སྒྲོལ་མ་དཀར་མོ་ལ་བསྟོད་པ་དང་གསོལ་འདེབས།

༄༅། །རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་བསྟོད་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་བཞུགས་སོ།  །རྗེ་བཙུན་སྒྲོལ་མ་དཀར་མོ་ལ་གསོལ་བ་འདེབས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ།

 

འཕགས་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀ་མ་ལ་དང་ཀུ་མུད་གཉེན་གྱི་སྟེང་། །ཁ་བ་དུང་ལྟར་རབ་དཀར་ལྷ་མོའི་སྐུ། །ག་ཤལ་ནོར་བུའི་ཕྲེང་བས་རྣམ་མཛེས་མ། །ང་ཡི་ཡི་དམ་སྒྲོལ་མ་ཐུགས་རྗེ་ཅན། །ཅ་ཅོ་སྤངས་པའི་རྩེ་གཅིག་བསམ་གཏན་གྱིས། །ཆ་ལུགས་རབ་མཛེས་ཁྱོད་སྐུ་རབ་བསྒོམ་ཞིང་། །ཇ་སོགས་འདོད་ཡོན་ཕུད་ཀྱིས་གུས་མཆོད་ཀྱིས། །ཉ་གང་ཟླ་འདྲའི་ཞལ་རས་བསྟན་དུ་གསོལ། །ཏ་ཐཱ་ག་ཏ་སྲས་བཅས་བསྐྱེད་པའི་ཡུམ། །ཐ་མལ་སྐྱེ་བོའི་བསམ་པའི་ཡུལ་མིན་མ། །ད་ལྟ་ཁྱོད་མིན་བདག་ལ་སྐྱབས་མེད་པས། །ན་ཆུང་ཁྱོད་ཀྱི་འཛུམ་ཞལ་བསྟན་དུ་གསོལ། །པ་ལ་ཤ་ལྟར་འཇམ་པའི་ཕྱག་ཞབས་མཐིལ། །ཕ་རོལ་གཟིགས་པའི་སྤྱན་གྱིས་ཉེར་མཛེས་ཤིང་། །བ་མཆོག་རྫི་མས་སྤྲས་པའི་སྤྱན་བདུན་གྱིས། །མ་ལུས་འགྲོ་ལ་ཀུན་ཏུ་གཟིགས་སུ་གསོལ། །ཙ་ན་ཀ་སོགས་སྲིད་ཀྱི་གཞུང་ལུགས་དང་། །ཚ་གྲང་ནད་སེལ་གསོ་རིག་བསྟན་བཅོས་སོགས། །ཛ་ཡས་བསྔགས་པའི་ཕྱི་ནང་རིག་གནས་ལ། །ཝ་སྐྱེས་ལྟར་ཞུམ་བདག་ལ་བསྐྱབ་ཏུ་གསོལ། །ཞ་ཉེ་མ་འདྲེས་དངུལ་ལྟར་དྭངས་པའི་སྐུ། །ཟ་འོག་རེག་འཇམ་གོས་ཀྱིས་མཛེས་བྱས་ཤིང་། །འ་འུར་སྙན་སྒྲོགས་སྐེད་སྐབས་དྲིལ་ཆུང་གིས། །ཡ་མཚན་ལུས་མཛེས་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །ར་མ་ཎ་ལྟར་ཚངས་སོགས་འཇིག་རྟེན་གྱིས། །ལ་ལ་མིན་པར་རྟག་ཏུ་མི་བརྫི་བའི། །ཤ་རི་རམ་གྱི་རྡོ་རྗེ་ལེགས་ཐོབ་ནས། །ས་མུ་དྲ་ལྟར་ཕུན་ཚོགས་རྒྱས་པར་མཛོད། །ཧ་ར་གཟུང་འཛིན་འཕྲོག་པའི་ཡེ་ཤེས་དང་། །ཨ་ཡིག་སྐྱེ་མེད་དོན་མཚོན་དེ་བཞིན་ཉིད། །ཐ་དད་གཉིས་མིན་ཟུང་འཇུག་ཆོས་ཀྱི་སྐུ། །མ་མ་ཁྱོད་ཀྱི་དྲིན་ལས་རྟོགས་པར་ཤོག །སྒྲུབ་ལ་མཆོག་སྟེར་་་་་་ཨོཾ་འཁོར་བ་ལས་སྒྲོལ་་་་་་ཏཱ་རེ་མ། །ཐུགས་རྗེས་མྱུར་མ་་་་་་ཏུཏྟཱ་རེ་འཇིགས་པ་བརྒྱད་སྒྲོལ་མ། །ཤིན་ཏུ་དཔལ་མོ་་་་་་ཏུ་རེ་ནད་ཀུན་ལས་སྒྲོལ་མ། །བདག་གི་ཉེར་འཚེ་བྲལ་བའི་གཞི་ཚུགས་་་་་་སྭཱཧཱ་མཛོད། །བདག་་་་་་མ་མ་ལ་འཆི་མེད་ཚེ་་་་་་ཨ་ཡུ་ཡི་དངོས་གྲུབ་དང་། །དཔག་ཡས་བསོད་ནམས་་་་་་པུཎྱེ་མཁྱེན་པའི་ཡེ་ཤེས་་་་་་ཛྙཱ་ན་སོགས། །རྣམ་དཀར་ཡོན་ཏན་མ་ལུས་རྒྱས་་་་་་པུཥྚིཾ་པ་དང་། །འགྲོ་བ་ཀུན་གྱི་སྐྱབས་སུ་འགྱུར་བར་མཛོད།་་་་་ཀུ་རུ། །ས་བདག་རྒྱལ་པོ་དགེ་བའི་བཤེས་གཉེན་སོགས། །ཆོས་དང་དཔལ་འབྱོར་ལྡན་པའི་འགྲོ་བ་དང་། །གདུག་ཅིང་ངན་སེམས་འཆང་བའི་སྐྱེ་བོ་རྣམས། །ཐམས་ཅད་བདག་གི་དབང་དུ་འདུ་བར་མཛོད། །མདོར་ན་བདག་ལ་ཚེ་རབས་ཐམས་ཅད་དུ། །འཕགས་མ་ཁྱོད་ཀྱི་ཐུགས་རྗེས་རབ་བཟུང་ནས། །ཚུལ་ཁྲིམས་ལྡན་ཞིང་ཐོས་བསམ་འཕེལ་བ་དང་། །སྲིད་ཞིའི་འབྱོར་པ་ཀུན་གྱིས་བརྒྱན་པར་མཛོད། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་དང་། །བདག་གི་ལྷག་བསམ་རྣམ་པར་དག་པ་དང་། །རྟེན་འབྲེལ་ཟབ་མོ་བསླུ་བ་མེད་པའི་མཐུས། །ཡི་དམ་ཁྱོད་ཀྱིས་རྗེས་སུ་དགོངས་པར་ཤོག །ནཱ་མ་ཨི་ཏི་ཀུན་འཛིན་ལོ། །གྲོ་བཞིན་པུརྞ་མཱ་པའི་ཚེ། །བིཀྵུ་དཀོན་མཆོག་ལྷུན་གྲུབ་ཀྱིས། །ཨེ་ཝཾ་གནས་སུ་ལི་ཁི་ཏཾ། །མངྒ་ལཾ།།  །།པར་རྩ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཞུས།།  །།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
རྩོམ་འདིའི་བདག་དབང་རྒྱལ་ཡོངས་ས་ཆེན་དྲ་བར་དབང་བས་གང་འདོད་དུ་མི་འགོད་པ་དང་། གལ་སྲིད་འགོད་ན་རྩོམ་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*