ཡིད་ལུས་རྣམ་གསུམ་གྱི་དྲི་ལན།

༼ཙ༽༄༅། །ཡིད་ལུས་རྣམ་གསུམ་གྱི་དྲིས་ལན་བཞུགས་སོ།།

ཨོཾ་སྭསྟི། ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌། །ཕྱག་འོས་ཀུན་ལ་ཕྱག་བྱས་ནས། །ཡིད་ལུས་རྣམ་གསུམ་ཞེས་བྱ་བ། །དེ་ཡི་དྲིས་ལན་མདོ་ཙམ་འཆད། །དེ་ལྟར་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། ཇི་སྐད་དུ། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ངོས་འཛིན་པའི་ཚེ། དེའི་མི་མཐུན་ཕྱོགས་ཡིད་ཀྱི་ལུས་རྣམ་པ་གསུམ་ཞེས་འཁོར་ལོ་གསུམ་པའི་མདོ་དང་བསྟན་བཅོས་དུ་མར་གསུངས་པ་དེའི་རྣམ་པར་བཞག་པ་ཇི་ལྟ་བུ་ཞེས་འདྲི་ན། ཐོག་མར་དགྲ་བཅོམ་པ་གཉིས་ཀྱིས་བླངས་པའི་ཡིད་ལུས་ཀྱི་རྣམ་གཞག་རྒྱས་པར་བཤད། དབང་ཐོབ་པའི་བྱང་སེམས་ཀྱིས་ཇི་ལྟར་བླངས་པ་དེ་ཡང་མདོ་ཙམ་དུ་བྱ་བའོ། །དང་པོ་ལ་ངོས་བཟུང༌། ལུས་དེ་ཇི་ལྟར་ལེན་པའི་ཚུལ། དེ་ལ་དོགས་པ་བཀོད་ནས་རྣམ་གཞག་བསམ་པའོ། །དང་པོ་ནི། འདི་ཞིབ་ཏུ་མ་བརྟགས་པ་དག་གི་བསམ་པ་ལ། ལུས་འདི་གཟུགས་མེད་ཁམས་ཀྱི་མིང་གཞིའི་ཕུང་པོ་དང་ཁྱད་པར་ཅི་བསམ་པ་འབྱུང་སྟེ། འདིར་ཡིད་ཅེས་པ་ཉོན་ཡིད་ལྟ་ཅི། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མ་ཡིན་གྱི། ཉེར་ལེན་ཟག་མེད་ཀྱི་སེམས་རྒྱུད་ལས་གྲུབ་པ། མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་སྟེ། ཇི་སྐད་དུ། ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །ཞེས་འབྱུང་བ་དེའོ། །གཉིས་པ་ལ་གསུམ་སྟེ། ལེན་པ་པོ་གང་གིས་དང༌། རྒྱུ་རྐྱེན་གང་གིས་ཚུལ་ཇི་ལྟར་དང༌། བླངས་པའི་སེམས་རྒྱུད་དེ་ངོས་བཟུང་བའོ། །དང་པོ་ནི་ལྷག་བཅས་ཀྱི་མྱང་འདས་ལ་གནས་པའི་དགྲ་བཅོམ་གཉིས་ཏེ། འདི་འཆད་པ་པོ་ཕལ་ཆེར་གྱིས་ནི་དམན་པར་རིགས་ངེས་པ་ཞིག་གོ་བསམ་པ་བྱུང་སྟེ། འོག་ནས་བརྟག་པར་བྱ་ལ། ངེས་པར་ན་ཕུང་པོ་སྔ་མ་འདོར་བར་འདོད་པ་ཞིག་གོ །དེ་ལ་ཡང་སྡུག་བསྔལ་གྱིས་འཇིགས་ནས་དང༌། ཟག་མེད་ཀྱི་ལུས་བླངས་པའི་དགོས་པ་གཞན་ཡང་གཟིགས་པ་དག་གོ །ལུས་དེ་ལེན་པའི་རྒྱུ་ནི་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་སོ། །སྐབས་དེར་ཉོན་མོངས་མེད་པས་ཟག་བཅས་ཀྱི་ལས་མི་སྲིད་ལ། ཟག་མེད་དེ་ཡང་ཐེག་པ་ཆེ་ཆུང་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཁྱད་པར་མཐའ་གཅིག་ཏུ་མ་ངེས་མོད། ལས་དེའི་ཀུན་སློང་ནི་མཚན་འཛིན་གྱི་རྣམ་པར་རྟོག་པ་ཕྲ་མོས་བྱེད་པར་བཤད་ཅིང༌། དུས་ནམ་གྱི་ཚེ་སོག་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་རྟེན་དེ་ཉིད་ལ་སྟེ། སྲིད་པར་སྐྱེ་བ་ལེན་པའི་འཕེན་བྱེད་ཀྱི་རྒྱུ་དང་ཆ་མཐུན་པས་སོ། །དེ་ནུས་པ་མཐུ་ཅན་དུ་བསྒྱུར་བ་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་སྟེ། འཁོར་བ་འགྲུབ་བྱེད་ཀྱི་སྲེད་ལེན་སྲིད་པ་གསུམ་དང་ཆ་མཚུངས་པའོ། །སྙོམས་པར་འཇུག་པ་དེ་ལ་སྤྱིར་དགོས་པ་གཉིས་ཏེ། མ་ངེས་པའི་རིགས་ཅན་འཆི་མི་འཕོ་བར་ལྷག་བཅས་དེ་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས། ཚེ་གཅིག་གི་སངས་རྒྱ་བའི་རྒྱུ་ཚོགས་ལ་འཇུག་པར་འདོད་པ་དང༌། གཅིག་ནི་ཟག་མེད་ཀྱི་ལུས་དེ་ལེན་པར་འདོད་པ་ལས། འདིར་འཆད་རྒྱུ་ནི་ཕྱི་མ་འདི་དེ་ཉིད་དེ། བསམ་པ་དེ་སྔོན་དུ་བཏང་ནས་མཐར་གྱིས་སྙོམས་པར་འཇུག་པ་ལ་དབང་ཐོབ་པར་བྱས་ནས་འགོག་སྙོམས་ཀྱི་མཐར་ཐུག་པའི་ཚེ་ཚོགས་བདུན་འཁོར་བཅས་འགགས་པའི་བརྟགས་མིན་གྱི་འགོག་པ་དང༌། ཀུན་གཞིའི་སྟེང་གི་ཟག་བཅས་དང་རྣམ་སྨིན་གཉིས་ཀ་སྤངས་པའི་སོ་སོར་བརྟགས་འགོག་མངོན་དུ་བྱས་ནས་རྣམ་སྨིན་གྱི་ཕུང་པོ་དེ་འདོར་བར་བྱེད་དོ། །དེའི་ཚེ་རྟེན་དེ་ལ་ཀུན་གཞིའི་གསལ་རིག་གི་ཆ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་ཅི་ཡང་མེད་ལ། དེ་ནི་ཡེ་ཤེས་ཁོ་ནར་ངེས་ཏེ། རྣམ་ཤེས་ཀྱི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར། གསལ་རིག་དེས་རྟེན་སྔ་མ་དོར་བ་དང༌། ཟག་མེད་ཀྱི་ལུས་དེ་བླངས་པ་གྲུབ་བདེ་གཅིག་ཏུ་འབྱུང་བ་ཡིན་གྱི། བར་སྲིད་ཆ་མཐུན་པ་ནི་འདི་ལ་མེད་དོ། །སྐྱེ་བ་དེ་ལྟར་བླངས་ཟིན་པ་དེ་ཇི་སྲིད་ཐེག་པ་ཆེན་པོར་མ་ཞུགས་པ་དེ་སྲིད་དུ་དམན་པའི་དགྲ་བཅོམ་པ་ཡིན་གྱི། ལྷག་མེད་ཀྱི་མྱང་འདས་ཞེས་ནི་མི་བྱ་སྟེ། འདི་ལ་ནི་བྱང་ཕྱོགས་དང་རྣམ་པར་ཐར་པ་བརྒྱད་དང་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་དག་ཚང་བར་འཆད་དགོས་པའི་ཕྱིར། གཉིས་པ་ནི་ཉན་ཐོས་པ་དག་ལྷག་བཅས་དོར་ནས་རིག་པ་རྒྱུན་ཆད་པ་དང༌། ཐེག་པ་ཆེན་པོའི་མངོན་པ་པ་དག་གསལ་རིག་ཙམ་མ་ཆད་ཀྱང༌། བྱང་ཕྱོགས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཟད་པ་དང༌། ཤེས་བྱའི་སྒྲིབ་པ་མ་སྤངས་ཀྱང་མངོན་དུ་མི་འགྱུར་བ་སོགས་ཀྱི་རྣམ་གཞག་འདོད་མོད། འདིར་ནི་ཀུན་གཞིའི་རྣམ་ཤེས་ཟག་མེད་དུ་གནས་གྱུར་པ། ཀུན་གཞིའི་ཡེ་ཤེས་ཞེས་ཀྱང་བྱ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། ཟག་པ་མེད་པའི་ཤེས་པ་ཞེས་བྱ་བའི་མིང་ཅན། སྔར་ཐོབ་ཟིན་པའི་ཡོན་ཏན་མཐའ་དག་གི་རྟེན་དང༌། སྔར་མེད་ཀྱི་ཡོན་ཏན་བསྐྱེད་པའི་གཞིར་གྱུར་པ་དམན་པའི་ཚེ་ན་ཡིད་ཀྱི་ལུས་དང༌། དག་པའི་སར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། སངས་རྒྱས་ཀྱི་སར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་དེ་ཡིན་ལ། སྔགས་ཀྱི་ཐེག་པ་ལས་ཀྱང་སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མིང་ཅན་ལམ་ཐམས་ཅད་ཀྱི་བསྒྲུབ་གཞིར་གྱུར་པ་དེ་ཉིད་དོ། །ལུས་དེའི་རྟེན་ལ་སླར་ཡང་མ་རིག་བག་ཆགས་ཀྱི་ས་དང༌། མཚན་མའི་ཀུན་ཏུ་སྤྱོད་པ་ཕྲ་མོས་བསླང་བའི་ལས་ཀྱིས་རྐྱེན་བྱས་ནས། ཟག་མེད་ཀྱི་ལུས་སྔ་མ་འདོར་བ་དང༌། ཕྱི་མ་ལེན་པ་མང་པོ་དག་བྱེད་པ་དེ་ལ་ནི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ཞེས་གསུངས་སོ། །གནས་སྐབས་དེར་ཇི་སྐད་དུ། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་ཕུལ་བ་ཡིན་པར་འདོད། །ཅེས་དང༌། སྔོན་གྱི་འཕེན་པའི་དབང་དང་ནི། །ཞེས་སོགས་ལྟར་འཇིགས་པ་གཉིས་དང་བྲལ་བའི་སྒོ་ནས་དམན་པའི་ས་ཉིད་དུ་གནས་པ་དང༌། ལུས་དེ་ཉིད་ཀྱིས་ཐེག་པ་ཆེན་པོར་འཇུག་པ་དང༌། ལུས་དེ་མ་ཡིན་པའི་སྤྲུལ་པ་སྣ་ཚོགས་ཀྱི་ལུས་སུ་བསྒྱུར་ན་མཛད་པ་སྣ་ཚོགས་ལ་འཇུག་པར་བྱེད་དོ། །དམན་པའི་ལྷག་བཅས་པ་དག་ལ་འཇིག་པ་གཉིས་འབྱུང་བ་ནི། རྣམ་སྨིན་གྱི་ཕུང་པོ་ལ་དང༌། བདག་ཆད་ཀྱི་དོགས་པའིའོ། །དང་པོ་ནི། ཕུང་པོ་སྔ་མ་དེ་དོར་བས་སེལ་ལ། གཉིས་པ་ནི། ཟག་མེད་ཀྱི་ལུས་དེ་བླངས་པས་སེལ་ལོ། །ལྷག་མེད་ཀྱིས་ནི་སེལ་མི་ནུས་ཏེ། དེར་ནི་བདག་ཏུ་འདོགས་པའི་གཞི་ཆད་པས་བརྟགས་པ་ཙམ་གྱི་བདག་ཏུ་ཡང་མི་འཛིན་པས་སོ། །འཇིགས་པ་དེའི་ཕྱིར་ཡིད་ལུས་དེ་ལེན་པའི་ཆེད་དུ་ཟག་མེད་ཀྱི་ལས་སོག་པར་བྱེད་དོ། །ལུས་འདིའི་ངོས་འཛིན་ནི་ལང་ཀར་གཤེགས་པའི་མདོ་ཉིད་དུ་གསུངས་པ་དང༌། དེ་ཇི་ལྟར་ལེན་པའི་ཚུལ་ནི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་གི་མདོར་གསུངས་པས་དེར་བལྟ་བར་བྱའི་འདིར་ནི་མངས་སོ། །གསུམ་པ་ནི་རྣམ་གཞག་འདི་འཆད་པ་པོ་རྣམས་ཀྱི་འོལ་སྤྱི་ཙམ་དུ་ནི། དམན་པའི་དགྲ་བཅོམ་པ་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པ་དེས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་དེ་ལྟ་བུའི་བཤད་པ་གཅིག་དང༌། ལྷག་མེད་དུ་འདས་པ་དེ་ཉིད་དང༌། དག་པའི་ཞིང་དུ་ཡིད་ལུས་བླངས་པའི་མིང་ཅན་དོན་གཅིག་ཏུ་བཤད་ནས། དེ་སངས་རྒྱས་ཀྱི་འོད་ཟེར་སོགས་སད་བྱེད་ཀྱིས་སད་པར་བྱས་ནས་ཐེག་པ་ཆེན་པོར་འཇུག་པ་ལྟ་བུའི་བཤད་པ་མཛད་མོད། དམིགས་ཕྱེད་ངོ་ཤེས་པ་གཅིག་མ་བྱུང་བ་དང༌། ཡང་རྒྱུད་བླ་མ་མདོ་དང་བཅས་པའི་ཡིད་ལུས་ཀྱི་བཤད་པ་དང༌། མདོ་སྡེ་རྒྱན་དུ། བསམ་གྱི་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །ཞེས་སོགས་དོན་མི་གཅིག་པ་ལྟ་བུར་འཆད་ལ། དེའི་གོ་བ་ཡང༌། ལུས་དེ་ལེན་པ་ལ་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱེད་དགོས་པ་དང༌། ཕྱིར་མི་འོང་གིས་ནི་ཁམས་གསུམ་ལ་ཆགས་པ་དང་མ་བྲལ་བས་སྤྲུལ་པའི་སྐྱེ་བ་ཙམ་ལེན་པར་བྱེད་དགོས་སོ་སྙམ་དུ་བསམ་པའོ། །འདི་བརྟག་པར་བྱ་བ་ལ་གཉིས་ཏེ། ལྷག་མེད་དང་ཡིད་ལུས་ཀྱི་གོ་དོན་འབྲེལ་མེད་དུ་བསྟན། མདོ་སྡེ་རྒྱན་གྱི་ལུང་ལས་ཀྱང་དེ་ཉིད་གྲུབ་པའོ། །དང་པོ་ནི་གཉིས་པོ་དེའི་དོན་དང་ཐ་སྙད་གང་ཡང་མི་མཐུན་ཏེ། རྒྱུ་མི་མཐུན་པ་ལ་ནི་ཡིད་ཀྱི་ལུས་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་ཀྱིས་འདུས་བྱས་ལ། གཅིག་ཤོས་ལ་དེ་མི་དགོས་པར་ལྷག་མེད་དོན་དུ་གཉེར་བས་དང༌། ངོ་བོ་མི་མཐུན་པ་གཅིག་ནི་ཡེ་ཤེས་ཀྱི་ལུས་དང༌། གཅིག་ཤོས་ནི་སོ་སོར་བརྟགས་པའི་འགོག་པ་དང༌། ཐ་སྙད་མི་མཐུན་པ་ཡང་གཅིག་ལ་ནི་སྐྱེ་རྒ་ན་འཆི་བཞིའི་མིང་དོན་གཉིས་ཀ་འཆད་ལ། གཅིག་ཤོས་ལ་དེ་འདྲའི་རྣམ་གཞག་མེད་པ་དང༌། དུས་མི་མཐུན་པ་ནི། ལྷག་བཅས་ཀྱི་འཆི་སྲིད་ཆད་པའི་དངོས་འབྲས་སུ་གཅིག་ཤར་ན་གཅིག་ཤོས་མི་འབྱུང་བས་ཁྱབ་པའི་ཕྱིར་རོ། །སྐབས་འདིར་ཉན་རང་ལྷག་མེད་དུ་འདས་པ་ཐེག་པ་ཆེན་པོར་འཇུག་པའི་ཤེས་བྱེད་མདོ་ཏིང་ངེ་འཛིན་རྒྱལ་པོར། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་བའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་ཐོབ། །ཅེས་བྱ་བ་དེ་འདྲེན་པར་མཛད་མོད། བརྟག་པར་བྱ་དགོས་ཏེ། ལུང་དེའི་གོ་བ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལས་གསུངས་པ་ན། དམན་པའི་ལྷག་བཅས་པ་འཆི་སྲིད་ཆད་པའི་དེ་མ་ཐག་ཏུ་ཡིད་ཀྱི་ལུས་སྲིད་པ་བར་མ་ལྟ་བུ་སྐྱེ་མཆེད་ཡོངས་སུ་རྫོགས་པ་གཅིག་ཤར་ཏེ་བསམ་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ན་སངས་རྒྱས་དེའི་གདན་ཁྲི་ལ་གནས་པའི་པད་མོ་ལ་སོགས་པའི་ནང་དུ་བསྐལ་པ་བྱེ་བ་མཐའ་ཡས་པ་དག་འདའ་བར་བྱེད་ཅིང༌། དུས་རེ་ཞིག་གི་ཚེ་སངས་རྒྱས་དེའི་འོད་ཟེར་གྱིས་སད་པར་བྱེད་པ་དག་ཡོད་པར་བཤད་ལ། དེ་ལ་ནི་པད་མའི་སྦུབས་སུ་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱེད་པའི་བཤད་པ་མ་བྱུང་ཞིང༌། ཡིད་ལུས་བར་དོ་དང་མཚུངས་པ་ཞིག་གིས་ལྷག་མེད་མྱང་འདས་སུ་སྐྱེ་བ་ལེན་པ་ཡིན་ཞེས་འཆད་ན་ནི་ཤིན་ཏུ་དཀའ་བའི་ཕྱིར་དང༌། དམན་པར་རིགས་ངེས་པའི་དགྲ་བཅོམ་ཟག་མེད་ཀྱི་ལུས་བླངས་པ་དེ་བསྐལ་པ་དཔག་ཏུ་མེད་པར་ཏིང་ངེ་འཛིན་ལ་གནས་པ་བསྐལ་པ་དཔག་ཏུ་མེད་པར་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པ་དག་མཐར་སངས་རྒྱ་བ་ཡིན་ནོ་ཞེས་བཤད་དུ་མི་རུང་བའི་ཕྱིར། གལ་ཏེ་འོ་ན་དེ་ལྟར་རུང་དུ་ཆུག ལུགས་འདིར་ལྷག་མེད་ཀྱི་མྱང་འདས་ལས་སད་པ་དང༌། སད་པ་དེ་ལ་རྣམ་ཤེས་སམ་ཡེ་ཤེས་ཀྱི་ཚོགས་མངོན་དུ་འགྱུར་བ་དང༌། གྱུར་ནས་དམན་པ་ཉིད་དུ་གནས་པའམ། ཐེག་པ་ཆེན་པོར་འཇུག་པ་དག་ལས་གང་ཞིག་ཡིན་ཞེས་བསམ་དགོས་སོ། །ཞེ་ན། མཐར་ཐུག་ཐེག་པ་གསུམ་པའི་ལུགས་ལ་ནི། ལྷག་མེད་ལས་ལྡང་བ་མི་སྲིད་པར་བཞེད་དགོས་ལ། ཐེག་པ་གཅིག་པའི་ལུགས་ལ་ནི་དེ་སྲིད་པར་བཞེད་དགོས་པས། དེའི་འཆད་ཚུལ་བཤད་མ་ཐག་པ་དེ་ནི་དཔྱད་མ་བཟོད་པས་ན་འདི་ལྟར། སྤྱོད་འཇུག་ཏུ་ནི། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་དམན་པ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པ་མེད་པས་ལྷག་མེད་ནས་ཀྱང་ལྡང་སེམས་མངོན་དུ་མི་བྱེད་པ་མི་སྲིད་པས། ལངས་པའི་རྗེས་སུ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང༌། ཟག་པ་མེད་པའི་ཚོར་བ་དང༌། སྲེད་པས་ཀུན་ནས་བསླང་བའི་ལས་ཀྱིས་རྒྱུ་རྐྱེན་བྱས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་བཞེད་པ་ཡིན་ཏེ། རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་པར་ངེས་པ་ཉིད་ཅེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་དབང་གིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་གསུངས་པའི་ཕྱིར། གཞུང་དེའི་དོན་སྔ་མ་དེ་ཉིད་ཡིན་པར་ལོ་ཙཱ་བ་ཆེན་པོའི་རྣམ་བཤད་ལས་འབྱུང་ངོ༌། །ལུས་དེ་བླངས་ནས་ཀྱང་སྔོན་གོམས་པའི་དབང་གིས་སེམས་ཅན་གྱི་དོན་ལ་མི་ཕྱོགས་པར་བསྐལ་པ་མང་པོ་འདའ་བར་བྱེད་ཅིང༌། དེ་ཁོ་ན་བཞིན་དུ་གནས་པར་ཡང་སྲིད་ལ། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་དང་བཅས་བཞིན་དུ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ཡང་སྲིད་དོ། །གཉིས་པ་ནི་མདོ་སྡེ་རྒྱན་དུ། ལྷག་མེད་པ་ཐེག་པ་ཆེན་པོར་མི་འཇུག་པ་གཞིར་བཞག་ནས། མ་ངེས་པའི་རིགས་ཅན་ཁམས་གསུམ་ལ་ཆགས་བྲལ་བྱས་པ་དེ་སྤྲུལ་པའི་སྐྱེ་བ་བླངས་ནས་ཐེག་ཆེན་དུ་འཇུག་པར་བཤད་པ་ཡང་སྔ་མ་དང་དོན་གཅིག་པ་ཡིན་ཏེ། ཁམས་གསུམ་ལས་འདས་པའི་སྐྱེ་བ་ཡིན་ཞིང༌། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་ཞེས་བཤད་པའི་ཕྱིར། འདི་ནི་ཇི་སྐད་དུ། གཅིག་ཤོས་ཕྱིར་མི་འོང་བ་དང༌། ལྡན་ཕྱིར་ཞེས་བཤད་པས་འདོད་པ་ཙམ་གྱི་ཆགས་བྲལ་གྱི་དབང་དུ་བྱས་སོ། །ཞེ་ན་ཉེས་པ་མེད་དེ། ཐེག་པ་ཆེན་པོའི་ལུགས་ལ་ནི། འཕགས་པ་ཐོབ་རྗེས་སུ་ཆགས་བྲལ་བྱེད་པ་ནི་ཅིག་ཅར་བ་ཉིད་དུ་ངེས་པར་འཐད་ཅིང༌། དོན་དེ་ཉིད་གྲོ་ལུང་པས་ཀྱང་ཕར་ཕྱིན་གྱི་ཊཱི་ཀར་བཤད་དོ། །གསུམ་པ་ནི་བྱང་སེམས་ཀྱི་ས་དང་པོ་སོགས་ནས་ཀྱང༌། བསམ་གྱིས་མི་ཁྱབ་པའི་སྐྱེ་བ་ལེན་ཚུལ་སོགས་བཤད་ཀྱང༌། འདིར་ནི་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་གཅིག་དགོས་པས་ས་བརྒྱད་པ་ནས་བཟུང་ངོ༌། །དེའི་ཚེ་ནི་ཡེ་ཤེས་ཁོ་ནའི་དབང་དུ་བྱས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པར་འཆར་བ་ཞིག་སྟེ། ཇི་སྐད་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །ཅེས་སོགས་ཀྱིས་རྣམ་ཤེས་ཚོགས་བདུན་གནས་གྱུར་ནས་ཀུན་གཞི་ཡང་ཟག་མེད་ཉིད་དུ་གནས་པར་གསུངས་པས་སོ། །དེའི་ཚེ་ཡུལ་ཅན་ཡེ་ཤེས་སུ་གནས་མོད། ཡུལ་གྱི་སྣང་བ་འཆར་བའི་ཚུལ་ཇི་ལྟ་བུ། མ་དག་པའི་སྣང་བ་མི་འཆར་ན་ནི་གཉིས་སྣང་གི་བག་ཆགས་སྤངས་པར་འགྱུར་ལ། འཆར་ན་ཡེ་ཤེས་ཁོ་ནའི་སྐྱེ་མཆེད་དུ་ངེས་པ་འགལ་ལོ་ཞེ་ན། དེ་ལ་འཆར་ཚུལ་ནི། ཇི་སྐད་དུ། དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བརྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག །སྐྱེས་པ་ཡི་ནི་རྒྱུ་ཡིན་ནོ། །ཞེས་དང༌། འབྱུང་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་བ། །ཞེས་དང༌། དབང་པོ་ལྔ་རྣམས་གཞན་འགྱུར་ན། །དོན་ཀུན་འཇུག་དང༌། ཞེས་པའི་དོན་ཀྱང༌། ཟག་པ་མེད་པའི་དབང་དུ་བྱས་ཀྱི། གཞན་ནི་མ་ཡིན་ཏེ། ཡུལ་ཅན་གནས་གྱུར་པ་ན་ཡུལ་གྱི་འཆར་ཚུལ་གཞན་དུ་མི་འབྱུང་བའི་ཕྱིར། གཉིས་སྣང་གི་བག་ཆགས་གནས་མ་གྱུར་པ་དེ་སྲིད་དུ་ནི། ཟག་པ་མེད་པའི་ཡེ་ཤེས་ཉིད་རྟེན་འབྲེལ་སྣ་ཚོགས་སུ་སྣང་ངོ༌། །ཞེས་བྱ་བ་འདི་གྲུབ་བོ། །དེ་སྦྱར་དེ་ལས་བྱུང་བ་ཡི། །དགེ་བ་ཐོབ་པ་གང་ཡིན་དེས། །གཙང་བདག་བདེ་དང་རྟག་པ་ཡི། །ཡོན་ཏན་ཕ་རོལ་ཕྱིན་ཐོབ་ཤོག །ཅེས་པ་འདི་ནི་སྡེ་སྣོད་འཛིན་པ་ཆོས་ཀྱི་རྒྱལ་མཚན་ལ། ནེའུ་ཐོག་གི་སྡེ་སྣོད་འཛིན་པ་མང་པོས་དྲིས་པའི་ལན་དུ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དོགས་པའི་གནས་གཞན་བཀོད་ནས་ལན་བཏབ་པའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*