བློ་མཆོག་པའི་དྲི་ལན།

༼ཙ༽༄༅། །བློ་མཆོག་པའི་དྲི་ལན་བཞུགས་སོ།།

ན་མོ་བུདྡྷཱ་ཡ། མཁྱེན་པའི་སྤྱན་ཟུང་ཤེས་བྱ་ཀུན་ལ་འཕྲོ། །ཐུགས་རྗེའི་རྒྱུན་ཆེན་ཕོངས་པའི་གནས་སུ་འབེབས། །ནུས་པའི་ཕྱག་གིས་འགྲོ་ཀུན་སྲིད་ཞི་ལས། །སྒྲོལ་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་འདིར་ལྷག་བསམ་དགོངས་པ་རྣམ་དཀར་ཞིང༌། །རྒྱལ་བའི་བཀའ་དང་བསྟན་བཅོས་དུ་མ་ལ། །མང་དུ་གསན་པའི་རྣམ་དཔྱོད་མཆོག་གྱུར་པས། །དྲིས་པའི་དོན་རྣམས་ཇི་བཞིན་འདིར་བརྗོད་བྱ། །འདི་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དང་པོ་གཉིས་ཏེ། དྲི་བ་དངོས་དང༌། དྲི་བ་པོས་དྲི་ཡུལ་གྱི་བསམ་པ་བརྟགས་པའོ། །དང་པོ་ནི། སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་མེད་ཅེས་དང༌། རང་བཞིན་གནས་རིགས་བདེ་གཤེགས་སྙིང་པོ་མིན་ཞེས་དང༌། གཟུགས་སྐུ་གཉིས་སངས་རྒྱས་གོ་ཆོད་པོ་མིན་ཞེས་པ་འདི་དག་ཆོས་ལུགས་དེ་པ་དག་གི་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་བ་ཐོས་པས། འདི་དག་གི་ཤེས་བྱེད་གོ་བདེ་བ། ལུང་རིགས་ཀྱིས་བརྒྱན་པ་གཅིག་ཞུ། ཞེས་པའོ། །གཉིས་པ་ནི། སེམས་ཅན་ལ་སྙིང་པོ་མེད་པའི་དོན། སྡོམ་གསུམ་རབ་དབྱེའི་དངོས་བསྟན་ལ། སེམས་ཅན་ལ་ཟག་མེད་ཀྱི་སེམས་རྒྱུད་མེད་པ་གཅིག་བཤད་འདུག་པ། དེ་ལ་བསམས་ནས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་མེད་ཅེས་ཟེར་བ་ཡིན་ནམ། རང་བཞིན་གནས་རིགས་མེད་དགག་ཡིན་པས་དེ་སངས་རྒྱས་ཀྱི་སྙིང་པོ་མིན་པར་འཆད་པ་ཡིན་ནམ། འཕགས་པ་སློབ་པའི་རྒྱུད་ལ་ཟག་མེད་ཀྱི་ཡེ་ཤེས་ཕྲ་མོ་ཡང་མེད་པར་འདོད་དམ། ཡང་གཟུགས་སྐུའི་ཡེ་ཤེས་སངས་རྒྱས་དངོས་ཡིན་མོད། མཚན་དཔེ་རྣམས་བེམ་པོ་ཡིན་པས་ཤེས་བྱ་ལ་བློ་གྲོས་རྒྱས་པའི་དོན་མ་ཚང་བར་འཆད་པ་ཡིན་ནམ་ཞེས་པའོ། །གཉིས་པ་དེའི་ལན་བཤད་པ་ལ་གཉིས་ཏེ། དྲི་བ་དངོས་ཀྱི་ལན་བཏབ་པ་དང༌། དྲི་ཡུལ་གྱི་བསམ་པ་བླངས་པ་དེ་ཇི་བཞིན་མ་ཡིན་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་པའི་ཤེས་བྱེད་དང༌། གཟུགས་སྐུ་གཉིས་སངས་རྒྱས་གོ་ཆོད་པོ་མ་ཡིན་པའི་ཤེས་བྱེད་དོ། །དང་པོ་ལ་གཉིས་ཏེ། སྙིང་པོ་ངོས་བཟུང་བ་དང༌། དེ་སེམས་ཅན་ལ་མེད་པའི་ཤེས་བྱེད་དོ། །དང་པོ་ལ་གཉིས་ཏེ། གཞན་ལུགས་ཀྱི་སྙིང་པོའི་ངོས་འཛིན་མི་འཐད་པ་དང༌། སྙིང་པོའི་ངོས་འཛིན་མ་ནོར་བར་བཤད་པའོ། །དང་པོ་ནི། གངས་ཅན་གྱི་ཤིང་རྟ་ཆེན་པོ་རྔོག་ལོ་ཙཱ་བའི་གསུང་གིས། སངས་རྒྱས་དང་དེའི་སྙིང་པོ་དོན་གཅིག་པ་མ་ཡིན་ཏེ། སངས་རྒྱས་ནི་སྟོབས་སོགས་ཡོན་ཏན་རྫོགས་ཤིང༌། དྲི་མ་མཐའ་དག་སྤངས་པའི་ཆོས་ཀྱི་སྐུ་ཉིད་ཡིན་ལ། སངས་རྒྱས་ཀྱི་སྙིང་པོ་ནི་དེ་ལྟ་བུའི་སྤངས་རྟོགས་ཀྱིས་ཁྱད་པར་དུ་བྱེད་དགོས་པ་མ་ཡིན་པ། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཁྱབ་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མེད་དགག་གི་ཆ་དེའོ། །ཞེས་གསུང༌། གངས་ཅན་ལྗོངས་ཀྱི་ཀློག་པ་པ་ཕྱི་མ་ཐམས་ཅད་ཀྱང༌། སངས་རྒྱས་ཀྱི་སྙིང་པོ་ཅི་ལ་ཟེར་གྱི་དཔྱོད་པ་མི་འཇུག་པར། སེམས་ཅན་ཐམས་ཅད་དེའི་སྙིང་པོ་ཅན་ནོ་ཞེས་བྲག་ཆ་བཞིན་དུ་སྒྲོག་པར་བྱེད་དོ། །སངས་རྒྱས་ཀྱི་སྙིང་པོའི་ངོས་འཛིན་ཆོས་ཉིད་མེད་དགག་གི་ཆ་ལ་འཆད་པ་དེ་ནི་རིགས་པ་མ་ཡིན་ཏེ། སྒྲུབ་བྱེད་ཀྱི་ལུང་མེད་པ་དང༌། གནོད་བྱེད་ཀྱི་རིགས་པ་ཡོད་པའི་ཕྱིར། དང་པོ་ནི། སངས་རྒྱས་ཀྱི་སྙིང་པོ་ངོས་འཛིན་པའི་བཀའ་དང་བསྟན་བཅོས་མཐའ་དག་ན། སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཆ་ནས་ངོས་འཛིན་པ་ཤ་སྟག་ཏུ་ཡོད་པ་ཡིན་གྱི། མེད་དགག་གི་ཆ་ནས་འཆད་པ་གཅིག་ཀྱང་མེད་པའི་ཕྱིར། རྒྱུད་བླ་མའི་བསྟན་བཅོས་ན། དོན་རྣམ་པ་གསུམ་རྟགས་སུ་བཀོད་ནས། རིགས་ཅན་ཀུན་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་ལྡན་པར་བསྒྲུབས་པ་ཤིག་ཡོད་པ་དེ་ནི། སྙིང་པོ་དགོངས་གཞི་སྟོན་པ་ཡིན་གྱི། སྙིང་པོ་དངོས་སུ་འཆད་མི་ནུས་པའི་ཕྱིར། དེ་ཡང་ཇི་སྐད་དུ་རྗེ་བཙུན་ས་སྐྱ་པས། དེ་ཡི་དགོངས་གཞི་སྟོང་ཉིད་ཡིན། །ཞེས་བཤད་པ་ལྟར་རོ། །གཉིས་པ་གནོད་བྱེད་ནི། དེ་ལྟ་བུའི་མེད་དགག་གི་ཆ་དེ། སྤྱི་མཚན་དང༌། ལྡོག་པ་གཞན་སེལ་ལས་མ་འདས་པས་ཀུན་བཏགས་ཡིན་པའི་ཕྱིར་ན་ཡོངས་གྲུབ་ཏུ་མི་རུང་ལ། དེར་མི་རུང་བ་ནི་སྙིང་པོ་དངོས་སུ་འཆད་མི་ནུས་ཏེ། སྙིང་པོ་དངོས་ནི་གཙང་བདེ་རྟག་བདག་གི་ངོ་བོར་བཤད་པའི་ཕྱིར། གཉིས་པ། སྙིང་པོའི་ངོས་འཛིན་མ་ནོར་བར་བཤད་པ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་སྟོབས་སོགས་ཡོན་ཏན་གྱི་ཆོས་རྣམས་དང་དབྱེར་མེད་པར་གྱུར་པ་དེ་ལ་སངས་རྒྱས་ཀྱི་སྙིང་པོ་ཞེས་ཟེར་བ་ཡིན་ཏེ། ཇི་སྐད་དུ། རྒྱུད་བླ་མའི་བསྟན་བཅོས་ལས། སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་དེ་གང་ཞེ་ན། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པས་སོ། །དབྱེར་མེད་པ་པ་དེ་ཡང་རྫོགས་པའི་སངས་རྒྱས་ལས་གཞན་ལ་ཡོད་པ་མ་ཡིན་ཏེ། དེ་ཉིད་ལས། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང༌། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཞེས་དང༌། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལས་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །ཞེས་གསུངས་ཤིང༌། བཞི་པོ་དེ་ཡང་ཇི་སྐད་དུ། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས་རྫོགས་པའི་སངས་རྒྱས་ལས་གཞན་ལ་མེད་པར་བཤད་པའི་ཕྱིར་རོ། །མདོར་ན་སྙིང་པོའི་ངོས་འཛིན་ནི། རང་བཞིན་རྣམ་དག་ཙམ་གྱི་ཆ་ནས་བཞག་པས་ཆོག་པ་མ་ཡིན་གྱི། སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཆ་ནས་བཞག་དགོས་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་གསུངས་པས་སོ། །གཉིས་པ་སེམས་ཅན་ལ་དེ་མེད་པའི་ཤེས་བྱེད་བཤད་པ་ལ་གཉིས་ཏེ། དངོས་དང༌། སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་གསུངས་པའི་མདོའི་དགོངས་པ་བཤད་པའོ། །དང་པོ་ལ། ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། དེ་ཉིད་ལས། ཇི་སྐད་དུ། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པས་སོ། །གཞུང་དེས་དོན་དེ་ཉིད་བསྟན་པ་ཡང་ཡིན་ཏེ། མྱ་ངན་ལས་འདས་པ་སོགས་བཞི་པོ་ནི། སྙིང་པོའི་མིང་གི་རྣམ་གྲངས་སུ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ཉིད་ལས། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །ཞེས་སོ། །གཉིས་པ་རིགས་པ་ནི། སེམས་ཅན་རྣམས་ཆོས་ཅན། སྙིང་པོ་དངོས་དང་ལྡན་པ་མ་ཡིན་ཏེ། དྲི་མ་དང་བཅས་པའི་ཕྱིར། ཁྱབ་པ་ཡོད་དེ། སྙིང་པོ་དངོས་ནི་དྲི་མ་དང་ལྷན་ཅིག་ཏུ་མི་གནས་པའི་ཕྱིར། དེར་མི་གནས་ཏེ། སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པ་ནི་དེ་དང་ལྷན་ཅིག་ཏུ་གནས་ན། དེ་དག་སྟོབས་སོགས་ཀྱི་ཡོན་ཏན་མཚན་ཉིད་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དྲི་བ་དང་ལན་ནོ། །དང་པོ་ནི། འོ་ན་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་ལྟ་བུའི་མདོ་མང་པོར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་ཅི་ཞེ་ན། ལན་ལ་གཉིས་ཏེ། དངོས་བསྟན་བསམས་པ་དང་དགོངས་དོན་བཤད་པའོ། །དང་པོ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་པའི་མདོ་དེས་ནི། སེམས་ཅན་ཐམས་ཅད་ཀྱི་ཤེས་རྒྱུད་ལ་སྙིང་པོ་སངས་རྒྱས་རེ་རེ་ཡོད་པར་བསྟན་པ་ཡིན་གྱི་རང་བཞིན་གནས་རིགས་དང༌། རང་བཞིན་རྣམ་དག་གི་ཆོས་ཉིད་ཙམ་ཡོད་པར་འཆད་པ་སྐབས་ཀྱི་དོན་མ་ཡིན་ཏེ། དེ་ལྟར་བཤད་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་དགོས་པ་ལྔ་པོ་དེ་མི་འགྲུབ་པའི་ཕྱིར། དགོས་པ་ལྔ་ནི། ཇི་སྐད་དུ། སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཅེས་གསུངས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་སྙིང་པོའི་ཕྱོགས་གཅིག་ལ་དེའི་མིང་གིས་བཏགས་ནས། དེ་ཡོད་པ་ལ་སྙིང་པོ་ཡོད་པར་བཤད་པ་ཡིན་ཏེ། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་པར་འདོགས་པ་བཞིན། འདི་ལ་གསུམ་སྟེ། འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་དོ། །དང་པོ་ནི། སེམས་ཅན་གྱི་རྒྱུད་ཀྱི་སེམས་རང་བཞིན་གྱི་འོད་གསལ་བ་ཞེས་ཀྱང་བྱ། ཀུན་གཞིའི་ཡེ་ཤེས་ཞེས་ཀྱང་བྱ། གཞི་དུས་ཀྱི་གཉིས་མེད་ཀྱི་ཡེ་ཤེས་ཞེས་སམ། ཟག་པ་མེད་པའི་སེམས་རྒྱུད་ཅེས་ཀྱང་བྱ་བ་དེ་ཆོས་ཅན། སངས་རྒྱས་ཀྱི་སྙིང་པོའི་མིང་གིས་འདོགས་སུ་རུང་སྟེ། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། ཇི་སྐད་དུ། རིགས་གཏེར་ལས། དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར། །ཡ་གྱལ་གཉིས་པ་བཏགས་ནས་འཇུག །ཅེས་བཤད་པ་ལྟར་རོ། །གཉིས་པ་ནི། དེ་ལ་དེའི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་པོ་ཅན་དུ་མ་བསྟན་པའི་ཉེས་པ་ལྔ་སྤངས་པའི་ཆེད་དུ་ཡིན་པའི་ཕྱིར་རོ། །དགོས་པ་ལྔ་ནི། ཇི་སྐད་དུ། རྒྱུད་བླ་མ་ལས། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང༌། །སེམས་ཞུམ་སེམས་ཅན་དམན་ལ་བརྙེས་པ་དང༌། ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པའོ། །གསུམ་པ་དངོས་ལ་གནོད་བྱེད་ལ་གཉིས་ཏེ། རྒྱུད་བླ་མ་ལས་འབྱུང་བ་དང༌། སྡོམ་གསུམ་རབ་དབྱེ་ནས་གསུངས་པའོ། །དང་པོ་ནི། ཇི་སྐད་དུ། དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་གསུངས་ལ། དེའི་དོན་ནི། སེམས་ཅན་རྣམས་ཆོས་ཅན། སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་ཏེ། རང་གི་རྒྱུད་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པ་མ་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཇི་སྐད་དུ། དངོས་ལ་གནོད་བྱེད་ཚད་མ་ནི། །དེ་འདྲའི་སངས་རྒྱས་ཁམས་ཡོད་ན། །མུ་སྟེགས་བདག་དང་མཚུངས་པ་དང༌། །བདེན་པའི་དངོས་པོར་འགྱུར་བ་དང༌། །ངེས་པའི་དོན་གྱི་མདོ་སྡེ་དང༌། །རྣམ་པ་ཀུན་ཏུ་འགལ་ཕྱིར་རོ། །ཞེས་གསུངས། དེའི་དོན་ཡང༌། ཇི་སྲིད་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཞིག་ཁས་ལེན་པ་དེ་སྲིད་དུ། དེ་ཉིད་བདག་དམ་པ་དང་བདེན་གྲུབ་ཏུ་ཡང་ཁས་ལེན་དགོས་པ་ཡིན་ཏེ། རྒྱུད་བླ་མ་ཉིད་ལས། ཇི་སྐད་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་དང༌། དེ་ནི་རྟག་དང་བརྟན་ཕྱིར་དང༌། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་དངོས་ལན་མདོར་བསྡུས་པ་ནི་འདི་ཡིན་ཏེ། གངས་ཅན་གྱི་ཤིང་རྟ་ཆེན་པོ་དག་ལ་ལུགས་གཉིས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པར་བཞེད་པའི་ལུགས་དང༌། མ་ཡིན་པར་བཞེད་པའི་ལུགས་སོ། །དང་པོ་ལ་གཉིས་ཏེ། སྙིང་པོའི་ངོས་འཛིན་སྟོབས་སོགས་ཡོན་ཏན་གྱིས་ཁྱད་པར་དུ་མ་བྱས་པའི་མེད་དགག་གི་ཆ་ལ་བཞེད་པ་དང་དེས་ཁྱད་པར་དུ་བྱས་པའི་མ་ཡིན་དགག་གི་ཆ་ལ་བཞེད་པའོ། །དང་པོ་ནི། རྔོག་ལོ་ཙཱ་བ་ཆེན་པོ་རྗེས་འབྲང་དང་བཅས་པའོ། །གཉིས་པ་ནི། ཀུན་མཁྱེན་དོལ་པོ་བ་གོང་འོག་གི་བརྒྱུད་པ་དང་བཅས་པའོ། །ལུགས་གཉིས་པ་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་མེད་པ་བཞེད་པ་ནི། རྗེ་བཙུན་ས་སྐྱ་པཎྜི་ཏ་དང༌། ཀུན་མཁྱེན་གཉིས་པ་བུ་སྟོན་ལ་སོགས་པའོ། །ཡང་འདི་ལྟར། སྙིང་པོའི་ངོས་འཛིན་རང་བཞིན་རྣམ་དག་རྐྱང་པའི་ཆ་ལ་བཞེད་པ་དང༌། དེ་དང་ཡོན་ཏན་དབྱེར་མེད་ཀྱི་ཚོགས་དོན་ལ་བཞེད་པའོ། །གཉིས་པ་ལའང༌། ཡོན་ཏན་དེ་དག་རྟོགས་པ་ཆོས་སྐུའི་ཡོན་ཏན་གོ་ཆོད་པོར་འདོད་པ་དང༌། རང་བཞིན་ཆོས་སྐུའི་ཡོན་ཏན་དུ་འདོད་པའོ། །ལུགས་དང་པོ་ནི། གངས་ཅན་དུ་ཕྱིས་གྲགས་པའི་ཀློག་པ་པ་ཕལ་ཆེ་བ་དག་གོ །གཉིས་པ་ནི་རྗེ་ཕག་མོ་གྲུབ་པ་སོགས་རྗེ་དྭགས་པོའི་བཀའ་བརྒྱུད་འཛིན་པ་མང་པོ་དག་གོ །ལུགས་གསུམ་པ་ནི། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པ་ཁ་ཅིག་གོ །ལུགས་འདི་ནི་ཁྱེད་ལ་ཚད་མར་གྱུར་པ་ཡིན་པས། འདིར་ཡང༌། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ནི་མ་ཡིན་ཏེ། ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཐལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་སྙིང་པོ་ཅན་ནི་ཡིན་ཏེ། སེམས་ཅན་ཐམས་ཅད་རང་བཞིན་གྱི་སངས་རྒྱས་ཡིན་པའི་ཕྱིར། དེ་ལྟ་ན་ཡང་བདེ་བར་གཤེགས་པའི་སྙིང་པོ་ཅན་ནི་ཡིན་པའི་ངེས་པ་མེད་དེ། སངས་རྒྱས་ཡིན་ན་བདེ་བར་གཤེགས་པའི་སྙིང་པོ་ཡིན་མི་དགོས་པའི་ཕྱིར་དང༌། བདེ་བར་གཤེགས་པ་དང་དེ་བཞིན་གཤེགས་པ་ཡིན་ན། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར། ཞེས་བྱ་བ་འདི་བཞེད་པར་ངེས་སོ། །གཉིས་པ་གཟུགས་སྐུ་གཉིས་སངས་རྒྱས་གོ་ཆོད་པོ་མ་ཡིན་པའི་ཤེས་བྱེད་ལ་གཉིས་ཏེ། ཡིན་པ་ལ་གནོད་བྱེད་དང༌། མ་ཡིན་པའི་སྒྲུབ་བྱེད་དོ། །དང་པོ་ནི། བཻ་ཌཱུརྻའི་ས་གཞི་གཙང་མ་ལ་ཤར་བའི་ལྷ་དབང་གི་སྐུར་སྣང་བ་དེ་དེའི་སྐུ་དངོས་ཡིན་པར་ཐལ། གདུལ་བྱ་རྒྱུད་ཡོངས་སུ་དག་པའི་བློའི་མེ་ལོང་ལ། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་དེ་སངས་རྒྱས་ཀྱི་སྐུ་དངོས་ཡིན་པའི་ཕྱིར། དེ་གཉིས་སྟོབས་མཚུངས་པའི་ཤེས་བྱེད་ནི་རྒྱུད་བླ་མར། ཇི་སྐད་དུ། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་སོ། །གཉིས་པ་ནི། སོ་སོ་སྐྱེ་བོ་རྒྱུད་ཡོངས་སུ་དག་པ་ལ་མཆོག་གི་སྤྲུལ་པའི་སྐུར་སྣང་བ་དང༌། བྱང་སེམས་འཕགས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་འདི་ཆོས་ཅན། སངས་རྒྱས་ཀྱི་སྐུ་མ་ཡིན་ཏེ། རང་གང་ལ་སྣང་མཁན་གྱི་སེམས་ཅན་དེའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར་རོ། །རྟགས་དེའི་ཕྱོགས་ཆོས་ནི། སྣང་བ་ཐམས་ཅད་སྣང་མཁན་གྱི་སེམས་ཡིན་པར་ནི་ཉན་ཐོས་སྡེ་པ་དག་གི་གྲུབ་པའི་མཐའ་ལས་ཀྱང་རྟོགས་ནུས་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་གྲུབ་ཟིན་པའི་ཀློག་པ་པ་དང་རྣལ་འབྱོར་པ་དག་གིས་ནི་ལྟ་ཅི་སྨོས། དེས་ན་གཟུགས་སྐུ་གཉིས་ལ་ནི་ཀུན་རྫོབ་པའི་སྐུ་ཞེས་བྱ་སྟེ། མ་རིག་པའི་སླད་པ་ཞུགས་པའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་ནི་མི་སྲིད་དེ། ས་དེར་མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་ཞེས་བྱ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ཡང་སངས་རྒྱས་ཀྱི་སར་སྐུ་གསུམ་མ་ཚང་བར་འདོད་པ་ནི་མ་ཡིན་ཏེ། དེ་གསུམ་མ་ཚང་བའི་སངས་རྒྱས་མི་སྲིད་པའི་ཕྱིར་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཉིད་མཆོག་གི་སྤྲུལ་པའི་སྐུར་མདོ་སྡེ་རྒྱན་སོགས་ལས་འཆད་པའི་ཕྱིར་དང༌། སློབ་དཔོན་སེང་གེ་བཟང་པོས་སྐུ་ལྷག་མ་གསུམ་པ་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་པར་འཆད་པའི་ཕྱིར། གཉིས་པ་དྲི་ཡུལ་གྱི་བསམ་པ་ལ་བརྟགས་པར་བསྟན་པ་ལ་གསུམ་སྟེ། རང་བཞིན་གནས་རིགས་མེད་དགག་ཡིན་པ་ལ་བསམས་ནས་སྙིང་པོར་མི་འཆད་པ་མ་ཡིན་པའི་ཚུལ། སྡོམ་གསུམ་རབ་དབྱེར་ཟག་མེད་ཀྱི་སེམས་རྒྱུད་སེམས་ཅན་ལ་མེད་པར་མི་འཆད་པའི་ཚུལ། གཟུགས་སྐུའི་མཚན་དཔེ་བེམ་པོར་མི་འདོད་པའོ། །དང་པོ་ནི། སྤྱིར་རང་བཞིན་གནས་རིགས་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ལ་འཆད་པ་ནི་ཐེག་པ་ཆེན་པོ་པ་དག་གི་སྤྱི་ལུགས་ཡིན་ལ་དེ་ལའང་ཆོས་དབྱིངས་ཀྱི་ངོས་འཛིན། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ཆ་ལ་འདོད་པ་བྱམས་ཆོས་ཕྱི་མ་པ་དག་གི་ལུགས་དང༌། མེད་དགག་གི་ཆ་ལ་འདོད་པ་དབུ་མ་རིགས་ཚོགས་པ་དག་གི་ལུགས་གཉིས་ལས། ཇི་སྲིད་རང་བཞིན་གནས་རིགས་ཞེས་བྱ་བའི་ཐ་སྙད་གཅིག་ཁས་ལེན་པ་དེ་སྲིད་དུ་ལུགས་སྔ་མ་ཉིད་ལེགས་པ་ཡིན་ཏེ། འཕགས་པའི་ཆོས་རྣམས་ཀྱི་རྒྱུར་ཁས་ལེན་དགོས་པའི་ཕྱིར། ལུགས་དེ་གཉིས་གང་ཡིན་ཀྱང་རུང༌། རང་བཞིན་དུ་གནས་པའི་རིགས་སྙིང་པོའི་དགོངས་གཞིར་ནི་ཁས་ལེན་དགོས་ཏེ། ཇི་སྐད་དུ། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བཤད་པས་སོ། །གལ་ཏེ་གཞི་དུས་ཀྱི་མྱོང་བ་གསལ་རིག་གི་ཆ་འདི་སངས་རྒྱས་ཀྱི་སྙིང་པོ་དངོས་མ་ཡིན་ན། ཇི་སྐད་དུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་སོགས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་རང་བཞིན་གྱི་སངས་རྒྱས་ལ་དགོངས་པ་ཡིན་ལ། དེས་སངས་རྒྱས་ཀྱི་གོ་ཆོད་པ་མ་ཡིན་ཏེ། ཇི་སྐད་དུ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་འབྱུང་བའི་ཕྱིར། འོ་ན་དེ་རང་བཞིན་སངས་རྒྱས་སུ་འཆད་པའི་གོ་བ་ཅི་ཞེ་ན། གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་གོམ་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་སངས་རྒྱས་ཀྱི་སྐུར་བསྒོམས་ན། སྒོམ་བྱའི་དོན་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པ་འབྱུང་བ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། སེམས་ཉིད་སངས་རྒྱས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཞེས་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །གཞུང་འདི་ཡི་དོན་ཡང༌། འགྲོ་བ་ཀུན་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མདོ་ལས་གསུང་བའི་རྒྱུ་མཚན་ཡོད་དེ། རང་གི་སེམས་ཉིད་དྲི་མས་དག་པ་ན་དེ་བཞིན་གཤེགས་པར་འགྱུར་དུ་རུང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དངོས་མ་ཡིན་ཏེ། སྙིང་པོར་དེ་བཞིན་གཤེགས་པ་དང་མི་ལྡན་པའི་ཕྱིར། དཔེར་ན་སྙིང་པོར་སྦྲུལ་དང་མི་ལྡན་པའི་ཙནྡན་དེ་སྦྲུལ་གྱི་སྙིང་པོ་ཅན་དུ་མི་རུང་བ་བཞིན་ནོ། །གཉིས་པ་ནི། སྡོམ་གསུམ་རབ་དབྱེའི་དངོས་བསྟན་དུ། སེམས་ཅན་ལ་ཟག་མེད་ཀྱི་ཤེས་རྒྱུད་མེད་པར་བཤད་ཅེས་འཆད་པ་དེ་ནི་ནོངས་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། འགའ་ལས་ཟག་མེད་སེམས་རྒྱུད་ཅེས། །གསུངས་པ་ཀུན་གཞིའི་རྣམ་ཤེས་ཀྱི། །གསལ་ཆ་ཉིད་ལ་དགོངས་པ་ཡིན། །ཞེས་ཀུན་གཞིའི་རྣམ་པར་ཤེས་པ་དང་ཡོད་ཁྱབ་མཉམ་དུ་བཤད་པའི་ཕྱིར་རོ། །དེ་ལྟ་ནའང་སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཡེ་ཤེས་མ་གཏོགས། གཞན་ཟག་མེད་ཀྱི་སེམས་རྒྱུད་གང་ཡིན་སྙིང་པོར་མི་འཆད་དེ། སྙིང་པོ་འཇོག་བྱེད་ཀྱི་གཙོ་བོ་ཡོན་ཏན་དབྱེར་མེད་པ་ཞེས་བྱ་བ་དེ་མ་ཚང་བའི་ཕྱིར། ཡང་འཕགས་པ་སློབ་པའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་སེམས་ཕྲ་མོ་ཡོད་དམ་ཞེས་འདྲི་བ་འདིའི་དངོས་ལན་ནི་བཏབ་ཟིན་པ་དེ་ཉིད་ཡིན་ཏེ། ཡོན་ཏན་དང་ལྡན་མི་ལྡན་ཙམ་མ་གཏོགས། ཕྲ་རགས་ཀྱི་དབྱེ་བ་འབྱེད་མི་དགོས་པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་བཤད་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་ཐེག་པ་ཆེན་པོའི་ས་བཅུ་ལ་ཆོས་སྐུའི་ཆ་ཤས་གསར་མཐོང་དང་གསར་ཐོབ་རེ་ཡོད་པར། ཆོས་དབྱིངས་བསྟོད་པ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་སོགས་ལས་བཤད་པ་ལྟར་ན། ས་དང་པོ་ནས་སྙིང་པོའི་ཆ་ཤས་ཙམ་ཞིག་ཡོད་དོ་ཞེས་བརྗོད་ཀྱང་འགལ་བ་མེད་དོ། །གསུམ་པ་ནི། གཟུགས་སྐུ་གཉིས་སངས་རྒྱས་གོ་ཆོད་པོར་འདོད་པ་དང་མི་འདོད་པའི་ཕྱོགས་གང་ཡིན་ཀྱང་རུང༌། མཚན་དཔེ་རྣམས་བེམ་པོར་འཇོག་པ་མ་ཡིན་ཏེ། སངས་རྒྱས་ཀྱི་སའི་ཡོན་ཏན་ཇི་སྙེད་པ་ནི་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པར་བཤད་པའི་ཕྱིར་དང༌། ཡང་ན་སྣང་མཁན་དེ་ཉིད་ཀྱི་ཤེས་པས་བསྡུས་པའི་ཕྱིར་དང༌། བེམ་པོའི་ཆོས་རྣམས་ནི་ལས་དང་ཉོན་མོངས་པའི་དབང་གི་འབྲས་བུར་བཤད་པའི་ཕྱིར་དང༌། མཚན་དང་དཔེ་བྱད་རྣམས་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྣམ་སྨིན་གྱི་འབྲས་བུར་འཆད་པའི་ཕྱིར་དང༌། སྤྱིར་ཡང་མཚན་དཔེ་དངོས་ནི་ངེས་དོན་དོན་དམ་པའི་མཚན་དཔེ་ལ་འཆད་དགོས་ལ། དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་པར་མངོན་པ་ཀུན་ལས་བཏུས་སོགས་ལས་བཤད་ཅིང༌། དྲང་དོན་ཀུན་རྫོབ་པའི་མཚན་དཔེ་ནི་གདུལ་བྱ་གཞན་སྣང་གི་ཤེས་པས་བསྡུས་པའི་ཕྱིར་བེམ་པོར་འཆད་པའི་གོ་སྐབས་ག་ལ་ཡོད་ཅེས་བྱ་བ་འདི་ལེགས་པར་གྲུབ་པའོ། །འདིར་སྨྲས་པ། གང་ཁྱོད་དགོངས་པ་རྣམ་དཀར་བས། །ཤེས་འདོད་ཞུགས་པའི་བསྒྲུབ་བྱ་ལ། །སྒྲུབ་བྱེད་ལུང་རིག་ཚིག་ཉུང་ཞིང༌། །དོན་མང་ལྡན་པ་སྦྱོར་ཞིག་ཅེས། །འཕྲིན་ཡིན་རྟེན་བཅས་འདིར་ཐོབ་པ། །དེ་ནས་སྟོན་དང་བསྟན་པ་ལ། །རིམ་གྲོ་བསྐྱེད་ཅིང་འདྲི་ཁྱོད་ལའང༌། །ཡི་རང་ལྷག་བསམ་རྣམ་དཀར་བས། །མདོ་རྒྱུད་གཞུང་གི་སྙིང་པོ་ལས། །ངེས་བརྩམས་རང་ཕྱོགས་སྒྲུབ་པ་དང༌། །གཞན་ཕྱོགས་ཇི་ལྟར་སུན་འབྱིན་པ། །ཇི་ལྟར་འཚམས་པ་འདི་ཕུལ་ལོ། །དེང་སང་འབེལ་བའི་གཏམ་གླེང་བ། །ཕལ་ཆེར་སློབ་དཔོན་མཁས་པ་ཡི། །གསུང་མ་ཐོས་ཤིང་གཞུང་བརྒྱ་དང༌། །བོད་ཀྱིའང་ལུགས་རྙིང་མ་བལྟས་པར། །འཆལ་གཏམ་གཅིག་ནས་གཅིག་བརྒྱུད་པ། །འབད་རྩོལ་མེད་པར་ཐོས་པ་ལས། །བྱུང་བའི་ཁེངས་གཏམ་མང་སྨྲ་བ། །དེ་ལ་འདི་ནི་ལྟོས་འགྲོ་ཡི། །མགྲིན་པར་འོ་མ་ཇི་བཞིན་ཏེ། །དབྱངས་ཅན་བྱིན་གྱིས་རྒྱུད་བརླབས་པ། །འགའ་ལ་སུམ་རྩེན་ཟས་བཞིན་ནོ། །དེ་ལས་སྐྱེས་པའི་རྣམ་དཀར་པོ། །མཚན་འཛིན་དུག་གིས་མ་སྦགས་པར། །དེ་ཡིས་གཞུང་ཆེན་ལམ་ཆེན་པོར། །བདག་དང་མཉམ་དུ་ཆས་པ་ཡི། །དོན་མཐུན་གྲོགས་པོ་བློ་གསལ་བ། །ཇི་སྙེད་ཡོད་པ་དེ་དག་གི །རྣམ་པར་དཔྱོད་དང་ཐོས་པ་དང༌། །ཡི་རང་གོང་ནས་གོང་འཕེལ་ཤོག །ཅེས་འདི་གཡས་རུ་གཙང་གི་ཆ། །གསེར་མདོག་ཅན་གྱི་ཆོས་གྲྭ་ནས། །མང་ཐོས་བློ་ཅན་མཆོག་གྱུར་པས། །དྲིས་པའི་ལན་དུ་སྤྲིངས་པའོ།།  ཤུ་བྷཾ།།  ༈  །།བཤེས་གཉེན་སངས་རྒྱས་རྒྱ་མཚོའི་དྲིས་ལན།། ༄། །སྭསྟི། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །བཤེས་གཉེན་སངས་རྒྱས་རྒྱ་མཚོ་ཡིས། །རྫོགས་སངས་རྒྱས་ལ་ཇི་སྙེད་པ། །སྣང་ཚུལ་དྲིས་པའི་ལན་བརྗོད་བྱ། །འདི་ལ་གསུམ་སྟེ་རང་འདོད་དང༌། །གཞན་གྱིས་བརྟགས་པའི་རྒོལ་བ་དང༌། །དེ་ལ་རྣལ་འབྱོར་ཁྱེད་ཉིད་ཀྱི། །ལན་འདེབས་ཚུལ་ལའང་དཔྱད་པའོ། །དང་པོ་རྫོགས་པའི་སངས་རྒྱས་ཀྱིས། །ཇི་ལྟ་མཁྱེན་ཚུལ་མི་མཐུན་མེད། །ཇི་སྙེད་མཁྱེན་ཚུལ་ཉན་ཐོས་དང༌། །ཐེག་ཆེན་པོ་ཡི་དབྱེ་བས་གཉིས། །དང་པོའི་ལུགས་ལ་ཡང་དག་པའི། །ཀུན་རྫོབ་ཇི་སྙེད་སངས་རྒྱས་ཀྱིས། །གཟིགས་ནས་མཁྱེན་པ་ཁོ་ན་སྟེ། །དེ་ཀུན་དོན་ལ་ཡོད་ཕྱིར་རོ། །ཐེག་པ་ཆེན་པོ་ཀུན་མཐུན་པར། །གཟུང་འཛིན་གཉིས་སུ་གང་སྣང་བ། །དེ་ཀུན་མ་རིག་མཐུ་ལས་ནི། །བྱུང་བ་ཡིན་ཞེས་གསལ་བར་གསུངས། །དེ་ཕྱིར་ས་བཅུ་མན་ཆད་དུ། །རྣམ་པར་ཤེས་ལ་གང་སྣང་བ། །དེ་དག་རྫོགས་པའི་སངས་རྒྱས་ལ། །གཞན་དང་མཐུན་པར་སྣང་མིན་ཏེ། །གཟུང་འཛིན་གཉིས་སྣང་ལོག་ཕྱིར་དང༌། །གཉིས་མེད་ཡེ་ཤེས་ཉིད་ཕྱིར་རོ། །གཉིས་པ་གཞན་གྱིས་རྒོལ་བ་ནི། །མདོ་ལས་སེམས་ཅན་ཐམས་ཅད་ཀྱང༌། །གཟིགས་པའི་ས་ལ་བཞུགས་ཞེས་པ། །དེ་སོགས་ལུང་དང་འགལ་ཞེ་ན། །འོ་ན་ཡང་དག་མཐའ་ཉིད་ལ། །རྟག་ཏུ་གནས་ཞེས་གསུངས་པའི་ཕྱིར། །ཆོས་ཉིད་ཁོ་ན་གཟིགས་པར་འགྱུར། །འདོད་ན་ཀུན་རྫོབ་སྣང་བར་འགལ། །འདི་ལ་གངས་ཅན་ཕྱི་རབས་པ། །བདེན་གཉིས་ངོ་བོ་ཐ་དད་དུ། །འཛིན་པའི་དྲི་མ་ཟད་སྤངས་པ། །རྣམས་ལ་ཅིག་ཆར་སྣང་ཞེས་ཟེར། །དེ་སྐད་སྨྲ་བ་དེ་ཉིད་ཀྱི། །ཡིད་ཆེས་གཞུང་ལས་ཆོས་ཀྱི་སྐུ། །གཟུང་འཛིན་བུད་ཤིང་མ་ལུས་པ། །བསྲེགས་པས་ཞི་ཞེས་གསུངས་དང་འགལ། །རྣལ་མའི་ལན་ནི་སེམས་ཅན་ལ། །ཀུན་རྫོབ་པ་དང་དོན་དམ་གཉིས། །དང་པོ་སངས་རྒྱས་ཀྱིས་གཟིགས་པ། །ཉན་ཐོས་པ་དང་ཐུན་མོང་ལུང༌། །ཐེག་ཆེན་པ་རྣམས་སངས་རྒྱས་ཀྱིས། །འཇིག་རྟེན་ཀུན་ལ་ལན་དྲུག་ཏུ། །གཟིགས་པ་ཐུགས་རྗེ་ཆེན་པོའི་མིང༌། །ཡིན་གྱི་དབང་པོའི་ཤེས་པས་མིན། །དོན་དམ་སེམས་ཅན་ཞེས་བྱ་བ། །དྲི་མར་བཅས་པའི་སེམས་ཀྱི་དབྱིངས། །ཉིད་ལ་བཤད་པ་དེ་ཡི་ཕྱིར། །དེ་ལྟར་གཟིགས་ལ་འགལ་བ་ཅི། །གཞན་ཡང་ཆོས་འཁོར་ཐ་མ་ལས། །ཤེས་བྱ་ཐམས་ཅད་ཀུན་བཏགས་དང༌། །ཆོས་ཉིད་གཉིས་སུ་བསྡུས་ཏེ་བཤད། །ཤེས་བྱ་ཐམས་ཅད་གཟིགས་ཞེས་པ། །ཀུན་བཏགས་ཆོས་ལ་འཆད་མིན་ཏེ། །ཡུལ་ཅན་ཡང་དག་མིན་རྟོག་པ། །ལོག་ལ་དེ་ཡུལ་སྣང་མི་སྲིད། །རབ་རིབ་བསལ་ལ་སྐྲ་ཤད་བཞིན། །ཆོས་ཉིད་ཀྱི་ནི་ཤེས་བྱ་ཀུན། །ཅིག་ཆར་གཟིགས་ལ་གེགས་བྱེད་པའི། །སྒྲིབ་ཀུན་ངེས་པར་སྤངས་པའི་ཕྱིར། །ཇི་སྙེད་གསུང་ལ་ཐོག་མི་མངའ། །རྫོངས་སངས་རྒྱས་ལ་ཕྱི་རོལ་དོན། །སྣང་ཞེས་བྱ་བ་ཐེག་ཆེན་གྱི། །ཆོས་ལ་ཡོད་པ་མ་ཡིན་ཏེ། །ཐེག་ཆེན་གཞུང་ལས་བཀག་ཕྱིར་རོ། །ཇི་ལྟར་ཞེ་ན་ཐོག་མར་ནི། །སྣང་ཚད་སེམས་སུ་བསྒྲུབས་པ་དང༌། །དེ་གྲུབ་པ་ན་ཕྱི་རོལ་དོན། །ཐམས་ཅད་མེད་པར་གྲུབ་པ་དང༌། །དེ་གྲུབ་པ་ལས་དོན་སྣང་གི །འཛིན་པ་མེད་པར་གྲུབ་པ་དང༌། །དེ་གྲུབ་པ་ལས་གཉིས་མེད་ཀྱི། །ཡེ་ཤེས་འབའ་ཞིག་གྲུབ་པར་འཆད། །འདི་ནི་འཁོར་ལོ་ཐ་མ་ཡི། །ངེས་དོན་མཐར་ཐུག་ཉིད་ཡིན་ཏེ། །ཁྱེད་ཅག་ཨ་ཏི་ཡོ་ག་བའང༌། །དེ་ལྟར་བཞེད་པ་མ་ཡིན་ནམ། །དེང་སང་གངས་ཅན་ཕྱི་རབས་པ། །ཕྱི་དོན་ཡོད་པར་འཇིག་རྟེན་ན། །གྲགས་པ་ཇི་བཞིན་སངས་རྒྱས་ཀྱིས། །གཟིགས་པ་ཐལ་འགྱུར་ལུགས་ཞེས་སྨྲ། །ཟླ་བ་གྲགས་པའི་གཞུང་གཟུང་ནས། །དེ་ཡིས་ལུགས་མཆོག་འགོག་ཅེས་པ། །ནགས་ལ་གནས་པའི་སྤྲེའུ་དག །ནགས་ཀྱི་ལྗོན་པ་སུན་འབྱིན་བྱེད། །ཕྱི་རབས་འདོད་པ་དེ་བཟུང་ན། །རྫོགས་པ་ཆེན་པོའི་ལུང་དང་འགལ། །ཀུན་བྱེད་རྒྱལ་པོའི་མ་གཏོགས་པའི། །དོན་གཞན་གང་ཡང་ཡོད་མིན་ཞེས། །སྟོན་དང་བསྟན་པ་འཁོར་དང་ཆོས། །ཐམས་ཅད་ཆོས་ཉིད་འབའ་ཞིག་པར། །ཡེ་ནས་ལྷུན་གྱིས་གྲུབ་བོ་ཞེས། །གསལ་བར་འཆད་པ་མ་ཡིན་ནམ། །གསུམ་པ་ཁྱེད་ཀྱིས་ལན་འདེབས་པའི། །ཚུལ་དེ་ཅུང་ཟད་དཔྱད་པར་བྱ། །ཆོས་སྐུའི་ངོ་ན་སྣང་མེད་ཅིང༌། །གཟུགས་ཀྱི་སྐུ་ལ་སྣང་ངོ་ཞེས། །འཆད་ན་གཟུགས་སྐུ་ཅི་ལ་ཟེར། །གཞན་དོན་སྐུ་ལ་སྣང་ཚུལ་དང༌། །གནས་ཚུལ་གཉིས་ཡིན་དང་པོ་ནི། །འདུལ་བྱའི་ཤེས་རྒྱུད་ཀྱིས་བསྡུས་པས། །རྫོགས་སངས་རྒྱས་སུ་མི་འཆད་ཅིང༌། །གནས་ཚུལ་ཆོས་ཀྱི་སྐུ་ཉིད་ཕྱིར། །རྫོགས་སངས་རྒྱས་ལ་ཀུན་རྫོབ་ཀྱི། །སྣང་བ་མེད་པར་གྲུབ་པ་ཡིན། །གང་སྣང་ཐམས་ཅད་རང་སེམས་ཞེས། །བྱ་བ་ཐེག་ཆེན་གཞུང་ལུགས་ལ། །དང་པོར་འཇུག་པའི་སྒོ་ཆེན་ཡིན། །འདི་ལ་ཕྱི་རབས་པ་རྣམས་སྡང༌། །ཁྱེད་ཀྱང་དེ་དང་མཐུན་གྱུར་ན། །ཨ་ཏི་ཡོ་ག་ཇི་ལྟར་འཆད། །དེ་ཚེ་རྫོགས་པའི་སངས་རྒྱས་ལ། །གང་སྣང་རྫོགས་སངས་རྒྱས་ཉིད་ཀྱི། །སེམས་སུ་འཆད་དམ་མི་འཆད་ཅེས། །ཁྱེད་ལ་ཐོག་མ་ཉིད་དུ་དྲི། །གཉིས་པ་ལྟར་ན་གཟུང་བ་དང༌། །འཛིན་པ་རྫས་གཞན་ཡོད་པར་འགྱུར། །དང་པོ་ལྟར་ན་སེམས་ཅན་ཀུན། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་པ་འདི་ནི་རྩོད་པ་ཙམ། །ལྷུར་ལེན་མིན་པར་ངེས་དོན་གྱི། །གཞུང་ལུགས་འབའ་ཞིག་སོར་བཞག་ནས། །དྲང་པོའི་གཏམ་དུ་སྨྲས་པ་ཡིན། །ཁྱེད་ཀྱི་རིགས་པར་དྲིས་པའི་ལན། །ཅུང་ཟད་འགྱངས་པར་གྱུར་ན་ཡང༌། །སྐབས་དང་བསྟུན་ཕྱིར་བཟོད་པ་དང༌། །ཡི་རང་གོང་ནས་གོང་འཕེལ་ཤོག །ཁྲུམས་ཀྱི་ཉ་བའི་ཡར་ཚེས་ལ། །གསེར་མདོག་ཅན་གྱི་ཆོས་གྲྭ་ནས། །འཚོ་མཛད་སངས་རྒྱས་རྒྱ་མཚོ་ཡི། །ཕྱག་ཏུ་སྤྲིངས་པ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*