༄༅། །བླ་མ་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

༄།སིདྡྷསྱཱམཱརོཏྶབནཱམགུརུཏྲིབྱཱཡུརྡེབཱནཱཾབིདྷིབིཧརཏིསྨ།།

ཨོཾ་སྭསྟི་སིདྡྷཾ། ཕུལ་བྱུང་ཐུགས་རྗེའི་འཇུག་པས་སྲིད་དང་ཞིའི། །ཤིས་རྒུའི་དངོས་ཀུན་འཇོ་བའི་རྫོགས་ལྡན་སྤྲིན། །བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས། །དགེ་ལེགས་རྟག་པའི་མེ་ཏོག་ཆར་དུ་སྙིལ། །གང་དེའི་རྣལ་འབྱོར་ཟབ་མོ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག །སྐལ་བཟང་རྣམས་ཀྱི་དཔལ་དུ་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་ཁང་བཀྲ་ཤིས་ཤིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཕྱག་དར་ལེགས་པར་བྱས་པའི་གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། བྱེ་བྲག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་བ་གཙང་ཞིང་བཀོད་པས་མཛེས་པར་བཤམ། གཞན་ཡང་མཎྜལ་དང་ཚོམ་བུའི་རྒྱུ། དྲི་ཆབ། རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གསུམ། གནས་ཡོ་བྱིན་རླབས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པའོ། །དང་པོ་ནི། ངེས་འབྱུང་དང་སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ཅིང་དཀོན་མཆོག་གི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་གནས་ལུགས་ལ་དྲན་པ་ཉེ་བར་བཞག་སྟེ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྒྱས་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་པ་ལྟར། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ། མཧཱ་ཏེ་ཛོ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་འཁོད་ནས་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད། གསུམ་པ་ནི། འགྲོ་ཀུན་སྲིད་ཞིའི་འཇིགས་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་སྤེལ་བའི་ཆོ་ག་བསྒྲུབ་པར་བགྱི། །ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་གསལ་གདབ་ཅིང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། བཟླས་པས་ཐུགས་དམ་བསྐུལ་བའོ། །དང་པོ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང་། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་མདུན་གྱི་མཁར། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང་། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནི། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང་། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །ཞེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ། གཉིས་པ་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ལ། ཐོག་མར་ཚོགས་ཞིང་སྤྱིར་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་ཕྱག་འཚལ་བའི་དམིགས་པ་རྣམས་གསལ་བཏབ་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱ། བྱེ་བྲག་ཏུ་ཚོགས་ཞིང་སོ་སོར་དམིགས་ནས། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ། ཐོག་མར་ཐུན་མོང་དུ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་སྔགས་བརྗོད། བྱེ་བྲག་ཉེར་སྤྱོད་སོགས་ཀྱི་མཆོད་པ་ནི། དངོས་སུ་བཤམས་པ་ཉིད་རྒྱུ་བྱས་པ་ལས་བྱུང་བའི་ཡིད་སྤྲུལ་གྱི་མཆོད་སྤྲིན་ནམ་མཁའ་གང་བ་ཁྱབ་ཅིང་རྟག་པའི་ཚུལ་དུ་སྤྲོས་ཏེ་ཕུལ་བར་བསམས་ལ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་ཡོན་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞབས་བསིལ་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མེ་ཏོག་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་བདུག་སྤོས་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མར་མེའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་དྲི་ཆབ་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་འབྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞལ་ཟས་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ནཻ་ཝི་དྱཱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་རོལ་མོའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། འཁོར་ལོས་སྒྱུར་བ་ཆེན་པོའི་བསོད་ནམས་ཀྱི། །འབྱོར་པའི་ཁྱད་པར་ཕུལ་བྱུང་རིན་ཆེན་བདུན། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་སཔྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དགེ་མཚན་བཀྲ་ཤིས་རྟགས་ཀྱི་ཆར་འབེབས་པའི། །ཡིད་འཕྲོག་མཆོད་པའི་ལྷ་མོ་མཐའ་ཡས་པ། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཧྣ་པཱུ་ཛི་ཏེ་ཨཱཿཧཱུྃ། སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས་པ་ཡི། །ཀུན་ཏུ་ཤིས་པ་སྤེལ་བའི་རྫས་མཆོག་བརྒྱད། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པཱུ་ཛི་ཏེ་ཨཱཿཧཱུྃ། ཁྱད་པར་ཞིང་ཁམས་རྒྱ་མཚོའི་མཆོད་པ་ནི། བྱི་དོར་ལེགས་པར་བྱས་པའི་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་པོའི་རླན་དང་བཅས་ཏེ་རིན་པོ་ཆེ་དང་། སྨན་འབྲུ་ལ་སོགས་པའི་ཚོམ་བུ་དགོད་ཅིང་། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རི་ཡི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས། ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་མཚན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་སྟོང་སོགས་ཅི་ནུས་དང་། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པའང་འབུལ། སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་ཏེ་དོན་སེམས་བཞིན་དུ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེ་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པའི་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་མཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་བརྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་དང་། ན་མ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། བསྙེན་བཀུར་བ་དང་། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་འདུན་པ་རྩེ་གཅིག་པས་བརྗོད། སྤྲོ་ན་སྤྱོད་འཇུག་ལ་སོགས་ལས་འབྱུང་བའི་ཚིགས་བཅད་རྒྱས་པ་ཇི་ལྟར་རིགས་པའང་སྤེལ། གང་ལྟར་ཡང་སྐབས་འདིར་སེམས་བསྐྱེད་པའི་ཆོ་ག་བླང་བ་ནི་ཐུན་མོང་གི་ཚེ་སྒྲུབ་པའི་ཐབས་ཀྱི་མཆོག་གཅིག་ཏུ་གསུངས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་བའི་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས། སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་གྱིས་རློབས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་ཕུར་ཚུགས་སུ་གསོལ་བ་ལན་གྲངས་མང་དུ་བཏབ་པའི་མཐར། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང་། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང་། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །བདེན་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །བླ་མ་ལྷར་བཅས་ཐུགས་རྗེའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན་གྱིས་རློབས། །རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང་། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཞིང་། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར་བྱིན་གྱིས་རློབས། །འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། །མ་འགག་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག  །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། གསུམ་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང་། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་བརྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང་། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཞེས་བརྗོད་ཅིང་དམིགས་པ་ནན་ཏན་དུ་གསལ་བཏབ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཚེ་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨ་ཡུ་ཛྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་བ་ཙི་ཏེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒེ་ཏེ་སྭ་བྷཱ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨོཾ་ནཱ་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོདྷ་ཡ་ཤོདྷ་ཡ། བི་ཤོདྷ་ཡ་བི་ཤོདྷ་ཡ། ཨ་ས་མ་ས་མནྟ་ཨ་ཝ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་ཝ་ར་ཝ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མཧཱ་མུ་དྲཱ་མནྟྲ་པ་དཻཿཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོདྷ་ཡ་ཤོདྷ་ཡ། བི་ཤོདྷ་ཡ་བི་ཤོདྷ་ཡ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲར་སྨིསཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊྭཱར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ན་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི། བི་མུ་ནི་བི་མུ་ནི་མཧཱ་བི་མུ་ནི། མ་ཏི་མ་ཏི་མཧཱ་མ་ཏི། མ་མ་ཏི་སུ་མ་ཏི། ཏཐཱ་ཏཱ། བྷཱུ་ཏ་ཀོཊི་པ་རི་ཤུདྡྷེ། བིསྥུཊ་བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨར་སྨར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ། ཛ་ཡ་གརྦྷེ་བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལ་གརྦྷེ། བཛྲོདྦྷ་ཝེ་བཛྲ་སམྦྷ་ཝེ། བཛྲེ་བཛྲི་ཎི། བཛྲ་མྦྷ་ཝནྟུ། མ་མ་ཤ་རཱི་རཾ། སརྦ་སཏྭ་ནཱཙྙ་ཀཱ་ཡ་པ་རི་ཤུདྡྷི་རྦྷཝནྟུ། མེས་དཱ་སརྦ་ག་ཏི་པ་རི་ཤུདྡྷི་ཤྩ། སརྦ་ཏ་ཐཱ་ག་ཏ་ཤྩ། མཱཾ་སརྦ་སཏྭཱཾ་ཤྩ། ས་མཱ་ཤྭཱ་ས་ཡནྟུ། བུདྷྱ་བུདྷྱ། སིདྷྱི་སིདྷྱ། བོདྷ་ཡ་བོདྷ་ཡ། བི་བོདྷ་ཡ་བི་བོདྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོདྷ་ཡ་ཤོདྷ་ཡ། བི་ཤོདྷ་ཡ་བི་ཤོདྷ་ཡ། ས་མནྟཱན་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་ར་སྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མཧཱ་མུ་དྲེ། མཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏཱ་བིཀྲཱནྟེ། ཨ་མི་ཏ་ག་ཏེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུརྡ་དེ། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤཀྵ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་སོགས་ཇི་ལྟར་རིགས་པ་བཟླ། དེ་ཙམ་མི་ནུས་ན། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་གྱི་སྙིང་པོ་དང་། སྐབས་སུ་སྤེལ་ཚིག་དང་བཅས་པའང་ཅི་ནུས་སུ་བཟླ་ཞིང་། སྤྲོ་ན་ཚེ་དཔག་མེད་པའི་གཟུངས་མདོ། རྣམ་རྒྱལ་མའི་རྟོག་པ། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་རྣམས་ཀྱང་བཀླག་པར་བྱ་སྟེ། སངས་རྒྱས་རྗེས་དྲན་དུ་བྱས་ནས་ཀློག་པར་གསུངས་པའི་དོན་ཡིན་པས་ཤིན་ཏུ་ལེགས། གཞན་ཡང་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟོད་ཚོགས་དང་། ཁོ་བོས་བགྱིས་པའི་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་སོགས་གདངས་སྙན་པོས་བརྗོད་པའི་བར་བར་དུ་སྔགས་རྣམས་སྤེལ་ནས་བཟླས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཚོགས་ཞིང་བསྡུ་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། མཆོད་པ་རྣམས་ཞལ་གསོས་ལ་མཆོད་པའི་སྤྲིན་གྱི་སྔགས་ཀྱིས་བརླབ། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །ཞེས་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཤླཽ་ཀ་གསུམ་གྱི་མཐར། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དྭངས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ། །སངས་རྒྱས་ཞིང་མཐར་ཁྱབ་པས་རྟག་ཏུ་མཆོད། །ཅེས་དང་། རོལ་མོ་དཀྲོལ་ཞིང་། མཆོད་པའི་སྤྲིན་གྱི་གཟུངས་བརྗོད། བདག་གཞན་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ་ཞིང་། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་བ་གདབ། གཉིས་པ་ནི། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་དང་། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམས་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་མཉམ་པར་གཞག གསུམ་པ་ནི། དེ་ལས་ལྡང་བར་བརྩམ་པ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་བྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱོད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོ་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་བཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡིས། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲ་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤོང་བ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གི་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག །ཅེས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་དང་། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་འདིར་བྱོན། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཡང་དེང་འདིར་བདེ་ལེགས་ཤོག །ཅེས་མདོ་རྒྱུད་ལས་གསུངས་པའི་བཀྲ་ཤིས་དང་། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་གྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བསྒྲུབ་བྱ་གཞན་གྱི་ཆེད་དུ་བྱེད་པའི་ཚེ། བླ་མ་སོགས་ཡུལ་མཆོག་རྣམས་རང་གི་གཡས་ཕྱོགས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་བཞུགས་པ་དང་། སྦྱིན་བདག་ཕལ་པའི་རིགས་རྣམས་མདུན་དུ་འཁོད་པ། དེ་དག་ཀྱང་ལང་ཚོ་དར་ལ་བབས་ཤིང་གོས་རྒྱན་གཟབས་མཆོར་ཕུན་སུམ་ཚོགས་པར་གསལ་བཏབ་ལ་ཚེ་བཅུད་བསྡུ་བསྟིམ་ལྷན་ཅིག་ཏུ་བགྱིས་པས་དོན་གྲུབ་པ་ཡིན་ནོ། །དེ་ལྟར་འབད་པའི་ཕན་ཡོན་ནི། ཚེ་དཔག་མེད་ཀྱི་གཟུངས་མདོ་དང་། གཙུག་ཏོར་རྣམ་རྒྱལ་མའི་རྟོག་པ་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་སོགས་ལས་ཇི་སྐད་གསུངས་པ་ལྟར་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་། གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཚེ་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པ་སོགས་སྲིད་པ་དང་ཞི་བའི་དགེ་མཚན་མཐའ་དག་གིས་འབྱོར་བ་ནི་འགྱུར་བ་ནི་ངེས་པའོ། །རྟག་པར་གཞན་ལ་སྨན་འདོད་པའི། །ཡིད་ཀྱི་ཆུ་གཏེར་ཉམས་དགའ་བ། །སངས་རྒྱས་བྱིན་རླབས་མཐུས་བསྐུལ་བས། །འཆི་མེད་སྒྲུབ་པའི་ཐབས་འདི་བྱུང་། །དེ་ལས་ཐོབ་པའི་དགེ་ཚོགས་བདུད་རྩིའི་སྤྲིན། །བྱང་ཆུབ་སྙིང་པོའི་ཕ་མཐར་ཁྱབ་བྱས་ནས། །ལེགས་བྱས་ཟིལ་དངར་རྟག་ཏུ་བབས་པ་ཡིས། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་པའང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང་། རང་གཞན་ཡིད་ཅན་མཐའ་དག་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་དམིགས་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  

 

༄༅།  །ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་བཞུགས་སོ།། རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ་ཡུ་རཾ་སྟོ་ཏྲཾ། བོད་སྐད་དུ། ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀུན། །མ་ལུས་པར་ནི་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་། །ཉེས་པའི་དྲི་མ་ཀུན་བཅོམ་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་དཔལ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་པའི། །པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ཀྱིས་རྫོགས་པའི་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མི་མཐུན་ཕྱོགས་རྣམས་མ་ལུས་འཇོམས། །སྟོན་པ་སྲེད་མེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་པར་རྟོག་ལས་ཁྱོད་གྲོལ་ནས། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པའི། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་གང་ཡང་རུང་། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ།།  

༈ །རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་ཨུཥྞཱི་ཥ་བི་ཛ་ཡཱི་སྟོ་ཏྲཾ། བོད་སྐད་དུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྜ་རཱི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆར་བཅས། །རིན་ཆེན་སྣ་ཚོགས་མཛེས་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ། །ཁྲོ་མོའི་ཆ་ལུགས་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། །པད་སྟེང་རྒྱལ་བ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱ་འོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཞུ་དང་མི་འཇིགས་ཕྱག་རྒྱ་དང་། །བུམ་པ་དག་ནི་ལེགས་པར་བསྣམས། །རྣམ་པར་སྣང་མཛད་དབུ་བརྒྱན་ཅིང་། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོགས་ལྷ་ཡི་ན་བཟའ་ཅན། །བློ་དང་ཚེ་འཕེལ་མཛད་པ་མོ། །པུ་རིའི་ནང་དུ་མཛེས་པར་བཞུགས། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་ན་པད་བསྣམས་གཡས་པ་ན། །རྔ་གཡབ་འཛིན་ལ་བདག་ཕྱག་འཚལ། །གཡོན་གྱི་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པ་རྔ་གཡབ་མཛེས་འཛིན་པ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །ཁྲོ་བོའི་རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་བ། །སྔོ་སངས་གཡས་ན་རལ་གྲི་འཛིན། །གཡོན་ན་སྡིགས་མཛུབ་སྐྲ་བརྫེས་པ། །སྦྲུལ་རྒྱལ་སྟག་གི་ཤམ་ཐབས་ཅན། །པདྨ་ཉི་མའི་གདན་ལ་བཞུགས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། །སྔོ་སངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་རྒྱན་ཆ་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་དབྱུག་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ནི། །དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །སྔོ་སངས་ཀུན་འདུལ་ཁྱོད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ཀུན་ཀྱང་སྟག་དང་སྦྲུལ་གྱིས་བརྒྱན། །པདྨ་ཉི་མའི་གདན་ལ་བཞུགས། །བར་ཆད་ཞི་མཛད་ཁྱོད་ལ་བསྟོད། །སྟེང་གི་ཕྱོགས་ན་མཛེས་པ་ཡི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་རྒྱན་དང་ན་བཟས་མཛེས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆར་འབེབས་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་ཞིག་ནངས་ནངས་སྔར་ལངས་ཏེ། །བསྟོད་པ་འདི་ཡིས་དུས་ཀུན་ཏུ། །འཁོར་དང་བཅས་ལ་བསྟོད་གྱུར་ན། །བློ་དང་ཚེ་རྣམས་འཕེལ་བ་དང་། །དཔལ་དང་འབྱོར་པའི་དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། །གུས་པའི་སེམས་ཀྱིས་སྔར་ལངས་ནས། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །གཙུག་ཏོར་རྣམ་རྒྱལ་མའི་བསྟོད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། 

།རྒྱ་གར་སྐད་དུ། ཨཱརྻཱ་ཏཱ་ར་སྟོ་ཏྲཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། ཨོཾ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་སླུ་བའི་རྟོག་པའི་མངོན་རྟོགས་བསྟོད་པ་ཁ་བསྒྱུར་བའོ།།  །།པར་རྩ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུསཞུས།།  །།

ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྤར་སྦྱང་སྨོན་ཚིག།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*