ཡུ་རོབ་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་གནང་བ།

༄༅། ། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་གནང་བ།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༡༩ ཉིན་འཇར་མན་གྱི་གྲོང་ཁྱེར་ཧྥེ་རང་ཧྥོ་ཊི་ནང་རྟེན་བཞེངས་བྱས་ཡོད་པའི་དཔལ་ས་སྐྱའི་ཆོས་ཚོགས་ས་སྐྱ་སྐལ་ལྡན་གླིང་དུ་ཞབས་སོར་བཀོད་པ་ནས་བཟུང་སྤྱི་ཟླ་བརྒྱད་པའི་ཟླ་འཇུག་བར་ཡུ་རོབ་ཀྱི་རྒྱ་ཁབ་མང་པོའི་ནང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་རེད་འདུག །

ཕྱི་ཟླ་ ༠༨ པའི་ཚེས་ ༡༩ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག ། རྒྱལ་ཡུམ་སྐུ་ཞབས་སོགས་སྐུ་འཁོར་ལྷན་རྒྱས་ཨ་རི་ནས་མཁའ་ལམ་བརྒྱུད་འཇར་མན་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་ནས་ཕྱི་ཚེས་ ༢༥ བར་ས་གནས་དད་ལྡན་མང་ཚོགས་དང་ཆོས་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་དོན་རྗེས་གནང་དང་། བཀའ་སློབ་སོགས་གང་ལ་གང་འདོད་ལྟར་ཐུགས་རྗེས་གཟིགས་པ་ཆེན་པོས་བཀའ་དྲིན་བསྐྱངས་གནང་མཛད་འདུག །

ཕྱི་ཚེས་ ༢༥ ནས་ ༢༨ བར་བྷེལ་ཇམ་གྱི་རྒྱལ་ཁབ་ནང་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་འདུས་པ་སྟོང་གསུམ་ཙམ་ལ་ཚེ་དབང་དང་བཀའ་བསྒོ། བཀའ་སློབ་ལམ་སྟོན་སོགས་གནང་ཡོད། བྷེལ་ཇམ་གྱི་མཛད་རིམ་ཁག་ས་གནས་བྷེལ་ཇམ་བརྩེ་ཆེན་ཚོགས་པས་གོ་སྒྲིག་ཞུས་ཡོད་འདུག །

ཕྱི་ཚེས་ ༢༨ ཉིན་རིང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པའི་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་ནས་ས་གནས་མི་མང་དང་། ཡུ་རོབ་སོགས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་གྲངས་ཆིག་ཁྲི་ཙམ་དང་ལྷན་དུ་ཉིན་གསུམ་རིང་སྨོན་ལམ་གསུང་གནང་བ་མ་ཚད། སྨོན་ལམ་ཉིན་མཐའ་མར་མང་ཚོགས་ལ་ཚེ་དབང་དང་བཀའ་བསྒོ། བཀའ་སློབ་ལམ་སྟོན་སོགས་གནང་།

ཕྱི་ཟླ་ ༠༨ ཚེས་ ༠༢ ཉིན་གྱི་སྔ་དྲོར་ས་གནས་ཧྥ་རན་སིའི་བརྩེ་ཆེན་ཚོགས་པས་གོ་སྒྲིག་འོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྔར་སྣུར་བསྲུང་བརྩིའི་མཛད་སྒོར་དབུ་བཞུགས་མཛད།

ཉིན་རྒྱབ་གྲོང་ཁྱེར་པཱ་རི་སི་ནས་ཧྤ་རན་སིའི་གྲོང་ཁྱེར་སི་ཊ་སི་སྦག་ནང་རྟེན་བཞེངས་བྱས་ཡོད་པའི་དཔལ་ས་སྐྱའི་ཆོས་ཚོགས་ས་སྐྱ་བརྩེ་ཆེན་གླིང་དུ་ཕེབས་གནང་མཛད། དེ་ནས་ཕྱི་ཟླ་ ༠༨ པའི་ཚེས་ ༡༢ བར་ས་སྐྱ་བརྩེ་ཆེན་གླིང་དང་སུད་སིའི་གྲོང་ཁྱེར་ལུ་རྐཱ་ནོར་རྟེན་བཞེངས་བྱས་ཡོད་པའི་ཐུབ་བསྟན་བྱང་ཆུབ་གླིང་གཉིས་སོ་སོར་མཛད་འཕྲིན་རྒྱ་ཆེར་བསྐྱངས་གནང་མཛད།

དེ་ནས་ཕྱི་ཚེས་ ༡༢ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ཞབས་སོར་འཁོད་ནས་ཕྱི་ཚེས་ ༡༣ ཉིན་གྲོང་ཁྱེར་ཝིང་ཊར་ཐུར་གྱི་ཚོགས་ཁང་ཆེན་མོའི་ནང་དད་ལྡན་མང་ཚོགས་སྟོང་བཞི་མན་ཙམ་ཞིག་ལ་ཚེ་དབང་དང་། བཀའ་སློབ་ལམ་སྟོན་སོགས་གནང་བ་མ་ཚད། ཚེས་ ༡༤ ཉིན་ནད་པ་དང་དགོང་ལོ་བགྲེས་པ། དེ་བཞིན་ས་གནས་བརྩེ་ཆེན་ཚོགས་པའི་ཚོགས་མི་སོགས་ལ་དམིགས་གསལ་མཇལ་ཁ་བསྩལ་ནས་བཀའ་སློབ་ལམ་སྟོན་དང་། བཀའ་བསྒོ་གེགས་བསྐྲད་སོགས་གནང་ཡོད།

ཕྱི་ཚེས་ ༡༥ ཉིན་སུད་སི་ནས་མཁའ་ལམ་བརྒྱུད་སི་པཎ་གྱི་རྒྱལ་ཁབ་ནང་ཞབས་སོར་འཁོད་ཡོད་པ་མ་ཚད་སི་པཎ་གྲོང་ཁྱེར་ཆེ་ཁག་འགའ་ཤས་ནང་ཉིན་བཅུ་གཉིས་ཙམ་གྱི་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱར་ཆེར་བསྐྱངས་དང་སྐྱོང་བཞིན་པ་རེད་འདུག །

ཕྱི་ཚེས་ ༢༧ ཉིན་མཁའ་ལམ་བརྒྱུད་དབྱིན་ལན་གྱི་ལན་ཌོན་གྲོང་ཁྱེར་ནང་ཕེབས་རྒྱུ་དང་། ཕྱི་ཟླ་བརྒྱད་པའི་ཟླ་འཇུག་ཙམ་དུ་རྒྱ་གར་གྱི་བྱང་ཕྱོགས་སུ་རྟེན་བཞེངས་བྱས་ཡོད་པའི་བྱེས་ཀྱི་དཔལ་ས་སྐྱའི་གདན་ས་ཆེན་པོ་ས་སྐྱ་ཆོས་ཚོགས་སུ་ཞབས་སོར་འཁོད་རྒྱུ་བཅས་ཡིན་འདུག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*