ་བཞི་སྦྱིན་པར་བཏང་ནས་ཀྱང་། །ལྷ་དབང་བརྒྱ་བྱིན་སྙུན་ལས་ཐར། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །མོ་ངན་རྨི་ལམ་ངན་པ་དང་། །འབྱུང་བའི་བདུད་བཞི་གཡོས་པ་དང་། །མི་ནད་ཕྱུགས་ནད་བྱུང་བ་དང་། །རྩིས་དང་དཔྱད་དུ་ངན་པ་དང་། །ངན་པ་ཐམས་ཅད་བཟློག་པའི་ཕྱིར། །བརྒྱ་བཞིའི་ཡས་དང་རྫས་བསགས་ནས། །འབྱུང་བའི་བདུད་བཞི་སྤྱན་འདྲེན་ན། །སྐད་ཅིག་ཉིད་ལ་འདིར་གཤེགས་ལ། །ཕྱག་སོར་བཞི་ཡི་རྩེ་ལ་བཞུགས། །ཞེས་པས་མགྲོན་སྤྱན་དྲངས་ལ། ངར་གླུད་སྦྱིན་བདག་གི་གླུད་དུ་བསམས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ཁ་འབར་མའི་སྔགས་ཉེར་གཅིག་སོགས་ཀྱིས་རྒྱས་པར་བསྔོས་ལ། འདི་སྐད་དོ། །ཀྱཻ་ལྷ་བདུད་དཀར་པོ་བྱ་བ་ཁྱོད། །ཉོན་མོངས་པ་ཡི་སྒྲིབ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ཤེས་བྱའི་སྒྲིབ་པ་ཉིད་ལས་བྱུང་། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །དུག་ལྔ་ཉོན་མོངས་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །རྣམ་སྨིན་ལས་ཀྱི་སྒྲིབ་ལས་བྱུང་། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །སྒྲིབ་པ་མ་ལུས་སྦྱོང་བའི་ཕྱིར། །མཆོད་སྦྱིན་བརྒྱ་བཞིའི་ལས་བྱས་ཏེ། །མཆོད་པའི་རྟེན་ནི་དཀོན་མཆོག་གསུམ། །མཆོད་རྫས་མེ་ཏོག་སྤོས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །སྒྲིབ་པ་མ་ལུས་བསལ་དུ་གསོལ། །སྐུ་གདུང་སཱཙྪ་བཏབ་པ་འདིས། །ཉོན་མོངས་བདུད་ལས་ཐར་བར་ཤོག །འབྲུ་ཡི་ལྷ་བཤོས་ཕུལ་བ་འདིས། །ལྷ་བུའི་བདུད་ལས་ཐར་བར་ཤོག །གསལ་བྱེད་མར་མེ་ཕུལ་བ་འདིས། །ཕུང་པོའི་བདུད་ལས་ཐར་བར་ཤོག །ལན་ཆགས་སྲོག་གླུད་འདི་བསྔོས་པས། །འཆི་བདག་བདུད་ལས་ཐར་བར་ཤོག །བདུད་བཞི་སེལ་བའི་གཏོ་ཆོག་འདི། །སྔོན་ཚེ་རྒྱལ་བས་བྱིན་གྱིས་བརླབས། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །གླུད་དང་ཡས་སུ་བསགས་པ་འདི། །བདུད་ཀྱི་གཙོ་བོ་བདུད་ཆེན་བཞི། །འཁོར་དང་བཅས་ལ་བརྒྱ་བཞི་འབུལ། །བདུད་ཆེན་བཞི་པོ་རབ་ཏུ་བསལ། །ནད་ཀྱི་གཙོ་བོ་འདུ་བ་བཞི། །དེ་དག་འཚོ་བའི་སྨན་གྱིས་གསོ། །ནད་རྣམས་ཐམས་ཅད་མེད་པར་མཛོད། །སྒྲིབ་པ་བཞི་ལས་གྱུར་པ་ཡི། །བགེགས་ཀྱི་གཙོ་བོ་བདུད་བཞི་པོ། །བར་ཆད་རྐྱེན་དང་གློ་བུར་བྱེད། །དེ་དག་མཆོད་སྦྱིན་རྒྱས་པ་ཡི། །བརྒྱ་བཞིའི་ཆོ་གས་བསལ་བར་བྱེད། །འབྱོར་པ་རབ་འབྲིང་ཐ་མ་ཡིས། །དངོས་དང་གཟུགས་བརྙན་རང་བཞིན་གྱི། །སྔགས་ཀྱི་བྱིན་གྱིས་བརླབས་བྱས་ནས། །བདུད་ཆེན་བཞི་པོར་བསྔོས་བྱས་པས། །རབ་ཏུ་མགུ་ཞིང་དགྱེས་པར་མཛོད། །ཅེས་བརྗོད། དེ་ནས་ཤར་ཕྱོགས་ཀྱི་མར་མེ། ལྷ་བཤོས། གླུད་རྣམས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ། ལན་དགུས་བྱིན་གྱིས་བརླབས། མཆོག་སྦྱིན་གྱི་མཐར་སེ་གོལ་གཏོགས་པ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་དགུ་ཐལ་མོ་སྦྱར་ལ། ན་མོ་ཤར་ཕྱོགས་ཀྱི་སཱཙྪ་ཉེར་ལྔ་པོ་འདིས་ཕུང་པོའི་བདུད་སེལ་བ་དང་། སྣང་གསལ་ཉེར་ལྔ་པོ་འདིས་ཉོན་མོངས་པའི་བདུད་སེལ་བ་དང་། ལྷ་བཤོས་ཉེར་ལྔ་པོ་འདིས་ལྷའི་བུའི་བདུད་སེལ་བ་དང་། གླུད་ཉེར་ལྔ་པོ་འདིས་འཆི་བདག་གི་བདུད་སེལ་བའི་ཕྱིར་བདུད་བཞི་འཁོར་དང་བཅས་པ་ལ་འབུལ་བ་ལགས་ན། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་ལ་ཁྱེད་རྣམས་ཀྱིས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག ན་མོ་བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །དེ་བཞིན་དུ་ལྷོ་ནུབ་བྱང་གསུམ་ལའང་འབྲུ་གསུམ་དགུ། ཁ་འབར་མ་དགུ། ན་མོ་ལྷོ་ཕྱོགས་ཀྱི་སཱཙྪ་ཉེར་ལྔ་པོ་འདིས་སོགས། ན་མོ་ནུབ་ཕྱོགས་ཀྱི་སཱཙྪ་ཉེར་ལྔ་པོ་འདིས་སོགས། ན་མོ་བྱང་ཕྱོགས་ཀྱི་སཱཙྪ་ཉེར་ལྔ་པོ་འདིས་སོགས་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །གི་བར་གོང་བཞིན་ཕྱོགས་བཞི་ཀ་རྫོགས་པ་དང་། བདེན་པ་བདར་བ་ནི། ཧཱུྃ་སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་གཡས་པ་རུ། །མཆོད་གཏོར་ཡས་དང་རྫས་བསགས་ནས། །ཕྱག་སོར་རྩེ་ལ་མགྲོན་བཀུག་སྟེ། །བདུད་བཞིའི་མགྲོན་ལ་སྦྱིན་པར་བཏང་། །སྦྱིན་བདག་ཕྱག་གི་མཐིལ་བཞག་ནས། །གཅེས་པར་འཛིན་མེད་དབང་བསྐུར་བས། །སྒྲིབ་པ་བཞི་ལས་བྱུང་བ་ཡི། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །བདེན་པའི་བྱིན་རླབས་དེ་ལྟར་མཛད། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །གཟུགས་དང་གླུད་ཆེན་འདི་བཞིན་ལ། །མཐའ་མ་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་རྩེ་ལ་བཀོད། །བྱིན་གྱིས་བརླབས་ཏེ་ཕུལ་བ་ཡིས། །དགའ་མགུ་མཉེས་ཤིང་ཚིམ་པར་གྱུར། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །བཀའ་དང་དམ་ལས་མ་འདའ་བར། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །ལྷ་བུའི་བདུད་ནི་དཀར་པོ་ཁྱོད། །ཅི་ཡང་མེད་པའི་གནས་སུ་སོང་། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །སྒྲིབ་པ་བཞི་ལས་བྱུང་བ་ཡི། །ལྷ་བུའི་བདུད་དང་ཉོན་མོངས་བདུད། །ཕུང་པོའི་བདུད་དང་འཆི་བདག་བདུད། །བདུད་སྡེ་རྣམས་ཀྱི་རྒྱལ་པོ་བཞི། །བརྒྱ་བཞིའི་མཆོད་སྦྱིན་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བདུད་བཞི་རང་གི་གནས་སུ་དེངས། །ཞེས་བརྗོད། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །གཤིན་རྗེའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །གཤིན་རྗེ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །གཤིན་རྗེའི་དལ་ཁ་ད་བསྒྱུར་ལ། །གཤིན་རྗེའི་དམག་དཔུང་དགྲ་ལ་བསྒྱུར། །ཆོས་ཀྱི་རྒྱལ་པོའི་བཀའ་ལོང་ལ། །གཤིན་རྗེའི་དམག་དཔུང་བཟློག་ཏུ་གསོལ། །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ཡ་མ་རཱ་ཛ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །རྒྱལ་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །རྒྱལ་པོ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །སྲོག་བདག་རྒྱལ་པོའི་བཀའ་ལོང་ལ། །རྒྱལ་པོའི་དམག་དཔུང་དགྲ་ལ་བསྒྱུར། །རྒྱལ་པོའི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་རཱ་ཛ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །གནོད་སྦྱིན་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །གནོད་སྦྱིན་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །རྣམ་ཐོས་སྲས་ཀྱི་བཀའ་ལོང་ལ། །གནོད་སྦྱིན་དམག་དཔུང་དགྲ་ལ་བསྒྱུར། །གནོད་སྦྱིན་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ཡཀྵ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །ས་བདག་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །ས་བདག་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །ས་བདག་དམག་དཔུང་དགྲ་ལ་བསྒྱུར། །ལྟོ་འཕྱེ་ཆེན་པོའི་བཀའ་ལོང་ལ། །ས་བདག་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་བྷུ་མི་པ་ཏི་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །ཐེའུ་རང་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །ཐེའུ་རང་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །རྡོ་རྗེ་ལེགས་པའི་བཀའ་ལོང་ལ། །ཐེའུ་རང་དམག་དཔུང་དགྲ་ལ་བསྒྱུར། །ཐེའུ་རང་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ཀརྟ་ལི་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །ཚངས་པའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །ཚངས་པ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །ཚངས་པའི་རྒྱལ་པོའི་བཀའ་ལོང་ལ། །ལྷ་ཡི་དམག་དཔུང་དགྲ་ལ་བསྒྱུར། །ལྷ་ཡི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་དེ་བ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྲིན་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །སྲིན་པོ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །ལངྐ་མགྲིན་བཅུའི་བཀའ་ཉོན་ལ། །སྲིན་པོའི་དམག་དཔུང་དགྲ་ལ་བསྒྱུར། །སྲིན་པོའི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་རཀྵ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །གཟའ་ཡི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །གཟའ་བདུད་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །ཕྱག་ན་རྡོ་རྗེའི་བཀའ་ལོང་ལ། །གཟའ་ཡི་དམག་དཔུང་དགྲ་ལ་བསྒྱུར། །གཟའ་ཡི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་རཱ་ཧུ་ལ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །ཀླུ་ཡི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །ཀླུ་བདུད་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །སྤྱན་རས་གཟིགས་ཀྱི་བཀའ་ལོང་ལ། །ཀླུ་ཡི་དམག་དཔུང་དགྲ་ལ་བསྒྱུར། །ཀླུ་ཡི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ནཱ་ག་རཱ་ཛ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །བཙན་གྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །བཙན་རྒྱལ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །འཇམ་དཔལ་དབྱངས་ཀྱི་བཀའ་ལོང་ལ། །བཙན་གྱི་དམག་དཔུང་དགྲ་ལ་བསྒྱུར། །བཙན་གྱི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ཤུ་ཀྲི་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །མི་ཡི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་གླུད་གཏོར་བརྒྱ། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །ཡོན་བདག་རྣམས་ཀྱི་ཕྱག་ཏུ་འབུལ། །སྐྱེས་པ་ཟ་མ་བྱིས་པ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །ཤཱཀྱ་ཐུབ་པའི་བཀའ་ལོང་ལ། །མི་ཡི་དམག་དཔུང་དགྲ་ལ་བསྒྱུར། །མི་ཡི་ཞལ་ཁ་ད་བསྒྱུར་ཅིག །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་དམག་དཔོན་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །ས་ཡི་འཇིགས་པ་བྱུང་བའི་ཚེ། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་བྷུ་མི་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །ཆུ་ཡི་འཇིགས་པ་བྱུང་བའི་ཚེ། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་པ་ཎི་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །མེ་ཡི་འཇིགས་པ་བྱུང་བའི་ཚེ། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ཨགྣི་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ནི་ཡར་གསོན་ཅིག །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །རླུང་གི་འཇིགས་པ་བྱུང་བའི་ཚེ། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཨོཾ་པ་ར་ཙཀྲ་ཧྲཱིཿཥྚི་ཝ་ཡུ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་སོགས། །ཐེན་ལྟས་ངན་པ་ཐམས་ཅད་ཀུན། །བརྒྱ་བཞི་འདི་ཡིས་བཟློག་ཏུ་གསོལ། །ཡོན་བདག་སྐྱེས་པ་ཁྱོ་ག་ལ། །ཡས་ཀྱི་བདུད་གཡོས་བརྒྱ་བཞིས་བཟློག །རྒྱུ་སྦྱོར་ཟ་མ་བུད་མེད་ལ། །མས་ནས་སྲི་ལངས་བརྒྱ་བཞིས་བཟློག །བྱིས་པ་ཆུང་གི་རིགས་ཅན་ལ། །མཚན་ལྟས་ངན་པ་བརྒྱ་བཞིས་བཟློག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི། །ཕ་ཚན་རྒྱ་འདྲེ་འདི་ཡིས་བཟློག །མ་བུའི་བྱུར་འདྲེ་འདི་ཡིས་བཟློག །ཉེ་བའི་འགབ་འདྲེ་འདི་ཡིས་བཟློག །བན་བོན་སྔགས་ཟོར་འདི་ཡིས་བཟློག །མོ་ལྟས་ངན་དང་རྨི་ལྟས་ངན། །པྲ་ལྟས་ངན་པ་ཐམས་ཅད་དང་། །ལོ་སྐེག་ཟླ་སྐེག་ཐམས་ཅད་ཀྱང་། །བརྒྱ་བཞིའི་ཆོ་ག་འདི་ཡིས་བཟློག །བཟློག་ཅིག་བསྒྱུར་ཅིག་མ་བཏང་ཅིག །སཱཙྪ་བརྒྱ་དང་ངར་གླུད་བརྒྱ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །མར་མེ་བརྒྱ་དང་གཏོར་མ་བརྒྱ། །ཟ་མ་མོ་ཡི་གླུད་དུ་འབུལ། །འདོད་ཡོན་ཡས་སྟགས་དཔག་མེད་རྣམས། །དཀོར་ནོར་རྣམས་ཀྱི་གླུད་དུ་འབུལ། །གནོད་བྱེད་ཐམས་ཅད་བསྒྱུར་དུ་གསོལ། །ཅེས་བརྗོད། དེ་ནས་མ་མོ་རྣམས་ལ་གླུད་འབུལ་བ་ནི། འདི་སྐད་དོ། །བྷྱོཿ མ་གཅིག་ཡམས་བདག་འཁོར་དང་བཅས། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་བམ་རེ་རེ་ཡོད། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །གལ་ཏེ་ཁྲམ་ལ་བཏབ་སྲིད་ན། །ཁྲམ་ཁ་ཕྱེས་ཤིག་མ་གཅིག་མ། །དལ་ཁ་བསྒྱུར་ཅིག་མ་གཅིག་མ། །བྷྱོཿ མ་གཅིག་ཡམས་བདག་འཁོར་དང་བཅས། །ཁྱོད་ཀྱི་ལག་པ་གཡས་པ་ན། །བཙན་གྱི་ཤོ་རྡེལ་དཀར་ནག་འགྲེམ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གལ་ཏེ་རྩིས་ལ་བཅུག་སྲིད་ན། །ཤོ་རྡེལ་སྤོས་ཤིག་མ་གཅིག་མ། །བྱང་དམར་ཕྱུངས་ཤིག་མ་གཅིག་མ། །བྷྱོཿ མ་གཅིག་ཡམས་བདག་འཁོར་དང་བཅས། །ཁྱེད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་ནག་པོ་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་བྱས། །སྤྲུལ་པ་མང་པོ་དེ་ནས་འགྱེད། །སྤྲུལ་པའི་དམག་དཔུང་ཕྱུང་བ་ན། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བན་བོན་ཟོར་ཁ་ད་བསྒྱུར་ཅིག །ཀླུ་ཡི་གཏད་ཁྲམ་ད་བཟློག་ཅིག །དགྲ་ཇག་རྐུན་མ་ད་བཟློག་ཅིག །མི་ཁ་ངན་པ་ད་བཟློག་ཅིག །ནོར་ཕྱུགས་གོད་ཁ་ད་བཟློག་ཅིག །མི་ཡི་འཆི་འཕྲེང་ད་བཟློག་ཅིག །ཡམས་ནད་རིམས་ནད་ད་བཟློག་ཅིག །མ་ཉེས་ཁ་ཡོགས་ད་བཟློག་ཅིག །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན། །བརྒྱ་བཞིའི་ཆོ་ག་འདི་ཡིས་བཟློག །མདོ་ཚར་བརྒྱ་ཕྱོགས་བཞིའི་སཱཙྪ་མར་མེ་རྣམས་གླུད་རྣམས་ཉེར་ལྔ་ཚོ་བཞིར་བགོས་ལ་སྐྱེལ་ཆོག་བྱ། ཡི་བྱིན་རླབས་ཀྱིས། །ས་ཡི་བསྐལ་པ་ཞི་བར་མཛོད། །སཱཙྪ་བརྒྱ་ཡི་བྱིན་རླབས་ཀྱིས། །ཆུ་ཡི་བསྐལ་པ་ཞི་བར་མཛོད། །གཏོར་མ་བརྒྱ་ཡི་བྱིན་རླབས་ཀྱིས། །མེ་ཡི་བསྐལ་པ་ཞི་བར་མཛོད། །མར་མེ་བརྒྱ་ཡི་བྱིན་རླབས་ཀྱིས། །རླུང་གི་བསྐལ་པ་ཞི་བར་མཛོད། །ངར་གླུད་བརྒྱ་ཡི་བྱིན་རླབས་ཀྱིས། །ལྟས་ངན་རང་སར་ཞི་བར་མཛོད། །དེ་བཞིན་མི་ལ་གང་འཚེ་བ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །སྔགས་འཆང་བདག་གི་བྱིན་རླབས་ཀྱིས། །བདུད་བཞི་སོ་སོར་བཟློག་གྱུར་ཅིག །ས་མ་ཡ་པྲ་བེ་ཤ་ཡ་ཕཊ་སྭཱ་ཧཱ། ཞེས་རང་ཡི་དམ་གྱི་སྔགས་དྲག་ཏུ་བཟླ་ཞིང་། བདུད་བཞི་པོ་རེ་རེ་དང་། ངར་གླུད་ལ་སོགས་ཉི་ཤུ་རྩ་ལྔ་རེ་ཕྱོགས་སོ་སོར་བསྐྱལ་ལོ། །དེ་ནས་ཡོན་བདག་གི་མདུན་དུ་ངར་གླུད་བཞག་པའི་སྟེང་དུ་ཁྲུས་བྱས་པའི་ཆུ་ཕོ་ནས། འདི་སྐད་དོ། །ཧཱུྃ་དེ་རིང་ཡོན་གྱི་བདག་པོ་ཡི། །མི་དེའི་མིང་སྨོས་རིན་པོ་ཆེ། །སྣ་ཚོགས་རྣམས་ཀྱིས་རྒྱན་སེ་བརྒྱན། །རྒྱན་ཆ་དེ་ནི་ལྷུབས་སེ་ལྷུབ། །ཁ་རུ་དེ་ནི་གཡུ་ཡང་བཅུག །ལག་ཏུ་དེ་ནི་གསེར་བསྐུར་རོ། །བདུད་བཞི་རྣམས་ཀྱི་ཕྱག་ཏུ་འབུལ། །ལ་འཕྲད་དེ་ནི་ལ་རུ་བཟློག །ལུང་འཕྲད་དེ་ནི་ལུང་དུ་བཟློག །སྨྲ་མཁས་དེ་ནི་གསལ་ལེ་ལེ། །འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ། །མགོ་ལ་ཐོད་བཅིངས་བཀྲག་རེ་ཆེ། །ལུས་བཟང་དེ་ནི་རྒྱན་གྱིས་བརྒྱན། །མིང་བཟང་དེ་ནི་སྟོབས་ཆེན་ལ། །རྫོང་བའི་ཡུལ་དེ་མ་མཆིས་སམ། །ཡོན་གྱི་བདག་པོ་བསླུ་བའི་ཕྱིར། །གླུད་བདག་ཆེན་པོ་གླུད་བཞེས་ཤིག །རྣམ་ཤེས་ཚོགས་བརྒྱད་འབྱུང་བ་ལྔ། །རྟེན་ཅིང་འབྲེལ་བར་འབྱུང་བའི་གླུད། །དབང་པོ་ཚོགས་དྲུག་རྣམས་ཀྱི་གླུད། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །རིན་ཆེན་སྣ་ལྔའི་ན་བཟའ་ཅན། །འཁོར་བའི་གཡུལ་བཟློག་དར་མདུང་གཡས། །གཡོན་ན་མདའ་གཞུ་ལམས་སེ་ལམ། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །དེ་འདྲའི་འབྲུ་མཆོག་མི་བོ་ཆེ། །བདུད་བཞི་འཁོར་དང་བཅས་རྣམས་ལ། །ཡོན་བདག་འདི་ཡི་གླུད་དུ་འབུལ། །མི་བས་གླུད་དུ་བཟང་བས་ན། །བདུད་བཞི་རང་རང་གནས་སུ་སོང་། །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །འཁོར་འདིར་གནོད་པ་མ་བྱེད་པར། །བདུད་རྣམས་རང་རང་གནས་སུ་སོང་། །ཞེས་བཟླས་སོ། །ལོ་བདུད་གནས་པའི་ཕྱོགས་སམ། ལམ་གྱི་བཞི་མདོར་བསྐྱལ་ལོ། །སཱཙྪ་རྣམས་ཀྱང་སོ་སོའི་ཕྱོགས་ཀྱི་ཁང་ཐོག་གི་བད་སྟེངས་སམ་གང་བདེར་བསྐྱལ་ལོ། །དེ་ནས་སྦྱིན་བདག་གིས་གོས་དཀར་པོ་གྱོན། སྟན་དཀར་པོའི་སྟེང་དུ་ཁ་ཤར་དུ་བལྟས་ལ་བཞག་སྟེ། རོལ་མོའི་སྒྲ་དང་བཅས་ཏེ་མེ་ཏོག་གཏོར་ཏེ། ཧཱུྃ་དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །རྣམ་པར་སྣང་མཛད་བཀྲ་ཤིས་པ། །སྐུ་ལུས་བཟང་པོའི་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཧཱུྃ་ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་པ། །མི་འགྱུར་བརྟན་པའི་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཧཱུྃ་ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །རིན་ཆེན་འབྱུང་གནས་བཀྲ་ཤིས་པ། །འདོད་དགུ་འབྱུང་བའི་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཧཱུྃ་ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །སྣང་བ་མཐའ་ཡས་བཀྲ་ཤིས་པ། །སྙན་གྲགས་ཐོབ་པའི་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཧཱུྃ་བྱང་གི་ཕྱོགས་ནས་བཀྲ་ཤིས་པ། །དོན་ཡོད་གྲུབ་པའི་བཀྲ་ཤིས་པ། །ཕྲིན་ལས་གྲུབ་པའི་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཧཱུྃ་འོག་གི་ཕྱོགས་ནས་བཀྲ་ཤིས་པ། །ས་ཡི་ལྷ་མོའི་བཀྲ་ཤིས་པ། །ཚེ་འཛིན་འབྲུ་སྣའི་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཧཱུྃ་སྟེང་གི་ཕྱོགས་ནས་བཀྲ་ཤིས་པ། །ཉི་ཟླ་གཟའ་སྐར་བཀྲ་ཤིས་པ། །བདེ་སྐྱིད་གཡང་ཆགས་བཀྲ་ཤིས་དེ། །ཛཿདེ་རིང་ཡོན་བདག་འདི་ལ་སྩོལ། །ཉིན་ཡང་བཀྲ་ཤིས་ཡལ་ལེ་ལེ། །མཚན་ཡང་བཀྲ་ཤིས་འཁྱིལ་ལི་ལི། །དུས་གསུམ་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་གང་མང་བརྗོད། གསུམ་པ་རྗེས་ནི་མཆོད་པ་རྣམས་ཁ་གསོས་ལ་བྱིན་རླབས་གོང་བཞིན། འབུལ་ཚུལ་དང་བསྟོད་པ་གོང་གཏོར་མའི་མཇུག་བཞིན། ཨོཾ་བཛྲ་སཏྭ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡི་གེ་བརྒྱ་པ་ཚར་གསུམ་དང་། ཐལ་མོ་སྦྱར་ཞིང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་འཚལ་བ། །འདིར་ནི་བགྱི་བ་གང་བགྱིས་རྣམས། །དེ་དག་ཐམས་ཅད་བཟོད་པར་མཛོད། །ཞེས་སོགས་ཀྱིས་ཆོ་ག་ལྷག་ཆད་ཁ་བསྐང་ཞིང་། ནོངས་པ་བཟོད་པར་གསོལ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཐུབ་པའི་སྐུ་གཅིག་པུ་ལས་མེད་ན། བྱེ་བྲག་ཏུ་ཡང་རྟེན་འདི་ལ་བསྐྱེད་ཅིང་སྤྱན་དྲངས་པའི་སོགས། ཉེ་བའི་སྲས་ཀྱི་སྐུ་ཡོད་ན། རྟེན་འདི་རྣམས་ལ་སོགས། གཙུག་ལག་ཁང་དང་མགོན་ཁང་ལྟ་བུར་བཏང་བ་ཡིན་ན། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་རྟེན་འདི་རྣམས་ལ་ཞེས་པ་སྟེ། གང་ལྟར་ཀྱང་། བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ལན་གསུམ། རྡུལ་ཚོན་གཤེགས་གསོལ་བྱེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་ལ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །དྲིལ་གསིལ་རོལ་མོ་དང་བཅས་ལས་ཀྱི་རྡོ་རྗེས་ཐུབ་པའི་སྐུ་བསྡུས་ལ་ཕྱག་གི་རི་མོ་དང་ཉེ་སྲས་ཀྱི་ཚོམ་བུ་འདབ་བརྒྱད་རྣམས་བསུབ་པ་མ་གཏོགས། ཐིག་ཚོན་བྱིན་རླབས་མེད་པས་སློབ་དཔོན་གྱིས་བསུབ་མི་དགོས། །རོལ་མོ་བཞག་ནས། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གིས་གནས་གསུམ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །རྫོགས་པའི་སངས་རྒྱས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང་། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །སྐར་མདའ་ལྷུང་དང་ས་གཡོའི་འཇིགས་པ་དང་། །བྱད་སྟེམས་མཐུ་དང་ཐོག་སེར་འབེབས་པ་སོགས། །མི་དང་མི་མ་ཡིན་གྱི་གནོད་པ་དང་། །ཉེར་འཚེ་མཐའ་དག་ཞི་བར་མཛད་དུ་གསོལ། །གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང་། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང་། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡིས། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྤོང་བ་དང་། །བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །སེམས་ཅན་འདི་དག་ཐམས་ཅད་ཀྱང་། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བས་འཚོ་གྱུར་ནས། །འཆི་བའི་སྒྲ་ཡང་གྲགས་མ་གྱུར། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདྲེན་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །དེ་ནས་ཞྭ་གྱོན་དྲིལ་བུ་གསིལ་ཞིང་། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །དེ་ནས་རོལ་མོ་དང་བཅས། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་དེང་འདིར་བདེ་ལེགས་ཤོག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད། ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་ཁ་ནས་ཐར་བ་བཞིན་དུ། འགལ་རྐྱེན་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས། ཤིན་ཏུ་བཀྲ་ཤིས་དང་བདེ་ལེགས་ཀྱི་དཔལ་དམ་པ་ཐོབ་པ་ཅིག་ཏུ་གྱུར་ཅིག ཕན་ཡོན་ནི། བན་བོན་རྦོད་གཏོང་གནོད་པ་དང་། མནན་གཏད་དུ་བཅུག་པ་དང་། སྐྱེ་བོའི་ཡ་ཁ་དར་བ་དང་། ཕྱུགས་ལ་གོད་ཁ་བྱུང་བ་དང་། ཁྱིམ་དུ་རྒྱལ་པོ་ཞུགས་པ་དང་། སྐར་མ་ངན་པ་ལ་མི་ཤི་བ་དང་། མ་ཉེས་པ་ལ་ཁ་ཡོགས་ཕོག་པ་དང་། མི་ཁ་ངན་པ་ལ་སོགས་པ་འདི་ཡིས་མི་བཟློག་གང་ཡང་མེད་དོ། །འདི་ནི་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་ནས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བརྒྱུད་དོ། །རྒྱལ་བའི་བཀའ་ལས་བྱུང་བའི་བརྒྱ་བཞིའི་ཁྲིགས། །རྒྱལ་སྲས་བ་རི་ལོ་ཙཱས་རྒྱ་གར་ནས། །རྒྱལ་བསྟན་ཡུན་རིང་གནས་ཕྱིར་ལེགས་བསྒྱུར་ནས། །རྒྱལ་བ་གཉིས་པ་ས་སྐྱ་པ་ལ་བབས། །དེ་ཉིད་ནས་བཟུང་རྩ་བའི་བླ་མའི་བར། །དེ་དང་དེ་འདྲའི་ཚིག་དོན་མ་ལུས་པ། །དེ་དོན་ལེགས་པར་ཤེས་ནས་བཀོད་པའི་དགེས། །དེ་བཞིན་གཤེགས་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྒྱ་བཞིའི་ཆོ་ག་ལེགས་མཛེས་འཕྲེང་བ་ཞེས་བྱ་བ་འདི་ནི། སྔགས་རློམ་རྣམས་ཀྱིས་འཆོལ་བར་སྤྱོད་པ་སེལ་ཕྱིར། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བརྒྱ་བཞིའི་ཆོ་ག་འདི་མཛད་པ་ལ་བློ་རྨོངས་རྣམས་ལ་ཕན་པའི་ཕྱིར་སོགས་ཁོངས་རྣམས་ནག་པོ་འགྲོ་ཤེས་སུ་ས་སྐྱ་པ་ཀུན་བློས་བྲིས་པའོ། །སརྦ་མངྒ་ལཾ།།  ༈ །རྒྱལ་བ་ཀུན་ལས་ཐུགས་བསྐྱེད་ཆེར་འཕགས་པའི། །རྣམ་འདྲེན་བཞིར་གྱུར་ཤཱཀྱའི་སྲས་པོ་ཡིས། །འགྲོ་འདིའི་རྒུད་པའི་གདུང་བ་ཡོངས་བཅིལ་ཞིང་། །ཕུན་ཚོགས་སྣང་བས་རྟག་ཏུ་བསྲུང་གྱུར་ཅིག །གང་དེའི་བྱིན་རླབས་ཚད་མེད་རྣམ་པ་བཞིའི། །མགྲོན་བཞི་སྦྱིན་པ་རྣམ་བཞིས་ཉེར་ཚིམ་ནས། །རང་གཞན་རྣམ་གྲོལ་སྐུ་བཞིར་བགྲོད་བྱེད་པའི། །མཆོད་སྦྱིན་བརྒྱ་བཞིའི་ཆོ་ག་ཟབ་མོའི་ལམ། །པར་དུ་བསྒྲུབས་པའི་དགེ་ཚོགས་འོད་དཀར་གྱིས། །ཐུབ་བསྟན་རྒྱ་མཚོ་གོང་དུ་འཕྱུར་བ་དང་། །བསྟན་འཛིན་དམ་པའི་སྐྱེད་ཚལ་རབ་འཕེལ་ཞིང་། །འགྲོ་ཀུན་སྲིད་ཞིའི་མུན་པ་གསལ་བྱེད་ཤོག།  །།ཤུ་བྷཾ།།  །།པར་རྩ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཞུས།།  །།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*