མཁའ་སྤྱོད་དབང་པོའི་སྤྱན་དྲུང་དུ་འབུལ་བའི་མོལ་མཆིད།

༼ཙ༽༄༅། །མཁའ་སྤྱོད་དབང་པོའི་སྤྱན་དྲུང་དུ་འབུལ་བའི་མོལ་མཆིད་སོགས་བཞུགས་སོ།།

ན་མོ་བུདྡྷཱ་ཡ། འཇམ་པའི་དབྱངས་ལ་ཕྱག་བྱས་ཏེ། །སྔོན་བྱོན་བོད་ཀྱི་སྔ་རབས་པས། །དབུ་མའི་དབྱེ་བ་མང་བཞེད་པ། །དེ་ཡི་བསམ་པ་འདི་ལྟར་འཆད། །གཉིས་མེད་དོན་དམ་དབུ་མ་དང༌། །རབ་ཏུ་མི་གནས་དབུ་མ་པ། །དེ་ལའང་རྒྱུན་ཆད་མི་གནས་དང༌། །ཟུང་འཇུག་མི་གནས་གཉིས་སུ་ཕྱེ། །གཞན་ཡང་དབུ་མ་རྣམ་བཅས་དང༌། །རྣམ་མེད་གཉིས་སུ་འབྱེད་པ་ཡོད། །གནས་དང་མི་གནས་ཤེས་པའི་དོན། །རིགས་པའི་དཔྱད་པ་བརྒྱ་བཟོད་པའི། །གཉིས་མེད་ཡེ་ཤེས་དོན་དམ་དུ། །གནས་དང་མི་གནས་པ་ལ་བཞེད། །སྔ་མ་འཁོར་ལོ་གསུམ་པར་ནི། །འཇིག་རྟེན་འདས་པའི་ཡེ་ཤེས་ཀྱི། །མྱོང་བྱར་གང་བཤད་དེ་ཡིན་ཏེ། །ཐོས་བསམ་རིགས་ངོར་དཔྱད་མི་བཟོད། །རྟོག་པའི་དཔྱད་པ་མི་བཟོད་དང༌། །ཡེ་ཤེས་ཡུལ་དུ་དེ་གནས་པ། །མི་འགལ་སྒྲོ་འདོགས་འགོག་པ་དང༌། །ཉམས་སུ་མྱོང་བའི་ཁྱད་པར་ཡིན། །འདི་ནི་འཁོར་ལོ་གསུམ་པ་དང༌། །རྡོ་རྗེ་ཐེག་པའི་ངེས་དོན་དག །འཆད་དང་ཉམས་སུ་མྱོང་བའི་ཚུལ། །ཁྱད་པར་འཕགས་པ་དེ་ཡིན་ནོ། །རབ་ཏུ་མི་གནས་དབུ་མ་ནི། །ངོ་བོ་ཉིད་མེད་སྨྲ་བ་སྟེ། །ཀུན་རྫོབ་མ་གཏོགས་ཆོས་གཞན་པ། །ཁས་མི་ལེན་ཕྱིར་རིགས་པ་ཡི། །དཔྱད་པ་བཟོད་པའི་དོན་གང་ཡང༌། །གནས་པར་བཞེད་པ་མ་ཡིན་ནོ། །རྫོགས་སངས་རྒྱས་ཚེ་རང་རྒྱུད་ཀྱི། །ཡེ་ཤེས་རྒྱུན་མ་ཆད་པ་དང༌། །ཆད་པར་བཞེད་པ་ཟུང་འཇུག་དང༌། །རྒྱུན་ཆད་མི་གནས་པ་ཡི་ཁྱད། །འདི་ལ་རང་རྒྱུད་པ་དང་ནི། །ཐལ་བ་པ་ཞེས་གསལ་བར་གྲགས། །རང་རྒྱུད་པ་ཡང་རང་རིག་གི །ཡེ་ཤེས་འདོད་དང་མི་འདོད་པའི། །དབྱེ་བས་རྣལ་འབྱོར་སྤྱོད་པ་དང༌། །མདོ་སྡེ་སྤྱོད་པའི་ལུགས་སུ་གྲགས། །མདོར་ན་མི་གནས་དབུ་མ་ནི། །འཁོར་ལོ་བར་པའི་དངོས་བསྟན་གྱི། །སྟོང་པ་ཉིད་དེ་དཔྱིས་ཕྱིན་པར། །འཆད་ལ་འགྲན་ཟླ་བྲལ་བའོ། །ཕུང་པོ་རྣམ་བཅད་སྟོང་པ་ཉིད། །སྙིང་པོ་མེད་ཅེས་གསུངས་ན་ཡང༌། །ཕ་རོལ་ཕྱིན་གཞུང་རྐྱང་པ་ཡིས། །ས་རྣམས་བགྲོད་ཚེ་འདི་ཁྱད་འཕགས། །ཐོགས་མེད་མཆེད་ཀྱི་ཤིང་རྟའི་སྲོལ། །དངོས་སྨྲར་འཆད་པ་མང་མོད་ཀྱང༌། །གངས་ཅན་གསང་སྔགས་གསར་རྙིང་དང༌། །མན་ངག་འཆད་དང་གོམས་མཛད་ཀུན། །ལྟ་བའི་ཁྱད་པར་སྲོལ་དེ་ལས། །གཞན་དུ་འཆད་པ་མ་ཡིན་ནོ། །རྣམ་བཅས་རྣམ་མེད་ཅེས་བྱ་བ། །ཤེས་བྱའི་རྣམ་པ་མ་ལུས་པ། །གསལ་བའི་རྣམ་ཀུན་མཆོག་ལྡན་དང༌། །མེད་པར་དགག་པའི་དབྱེ་བས་ཕྱེ། །ཕ་རོལ་ཕྱིན་གཞུང་སྔོན་བཏང་ནས། །རྡོ་རྗེ་ཐེག་པར་འཇུག་པའི་ཚེ། །འདི་ལ་འགལ་བ་ཡོད་མིན་ཏེ། །སྤྲོས་པ་མ་ལུས་འགོག་ཕྱིར་རོ། །འོ་ན་རང་སྟོང་གཞན་སྟོང་ཚུལ། །གཅིག་ཏུ་བསྲེས་པར་ཐལ་ཞེ་ན། །ཁྱེད་ལའང་ཕུང་པོ་རྣམ་བཅད་དང༌། །རྣམ་ཀུན་མཆོག་ལྡན་གཅིག་ཏུ་ཐལ། །ཐལ་འགྱུར་བས་བཤད་སྟོང་ཉིད་ལ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཟེར། །གཞུང་ལུགས་ཀུན་དང་མི་མཐུན་ཕྱིར། །འདི་ལ་ནན་ཏན་བྱར་མི་རུང༌། །དེ་ནས་འཕྲོས་པའི་དོན་བཤད་པ། །གངས་ཅན་ལྗོངས་འདིར་ས་སྐྱ་པས། །རྩལ་བཏོན་འཁོར་འདས་དབྱེར་མེད་དང༌། །ཟླ་འོད་གཞོན་ནུའི་ཕྱག་རྒྱ་ཆེ། །མིང་འདོགས་མ་གཏོགས་དོན་གཅིག་ཉིད། །རྟོགས་བྱ་གསལ་སྟོང་ཟུང་འཇུག་དེ། །རྟོགས་བྱེད་དབང་གི་ཆོ་ག་དང༌། །བླ་མའི་བྱིན་བརླབས་ཀྱིས་རྟོགས་པའོ། །ལུགས་གཉིས་པོ་དེས་ཐབས་གཉིས་ཀ །བཞེད་མོད་གཙོ་བོའི་མིང་གིས་བསྟན། །མདོར་ན་རྟོག་པ་ཐམས་ཅད་ཀྱིས། །སྟོང་པའི་མྱོང་བ་གསལ་རིག་ཙམ། །མ་གཏོགས་ཆོས་གཞན་མེད་པའི་ཕྱིར། །ཕྱག་རྒྱ་འདི་ཉིད་ཆེན་པོར་བརྗོད། །མ་རྟོགས་ཚེ་ན་འཁོར་བ་དང༌། །རྟོགས་ཚེ་མྱ་ངན་འདས་པ་ཡང༌། །འདི་ལས་གཞན་པ་མ་དམིགས་ཕྱིར། །འཁོར་འདས་དབྱེ་བ་མེད་དེ་ཡིན། །དེ་ལྟ་ན་ཡང་ཕྱོགས་འཛིན་ལ། །སོ་སོའི་དབང་དུ་གྱུར་པ་ན། །བླུན་པོས་ཕྱག་རྒྱ་ཆེར་གོམས་པ། །ཞེས་པ་འདི་ལ་སྙེམས་མི་འཚལ། །འཁོར་འདས་དབྱེར་མེད་བླུན་པོ་ཡིས། །གོམས་པ་ངན་འགྲོའི་རྒྱུ་རུ་གསུངས། །ཞེས་སོགས་ལུང་རིགས་ཇི་སྙེད་པ། །འདི་ལའང་བརྗོད་དུ་ཡོད་ཕྱིར་རོ། །ཉེས་དེ་གང་གིས་སྤོང་ཞེ་ན། །འཁོར་འདས་དབྱེར་མེད་མཁས་པ་ཡིས། །གོམས་པར་བྱེད་དགོས་ཉིད་དུ་ངེས། །མཁས་པ་དེ་ཡང་ཐོས་བསམ་གྱི། །རིགས་པས་སྒྲོ་འདོགས་ཆོད་པ་དང༌། །དབང་ལས་སྐྱེས་པའི་ཡེ་ཤེས་ཀྱིས། །ཉམས་སུ་མྱོང་བྱ་དེ་མྱོང་བའོ། །འོ་ན་ཕྱག་རྒྱ་ཆེན་པོ་ཡང༌། །མཁས་པས་གོམས་བྱ་ཉིད་དུ་ངེས། །ཞེས་སོགས་འདོན་པ་བསྒྱུར་ཞེ་ན། །རྩོད་པ་ཆོས་ཀྱི་ཕྱོགས་སུ་ཞི། །ཞེས་པ་འདི་ནི་གསེར་མདོག་ཅན། །སྡེ་སྡོད་ཀློག་པའི་ཆོས་གྲྭ་ནས། །མཁའ་སྤྱོད་དབང་པོའི་སྤྱན་དྲུང་དུ། །འབེལ་བའི་མོལ་མཆིད་ཕུལ་བ་ལ། །ཉེས་པར་གང་གྱུར་མཐོལ་ཞིང་མཆིས། །དགེ་བར་གང་སྣང་སྤྱན་རས་གཟིགས། །འཇིག་རྟེན་དབང་པོའི་ཐུགས་རྗེ་ཡི། །ཕྱག་གིས་ཉེ་བར་གཟུང་དུ་གསོལ།།  །།གྲུབ་པ་མཆོག་ལ་ཕྱག་བྱས་ནས། །ཟླ་བར་གྲགས་པ་གང་བཞེད་པའི། །དབུ་མའི་མན་ངག་ཨ་ཏི་ཤས། །བཤད་པ་གང་ཡིན་འདིར་བསམ་བྱ། །སྔོན་འགྲོ་བྱང་ཆུབ་སེམས་བསྐྱེད་དང༌། །རིགས་པའི་ཚོགས་ལས་བྱུང་བ་ཡི། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །དཔྱད་པ་སྔོན་དུ་བཏང་བར་བྱ། །དཔྱད་པས་མ་རྙེད་ངང་ཉིད་དུ། །རྣམ་ཤེས་ཡུལ་ལ་མི་འཕྲོ་བར། །ཡེ་ཤེས་སྟོང་དང་རོ་གཅིག་ཏུ། །གྱུར་པ་དངོས་གཞིའི་ངོས་འཛིན་ཡིན། །མཉམ་གཞག་དེ་ལའང་རྣམ་གཉིས་ཏེ། །དང་པོ་མོས་པ་ཡིད་བྱེད་ཀྱི། །ཚེ་ན་བྱིང་རྒོད་སེལ་བ་དང༌། །སྐབས་སུ་སོ་སོར་དཔྱད་པའང་བྱ། །དེ་ཁོ་ན་ཉིད་ཡིད་བྱེད་ཀྱི། །ཚེ་ན་སེམས་དང་སེམས་བྱུང་གི །རྒྱུ་བའང་ཁེགས་ན་བྱིང་རྒོད་དང༌། །སོ་སོར་རྟོག་པ་སྨོས་ཅི་དགོས། །ཇི་སྲིད་མཚན་མར་འཛིན་པ་ལས། །མ་གྲོལ་དེ་སྲིད་འཕགས་པ་ཡི། །མཉམ་གཞག་སྟོང་དང་རོ་གཅིག་པའང༌། །འཕེན་པའི་དབང་གིས་དུས་སུ་ལྡང༌། །རྗེས་ཐོབ་ཏུ་ཡང་མཚན་འཛིན་ལས། །གྲོལ་བའི་དག་པ་དག་ཏུ། །ཆོས་ཉིད་མཐར་ནི་ལྟུང་སྲིད་པས། །སངས་རྒྱས་རྣམས་ཀྱིས་སློང་བར་མཛད། །སྟོང་པའི་ངོས་འཛིན་ཟླ་གྲགས་ཀྱི། །གཞུང་ལུགས་ཇི་བཞིན་འཆད་ཤེས་ན། །ཡེ་ཤེས་སྟོང་དང་རོ་གཅིག་ཚེ། །ཤེས་རིག་བྱ་བ་ཡོད་མ་ཡིན། །རྗེས་ལས་ཐོབ་པའི་ཡེ་ཤེས་ནི། །ཡེ་ཤེས་གང་ལས་བྱུང་ཞེ་ན། །ཇི་སྲིད་གཟུང་འཛིན་གཉིས་སྣང་གི །བག་ཆགས་བཅས་ཚེ་དེ་ལས་འབྱུང༌། །རྫོགས་སངས་རྒྱས་ཚེ་གདུལ་བྱ་ཡི། །བསོད་ནམས་དང་ནི་རང་ཉིད་ཀྱི། །སྨོན་ལམ་དང་ནི་གཟུགས་ཀྱི་སྐུ། །གཞན་དོན་རྒྱུན་མི་ཆད་པ་འབྱུང༌། །མཉམ་གཞག་དུས་སུ་སྟོང་ཉིད་ལས། །ལོགས་སུ་ཡེ་ཤེས་ཡོད་མིན་ན། །སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ། །སྐུར་པ་བཏབ་པར་འགྱུར་ཞེས་ཟེར། །ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །མར་ལ་མར་བཞག་ཇི་བཞིན་པར། །ཡེ་ཤེས་སྟོང་པའི་ངང་ཉིད་དུ། །ཐིམ་ལ་སྟོང་ཉིད་རྟོགས་ཞེས་བཏགས། །མངོན་སུམ་རྗེས་སུ་དཔག་པ་ཡི། །ཚད་མས་སྟོང་ཉིད་རྟོགས་ཞེས་པ། །དེ་ལ་ཇོ་བོ་ཨ་ཏི་ཤས། །ལུང་དང་རིགས་པས་དགག་པ་མཛད། །འདི་ལ་དབུ་མ་ཕྱི་རབས་པས། །མཉམ་གཞག་དུས་སུ་སོར་རྟོག་གི །དྲན་འདུན་མེད་ན་ལྟེངས་པོ་ཡི། །ཞི་གནས་ཙམ་དུ་འགྱུར་བ་དང༌། །ཅི་ཡང་ཡིད་ལ་མི་བྱེད་པ། །ཧྭ་ཤང་ལྟ་བར་འགྱུར་བ་དང༌། །འཇལ་དང་ངེས་རྟོག་སྒོམ་ལམ་དུ། །གསུངས་དང་འགལ་བ་ངེས་ཞེས་ཟེར། །སྟོང་པ་ཉིད་དུ་ཞེན་པའི་བློ། །གསོར་མི་རུང་བའི་དུག་དང་ནི། །བཏགས་འཛིན་རྟོག་པ་ཞེས་བྱར་གསུངས། །ཧྭ་ཤང་སྒོམ་ལས་འདི་ངོ་མཚར། །ཡེ་ཤེས་སྟོང་དང་རོ་གཅིག་པར། །གྱུར་པ་དེ་ཉིད་ལྷག་མཐོང་གི །མཆོག་ཡིན་སྒྲིབ་ཀུན་ཟད་བྱེད་པ། །ལྟེངས་པོའི་ཞི་གནས་ཇི་ལྟར་ཡིན། །ཤིང་གཉིས་ལས་བྱུང་མེ་ཡི་དཔེས། །སོར་རྟོག་ཤེས་རབ་མཉམ་གཞག་གི །ཡེ་ཤེས་མེ་ཡིས་བསྲེག་བྱར་བཤད། །སྲེག་པ་རྒྱུན་དུ་བརྟེན་དགོས་སམ། །དཔྱད་པའི་སྒོམ་དང་འཇོག་པའི་སྒོམ། །ཞེས་བྱ་སྔོན་རབས་པ་ལ་གྲགས། །གཉིས་པོའི་ཁྱད་པར་ཐོས་བསམ་དང༌། །མན་ངག་ལས་བྱུང་དབྱེ་བས་ཕྱེ། །རྫོགས་སངས་རྒྱས་ལ་བློ་མེད་ཕྱིར། །ཇི་སྙེད་ཇི་ལྟར་མཁྱེན་ཅེ་ན། །སྟོང་ཉིད་མ་གཏོགས་ཆོས་འགའ་མེད། །སྟོང་ཉིད་གཅིག་མཁྱེན་ཆོས་ཀུན་མཁྱེན། །སྟོང་པ་ཉིད་ཀྱང་ཡོད་མིན་ན། །མཁྱེན་པའི་ཡེ་ཤེས་ཇི་ལྟར་ཡོད། །དེ་ཕྱིར་ཟབ་མོ་འཇིགས་རུང་འདི། །སྔོན་གོམས་ཁོ་ནས་རྟོགས་ཞེས་གསུང༌། །འདི་དག་ཇི་བཞིན་ཤེས་འདོད་ན། །ཕྱི་རབས་རྟོག་གེ་པས་བརྟགས་པའི། །གྱ་གྱུའི་ལམ་དུ་མ་ལྷུང་བར། །ཤིང་རྟའི་སྲོལ་ཆེན་ཉིད་ལ་ལྟོས། །འདི་ཙམ་ཁོ་ན་རྟོགས་པས་ཀྱང༌། །ཇོ་བོའི་གཞུང་ལུགས་ལྟ་ཅི་སྨོས། །ཟླ་བར་གྲགས་པའི་གསལ་འཇུག་གཉིས། །འབད་མི་དགོས་པར་ལྷུན་གྱིས་འགྲུབ། །ཅེས་པ་འདི་ཡང་ལེགས་པའི་བློས། །དངོས་སྨྲའི་ཚོགས་ཆེན་ནང་དག་ཏུ། །འཛེམ་བག་མེད་པར་སྨྲས་པ་ན། །རང་ཉིད་མཐར་འཛིན་ལས་གྲོལ་ཤོག།  །།ན་མོ་ལོ་ཀེ་ཤྭ་རྭ་ཡ། ཐུབ་པའི་དགོངས་གསལ་མཛད་པོ་ཡིས། །ས་སྐྱའི་གོང་མ་རྣམ་གསུམ་དང༌། །ཉམས་ལེན་ཚུལ་ལ་མི་མཐུན་པར། །བཤད་ལ་ལན་ལྡོན་ཡོད་དམ་ཅི། །གསུངས་པ་དེ་ལན་འདིར་བསམ་བྱ། །རང་བཞིན་ལྷན་སྐྱེས་ཡེ་ཤེས་ནི། །གནས་ལུགས་ཕྱག་རྒྱ་ཆེན་པོར་མཐུན། །རྟོགས་བྱེད་སྔགས་ཀྱི་ཐབས་ཁོ་ནས། །རྟོགས་ན་བདེ་སྟོང་ཕྱག་རྒྱ་ཆེ། །ཕ་རོལ་ཕྱིན་པའི་རིགས་པ་ཡིས། །དེ་གོམས་བྱེད་པ་དབུ་མའི་སྒོམ། །དེ་གཉིས་མིན་པའི་མན་ངག་གིས། །སྒོམ་ཚུལ་མང་པོ་འཆད་པ་ལ། །ཐུབ་པའི་དགོངས་གསལ་མཁན་པོས་བརྩད། །སོ་མ་མ་བཅོས་ལྷུག་པར་ནི། །འཇོག་ཚུལ་ཙམ་གྱིས་དེ་མི་རྟོགས། །འཇུར་བུས་བཅིངས་པའི་སེམས་ཉིད་ཀྱི། །འཇུར་བུ་གློད་པ་ཙམ་གྱིས་ཀྱང༌། །ལྷན་སྐྱེས་ཡེ་ཤེས་དེ་མི་རྟོགས། །ཅི་ཕྱིར་ཞེ་ན་སྔགས་དང་ནི། །ཕ་རོལ་ཕྱིན་གཞུང་ལས་བཤད་པའི། །རྟོགས་བྱེད་ཐབས་སུ་མ་འདུས་ཕྱིར། །དབང་བསྐུར་བ་དང་འབྲེལ་བ་ཡི། །བླ་མའི་བྱིན་རླབས་ཙམ་གྱིས་ཀྱང༌། །རྟོགས་པ་སྲིད་མོད་མ་འབྲེལ་ན། །དད་མོས་ཙམ་གྱིས་དེ་མི་རྟོགས། །ཞེས་པ་ས་སྐྱ་པཎྜི་ཏས། །རྗེ་བཙུན་གོང་མའི་དགོངས་པར་འཆད། །འོན་ཀྱང་གནས་ལུགས་རྟོགས་བྱེད་ཀྱི། །ཐབས་ལ་དྲང་ངེས་འབྱེད་མོད་ཀྱང༌། །དངོས་གཞིའི་དུས་སུ་མཉམ་འཇོག་ཚུལ། །ཕྱག་རྒྱ་བ་དང་ངེས་པར་མཐུན། །དེ་ལ་བོད་ཀྱི་ཕྱི་རབས་པ། །ས་སྐྱ་པ་ཡང་འཆད་པའི་དུས། །ཧྭ་ཤང་འགོག་པ་ལྟར་བྱེད་མོད། །སྒོམ་ཚེ་ཅི་ཡང་ཡིད་མི་བྱེད། །སྒོམ་པ་ཧྭ་ཤང་ལུགས་ཤེས་ཟེར། །སྒོམ་ཚེ་ཡིད་བྱེད་མི་སྤོང་བ། །ཨ་ཏི་ཤ་ཡི་ལུང་དང་འགལ། །པཎྜི་ཏ་ཡི་དཔྱད་སྒོམ་དང༌། །ཀུ་སཱ་ལི་ཡི་འཇོག་སྒོམ་ཞེས། །བྱ་བ་འདི་ལ་ས་སྐྱ་པས། །མཐིང་སླད་ཅུང་ཟད་མཛད་ན་ཡང༌། །སྔགས་དང་དབུ་མའི་ཐབས་མཁས་ཀྱི། །སྦྱོར་བ་སྔོན་དུ་སོང་བྱས་པའི། །འཇོག་སྒོམ་ཁོང་གིས་མི་འགོག་ཅིང༌། །དེ་གཉིས་མིན་པའི་མན་ངག་གི །འཇོག་སྒོམ་འགོག་པ་ལྟ་བུར་སྣང༌། །འབེལ་བའི་གཏམ་ལ་ཐུགས་སྤྲོ་བས། །རིགས་པར་འདོམས་ཞེས་གསུངས་པའི་ལན། །ཞུས་ལ་ཉེས་པས་མི་གོས་པར། །སྤྱན་རས་གཟིགས་དབང་ཉིད་གྱུར་ཅིག །ཅེས་པ་འདི་ཡང་གསེར་མདོག་ཅན། །སྡེ་སྣོད་ཀློག་པའི་གྲྭ་ནས་ཕུལ།།  །། ༄། ཆོས་ཀྱི་མོལ་མཆིད་རེ་རེ་ལའང༌། །ཞལ་གྱི་པདྨ་བཞད་པའི་དྲུང༌། །ཚིག་ལེར་བྱས་པ་འདི་ཕུལ་བ། །དེ་ལས་དགེས་པ་གྲུབ་ཅིག །མཉམ་མེད་ཟླ་འོད་གཞོན་ནུ་དང༌། །དཔལ་ལྡན་ས་སྐྱ་པཎྜི་ཏ། །ཕྱག་རྒྱ་ཆེན་པོའི་ངོས་འཛིན་ལ། །མི་མཐུན་ཟེར་བ་མང་མོད་ཀྱང༌། །གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེ། །སོ་སོའི་དབྱེ་བར་རང་རང་གི །ལུང་ན་གསལ་བ་དེ་མཐོང་ནས། །མི་མཐུན་མེད་ཅེས་འདི་ན་སྨྲ། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། །ས་ཆེན་དགོངས་པ་ཡིན་ནམ་ཞེས། །ཕྱག་རྒྱ་ཆེན་པོའི་དབྱེ་བ་ནི། །རྣམ་དྲུག་བཤད་པ་འདི་ལྟ་སྟེ། །བརྗོད་པ་ཚིག་གི་ཕྱག་ཆེན་དང༌། །སྒོམ་པ་དམིགས་པའི་ཕྱག་རྒྱ་ཆེ། །མྱོང་བ་ཉམས་དང་རྟོགས་པ་དཔེ། །མཐོང་བ་དོན་དང་གྲུབ་པ་འབྲས། །དང་པོ་རྣམ་གསུམ་ཕ་རོལ་ཏུ། །ཕྱིན་པའི་ཐེག་པ་ནས་ཀྱང་འབྱུང༌། །ཕྱི་མ་གསུམ་པོ་རྒྱུད་སྡེ་ལས། །འབྱུང་བ་དེ་ཡིན་དེ་དག་ཀྱང༌། །རབ་འབྲིང་ཐ་མ་ཉིད་ཅེས་གསུང༌། །མཚུངས་མེད་བསོད་ནམས་རིན་ཆེན་གྱིས། །ང་ཡི་ཕྱག་རྒྱ་ཆེན་པོ་ལ། །ཆེན་པོ་གསུམ་གྱིས་མ་རེག་ཅེས། །གསུངས་པའི་དགོངས་དོན་བརྟགས་པ་ན། །སྔགས་ཀྱི་ལམ་དུ་མ་ཞུགས་པའི། །བསྐལ་བཟང་འགའ་ལ་གཉིས་མེད་ཀྱི། །ཡེ་ཤེས་བརྡ་དོན་འཕྲོད་པ་ན། །གཞི་དུས་ལྷན་སྐྱེས་ཡེ་ཤེས་དང༌། །སྦྱོར་མཛད་ཐབས་ལམ་མ་འཁྲུལ་བ། །ཉམས་སུ་ལེན་ལ་ཕྱག་རྒྱ་བ། །ཞེས་གྲགས་འཁོར་ལོ་ཐ་མ་ཡི། །ངེས་དོན་དེ་ལགས་ཐལ་རང་གི །སྟོང་ཉིད་ཚུལ་དང་མི་འདྲ་ཞེས། །འདི་ན་གནས་པས་གྲེ་མོར་སྨྲ། །འཁྲུལ་ན་བཟོད་པ་དེར་བཞེས་ཅིག །ང་ཡི་ཕྱག་རྒྱ་ཆེན་པོ་ནི། །རྒྱུད་བླ་མ་དང་དོན་གཅིག་ཅེས། །ཟླ་འོད་ཀྱིས་གསུངས་ཀུ་མཱ་རས། །སྦྱར་བའི་རྣམ་བཤད་དེ་དོན་ལ། །དགོངས་སམ་པས་ན་དད་ཐོབ་པའི། །གླེགས་བམ་ཉམས་པ་མེད་དེ་སྩོལ། །སྐྱེས་ཆེན་དམ་པའི་རྣམ་ཐར་གྱིས། །ཡིད་རབ་འདྲེན་པའི་གླེགས་བམ་ཟུང༌། །ལམ་གྱི་འཇིགས་པས་རིང་ཞིག་འགྱངས། །སྐབས་འདིར་གེགས་ཡོད་མ་གྱུར་ཅེས། །སྨོན་པའི་ལམ་དུ་བཏང་ལགས་པ། །ཐུགས་རྗེའི་ཆུ་གཏེར་སྔོན་བཞིན་དུ། །ནམ་ཡང་འཁྲུག་པ་མི་མངའ་བར། །ཕྲིན་ལས་ཆུ་ཆེན་བརྒྱ་འབེབས་ཤོག །ཅེས་ཆོས་རྗེ་ཞྭ་དམར་བའི་བཀའ་ཤོག་གི་ལན་དུ་ཕུལ་བའོ།།  །།  ༄༅། །འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །སྟོང་པ་ཉིད་ཀྱི་ཆོས་ཚུལ་ལ། །ས་སྐྱའི་རྗེ་བཙུན་མཆེད་གཉིས་ཀྱི། །བཞེད་པའི་མཐར་ཐུག་འདིར་བཤད་བྱ། །རིགས་པས་དཔྱད་པའི་སྟོང་ཉིད་དང༌། །རང་བཞིན་གྱི་ནི་སྟོང་པ་ཉིད། །དང་པོ་ཐོས་བསམ་ཤེས་རབ་ཀྱིས། །སྒྲོ་འདོགས་བཅད་པའི་གྲུབ་དོན་དེ། །གཉིས་པ་སྒོམ་བྱུང་ཡེ་ཤེས་ཀྱིས། །ཉམས་སུ་མྱོང་བྱ་དེ་ཁོ་ན། །དང་པོ་སྒོམ་པས་མྱོང་བྱ་དང༌། །ཕྱི་མ་རིགས་པས་དཔྱད་པ་ཡིས། །གནས་ལུགས་མིན་པའི་ཤེས་བྱེད་ནི། །མདོ་ལུང་ཇི་བཞིན་འདིར་བཤད་བྱ། །སྟོང་ཉིད་མེད་པར་དགག་པའི་ཆ། །རྣལ་འབྱོར་མངོན་སུམ་གྱིས་མྱོང་ན། །མེད་དགག་དངོས་པོར་འགྱུར་བ་དང༌། །ཡུན་རྟོག་པར་ཐལ་ཕྱིར་རོ། །དེས་ན་རིམ་གཉིས་རྣལ་འབྱོར་པས། །ཉམས་སུ་མྱོང་བྱའི་སྟོང་ཉིད་ནི། །རང་བཞིན་སྟོང་པ་ཉིད་ཡིན་ཏེ། །ལྷ་དང་སྔགས་ཀྱི་རྒྱུ་ཉིད་དོ། །དེ་ཡང་རིགས་པས་དཔྱད་པ་ཡི། །སྟོང་པ་ཉིད་དུ་མི་འདོད་དེ། །སྟོང་ཉིད་འཕགས་པའི་ཤེས་མཐོང་གིས། །མཛད་པ་ཉིད་དུ་ཐལ་ཕྱིར་རོ། །རྒྱུད་དང་རང་བཞིན་སྟོང་ཉིད་ལ། །རང་བཞིན་ལྷན་ཅིག་སྐྱེས་པ་དང༌། །ཞུ་བདེ་ལྷན་ཅིག་སྐྱེས་པ་གཉིས། །དང་པོ་ཕར་ཕྱིན་ཐེག་པ་དང༌། །བརྗོད་བྱའི་གཙོ་བོ་ཐུན་མོང་བ། །གཉིས་པ་བླ་མེད་ཐེག་པ་ཡི། །ཁྱད་ཆོས་ཉིད་ཕྱིར་དེ་རྟོགས་པའི། །ཐབས་ཀྱང་གཞན་དུ་མ་གྲགས་པ། །ཉིད་ཕྱིར་ཐུན་མོང་མིན་པར་འཆད། །རང་བཞིན་ལྷན་སྐྱེས་རྟོགས་པའི་ཐབས། །ཕར་ཕྱིན་ཐེག་པར་གང་བཤད་པ། །མི་ཕམ་བྱམས་པས་འབྱེད་གཉིས་སུ། །གསལ་བར་གསུངས་པ་དེ་ཡིན་ནོ། །བླ་མེད་ཐེག་པར་གསུངས་པ་ནི། །ཐོས་བསམ་བློ་དང་རྟགས་དཔེ་ལ། །མ་ལྟོས་པར་ཡང་བུམ་དབང་ལས། །འཁོར་འདས་དབྱེར་མེད་རྟོགས་པར་གསུངས། །འོ་ན་རང་བྱིན་རླབས་པ་ལ། །ལྟོས་པ་མེད་པར་རྨི་ལམ་དང༌། །སྒྱུ་འདྲ་རྟོགས་པ་མེད་དོ་ཞེས། །གསལ་བར་གསུངས་པ་ཅི་ཞེ་ན། །དེ་ནི་ཞུ་བདེ་ལྷན་སྐྱེས་ལ། །ངེས་པར་དགོངས་པ་ཉིད་ཡིན་ཏེ། །དེ་ཉིད་རྡོ་རྗེ་ཐེག་པ་ཡི། །ངེས་དོན་མཐར་ཐུག་ཡིན་ཕྱིར་རོ། །དེ་ཡི་ཤེས་བྱེད་ཅི་ཞེ་ན། །ཐོག་མར་སྤྱོད་པས་གོམས་བྱས་པའི། །ཞུ་བདེའི་ཡེ་ཤེས་དེ་ཁོ་ན། །རྡོ་རྗེ་འཛིན་པའི་ཉེ་རྒྱུའི་ཕྱིར། །ངོ་བོ་ཉིད་མེད་སྨྲ་བ་ཡིས། །གཏན་ལ་ཕབ་པའི་སྟོང་ཉིད་ནི། །གཞུང་དེ་ཉིད་དུའང་མཐར་ཐུག་གི །དོན་དམ་བདེན་པར་མི་འཆད་ན། །ཐེག་པ་མཆོག་ཏུ་སྨོས་ཅི་དགོས། །འོན་ཀྱང་དེ་ཡི་རིགས་པ་ནི། །མཉམ་གཞག་སྤྲོས་པའི་མཐའ་བྲལ་དུ། །འཆད་ཚེ་དགོས་པ་ཁྱད་པར་འཕགས། །དེ་ལྟར་བཤད་པས་གྲུབ་པ་ནི། །རྗེ་བཙུན་མཆེད་ཀྱི་གཞུང་ལུགས་སུ། །མཐའ་བྲལ་འཆད་ཚེ་དོན་དམ་གྱི། །ངོས་གཟུང་ཅི་ཡང་མེད་པ་དང༌། །ཉམས་ལེན་ཚེ་ན་ཟུང་འཇུག་གི །དོན་དམ་བདེན་པ་ངོས་བཟུང་ནས། །དེ་ལ་དགྱེས་པ་རྡོ་རྗེ་སོགས། །མིང་གི་རྣམ་གྲངས་བཅུ་བཞིར་བཤད། །ངོ་བོ་ཉིད་མེད་སྨྲ་བ་ཡིས། །སྟོང་ཉིད་ཤེས་པར་མི་འདོད་ཅིང༌། །ཐེག་པ་མཆོག་གི་རྩེ་མོ་པས། །ཤེས་པར་འདོད་པའི་ཁྱད་པར་ནི། །གནས་སྐབས་སེམས་ལས་མ་གཏོགས་པའི། །ཤེས་བྱ་འདོད་དང་མི་འདོད་པའི། །ཁྱད་པར་ཉིད་ཡིན་ཐེག་མཆོག་ཏུ། །ཀུན་ཀྱང་ཆོས་དབྱིངས་ཡེ་ཤེས་སོ། །འཁོར་ལོ་ཐ་མ་སྒྲ་ཇི་བཞིན། །ཁས་ལེན་བྱེད་པའི་དབུ་མ་པའི། །ཆོས་ཉིད་ངོས་འཛིན་གསང་སྔགས་དང༌། །རང་བཞིན་ལྷན་སྐྱེས་ཉིད་དུ་མཐུན། །དུས་ཀྱི་འཁོར་ལོ་ལ་སོགས་སུ། །གཅིག་དང་དུ་བྲལ་རིགས་པ་ཡིས། །རང་བཞིན་ལྷན་སྐྱེས་རང་སྟོང་དུ། །གཏན་ལ་ཕབ་པ་ཅི་ཞེ་ན། །དེ་ལྟར་འཆད་པ་མཐར་འཛིན་གྱི། །རྟོག་པ་འགོག་པའི་ཕྱིར་ཡིན་ཏེ། །ཉམས་སུ་མྱོང་བྱ་རྣམ་ཀུན་གྱིས། །མཆོག་ལྡན་སྟོང་ཉིད་ཁོ་ནའོ། །དེ་སྐད་དུ་ཡང་འཇམ་དཔལ་གྱི། །ལྟ་བའི་འདོད་པ་མདོར་བསྟན་དུ། །ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པ་དེར་རྣམ་བཅད་ཀྱི། །སྟོང་ཉིད་སྒོམ་བྱ་མིན་པར་གསུངས། །དེ་ཚེ་དགོས་པ་ཅི་ཞེ་ན། །གཅིག་དང་དུ་མ་གང་རུང་དུ། །འཛིན་པའི་རྣམ་རྟོག་བཟློག་ཕྱིར་ཏེ། །གཉིས་ཀ་རྟོག་པར་མཚུངས་ཕྱིར་རོ། །འོ་ན་གཅིག་དང་དུ་བྲལ་གྱིས། །རིགས་པ་དངོས་པོའི་གནས་ལུགས་ལ། །ཞུགས་པ་མིན་པ་ཉིད་འགྱུར་ཏེ། །བདེན་གྲུབ་ཁས་བླངས་ཕྱིར་ཞེ་ན། །སྒྲ་དང་རྟོག་པའི་ཡུལ་གྱུར་པ། །ཀུན་ལ་རྟོག་དཔྱོད་དེ་འཇུག་མོད། །རྣམ་ཤེས་ཡུལ་ལས་འདས་པའི་ཆོས། །རྡོ་རྗེ་ཉིད་ཕྱིར་སྒྲ་རྟོག་གིས། །གཞོམ་དུ་ཡོད་པ་མ་ཡིན་ནོ། །ལ་ལ་སྔགས་ཀྱི་ཐེག་པ་འདིར། །ཡེ་ཤེས་བདེ་གྲུབ་ཁས་བླངས་པས། །སེམས་ཙམ་ལུགས་སུ་འགྱུར་ཞེ་ན། །དེ་ནི་ཁྱབ་པ་འགལ་འགྱུར་ཏེ། །ཇི་སྲིད་གཟུང་འཛིན་གཉིས་མེད་པ། །ཁས་ལེན་མེད་པ་དེ་སྲིད་དུ། །ཡེ་ཤེས་ཉིད་ཀྱང་མི་སྲིད་ན། །དེ་ཡི་ཁྱད་ཆོས་ཇི་ལྟར་འཆད། །གཟུང་འཛིན་གཉིས་མེད་ཁས་ལེན་པ། །དེ་ན་དབུ་མ་པ་ཉིད་ལས། །སེམས་ཙམ་སོགས་ལས་མི་སྲིད་པར། །རྗེ་བཙུན་མཆེད་ཀྱིས་བཤད་ཕྱིར་རོ། །ལ་ལ་རྒྱུད་གསུམ་དགོངས་པ་ཡང༌། །སེམས་ཙམ་ཉིད་དུ་གནས་ཞེར་ཟེར། །འཛིན་པ་བདེན་མེད་ཁས་ལེན་པའི། །སེམས་ཙམ་པ་དེ་གང་ནས་བཙལ། །བྱམས་ཆོས་ཕྱི་མར་བཤད་ཅེ་ན། །དེ་ཉིད་སེམས་ཙམ་གཞུང་ཡིན་པར། །ལུང་དང་རིགས་པ་གང་གིས་བསྒྲུབ། །ཟླ་བ་གྲགས་པའི་ལུང་དང་ནི། །བདེན་དངོས་ཁས་ལེན་ཕྱིར་ཞེ་ན། །འོ་ན་ཁྱེད་ཀྱི་དབུ་མ་ཡང༌། །ཆད་པར་སྨྲ་བའི་ལྟ་བ་དང༌། །སྐུར་འདེབས་ལྟ་བའི་ལམ་འགྱུར་ཏེ། །ཐོགས་མེད་ཞབས་ཀྱི་དེར་བཤད་ཕྱིར། །ཟླ་གྲགས་ལུང་ཉིད་ལེན་བྱེད་ན། །སྣང་བ་ཐམས་ཅད་སེམས་ཡིན་ཞེས། །ཟེར་བ་མྱུར་དུ་འདོར་དགོས་ཏེ། །དེ་ཡིས་དེ་ཉིད་བཀག་ཕྱིར་རོ། །ཚད་མས་གྲུབ་དང་བདེན་པ་དང༌། །བདེན་གྲུབ་རྣམས་ལ་ཁྱད་འབྱེད་པ། །སྔོན་རབས་མཁས་པའི་གཞུང་ན་མེད། །གསུམ་ཀ་བསླུ་མེད་དོན་ཕྱིར་རོ། །ཞེས་པ་རྗེ་བཙུན་མཆེད་གཉིས་ཀྱི། །ལྟ་བའི་སྐབས་ཀྱི་ལུང་རྣམས་ལ། །དེ་གཞུང་འགོག་བྱེད་ཕྱི་རབས་པ། །གཞན་བློའི་དྲི་མས་སྦགས་པ་འགའ། །རང་གཞུང་ཆོས་འཁོར་གསུམ་པ་ཡི། །ལུང་དང་མཐུན་པ་མ་ཡིན་པར། །ཆོས་འཁོར་བར་པ་སྒྲ་ཇི་བཞིན། །འཆད་པ་ཁོ་ན་མཆོག་མཐོང་བ། །དེ་དག་རྗེ་བཙུན་མཆེད་བཅས་ལ། །འཁྲུལ་ཟད་ཅེས་པའི་གཅམ་བསྔགས་ཙམ། །ལྷུར་བླངས་པ་ཡི་གཞན་མགུ་བྱེད། །རྣམས་ཀྱི་རྨོངས་པ་བསལ་ཕྱིར་ཡིན། །དེ་ལས་སྐྱེས་པའི་རྣམ་དཀར་པོ། །རྣམ་དཔྱོད་བགྲང་ཡས་འཕྲོ་བྱེད་འདིས། །ཐོག་མར་རང་བློའི་རྨོངས་བསལ་ནས། །འཇིག་རྟེན་གསུམ་གྱི་མུན་སེལ་ཤོག །གཞུང་ལུགས་རབ་འབྱམས་སྨྲ་བའི་དཔལ། །ཀུན་དགའི་བཤེས་གཉེན་རྗེ་བཙུན་གྱི། །གདན་སར་འབེལ་གཏམ་རྣམ་ངེས་པའི། །དོན་དུ་སྦྱར་བའི་ཡི་གེ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཀྱང༌། །ངེས་དོན་ཕལ་ཆེར་དངོས་སྨྲ་ཡི། །གཞུང་དུ་དྲངས་པའི་ཉེས་པ་ལས། །རྣམ་གྲོལ་ངེས་པའི་དོན་མཐོང་ཤོག །བྱང་སེམས་འཕགས་པའི་འགོག་ལམ་ནི། །ཆོས་རྣམ་གཉིས་པོ་གཏན་དུ་བའི། །སྐྱབས་མིན་ཞེས་པ་དེར་ནི་འདུས། །ཅི་ཕྱིར་ཞེ་ན་གཏན་དུ་བའི། །སྐྱབས་དང་དམ་པའི་དོན་གྱི་སྐྱབས། །རྫོགས་སངས་རྒྱས་སུ་འདུས་ཕྱིར་རོ། །བྱང་སེམས་འཕགས་པའི་ལམ་བདེན་ལ། །བསླུ་ཕྱིར་ཞེས་པའི་དོན་གང་དེ། །ཚང་དང་མ་ཚང་གཉིས་སུ་དབྱེ། །ཅི་ཕྱིར་ཞེ་ན་དོན་དམ་དང༌། །ཀུན་རྫོབ་གཉིས་སུ་དབྱེ་ཕྱིར་རོ། །མཉམ་གཞག་རྣམ་པར་མི་རྟོག་པ། །མ་རིག་པ་ཡི་བག་ཆགས་ཀྱིས། །འདུས་མ་བྱས་ཕྱིར་བསླུ་བ་མིན། །རྗེས་ཐོབ་དག་པ་འཇིག་རྟེན་པ། །དེ་ལས་ལོག་ཕྱིར་སླུ་ཆོས་ཅན། །བྱང་སེམས་འཕགས་པའི་འགོག་བདེན་ལ། །མེད་ཕྱིར་ཞེས་པའི་དོན་མ་ཚང༌། །ཅི་ཕྱིར་ཞེ་ན་དེ་ཡི་དོན། །མེད་དགག་ཉིད་ལ་བཤད་ཕྱིར་དང༌། །བྱང་འཕགས་འགོག་བདེན་ཆོས་ཀྱི་སྐུ། །ཡོན་ཏན་མང་པོས་བརྒྱན་ཕྱིར་རོ། །འོན་ཀྱང་མཐར་ཐུག་སྐབས་མིན་པའི། །ཤེས་བྱེད་དེ་ཡི་གོང་ཉིད་ན། །ཆོས་སྐུ་ཆེན་པོ་བཞུགས་ཕྱིར་རོ།།  །།མངྒ་ལཾ།།  ༈  །།བྱ་པ་བསྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེའི་དྲིས་ལན་བཞུགས།། ༄། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །བསྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེས། །རིང་ནས་མོལ་མཆིད་སྤྲིངས་པ་ཡི། །གསུང་ལན་མདོ་ཙམ་འདིར་བརྗོད་བྱ། །ཞེས་མཆོད་པར་བརྗོད་ཅིང་བརྩོམ་པར་དམ་བཅས་ནས། དྲི་བ་དང་པོ། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་ས་མཚམས་ལ་དཔགས་ན། ཆོས་མཆོག་ནས་ཀྱང་ཏིང་ངེ་འཛིན་དང༌། ཡེ་ཤེས་རྫུ་འཕྲུལ་ཐོབ་མི་ཐོབ་སྣ་ཚོགས་འོང་བ་འདྲ་ལ། ཞེས་གསུངས་པ། དེ་ལྟ་བུ་ཅིས་ཀྱང་འོང་སྟེ། སངས་རྒྱས་མ་ཐོབ་བར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་པའི་མིང་མི་ཐོབ་པར་གསུངས་པས་ནའོ། །སྤྱིར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་སེམས་བརྟེན་པའི་བསམ་གཏན་གྱི་དངོས་གཞི་ལ་རག་ལས་པར་གསུངས་ལ་དེ་མངོན་དུ་མ་བྱས་པ་ནི། ཉང་གི་དགྲ་བཅོམ་པ་དང༌། ཐེག་ཆེན་སྒོམ་ལམ་པའི་བར་དུ་ཡོད་པས་ན། ཆོས་མཆོག་ལྟ་ཅི་སྨོས་པ་དང༌། ཕྱི་རོལ་པ་འགའ་ཞིག་ལ་ཡང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཡོད་པར་འཆད་དགོས་སོ། །དྲི་བ་གཉིས་པ། རྒྱན་ནས་གསུངས་པའི་སྦྱོར་ལམ་གྱི་རྟགས་རྣམས་སྦྱོར་ལམ་ཁྱད་པར་ཅན་གྱི་དབང་དུ་བྱས་པ་འདྲ་གསུངས་པ། སྤྱིར་ནི། རྒྱུ་ཡོད་ལ་འབྲས་ཡོད་ཀྱིས་མ་ཁྱབ་པ་རིགས་པའི་གཞུང་ཡིན་མོད་ཀྱང༌། སྐབས་ལྔ་པའི་སྦྱོར་ལམ་དག་གིས་ཡེ་ཤེས་ལ་འཆད་པ་དང༌། རང་རྒྱུད་པར་འཆད་པ་གཉིས་ལས། དང་པོ་ལྟར་ན་གསུང་བ་དེ་ལྟར་ལགས་ཤིང༌། གཉིས་པ་ལྟར་ན་ཡང༌། རྒྱན་དུ་དྲོད་ཀྱི་རྟགས་སུ་བཤད་པ་རྣམས། མདོ་ལས་ཕྱིར་མི་ལྡོག་གི་རྟགས་སུ་བཤད་པས། རྟགས་དེ་དག་ལ་སྦྱོར་ལམ་སྔོན་སོང་གིས་ཁྱབ་པ་མ་ངེས་སོ། །དྲི་བ་གསུམ་པ། མཛོད་ནས་གསུངས་པའི་སྦྱོར་ལམ་གྱི་རྣམ་གཞག་ཐེག་ཆེན་ལ་ཡང་སྦྱོར་རམ་ཞེས་གསུངས་པ། དེ་ལ་དེའི་རྟོགས་པ་ཐུན་མོང་པ་ཡར་ལྡན་དུ་ཡོད་མོད། ཐེག་ཆེན་པས་མཛོད་ཀྱི་རྣམ་གཞག་དེ་ཕྱོགས་སྔ་མར་མཛད་པ་ཡིན་ཏེ། ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པའི་ཚིག་དོན་ན་གསལ་བ་དང༌། བརྒལ་ལན་གྱི་ཐད་ན། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན། ཞེས་འཆད་པས་སོ། །དྲི་བ་བཞི་པ། མ་སྐྱེས་དགྲའི་སྐོར་ཏེ། ཐེག་དམན་ལྟར་ན། རང་རྒྱུད་པར་འཆད་པས་རྩེ་མོ་ཐོབ་པར་མི་འཆད་ཅིང༌། ཐེག་ཆེན་ལྟར་ན་ལྷས་བྱིན་དང་མ་སྐྱེས་དགྲ་འཕགས་པར་འཆད་པས་དབྱེ་དགོས་ལ། སྦྱོར་ལམ་ཐོབ་ནས་དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པ་ཉིད་དུ་བཤད་པའི་ཕྱིར། ཀུན་རྫོབ་པའི་སྐྱབས་གསུམ་ལ་ཐེ་ཚོམ་མི་ཟ་ཞིང༌། དོན་དམ་པའི་ནི་ཤིན་ཏུ་ལྐོག་ཏུ་གྱུར་པས་ཡིད་ཆེས་པའི་ལུང་ལས་རྟོགས་དགོས། དྲི་བ་ལྔ་པ། སྐབས་བརྒྱད་ཅིག་ཆར་སྒོམ་པའི་མན་ངག་གཉིས་པོ་རྗེ་རོང་ཆེན་པ་གང་བཞེད་གསུང་བ། ཕར་ཕྱིན་ཁྲིད་ཡིག་ནི་སྐབས་དང་པོ་ཁོ་ནའི་དབང་དུ་མཛད་ལ། དེ་སྐབས་ཀྱི་མཚོན་བྱེད་ཆོས་བཅུ་པོས་སྐབས་ལྷག་མ་རྣམས་ཀྱི་དོན་མ་ལུས་པར་བསྡུས་པ་ནི་ཇི་སྐད་དུ། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །ཞེས་པ་རྩ་འགྲེལ་གྱི་དོན་དུ་ཚད་ལྡན་ཀུན་གྱིས་འཆད་ལ། དེ་ཡང་ཐོས་བསམ་གྱི་ཚེ། བཅུ་པོ་ལ་རིམ་གྱིས་སློབ་དགོས་ཀྱང༌། ཉམས་ལེན་གྱི་ཚེ་སེམས་སྐད་ཅིག་མའི་སྟེང་དུ་ཐབས་ཤེས་ཟུང་འཇུག་ཏུ་ངེས་པར་སྒོམ་པས་ན། དེར་སྐབས་བརྒྱད་ཀྱི་བརྗོད་བྱའི་དོན་མ་འདུས་པ་མེད་དོ། །ཇོ་བོ་ནས་བརྒྱུད་པའི་བཤད་པ་མ་མཐོང་ལ། འཕགས་སེང་གི་རྗེས་འབྲང་རྣམས་ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས། སྦྱོར་གཞི་ལམ་ཤེས་ཀྱིས་བསྡུས་པ་དང༌། རྣམ་རྫོགས་སྦྱོར་བའི་ནང་དུ་སྦྱོར་བ་ཕྱི་མ་གསུམ་འདུས་པའི་རྣམ་གཞག་བྱས་པ་དེ་ཙམ་གྱིས་ཆོག ཁྱད་པར་ཅན་གྱི་དབང་དུ་བྱས་ན་སྐད་ཅིག་མའི་སྦྱོར་བ་གང་དུ་ཐོབ་པའི་གནས་སྐབས་དེར་སེམས་སྐད་ཅིག་མ་གཅིག་ལ། སྐབས་བརྒྱད་ཀྱི་བརྗོད་བྱའི་གཙོ་བོ་གཅིག་མངོན་དུ་བྱས་པ་ན་གཞན་ཐམས་ཅད་མངོན་བྱེད་ནུས་ལ་ནུས་པ་དེ་ཡང་ཤེས་བྱ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་སྒོམ་པའི་མཐུ་ལས་བྱུང་བ་འཆད་དོ། །དྲི་བ་དྲུག་པ། ཇོ་བོ་ནས་བརྒྱུད་པའི་མན་ངག་དེ་ཐོས་མ་མྱོང་ཞིང༌། ཡི་གེ་ལག་ན་ཡང་མེད་ལགས། དྲི་བ་བདུན་པ། འགོས་སྟོང་བཙན་ནས་འབལ་ཚང་མ་བ་ལ་བརྒྱུད་པའི་ཆོས་དེ་མཐོང་ཐོས་གང་ཡང་མེད་ཅིང་བརྒྱུད་པ་མི་ཤེས་ལགས། དྲི་བ་བརྒྱད་པ། དགོངས་འགྲེལ་དང་བྱམས་ཆོས་ནས་བཤད་པའི་ཞི་ལྷག་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་གཞག་སོགས་སྒྲུབ་རྒྱུད་པ་འགའི་འདོད་པ་དང་མི་མཐུན་པ་ཇི་ལྟར་ཡིན་གསུང་བ། སྒྲུབ་རྒྱུད་པ་ཚད་ལྡན་དང༌། གཞུང་ལུགས་དེ་དག་ཕུགས་སུ་མི་མཐུན་པ་མི་སྲིད་ཀྱང༌། གནས་སྐབས་ཀྱི་འཆད་ཚུལ་མི་འདྲ་བ་ནི། རྗེ་དྭགས་པོའི་གསུང་ཐོས་བསམ་གྱི་རིགས་པས་དཔྱད་པའི་སྟོང་པ་ཉིད་མེད་དགག་དེ་ཕྱག་རྒྱ་ཆེན་པོའི་དོན་དུ་མི་བཞེད་ཅིང༌། བཀའ་འཁོར་ལོ་བར་པའི་དངོས་བསྟན་དུ་བཞེད། དེ་བས་ན་ཞི་ལྷག་དེ་མངོན་དུ་བྱེད་པ་ཐོས་བསམ་ལ་མ་རག་པར། བླ་མའི་མོས་གུས་དང་བྱིན་རླབས་ལས་འབྱུང་བར་བཞེད། ས་སྐྱ་པ་ཕར་ཕྱིན་ལུགས་ཀྱི་ལྟ་བ་ཐོས་བསམ་གྱི་རིགས་པས་རྟོགས་དགོས་ཀྱང༌། སྔགས་ཀྱི་དབུ་མ་དང་ལྟ་བ་དབང་དང་བྱིན་རླབས་ལས་རྟོགས་པར་བཞེད། བོད་ཕྱི་མ་གྲགས་པ་ཅན་དག དབུ་མ་ཐལ་འགྱུར་གྱི་ལྟ་བ་ལས་ལྷག་པ་སྔགས་ལ་མེད་ཅིང༌། ལྟ་བ་དེ་ལ་ཡང༌། བོད་སྔ་མ་ལ་གྲགས་པའི་རང་སྟོང་དང༌། གཞན་སྟོང་གི་ཡང་རྣམ་གཞག་མི་མཛད། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་དོན་དམ་བདེན་པའི་ངོས་འཛིན་ཡང་དག་པར་བཞེད་ཅིང༌། འདིས་དེང་སང་ཀུན་ལ་ཁྱབ། དྲི་བ་དགུ་པ། མདོ་ཕྱོགས་ནས་བཤད་པའི་དྲན་ཉེར་དང་བདེན་བཞི་དང༌། ཕུང་ཁམས་རང་བཞིན་གྱིས་སྟོང་པར་བསྒོམ་པ་དང༌། རྒྱུད་ནས་གསུངས་པའི་སྐྱེད་རིམ་དང༌། རྩ་ཐིག་རླུང་གསུམ་བསྒོམ་པ་གང་ཕན་ཡོན་ཆེ་གསུང་བ། སྤྱིར་རྒྱུད་ནས་གསུངས་པའི་བསྒོམ་པ་ཁྱད་པར་འཕགས་ཞེས་འཆད་དགོས་ཀྱང༌། གདུལ་བྱའི་མོས་སྐལ་སོ་སོ་ལས་ཐད་དུ་འབྱེད་དགོས། སྤྱིར་བཏང་དུ། སྐྱེད་རིམ་གྱི་གཞི་ཕར་ཕྱིན་ཐེག་པའི་བཀའ་འཁོར་ལོ་གསུམ་པ་ནས་གསུང་བའི་ཆོས་དབྱིངས་ཡེ་ཤེས་ཁོ་ན་གཞིར་འཇོག་དགོས་པས་ན། དེ་ནས་བཤད་པའི་དྲན་ཉེར་སོགས་གཞིར་འཇོག་དགོས་མོད། དེ་དག་ལྷར་སྐྱེད་པའི་སྒྲུབ་ཐབས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ནི་སྔགས་ཀྱི་ཁྱད་པར་འཕགས་ཆོས་སོ། །དྲི་བ་བཅུ་པ། ཤེར་ཕྱིན་ལ་སྟོང་ཉིད་ཀྱི་རིམ་པ་སྒོམ་པ་དང༌། མངོན་རྟོགས་ཀྱི་རིམ་པ་བསྒོམ་པ་གཉིས་ལ་ཁྱད་པར་མཆིའམ་མི་མཆི། མཆི་ན་གང་ཟབ་ཅིང་གང་ལ་སྦྱོར་བ་འཐད་གསུང་བ། རྗེ་བཙུན་བྱམས་པ་དང༌། ཐོགས་མེད་ནས་བརྒྱུད་པའི་བཤད་སྲོལ་ན། གཉིས་པོ་གནས་སྐབས་ཟུང་འབྲེལ་དུ་བསྒོམས་པས་མཐར་ཐུག་གཟུང་འཇུག་ཏུ་འགྱུར་བ་ཡིན་ལ། དབུ་མ་ཐལ་རང་གི་སྲོལ་ལས་ནི། སློབ་ལམ་དུ། རྟོགས་བྱ་དང་སྟོང་ཉིད་དང༌། རྟོགས་བྱེད་མངོན་རྟོགས་ཀྱི་བློ་གཉིས་ཟུང་འཇུག་ལྟ་ཅི་སྨོས། ཟུང་འབྲེལ་དུ་བྱས་ནའང་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་མི་འབྱུང་ལ། སངས་རྒྱས་ཀྱི་སར་ནི་སྟོང་ཉིད་འབའ་ཞིག་པའོ་ཞེས་འཆད་པ་ལ། འདི་ལ་ནི་ས་སྐྱ་པས། རྒྱུན་ཆད་རབ་ཏུ་མི་གནས་པའི་དབུ་མ་ཞེས་མིང་བཏགས་ནས། སྔགས་ཀྱི་ཚེ་ན་དགག་བྱར་བཞེད་དོ། །དེ་ལྟ་ན་ཡང་ཤེར་མདོའི་དངོས་བསྟན་གྱི་གཙོ་བོ་སྟོང་པ་ཉིད་དང༌། སྦས་དོན་གྱི་གཙོ་བོ་མངོན་རྟོགས་གཉིས་སུ་གསལ་བར་སྟོན་པ་དེ་མན་ངག་གི་བསྟན་བཅོས་སོ། །དྲི་བ་བཅུ་གཅིག་པ། མན་ངག་གི་མངོན་རྟོགས་ཡིན་པར་སྣང་ལ། རྣམ་པ་རྣམས་སྟོང་ཉིད་དུ་བསྒོམས་པས་ཁྱད་པར་མེད་པར་འགྱུར་ཞིང༌། ད་ལྟ་འདི་ཉིད་བསྒོམས་པའི་གང་ཟག་ཉུང་བ་འདི་བས་ཟབ་པའི་བསྒོམ་གཞན་ཡོད་པས་ཡིན་ནམ་བདུད་ལས་སུ་སོང་བ་ཡིན་གསུངས་པ་བསྒོམ་ཆེན་པར་ཁས་བླངས་ནས་དེ་མི་བསྒོམ་ན་བདུད་ལས་སུ་སོང་བ་ལས་འོས་མེད་ཀྱང༌། དེར་ཁས་བླངས་ནས་དེ་མི་བསྒོམ་པ་མེད་དོ། །དེ་ལྟ་མོད་ཀྱི་མེད་པ་དང་མི་སྐྱེ་བ་སོགས་སྟོང་ཉིད་ཀྱི་རྣམ་པ་འཆད་ལུགས་ལ་གཉིས་ཏེ། ཐལ་རང་བས་མེད་པར་དགག་པ་ཁོ་ན་དང༌། རྣལ་འབྱོར་སྤྱོད་པ་པས་མིན་དགག་ཏུ་ངོས་འཛིན་པའོ། །རྒྱན་གྱི་དགོངས་པ། དགོངས་པ་ཕྱི་མ་སྟེ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་གསུངས་སོ། །དང་པོ་དེའི་བསྒོམ་ལུགས་ནི། དབུ་མ་ལྟ་ཁྲིད་ཏུ་གྲགས་ཏེ། ཇོ་བོས་མཛད་པའི་མན་ངག་ཆེ་ཆུང་གཉིས་དང༌། དེའི་རྣམ་བཤད་རྔོག་ལོས་མཛད་པ་དེ་ཉིད་དོ། །དྲི་བ་བཅུ་གཉིས་པ་ནི། ད་ལྟར་གྱི་བསྒོམ་ཆེན་པ་དག གྱ་ཚོམ་དུ་མི་རྟོག་པ་ལ་འཇུག་པ་འདི་ལམ་དུ་འགྱུར་རམ་ཞེས་གསུང་བ། བོད་ཕྱི་མ་དག དབུ་མའི་རིགས་པས་ཕུ་ཐག་མ་བཅད་པའི་མི་རྟོག་པ་ལམ་དུ་མི་འགྱུར། ཞེས་གསུངས་མོད། དེ་འདྲའི་ཕུ་ཐག་དེ་བཅད་མ་བཅད་གང་ཡིན་ཡང་དངོས་གཞིའི་དུས་སུ་མི་རྟོག་པ་འབའ་ཞིག་ལ་མཉམ་པར་འཇོག་དགོས་པ་དེ་མདོ་རྒྱུད་ཀྱི་དངོས་བསྟན་ཡིན་ལ། གྱ་ཚོམ་དུ་ཞེས་པ་ཅི་ལ་དགོངས། བདེན་གཉིས་སོ་སོར་མ་ཕྱེད་པའི་མི་རྟོག་པ་འབའ་ཞིག་ནི་ཧྭ་ཤང་གི་སྒོམ་དུ་སྒོམ་རིམ་པས་བཤད་ལ། སྐྱབས་འགྲོ་སོགས་བསོད་ནམས་ཀྱི་ཚོགས་སོག་སྔོན་དུ་བཏང་ནས། སྔགས་དོན་བསམ་པ་ཙམ་གྱི་སྒོ་ནས་བཙན་ཐབས་སུ་མི་རྟོག་པར་འཇོག་པ་ནི། གསང་སྔགས་པའི་སྒྲུབ་ཐབས་ཀུན་ལས་བྱུང་ངོ༌། །སྤྱིར་མི་རྟོག་པའི་སྒོམ་ལ་གཉིས་ཏེ། འཁོར་ལོ་གསུམ་པའི་གཞུང་དུ་བཟུང་བ་བཀག་ནས་འཛིན་པ་འགོག་པ་དང༌། མན་ངག་ཏུ་རྣམ་ཤེས་ཀྱི་འཛིན་པ་ཉིད་འཁྲུལ་པར་ཐག་བཅད་ནས་འཛིན་མེད་དུ་འཇོག་པའོ། །ས་སྐྱ་པ་ཡང་འདི་ཉིད་བཞེད་དེ། ཇི་སྐད་དུ། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་སོ། །དྲི་བ་བཅུ་གསུམ་པ། སྨོན་འཇུག་དང༌། ངེས་འབྱུང་གིས་ཟིན་པའི་དགེ་སློང་གི་སྡོམ་པ་རྒྱུད་ལྡན་དེ་ལམ་ཞུགས་སུ་བྱེད་མི་བྱེད་གཉིས་ལས་གང་བཞེད་གསུང་བ། ངེས་འབྱུང་ཙམ་ནས་ནི་ཐར་པ་ཆ་མཐུན་ཙམ་པོ་དང༌། སྨོན་འཇུག་ནས་ཐེག་ཆེན་གྱི་ཐར་པ་ཆ་མཐུན་དུ་གནས་འགྱུར་མོད། ལམ་ཞུགས་ཀྱི་ཐོག་མ་ཚོགས་ལམ་ནས་འཛིན་པ་དེའི་ཚེ། དེ་ཙམ་གྱིས་ལམ་དུ་ཞུགས་པའི་ངེས་པ་མེད་དོ། །དྲི་བ་བཅུ་བཞི་པ། དགེ་སློང་གི་བསླབ་བྱ་དང་ཆོ་གའི་རིམ་པ་རྣམས། དགེ་ཚུལ་མན་གྱིས་ཐོས་བསམ་དུ་བྱས་ཆོག་པ་དང༌། མི་ཆོག་པའི་ལུགས་གཉིས་ལས་གང་བཞེད་གསུང་བ། ལུང་འགྲེལ་གྱི་དངོས་བསྟན་ནི། མི་ཆོག་པ་ཉིད་དོ། །སྡོམ་པ་མ་སྐྱེས་ཀྱི་གོང་དུ་བསླབ་པ་མི་བརྗོད་པས་སོ། །ལག་ལེན་ལ་ནི། ལུང་ལ་བཤད་ཉན་མཛད་པས་ཆོག་ལ་ཉེས་བྱས་སོ། །དྲི་བ་བཅོ་ལྔ་པ། དགྲ་བཅོམ་པ་ས་གའི་ལྷ། ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་རོང་ཆེན་པས་ཀྱང་བཞེད་དམ་གསུང་བ། དེའི་གཞུང་བར་མའི་འཇུག་ན་རྒྱུད་རིམ་ཡོད་པ་ལས་གསལ་ལོ། །དྲི་བ་བཅུ་དྲུག་པ། ནག་པོ་པའི་ཡོན་པོ་སྲོང་བའི་བརྒྱུད་པ་ལས་འབྱུང་བའི་དབང་ཕྱུག་ཆེན་པོ་དེ། ལྷ་དབང་ཕྱུག་ཆེན་པོ་ཡིན་ནམ་ཞེས་གསུང་བ། རྒྱུད་པ་དེར་མ་ཟད་གསང་སྔགས་ཀྱི་གནས་སྐབས་མང་པོར། དབང་ཕྱུག་ཆེན་པོ་ལ་གཉིས་ཏེ། ཀུན་རྫོབ་པའི་དང༌། དོན་དམ་པའི་འོ། །དང་པོ་ལ་ཡང་ལོག་པའི་དང༌། ཡང་དག་པའི་ཀུན་རྫོབ་བོ། །དང་པོ་ནི། ཕྱི་རོལ་པས་བརྟགས་པ་དེ་ཡིན་ལ། གཉིས་པ་ནི་འཇིག་རྟེན་ལྷན་སྐྱེས་ལ་གྲགས་པའི་ཉེ་དབང་ངོ༌། །གཉིས་པ་ནི་ལྷ་དང་འབྱུང་པོ་མི་ཐ་དད་ཀྱི་སྒྲུབ་ཚུལ་གསང་སྔགས་ལས་འབྱུང་བ་རྣམས་ཏེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་སྦྱོར་འཇུག་ཁ་བསྐང་བའི་ཚུལ་གྱི་སྒྲུབ་པའོ།།  །།དྲི་བ་བཅུ་བདུན་པ། ལམ་འབྲས་ལ་སྲོག་གི་ཡི་གེ་ཙར་ཆགས་པ་རྣམས་རྒྱ་བོད་གང་གི་ལུགས་ཡིན་གསུང་བ། དོན་དམ་པའི་ཡི་གེ་ལ་ནི་ཁྱད་པར་མེད་དེ། ཨཀྵ་ར་ཞེས་པ་འགྱུར་མེད་ཀྱི་དོན་དུ་གསལ་བས་སོ། །ཀུན་རྫོབ་པའི་ཡི་གེ་ནི་སྒྲུབ་པ་པོའི་ཁྱད་པར་ལས་ཏེ། གཞན་དུ་སླབ་སྦྱང་དཀའ་བས་སོ། །གཙོ་བོ་ནི་དོན་དམ་པའི་ཡི་གེ་ཉིད་ལ་བཞག་དགོས་ཏེ། གཞི་དུས་ཀྱི་མཚན་དཔེའི་གནས་ཚུལ་དང༌། ལམ་དུས་སུ་མཚན་དཔེའི་སྒྲུབ་ཚུལ་ལས་སོ། །དྲི་བ་བཅོ་བརྒྱད་པ། རྔོག་རྦ་བ་ཅན་སུའི་སློབ་མ་དང༌། ཁོའི་རྩོད་པ་ལ་ལན་འདེབས་འདྲ་གཟིགས་བསམ་གསུང་བ། ཁོང་གི་དངོས་ཀྱི་སློབ་དཔོན་སུ་ཡིན་མ་ཤེས་ལ། ཁོང་གི་དུས་འཁོར་ལ་དགག་པ་མཛད་པའི་ལན་ནི། དེང་སང་རེད་མདའ་པ་ལ་མཛད་པ་དེའི་ཁོངས་སུ་འདུས་ཤིང༌། སྤྱིར་ལམ་འབྲས་དང༌། བྱེ་བྲག་འབྲོག་མི་དང་ས་སྐྱ་པ་ལ་བྱས་པའི་རྩ་བ་ནི། གསལ་པོ་རང་མིན་པའི་ཚུལ་གྱིས་འགོས་ལྷ་བཙས་ལ་ཐུག་ཅིང༌། དེའི་ལན་དེང་སང་གི་ལམ་འབྲས་པས་བྱེད་མི་ནུས་ཤིང༌། སྔ་རབས་པས་བྱས་པ་ཡང་མ་མཐོང་ངོ༌། །འོན་ཀྱང་ཁོ་ཐོས་པ་ཅན་ཞིག་ཏུ་འདུག་པས། ཁྱེད་རང་ལྟ་བུ་ཐོས་པ་ལ་རིགས་པས་བརྒྱན་པ་ཞིག་གིས་བྱས་ན་ལན་མི་ཐེབས་པ་ག་ལ་ཡོད། དྲི་བ་བཅུ་དགུ་པ། གྲུབ་མཐའ་སྡེ་པ་བཞི་པོ་འདི་སྟོན་པ་བཞུགས་པའི་དུས་ཉིད་ན་འདུག་པས། འདི་བཞི་པོའི་གྲུབ་མཐའ་འཛིན་པའི་གང་ཟག་སུ་ཡིན་གསུང་བ། བཞི་པོ་སྤྲུལ་སྐུའི་ཞལ་ནས་གསུངས་པ་དང༌། དུས་ཀྱི་འཁོར་ལོའི་ཞལ་ནས་གསུངས་པར་བཤད་མོད། ཇི་སྲིད་དུ། བཞི་པོའི་བསྟན་བཅོས་སོ་སོར་མ་བརྩམས་པ་དེ་སྲིད་དུ་དེ་དང་དེའི་སློབ་དཔོན་དང་སྲོལ་འཛིན་ངོས་འཛིན་པར་དཀའོ། །སྡེ་པ་བཞི་ལ་ཡང༌། དྲི་བ་དེ་ལས་ཀྱང་ཕྲ་ཙམ་དུ་འཇུག་པས། ལན་ནི་དོན་དམ་གྱི་དང༌། ཀུན་རྫོབ་ཀྱི་སྡེ་པའི་རྣམ་གཞག་ལས་འབྱེད་དགོས་ཏེ། ལུས་ཀྱི་རྩ་ཁམས་ལ་དེར་བཤད་པས་སོ། །དྲི་བ་ཉི་ཤུ་པ། ཤེར་ཕྱིན་བསྒོམ་པའི་གང་ཟག་དེ་ལ་ཐེ་ཚོམ་ཟ་ན། དེའི་ཚེ་ཐེ་ཚོམ་སེལ་དགོས་སམ། ལམ་གཞན་བསྟན་ན་ལེགས་གསུང་བ། ཤེར་ཕྱིན་ལ་ལོག་པར་རྟོག་པའི་ཐེ་ཚོམ་ཡིན་ན་ནི། ལམ་གཞན་གང་གི་ཡང་སྣོད་དུ་མི་རུང་ལ། ཤེས་པར་འདོད་པའི་ཐེ་ཚོམ་ཅན་ནི། ཐོག་མར་ལུང་རིགས་སམ། བྱིན་རླབས་ཀྱིས་སེལ་དགོས་ཏེ། ཇི་སྐད་དུ། མ་ཞིག་ན་བར་གྱུར་ལ་བུ་ནི་མང་པོ་ཡོད་པ་སོགས་དང༌། རྒྱུ་རྣམ་བཞིའི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །ཞེས་སོགས་ལས་སོ། །དྲི་བ་ཉེར་གཅིག་པ། ནི་གུའི་རྨི་ལམ་སྦྱངས་སྤེལ་གྱི་རིམ་པ་འདི། ཉན་ས་ནས་བཤད་པའི་རྫུ་འཕྲུལ་སྒྲུབ་པའི་ལམ་དང་ཆ་མཐུན་ནམ་གསུང་བ། ཆ་མཐུན་ཙམ་ལ་འགལ་བ་མེད་མོད། དོན་འདྲ་བ་མ་ཡིན་ཏེ། ཉན་སར་ནི། བསམ་གཏན་གྱི་དངོས་གཞི་བསྒྲུབ་པ་སྔོན་དུ་འགྲོ་དགོས་ལ། འདིར་ནི་མན་ངག་གི་སྟོབས་ཙམ་ལས་སོ། །དྲི་བ་ཉེར་གཉིས་པ། ཆོས་དྲུག་པོ་འདི་མཁའ་འགྲོ་མ་ཁོ་ནའི་མན་ངག་ཡིན་ནམ། ལུང་ལས་གདང་བུ་ལྟ་བུ་ཡོད་པ་ཡིན། ཞེས་གསུང་བ་ནི། མན་ངག་ཁོ་ན་སྟེ། ལུང་ལས་ནི། གཏུམ་མོ་གསང་དབང་གི་བསྒོམ་བྱ་ཉིད་དང༌། འོད་གསལ་དབང་བཞི་པའི་ཉམས་སུ་བླང་བྱ་ཉིད་དུ་འཆད་པ་སོགས་གོ་རིམ་མ་མཐུན་པས་སོ། །དྲི་བ་ཉེར་གསུམ་པ། ནི་གུ་མ་ཕ་དམ་པའི་བླ་མ་ཡིན་ནམ་གསུང་བ། རྒྱུད་རིམ་ལ་འདུག་ན་འགལ་བ་མེད་མོད། གྲུབ་པ་ཐོབ་པ་སུ་སྔ་བ་ཡིན་བལྟ་དགོས་སོ། །དྲི་བ་ཉེར་བཞི་པ། ལམ་སྐོར་བརྒྱད་པོ་འདི། བླ་ཆེན་འབྲོག་མིའི་མན་ངག་ཡིན་ན། དེ་ཁོ་ནའི་མན་ངག་གམ། ལུང་གི་རིམ་པ་གདང་བུ་ལྟ་བུ་ཡོད་པ་ཡོད་དམ་གསུང་བ། འབྲོག་མིའི་གོང་དུ་ཀླུ་སྒྲུབ་དང༌། པདྨ་བཛྲ་སོགས་རྡོ་རྗེ་འཆང་ལ་དངོས་སུ་རྒྱུད་པར་བཤད་པས་ཁོང་ཁོ་ན་ལ་རག་ལས་པ་མ་ཡིན་ལ། ལུང་ལས་ནི། སྐས་ཀྱི་གདང་བུ་ལྟར་སྔ་མ་ལ་རག་མ་ལས་པར་ཕྱི་མ་མི་འབྱུང་བ་ལྟ་བུ་ནི་མ་ཡིན་ཏེ། སོ་སོ་ཐད་ནས་ལྟ་སྒོམ་སྤྱོད་འབྲས་ཚང་མ་རེ་ཇི་ལྟར་འབྱུང་བའི་ཚུལ་རྗེ་བཙུན་གྲགས་པའི་ཞབས་ཀྱིས་གསུངས་པས་སོ། །དྲི་བ་ཉེར་ལྔ་པ། ཤེར་ཕྱིན་དང་གཟུངས་གྲྭ་ལྔ་ལ་སོགས་ཀྱི་ལྷ་མོའི་སྒྲུབ་ཐབས་གསུངས་པ། སངས་རྒྱས་རང་རྒྱུད་པ་ཡིན་ནམ། གཉིས་མེད་ཀྱི་ཡེ་ཤེས་ལས་གདུལ་བྱའི་སྣང་ངོར་བྱས་པ་ཡིན་གསུང་བ། སྒྲུབ་ཐབས་སངས་རྒྱས་ཀྱི་གསུང་རྩོད་མེད་དང༌། དེ་ཡང་དཀྱིལ་འཁོར་གྱི་ནང་དུ་ཚུད་པ་གང་འདུག་སངས་རྒྱས་དངོས་ཡིན་པ་ལས་འོས་མེད་ལ། ངེས་དོན་གྱི་སངས་རྒྱས་དྲང་དོན་གྱི་འབྱུང་པོའི་སྐུར་བསྟན་པ་སོགས་ནི་གདུལ་བྱའི་ཁྱད་པར་ལས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་སྤྱི་བྱེ་བྲག་གི་ཁྱད་པར་འབྱེད་རྒྱུ་མེད། སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ཡེ་ཤེས་གཅིག་ཉིད་ལས་གྲུབ་པས་སོ། །ཇི་ལྟར་ཞེ་ན། ཀུན་རྫོབ་པའི་སེམས་ཅན་ནི་རྣམ་ཤེས་ཀྱི་འཁྲུལ་སྣང་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ལ། དོན་དམ་པའི་སེམས་ཅན་ནི། སངས་རྒྱས་ཉིད་ཀྱི་ཕྱིར་རོ། །དྲི་བ་ཉེར་དྲུག་པ། སྒྲོལ་མ་སྤྱན་རས་གཟིགས་དངོས་སམ་རྒྱུད་གཞན་ཡིན་དང༌། སྤྲུལ་པ་ལ་ཡེ་ཤེས་ཡོད་མེད་དང༌། སྤྲུལ་པ་ལ་ཐུག་མེད་དང༌། སྤྲུལ་པ་ཇི་ཙམ་གནས་དང༌། སྤྲུལ་པ་དང་ཡེ་ཤེས་ཀྱི་ཆུ་གང་བཟང་བ་དང༌། བྱིན་རླབས་ཀྱི་དོན་ཁ་དོག་དང་དབྱིབས་མི་བསྒྱུར་བར་ནུས་པ་འདྲ་བ་ཙམ་དུ་བྱེད་ཟེར་བ་འཐད་དམ་གསུང་བ། སྤྱན་རས་གཟིགས་དང་སྒྲོལ་མ་རྒྱུད་གཅིག་སྟེ། ཆོས་སྐུ་དང་ལོངས་སྤྲུལ་བཞིན་ནོ། །སྤྲུལ་པ་ཐུག་མེད་དུ་སྤྲུལ་ཡང་ཧ་ཅང་ཐལ་བར་མི་འགྱུར་ཏེ། སངས་རྒྱས་ཀྱི་མཛད་པར་སྣང་བས་སོ། །སྤྲུལ་པ་ལ་ཡེ་ཤེས་ཡོད་ཀྱང་སེམས་ཅན་ལ་དངོས་སུ་མི་སྣང་སྟེ། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པས་སོ། །ཇི་ཙམ་གནས་པ་སོགས་ནི། སྤྱིར་བཏང་དུ་མངོན་པ་མཛོད་ནས་གསུངས་པ་དེ་ཉིད་ཁས་ལེན་ལ། ཐེག་ཆེན་དུ་ནི་གདུལ་བྱ་བློའི་མེ་ལོང་དག་མ་དག་གི་དབྱེ་བ་ལས་སོ། །སྤྲུལ་པའི་ཆུ་སོགས་ནི། གཙོ་བོར་རྣམ་ཤེས་ཀྱི་དབང་དུ་བྱས་པའི་ཕྱིར་མ་དག་ལ། བྱིན་གྱིས་བརླབས་པའི་ཆུ་ནི་ཡེ་ཤེས་ཁོ་ནའི་དབང་དུ་བྱས་པས་རྣམ་པར་དག་མ་དག་ཁྱད་པར་ཆེའོ། །གནས་ཁང་དང་མཆོད་རྫས་སོགས་ཀུན་རྫོབ་ཀྱི་རྣམ་པ་གཞན་དུ་བསྒྱུར་དགོས་ཏེ། བསང་སྦྱངས་སྔོན་དུ་འགྲོ་དགོས་པས་སོ། །དྲི་བ་ཉེར་བདུན་པ། རིག་བྱེད་ནས་བཤད་པའི་དབང་ཕྱུག་དང༌། ཚངས་པ་གཉིས་དང༌། མི་འབྱེད་ཀྱི་བདག་པོ་དང༌། འོག་མིན་གྱི་ལྷའི་བུ་དབང་ཕྱུག་གཉིས། གཅིག་གམ་མི་གཅིག་གསུང་བ། རིག་བྱེད་དང༌། མངོན་པའི་བཤད་ཚུལ་མ་མཐུན་པས། མུ་སྟེགས་ཀྱིས་ནི་དེ་དག་འདོད་པའི་རྟེན་ཅན་ཁོ་ནར་འདོད་ཅིང༌། ལོག་པའི་ཀུན་རྫོབ་པའི་ཚངས་པ་དང་དབང་ཕྱུག་སྟེ་དགྱེས་རྡོར་གྱི་ཞབས་འོག་ན་མནན་པ་དེའོ། །མངོན་པ་ལས་གསུངས་པ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བས་ན་གཟུགས་ཁམས་ཀྱི་རྟེན་ཅན་ཏེ། གནས་གཙང་མའི་དབང་ཕྱུག་ནི་འཕགས་པ་ཁོ་ནའོ། །དྲི་བ་ཉེར་བརྒྱད་པ། ཕག་མོ་གཞུང་དྲུག་གི་བིརྺ་པ་དང༌། ལམ་འབྲས་ཀྱི་བིརྺ་པ་གཅིག་མི་གཅིག་གང་འཐད་གསུང་བ། འདི་པའི་བླ་མ་གོང་མ་མི་གཅིག་པར་བཞེད་དེ། ཀྱཻ་རྡོར་རྣམ་བཤད་ན་གསལ་ལོ། །དྲི་བ་ཉེར་དགུ་པ། སྤྱན་སྔ་ཀུན་རྡོར་བ་ནས་བརྒྱུད་པའི་འཇམ་དབྱངས་དང་མི་གཡོ་བའི་རྒྱུད་པ་གང་ཡིན་གསུང་བ། རང་རེས་བླ་མ་དེ་ལ་ཆོས་དེ་ཉན་མ་མྱོང་ལགས། དྲི་བ་སུམ་ཅུ་པ། ཐག་རིང་པོ་ནས་ཀྱི་ཡིག་ཕྲིན་གྱིས་ཆོས་འབྲེལ་གྱི་གོ་ཆོད་དམ་མི་ཆོད་གསུང་བ། ཕན་ཚུན་གཉིས་ཀ་ལ། ཀློག་འདོད་དང༌། སླབ་འདོད་ཀྱི་བསམ་པ་ཡོད་མེད་ལ་རག་མོད། དེ་ལྟར་ཡོད་ན་ཕྲིན་གྱི་གོ་ཆོད་པ་ཡོད་དེ། དགེ་སློང་མའི་དགེ་འདུན་གྱིས་མཆོད་སྦྱིན་མ་ཕྲིན་གྱིས་བསྙེན་པར་རྫོགས་པ་བཞིན་ནོ། །དེ་ལྟར་དྲི་ལན་སུམ་ཅུ་པ། །ནོར་བུའི་ཕྲེ་བ་འདི་སྦྱར་བས། །བསྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེ། །ལོ་གྲངས་སུམ་ཅུར་འཚོའི་རྟེན་འབྲེལ། །ཡིན་ནོ་དགེ་བ་རྫོགས་བྱང་དང༌། །བསྟན་པ་རྒྱས་པའི་ཕྱིར་བསྔོའོ། །དཔལ་ལྡན་ལུང་གི་ཆར་ཆེན་པོ་དང་རྣམ་དག་རིགས་པའི་ཀླུང་བརྒྱ་པོ་དེ་གང་དུ་འབེབས་པའི་གནས་ནི་བསྐལ་བཟང་ཆོས་ཀྱི་རྒྱ་མཚོ་ལས་གཞན་གང༌། །དེ་ནས་དེ་ནི་རྒྱལ་པོའི་བུ་བཞིན་ལྷུན་གྲུབ་པ་དང་ཡིད་བཞིན་མཚོ་བཞིན་ངང་གིས་གང་གྱུར་པ་དེ་ཀུན་ནས་ཁེངས་པའི་རླབས་ཀྱི་ཕྲེང་བས་གཞན་དུ་བསྐྱོད་མི་ནུས། །དེ་སྐད་འདི་ཡང་ཏིལ་མར་ཇི་བཞིན་འཚིར་བྱེད་ཀྱིས་བཙིར་མ་ཡིན་གསུང་རབ་རྒྱ་མཚོའི་དཔལ་ཡོན་འཕྱུར་བའི་ཆུ་ཁུར་གྱིས་ལྕི་བ་དེ་རིགས་པའི་འབྲུག་སྒྲ་ཅན། །སླར་ཡང་ཆོས་ཀྱི་རྒྱ་མཚོ་འགེངས་པའི་དཀྱེལ་ཆེ་བ་དང་ལ་ལར་མཛངས་པའི་ཉིད་གྱུར་དུས་འདི་དག་ན་ལེགས་བྱེད་པོའི་ཕྱྭ་དང་སྒམ་པོ་ཉིད་ཅེས་གྲེ་མོར་སྨྲ། །སླར་ཡང་འདི་དང་དེ་ལས་གཞན། །གང་ལས་འཕྲོས་པའི་དོན་འགའ་ཞིག །འདྲི་བར་བཞེད་ན་དེ་ཡི་ལན། །སྒོ་བརྒྱ་པོ་ནི་དབྱེ་བར་སྨོན།།  །།ཤུ་བྷཾ།།  ༈  །།ལོངས་སྐུ་ཐམས་ཅད་གཅིག་ཚུལ་དང༌། །སྣང་བ་སེམས་ཀྱི་གཅིག་ཚུལ་སོགས། །དྲིས་པའི་ལན་ཀྱང་མདོར་བསྡུས་བཞུགས།། ༄། །སྭསྟི། བསྟན་པ་རིན་པོ་ཆེའི་འབྱུང་ཁུངས་ཆོས་གྲྭ་བྲ་གོར་གྱི་གཙུག་ཁང་ནས་འགྱུར་རོ་འཚལ་གྱི་སྤྱན་ལྡན་བསྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེས། དགོངས་པ་རྣམ་པར་དཀར་བས་དྲི་བ་འགའ་ཞིག་སྤྲིངས་པའི་ལན་མདོ་ཙམ་ཞིག་སླར་ཡང་རྒྱང་རིང་པོ་ནས་སྤྲིངས་ཏེ་འབུལ་བ་ནི། དེ་ལ་ཐོག་མར་དབུ་མ་རྣམ་ངེས་སོགས་ན་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་གཅིག་པར་བཤད་ན། གཞི་དུས་ཀྱི་རྒྱུ་ཐ་དད་ལས། འབྲས་བུ་ཐ་དད་འབྱུང་བར་མི་རིགས་སམ་ཞེས་པ་འདིའི་ལན་ལ། ལུང་དང༌། རིགས་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། ཀླུང་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་ཅིག །བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོ་རྟག་ཏུ་ཉེར་སྤྱད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བརྟན་པ་རྣམས། །རྟེན་ཡང་ཐ་དད་བློ་གྲོས་ཐ་དད་ཅིང༌། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་དཔེ་དོན་གཉིས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དང༌། དེའི་རྟེན་ལོངས་སྐུ་དང་ཕྲིན་ལས་ཐམས་ཅད་རྫས་ཀྱི་སྒོ་ནས་གཅིག་ཏུ་གསུངས་ཤིང༌། ས་དེ་སྒྲ་རྟོག་གི་ཡུལ་ལས་འདས་པས་ལྡོག་པའི་དབྱེ་བས་ནི་ཆོས་དབྱིངས་ཀྱི་དབྱེ་བ་མི་ཕྱེད་དོ། །རིགས་པ་ནི་ཐེག་པ་ཆེན་པོའི་མདོ་དང་སྔགས་ཀྱི་སྐབས་འདིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་ཅིང༌། ཇི་སྐད་དུ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་པ་ལྟར། ཆོས་ཀྱི་དབྱིངས་ལ་རང་མཚན་གྱི་ཐ་དད་མེད་པས། སངས་རྒྱས་གཅིག་གི་ཆོས་དབྱིངས་ཡེ་ཤེས་དེ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཡིན་ཞིང༌། གཅིག་པོ་དེ་གང་གིས་མཐོང་བའི་མངོན་སུམ་དེས་ཀུན་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་ངོ༌། །རྩོད་པ་སྤང་བ་ནི། ཇི་སྐད་དུ། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་གདུལ་བྱའི་སྣང་ཚུལ་སོ་སོ་བའི་དབང་དུ་བྱས་ལ། དེས་གོ་ཆོད་པ་མ་ཡིན་ཏེ། སྣང་ཚུལ་དེ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕྱིར་རོ། །ཡང་གལ་ཏེ། སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། སངས་རྒྱས་གཅིག་མིན། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་སྤྱིར་འཇིག་རྟེན་དུ་སངས་རྒྱས་གཅིག་ལས་མི་འབྱུང་བ་དང༌། སངས་རྒྱས་ཟིན་པ་ཐམས་ཅད་རྫས་ཐ་དད་ཡིན་པ་གཉིས་ཀ་འགོག་པ་ལ། ཇི་སྐད་དུ། རིགས་ཐ་དད་ཕྱིར་དོན་ཡོད་ཕྱིར། །རྫོགས་ཕྱིར་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མེད་ཕྱིར་མང་པོའང་མིན། །ཞེས་གསུངས་པས་སོ། །སྤྱིར་ཡང་དོན་འདི་ཁོང་དུ་ཆུད་པར་དཀའ་ཞིང༌། ཁྱད་པར་དབུ་མ་ལ་འཇུག་པར། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་མིན་པ། །ཞེས་པའི་འགྲེལ་བཤད་དུ་ཆོས་ཀྱི་སྐུ་ཐམས་ཅད་གཅིག་ཏུ་བཤད་པ་ལ་བཙོང་ཁ་པ་ཆེན་པོས་དགག་པ་མཛད་པས་འདིའི་རྗེས་སུ་འབྲང་བ་ཤས་ཆེའོ། །ཡང་དྲི་བ་གཉིས་པ། སྣང་བ་སེམས་སུ་ཁས་ལེན་པ་ལ། མཐའ་ཆོད་དགོས་གསུངས་པ། སྤྱིར་དེ་འདྲ་དེ་ཁས་མི་ལེན་པ་དང༌། ལེན་པ་གཉིས་ལས། དང་པོ་ནི་བྱེ་བྲག་ཏུ་སྨྲ་བ་རྣམ་མེད་རྗེན་ཆེར་བཞེད་པ་དང༌། ཕྱྭ་བསྡུས་པ་མདོ་སེམས་ཀྱི་གྲུབ་མཐའ་ལ་མི་རྩི་བས་སྣང་བ་ཡུལ་གྱི་ངོ་བོར་བཞེད་པ་དང༌། བཙོང་ཁ་པ། མཐར་ཐུག་ཕྱི་རོལ་གྱི་དོན་བཞེད་པས་སྣང་བ་སེམས་སུ་མི་བཞེད་དོ། །གཉིས་པ་ལ་སྣང་བ་སེམས་སུ་བདེན་པར་བཞེད་པ་དང༌། བདེན་རྫུན་སོ་སོར་ཕྱེ་ནས་འདོད་པ་གཉིས་ལས། དང་པོ་ནི་མདོ་སྡེ་པ་དང་སེམས་ཙམ་པའི་བཞེད་པ་དང༌། གཉིས་པ་ནི་རྣམ་རྫུན་པས་ནང་གི་སེམས་ལ་སྣང་བ་ལས་ལོགས་སུ་གྱུར་པའི་དོན་ནི་ཅི་ཡང་མེད་མོད། སྣང་བ་དེ་ལ། ཡང་དག་མིན་རྟོག་གི་སྣང་བ་དང༌། ཡེ་ཤེས་ཀྱི་སྣང་བ་གཉིས་ལས། དང་པོ་ནི་རྫུན་པའི་ཕྱིར་དེ་ཡང་སེམས་སུ་ཡོད་པ་མ་ཡིན་ནོ། །གཟུང་འཛིན་གཉིས་མེད་པའི་ཕྱིར་ཡེ་ཤེས་འབའ་ཞིག་ལུས་སོ། །གཉིས་པ་ནི་ཡེ་ཤེས་ཀྱི་སྣང་བ་ཇི་སྙེད་ཡེ་ཤེས་དེ་ཉིད་ཡིན་པར་ནི། ཇི་སྐད་དུ། ཡེ་ཤེས་སྣང་བ་ལམ་མེ་བ་དང༌། གཟུགས་རྣམས་མ་ལུས་སྣང་བའི་དཔལ་དང༌། གཟུགས་མེད་གཟུགས་བཟང་དམ་པ་སོགས་ཀྱི་དགོངས་པས་བླ་མེད་ཀྱི་རྒྱུད་སྡེ་དག་དང༌། བྱམས་པའི་ཆོས་ཀྱི་རྗེས་འབྲང་ཀུན། བོད་ཀྱི་མན་ངག་པ་མཐའ་དག་གི་ལུགས་དེ་དག་ཏུ། འཁྲུལ་སྣང་ལས་མ་གཏོགས་པའི་ཀུན་རྫོབ་མེད་ཅིང༌། ཡེ་ཤེས་ལས་མ་གཏོགས་པའི་དོན་དམ་ཁས་མི་ལེན་ནོ། །ལུགས་དེ་སངས་རྒྱས་ཀྱི་སར་མ་དག་པའི་སྣང་བ་མི་འཆར་ཡང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་སོགས་པའི་སྣང་བ་འཆར་བར་ཁས་ལེན། ལམ་འབྲས་སོགས་ལས་སྣང་བ་གསུམ་དུ་ཕྱེ་ནས་སངས་རྒྱས་ལ་དག་པའི་སྣང་བ་སྣ་ཚོགས་འཆར་བར་བཞེད། གནས་སྐབས་སུ་སྣང་བ་གསུམ་དུ་ཁས་ལེན་དགོས་པའི་ཚེ། སངས་རྒྱས་ལ་གང་སྣང་སངས་རྒྱས་ཀྱི་སས་བསྡུས་པ་དང༌། སེམས་ཅན་ལ་གང་སྣང་དེའི་སེམས་ཀྱིས་བསྡུས་པར་ཁས་ལེན་དགོས། ལོ་ཆེན་སངས་རྒྱས་ཀྱི་རྗེས་ཐོབ་པ་ལ་འཁྲུལ་སྣང་བཞེད་པ་དེའི་ཚེ། རྗེས་ཐོབ་དེ་སངས་རྒྱས་ཀྱི་སས་བསྡུས་པར་བཞེད་དམ་མི་བཞེད་བརྟག་དགོས། ངོ་བོ་ཉིད་མེད་པ་པ་གཙང་མ་དེའི་མཐར་ཐུག སངས་རྒྱས་ཀྱི་ཡེ་ཤེས་རང་སྣང་ལ་ཀུན་རྫོབ་ལྟ་ཅི། ཆོས་ཉིད་ཀྱང་མི་སྣང༌། ཡེ་ཤེས་ཉིད་ཀྱང་རང་གིས་སྟོང་པའི་ཕྱིར་ན། ཤེས་བྱེད་དུ་ཁས་མི་ལེན། ཡུལ་རང་སྟོང་དུ་བཤད་ནས་ཡུལ་ཅན་ཁས་བླངས་ན་གཉིས་པོ་ལྟོས་གྲུབ་མ་ཡིན་པར་འགྱུར། ཡུལ་ཡུལ་ཅན་གཉིས་ཀ་ཁས་བླངས་ན་ཇི་སྐད་དུ། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །སོགས་དང་འགལ། ལུགས་དེར་ཀུན་རྫོབ་ལས་མ་གཏོགས་པའི་ཆོས་གཞན་མེད་ཅིང༌། ཀུན་རྫོབ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ལུགས་དེར་ཀུན་རྫོབ་འཇིག་རྟེན་གྱི་གྲགས་པས་འཇོག་པའི་ཚེ། སངས་རྒྱས་ཀྱི་ཡེ་ཤེས་ལ་ཕྱི་རོལ་གྱི་དོན་སྣང་མི་སྣང་གི་དཔྱད་པ་བོར་དགོས་པའམ། སྣང་བར་ཁས་ལེན་ན་ཡང་དབུ་མའི་རང་ལུགས་མ་ཡིན་ན་འཕགས་སེང་སོགས་རིགས་པས་གཏན་ལ་ཕབ་པའི་སྟོང་པ་ཉིད་དེ་མཉམ་གཞག་ཡེ་ཤེས་ཀྱི་མྱོང་བྱར་མི་བཞེད་ཅིང༌། དེ་སོ་སོར་རང་གིས་རིག་པའི་ཡེ་ཤེས་སུ་བཞེད་དོ། །ཡང་རྔོག་གསང་འདུས་པ་མཐའ་དག་འགོས་ལ་རྒྱུད་དགོས་པར་སྣང༌། འགོས་ཀྱི་སྟོང་ཐུན་ཁོང་རང་གིས་མཛད་པའི་བསྟན་བཅོས་ཚད་མར་ཁས་ལེན། བརྒྱུད་པའི་ལོ་རྒྱུ་གཞན་རྣམས་ནི་སྔོན་བྱོན་པ་རྣམས་ཀྱིས་ཇི་ལྟར་མཛད་པ་ཉིད་ལགས་སོ། །འདིར་སྨྲས་པ། འདིར་འབྱུང་འདི་ནི་དེང་དུས་ཀྱི། །ཉན་དང་འཆད་པོའི་བློར་མི་རུང༌། །ལུགས་དེ་དག་གིས་གང་འཆད་པ། །དེ་ཡང་ལུགས་འདིའི་གཞུང་ན་མེད། །ལུགས་འདི་དང་ནི་གཞན་དེ་དག །ཚད་མར་གྱུར་པའི་མདོ་རྒྱུད་དང༌། །བསྟན་བཅོས་དག་ནས་དེ་དང་འདི། །ཇི་ལྟར་སྣང་ཞེས་དཔྱོད་ཆེན་གྱིས། །དཔྱད་ནས་གཟིགས་པར་ཞུ་འཚལ་ལོ།།  །།མངྒ་ལཾ།།  ༈  །།གསེར་གྱི་ཐུར་མ་ལས་བརྩམས་པའི་དོགས་གཅོད་ཀྱི་འབེལ་གཏམ་རབ་གསལ་རྣམ་ངེས་སམ། ངེས་དོན་རབ་གསལ་ཞེས་པ་བཞུགས་སོ།། ༄། །ན་མོ་མཉྫུ་བཛྲཱ་ཡ། མང་པོས་བསྔགས་འོད་ཀུན་གྱི་ཡིད་ཁར་འོང་བྱེད་མིག་སྟོང་ལྡན་པའི་སྐྱེ་མཆེད་མཚར་པས་ནམ་ཡང་མི་སྒྲུན་རྙོག་བྲལ་རབ་དང་འདྲེན་མཛད་དེ་ནི་མཚན་དཔེ་འབར་བའི་སྐུ། །སྣ་ཚོགས་འབྱིན་བྱེད་གསེར་གྱི་པདྨའི་མངལ་འཛིན་བྱེད་པོའི་དབྱངས་ཀྱི་ཁེངས་པ་ལན་བརྒྱར་གཏོང་བྱེད་སྐལ་བཟང་རྣ་བའི་དཔག་བསམ་བདུད་རྩིར་བྱེད་པ་དེ་ནི་འཇམ་པའི་དབྱངས། །མེས་པོའི་སྙིང་ལ་ཉེར་སིམ་གྱུར་པའི་དགའ་བས་ལྟ་ཅི་ཐུབ་རྣམས་རྟག་པར་དགྱེས་མཛད་ཞི་བའི་བདེ་བ་ཡང་ནི་དཔེ་ཟླར་མི་འོས་རྒྱལ་བ་ཉིད་ཀྱི་ཐུགས། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་རོས་གང་ཆོས་དབྱིངས་མཆོག་གི་ནགས་སུ་རྟག་པར་གཟིམས་ཀྱང་ཡན་ལག་བདུན་ལྡན་ཉིད་དུ་བཞེངས་ལས་གཡོ་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པ་བརྗོད་ནས། སྐབས་སུ་བབ་པར་དམ་བཅའ་བ་ནི། རྣམ་དཔྱོད་ཡིད་བཞིན་ནོར་ཆེན་པོ། །སྐལ་བཟང་བློ་གྲོས་སྤྱི་གཙུག་ཏུ། །བསྟི་མཛད་ཐོས་པའི་རྒྱ་མཚོར་ཡང༌། །རྟག་པར་བཞུགས་ལ་འདི་འབུལ་ལོ། །དེ་ལ་གང་འདིས་སྡོམ་པ་གསུམ་གྱི་རབ་དུ་དབྱེ་བའི་བསྟན་བཅོས་ལས་བརྩམས་པའི་འབེལ་བའི་གཏམ་རྣམ་པར་ངེས་པ་ཞིག་བགྱིས་པ་ནི། དུས་འདི་ན་ཆོས་དེ་གཏན་ལ་འབེབས་པ་པོ་དག སྡོམ་གསུམ་གནས་གྱུར་གྱི་ཚིག་དོན་ཙམ་ལས་གཞན་རྣམ་པར་དཔྱད་པ་དོན་ཆེན་པོ་ཅན་མང་པོ་དག་གིས་ཕོངས་པར་གྱུར་པ་དང༌། བསྟན་བཅོས་ཞལ་གསལ་བ་ཉིད་ལ་དད་པ་ཙམ་གྱིས་རྗེས་སུ་འབྲངས་ནས། ཕྱོགས་སྔ་མར་བརྟགས་པ་ཆོས་དང་སྲིད་ཀྱི་གཞུང་ལུགས་ཕུན་སུམ་ཚོགས་པར་གྱུར་པ་དག་ལ་ཧ་ཅང་ཡང་སྨྲ་བའི་ཁམ་ཆེ་བར་གྱུར་པ་དག་མཐོང་བ་དང༌། ཚད་ལྡན་གྱི་གཞུང་སྣ་རེ་ཙམ་ལའང་བློ་གྲོས་མ་བྱང་ཞིང༌། རིགས་པའི་ཚུལ་ཅུང་ཟད་ཙམ་ཡང་ཆུབ་པར་མ་བྱས་པ་དག་ཀྱང་བསྟན་བཅོས་འདི་འཆད་པའི་དབྱངས་ཀྱི་བྲག་ཆས་ས་གཞི་འགེངས་པར་བྱེད་པ་དག་ཀྱང་མཐོང་ནས། བསྟན་བཅོས་འདིའི་ལུང་དང་རིགས་པས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལྟ་ན། ཐོག་མར་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པར་གྱིས་ཤིག་ཅེས་གོ་བའི་དོན་དུ། ཐོག་མར་དྲི་བའི་ཕྲེང་བ། དོན་ལ་གནས་པ་དང༌། ལ་ལའི་ཞལ་འདྲེན་པ་ཅི་རིགས་སུ་བགྱིས་པ་ལ། ལན་འདེབས་པར་ཁས་འཆེ་བ་རྣམས་ནི། དང་པོ་ཉིད་དུ་རང་གི་གློ་བ་ལ་གང་ཞེན་པ་དེ་ལས་རྣམ་དཔྱོད་གོང་ནས་གོང་དུ་མི་སྤྲོ་ཞིང༌། ཕྲག་དོག་གིས་ཁོང་འཁྲུག་པར་གྱུར་པ་དག་ཀྱང་མཐོང་བས། དྲིས་ནས་ལོ་གྲངས་དུ་མ་ལོན་པའི་འོག་ཏུ། རང་གིས་བཏབ་པའི་ལན་གྱི་ཕྲེང་བ་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས་དེ་བགྱིས་སོ། །དེའི་སྐབས་ཀྱི་གཏམ་དུ་བགྱི་བ་དག་ལ་ཉིད་ཀྱི་ཞལ་སྔ་ནས། མདོ་སྡེ་དང་རྒྱུད་སྡེའི་ལུང་མང་པོ་དང༌། རང་གིས་རྣམ་པར་དཔྱད་པ་ཅི་རིགས་སུ་མཛད་པའི་བསྟན་བཅོས། ལེགས་པར་བཤད་པའི་སྒོ་དབྱེ་ཞེས་བྱ་བ་ཕོ་ཉ་གཅིག་ནས་གཞན་དུ་བརྒྱུད་ཅིང་སྤྲིངས་པ། ཀློག་པ་པའི་གྲྭ་འདིར་ཕེབས་ཤིང་འཕྲོད་པས་རྗེས་སུ་ཡི་རང་བར་གྱུར། དེའི་མཆིད་ལན་དུ་ཞུས་པ་ནི། ཧ་ཅང་བརྗོད་པ་མངས་ན་གཟིགས་མི་བདེ་བ་དང༌། བརྗོད་པ་ལ་ཚེར་མ་ཆགས་པ་དག་ཏུའང་འགྱུར་སྲིད་པས་དོན་གྱི་མདོ་བཟུང་སྟེ་ཕུལ་བ་ནི། འདི་ལྟར། ལེའུ་དང་པོ་ལས་བརྩམས་པ་དང༌། རིག་པ་འཛིན་པའི་སྐབས་ལས་འཕྲོས་པའོ། །དང་པོ་ནི། ཆོས་ཀྱི་རྗེ་ས་སྐྱ་པའི་བཞེད་པས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་མ་ཡིན། ཞེས་དང༌། རྒྱུད་བླ་མའི་བསྟན་བཅོས་ཀྱིས་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་བཀྲལ་བ་འདི་གཉིས་གང་གི་ཐུགས་ལ་གཤིན་ཞིང་ལྗེན་པར་མ་གྱུར་ན། སླར་ཡང་འདི་སྐད་དུ། དེ་ལྟར་དམ་འཆའ་བ་དང༌། ཤེས་བྱེད་ཀྱི་དཔེ་དང་གཏན་ཚིགས་དགོད་པའོ། །དང་པོ་ནི། ཆོས་ཀྱི་རྗེ་དེ་ཉིད་ཀྱི་བཞེད་པ་བདེ་གཤེགས་སྙིང་པོའི་མིང་ཅན་ལ། གཉིས་ཏེ། ཁམས་དང༌། སྙིང་པོ་དངོས་སོ། །དང་པོ་ནི་རང་བཞིན་ཆོས་སྐུ་དང་དོན་གཅིག་ཅིང༌། དེས་སེམས་ཅན་ཐམས་ཅད་ལ་ཁྱབ། དེའི་མཚན་གཞི་ནི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་སོ། །དེ་འདྲ་དེ་ལྟ་བ་ལ་སྤྱོད་པ་མཐར་ཐུག་གི་ཚེ་ནི། སྤྱིར་ཡོད་མེད་གང་དུའང་ཁས་མི་ལེན། བར་དུ་བདག་ཟློག་གི་ཚེ་དོན་དམ་པའི་བདེན་པར་ཁས་ལེན་པས་སེམས་ཅན་ལ་ཡོད་དོ་ཞེས་ཁས་བླངས་པས་ཆོག དབྱིངས་དེའི་མཚན་གཞི་ཡང༌། བཀའ་བར་པ་དང་ཐ་མའི་དབྱེ་བས་སྤྲོས་བྲལ་མེད་དགག་གི་ཆ་ལ་འཆད་པ་དང༌། གཞི་དུས་ཀྱི་ཟག་མེད་ཀྱི་ཤེས་པ་ལ་འཆད་པའི་སྐབས་གཉིས་སྲིད། དོན་དེ་ལ་དགོངས་ནས། ཇི་སྐད་དུ། གལ་ཏེ་བེམས་པོའི་ཆོས་ཀྱི་དབྱིངས། །ཞེས་དང༌། དེས་ན་དེ་བཞིན་གཤེགས་པ་ཡི། །ཞེས་སོགས་དང༌། གང་ལ་སྟོང་པ་ཉིད་རུང་བ། །སོགས་དང༌། བདེ་གཤེགས་ཁམས་ཀྱི་སྒྲུབ་བྱེད་ནི། །ཞེས་སོགས་གསུངས། དེས་སྙིང་པོ་དངོས་ཀྱི་ངོས་འཛིན་བཀའ་ཐ་མ་ནས་བཤད་པ་དེའི་གོ་ཆོད་པ་མ་ཡིན་ཏེ། ཡོན་ཏན་དབྱེར་མེད་པའི་དོན་མ་ཚང་བས་སོ། །དཔེར་ན་རང་བཞིན་ཆོས་སྐུས་ཆོས་སྐུ་དངོས་དང༌། རང་བཞིན་ཤེར་ཕྱིན་གྱིས་ཤེར་ཕྱིན་དངོས་ཀྱི་གོ་མི་ཆོད་པ་བཞིན། སྙིང་པོའི་ངོས་འཛིན་བཀའ་ཐ་མ་ལས་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཡེ་ཤེས་བདེན་གྲུབ་ཞིག་ལ་འཆད། དེ་སེམས་ཅན་ལ་མེད་པའི་ཤེས་བྱེད། རྒྱུད་བླ་མར་ཡོན་ཏན་དབྱེར་མེད་མ་ཚང་བ་ལ་བཤད། བསྟན་བཅོས་འདིར། མུ་སྟེགས་བདག་དང་མཚུངས་པ་དང༌། །བདེན་པའི་དངོས་པོར་འགྱུར་བ་དང༌། །ཞེས་བཤད། ཐུབ་དགོངས་སུ་ཆོས་སྐུའི་ཡོན་ཏན་མ་ཚང་བ་ལ་བཤད། དེ་ལྟ་མོད་ཀྱི། བཀའ་ཐ་མ་དང་གཞན་སྟོང་གཞིར་བྱས་ཀྱི་ཚེ་ལྟ་བའི་མཐར་ཡང་བདེན་གྲུབ་ཁས་ལེན་པས་སྐབས་སོ་སོར་ཕྱེད་དགོས། བཀའ་བར་པའི་དངོས་བསྟན་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ན་སྙིང་པོའི་ངོས་འཛིན་རྒྱས་པ་མི་བཞུགས། གང་ཡོད་པ་དེ་ཡང་རང་བཞིན་ཤེར་ཕྱིན་དང་དོན་ཅིག་པ་དང༌། དེ་ཡང་སྤྲོས་བྲལ་མེད་དགག་གི་ཆ་ལས་གཞན་ལ་བཤད་པ་མེད། དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པའི་རང་བཞིན་དང༌། །འགྲོ་བ་འདི་ཡི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སོ། །དེས་ན་སྙིང་པོའི་ངོས་འཛིན་དང༌། དེ་སེམས་ཅན་ལ་ཡོད་མེད་ཀྱི་རྣམ་གཞག་བྱེད་པ་དེ་སྲིད་དུ། བཀའ་འཁོར་ལོ་ཕྱི་མ་གཞིར་བཞག་ནས་རྣམ་གཞག་བྱེད་པ་ཉིད་ལེགས་ཤིང་མཐའ་ཆོད། །དེས་ན་སེམས་ཅན་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་པ་དང༌། བདེ་བར་གཤེགས་པའི་སྙིང་པོ་དངོས་མེད་པ་ནི་ཆོས་རྗེའི་བཞེད་པར་དམ་འཆའོ། །རྗེ་བཙུན་སྐུ་མཆེད་ཀྱི་བཞེད་པ་དེ་ནི་ཁམས་ལ་བཞེད་པ་ཡིན་ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར། །སོགས་དང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པའི་དོན་དང༌། རྒྱུའི་རྒྱུའི་ངོས་འཛིན་པའི་སྐབས་སུ་བྱུང་ལ། དེ་ནི་ཡེ་ཤེས་ཆེན་པོའི་དགོངས་གཞི་འཆད་པས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལས་གཞན་དུ་མི་རིགས་པའི་ཕྱིར། གཞན་དུ་སྙིང་པོ་དངོས་ལ་བཞེད་ན་ཡོན་ཏན་རྣམས་ལྷུན་གྲུབ་ཏུ་བཞེད་དགོས་པ་ལས། དེ་ལྟར་མ་ཡིན་གྱི། རང་བཞིན་རྣམ་དག་གི་ཆ་ལྷུན་གྲུབ་དང༌། སྟོབས་སོགས་ཡོན་ཏན་གནས་གྱུར་དུ་བཞེད་པ་ཉིད་རྗེ་བཙུན་གྱི་གཞུང་ན་གསལ་ལོ། །གཉིས་པ་ལ། གཉིས་ཏེ། གཏན་ཚིགས་དང༌། དཔེའོ། །དང་པོ་ནི། ཆོས་རྗེའི་བཞེད་པ་དེ་ཉིད་ཡིན་པར། རིན་པོ་ཆེ་གཡག་པས་བདེ་གཤེགས་སྙིང་པོའི་གསལ་བྱེད་དུ་བཤད། ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་པོས་སྙིང་པོའི་བསྟན་བཅོས་རྩ་འགྲེལ་དུ་བཤད། རྗེ་བཙུན་རེད་མདའ་པས་ཤེས་རབ་གྲགས་ཀྱི་དྲིས་ལན་ཞེས་པར་དེའི་བཞེད་པ་དེ་ཉིད་ཡིན་པར་བཤད། ཀུན་མཁྱེན་ཆེན་པོས་ཏ་དབེན་ནམ་མཁའ་བརྟན་པ་ལ་སྤྲིངས་པའི་ཡི་གེར་ཡང་དེ་ཉིད་དེའི་བཞེད་པར་བཤད། གཉིས་པ་དཔེ་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང༌། འཕགས་པ་བསམ་གཏན་པའི་དཔེ་མཁྱུད་ཀྱི་མདོ་ཁུངས་སུ་མཛད་ནས། སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་མེད་པ་ཐང་བརྡལ་ནས་བཤད་པས་དེ་ལ་སུ་ཡང་བསྙོན་པ་མེད། རྒྱས་པར་དེས་མཛད་པའི་སྙིང་པོའི་མཛེས་རྒྱན་ཞེས་བྱ་བའི་བསྟན་བཅོས་ན་གསལ། གངས་ཅན་གྱི་ཀློག་པ་པ་དག་དང༌། བསམ་གཏན་པ་མཐའ་དག སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཞེས་པའི་ཚིག་ཙམ་མཐུན་ཀྱང༌། དོན་རྒྱབ་འགལ་དུ་སོང༌། ཀློག་པ་པས་ནི་དྲི་བཅས་ཀྱི་སེམས་བདེན་པས་སྟོང་པ་ལ་བསམས། བསམ་གཏན་པས་ནི་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཆོས་ཀྱི་སྐུ་ལ་བསམས། བཀའ་ཕྱི་མ་གཞིར་བྱས་ལ། ཀློག་པ་པའི་འདོད་པ་དེ་འདྲ་དེ་ནི་སྤྱིར་ཡང་མི་རུང་སྟེ། སྙིང་པོ་མེད་པ་ལ་སྙིང་པོ་ཅན་དུ་བཏགས་འདུག་པས་སོ། །མངོན་རྟོགས་རྒྱན་རྩ་འགྲེལ་འཆད་པ་ན། སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་བླ་མ་སྔ་མས་བཤད་ཅིང༌། རང་རེས་ཀྱང་འཆད་མོད། བཀའ་བར་པ་ནས་འབྱུང་བའི་སྙིང་པོ་ལ་བསམས་པ་ཡིན་ཏེ། ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དང༌། སེམས་ཅན་སྙིང་པོ་ཅན་ཡིན་པ་དོན་གཅིག་གོ་ཞེས་རྣམ་བཤད་ལས་འབྱུང་བའི་ཕྱིར། །གཉིས་པ་རྒྱུད་བླ་མའི་བསྟན་བཅོས་ཀྱིས་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པར་བཀྲལ་བ་དེ་འདི་པ་དག་གི་རང་བཟོའོ་ཞེས་གསུང་ན། དེ་ལྟ་མ་ཡིན་པར་འཆད་པ་ལ། གཉིས་ཏེ། དངོས་དང༌། ཆེན་པོ་གཞན་གྱིས་ཀྱང་དེ་ལྟར་བཤད་ཟིན་པའོ། །དང་པོ་ནི། སྙིང་པོའི་མདོ་ལས་བྱུང་བའི་དཔེ་དོན་གྱི་དངོས་བསྟན་དང༌། བསྟན་བཅོས་ཀྱི་ཁམས་ལེ་ནས་བཤད་པའི་དངོས་བསྟན་མཐུན་པ་མ་ཡིན་ཏེ། མདོར་ནི། དཔེ་དགུར་བཤད་ཀྱང་དོན་གཅིག་ཉིད་ལས་མེད་ལ། གཅིག་པོ་དེ་ཡང་སྟོབས་སོགས་ཡོན་ཏན་ཀུན་ཚང་བའི་རྟག་བརྟན་ཞི་བ་གཡུང་དྲུང་དུ་གྱུར་པའི་སྐུ་གཅིག་ཉིད་སེམས་ཅན་ཐམས་ཅད་ལ་བཞུགས་པ་དང༌། བཞུགས་ཚུལ་ཡང་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཚུལ་གྱིས་ལྷུན་གྲུབ་ཏུ་བཞུགས་པ་དང༌། གཞི་དུས་དང་འབྲས་དུས་ཀྱི་སྙིང་པོ་གཉིས་བུམ་ནང་གི་མར་མེ་ལྟར་དྲི་མས་བསྒྲིབས་མ་སྒྲིབས་ཙམ་མ་གཏོགས་ངོ་བོ་ལ་ཁྱད་མེད་དུ་བཤད། བསྟན་བཅོས་སུ་ནི། དཔེ་དགུས་མཚོན་པའི་དོན་མདོའི་དངོས་བསྟན་ལ་མེད་པ་དགུར་ཕྱེ་ནས། དེ་དག་དཔེ་དགུ་དང་སྦྱར་ཏེ་སེམས་ཅན་ལ་གནས་པ་དང༌། ཡོན་ཏན་རྣམས་གནས་གྱུར་གྱི་ཚུལ་གྱིས་འབྱུང་དགོས་པར་བཤད། དེའི་ཚེ་དོན་དགུ་པོ་དེ་ལ་ནི་མདོ་ནས་གསུངས་པའི་དོན་གཅིག་པུ་དེའི་མཚན་ཉིད་ཞུགས་པ་མ་ཡིན་ཏེ། ཇི་སྐད་དུ། འདི་ཡི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་བཤད་པ་དེའི་ནང་ནས། དེ་བཞིན་ཉིད་དང་རྟོགས་པ་ཆོས་སྐུ་གཉིས་ལ་རེ་ཤིག་དཔྱད་པ་བོར། གཞན་རྣམས་ནི་སྙིང་པོ་དངོས་སུ་མི་རུང་སྟེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར། དེ་ཡང་དེ་དག་རྣམས་སངས་རྒྱས་ཀྱི་རྒྱུར་འཆད་ཀྱི། སངས་རྒྱས་དངོས་སུ་མི་འཆད་པའི་ཕྱིར་དང༌། བསྟན་པ་ཆོས་སྐུ་གཉིས་དང༌། རྒྱས་འགྱུར་གྱི་རིགས་དང༌། རིགས་ཀྱི་སྐུ་གསུམ་བསྐྱེད་པའི་ནུས་པ་རྣམས་ནི་འདུས་བྱས་ཡིན་པས་བདེན་པར་མེད་པའི་ཕྱིར་དང༌། རྟག་བརྟན་དུ་མི་རུང་བའི་ཕྱིར་དང༌། སྟོབས་སོགས་ཡོན་ཏན་དང་དབྱེར་མེད་དུ་མི་རུང་བའི་ཕྱིར་དང༌། མདོའི་དངོས་བསྟན་གྱི་སྙིང་པོ་ལ་ནི་ཁྱད་པར་གྱི་ཆོས་དེ་དག་ཚང་བར་བཤད་པའི་ཕྱིར། མདོར་ན་སངས་རྒྱས་པད་ངན་ཞེས་སོགས་ནི་མདོའི་དངོས་བསྟན་དེ་ཉིད་བཀོད་པ་ཡིན་ལ། དོན་དགུ་པོ་སྟོན་པའི་བསྟན་བཅོས་ཀྱི་ཚིག་དང༌། དཔེ་དགུ་དང་དོན་དགུ་ཆོས་མཐུན་སྦྱོར་བའི་བསྟན་བཅོས་གྱི་ཚིག་རྣམས་ལ་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་མེད་དོ། །དེའི་ཕྱིར་མདོ་ལས་དཔེ་དགུའི་སྒོ་ནས་དོན་སངས་རྒྱས་ཀྱི་སྙིང་པོ་གཅིག་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་དེ། ཆོས་སྐུ་དང༌། དེ་བཞིན་ཉིད་དང༌། རིགས་ཏེ། སྡུ་ན་གསུམ་དང༌། ཕྱེ་ན་དགུར་འགྱུར་བ་དེ་ལ་དགོངས་པ་ཡིན་ནོ། །ཞེས་བསྟན་བཅོས་ཀྱིས་འཆད་པ་མ་ཡིན་ན་གཞན་ཇི་ལྟར་འཆད་དེ། དོན་གཅིག་ལ་ལྡོག་པས་དགུར་ཕྱེ་བ་ཡིན་ནོ་ཞེས་ཟེར་དུ་ནི་མ་རུང་བའི་ཕྱིར། གལ་ཏེ་འདི་སྙམ་དུ། སེམས་ཅན་ལ་ཆོས་སྐུ་རྣམ་པ་གསུམ་ཡོད་པར་བཤད་པ་ཉིད་ཉིད་ཀྱིས་ཆོག་མོད་སྙམ་ན། མ་ཡིན་ཏེ། ཇི་སྐད་དུ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་བཤད་པ་དེར་ཆོས་སྐུ་ནི་རྟོགས་བྱ་དང་བསྟན་བྱ་གཉིས་སུ་བསྡུས། དང་པོ་རང་བཞིན་རྣམ་དག་དང༌། གཉིས་པ་དྲང་དོན་དང་ངེས་དོན་གྱི་གསུང་རབ་གཉིས་ལ་བཤད་པ་ཡིན་ལ། དེའི་ཚེ་འབྲས་དུས་ཀྱི་སྐུ་གསུམ་སེམས་ཅན་ལ་ཡོད་པར་ནི་མི་འཆད་ལ། གཞི་དུས་ཀྱི་ཆོས་དབྱིངས་ནི་སྙིང་པོའི་དགོངས་གཞིར་འཆད་པ་དག་གི་ངོར་སྙིང་པོ་དངོས་སུ་བསྒྲུབ་བྱ་ཡིན་ལ། གཞི་དུས་ཀྱི་གསུང་རབ་ཀྱི་ངོས་འཛིན་བྱེ་བྲག་ཏུ་སྨྲ་བ་ལྡན་མིན་འདུ་བྱེད་དང༌། མདོ་སྡེ་པ་སྒྲའི་སྐྱེ་མཆེད་དང༌། རྣམ་རིག་པ་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྟོག་པ་ཉིད་དུ་འདོད་པས་སྙིང་པོ་དངོས་སུ་མི་རུང་བའི་ཕྱིར། གལ་ཏེ་ཆོས་སྐུ་ཞེས་པ་འབྲས་བུ་བདེ་གཤེགས་སྙིང་པོ་ལ་ངོས་འཛིན་པ་མ་ཡིན་ནམ། ཞེ་ན། རྔོག་ལོ་ཆེན་པོ་དེར་བཞེད་མོད། ལུགས་དེ་ལའང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་པའི་སྐབས་སུ། ལུས་ཅན་ཀུན་ཆོས་ཅན་དུ་བཟུང་ནས་སྙིང་པོ་ཅན་དུ་སྒྲུབ་པ་ལ། འབྲས་དུས་ཀྱི་ཆོས་སྐུ་ཡོད་པ་རྟགས་སུ་འགོད་ན་དེ་ལས་གཞན་མི་རིགས་པ་ཅི་ཞིག་ཡོད། སྤྱིར་ཡང་སྐབས་དེར་ལུས་ཅན་ཀུན་སྙིང་པོ་ཅན་དུ་སྒྲུབ་པ་ལ་གཏན་ཚིགས་གསུམ་པོ་གང་བཀོད་ཀྱང་ཉེས་པ་དང་བཅས་པ་ཁོ་ན་སྟེ། གཏན་ཚིགས་ཐོག་མཐའ་གཉིས་མི་འགྲུབ་ཅིང༌། བར་པ་གྲུབ་ཟིན་པའི་ཚེ་བསྒྲུབ་བྱ་ལ་ཤེས་འདོད་མེད་པ་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཏུ་འདོད་ནའང༌། སྐབས་ཀྱི་དོན་མ་ཡིན་པ་སོགས་ཀྱི་ཉེས་པ་རྒྱ་ཆེར་བརྗོད་ཟིན་ཏོ། །གལ་ཏེ་འོ་ན། རྗེ་བཙུན་གྱིས་སྙིང་པོའི་མདོའི་དོན་ཕྱིན་ཅི་ལོག་ཏུ་བཀྲལ་བར་འགྱུར་ཏེ། སྙིང་པོའི་མདོར་མ་བཤད་པའི་དོན་དགུ་དང་དཔེ་དགུ་དངོས་སུ་སྦྱར་བའི་ཕྱིར་སྙམ་ན། དེ་ནི་བསྒྱུར་བ་ལྡེམ་དགོངས་དང་གཉེན་པོ་ལྡེམ་དགོངས་ཀྱི་འཆད་ཚུལ་སོགས་ཐམས་ཅད་ལ་མཚུངས་མོད། དེ་ལྟ་ན་ཡང་རྗེ་བཙུན་གྱིས་ནི། སྙིང་པོའི་མདོའི་དོན་སངས་རྒྱས་ཀྱི་སྐུ་ཡིན་ངོ་ཤེས་པ་གཅིག་ཉིད་དཔེ་དགུ་དང་སྦྱར་བ་དེ། བྱང་ཆུབ་ལེའུའི་བསྟན་བཅོས་སུ་སྒྲ་ཇི་བཞིན་པ་ཉིད་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ། ཐུབ་པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང༌། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་དང༌། །དྲི་མེད་རིན་ཆེན་ལས་བྱས་གཟུགས་དང་ནི། །ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་གསུངས་པ་འདི་ལ། བཤད་བྱའི་མདོ་ནི་སྔར་ཁམས་ལེར་དྲངས་པ་དེ་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ལུགས་དེ་ཆེན་པོ་གཞན་གྱིས་ཀྱང་བཞེད་པར་བསྟན་པ་ནི། རྔོག་ལོ་ཆེན་པོ་ཡང༌། རྒྱུད་བླ་མའི་བསྟན་བཅོས་ཀྱི་ཁམས་ཀྱི་ལེའུར་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པ་ཉིད་དུ་བཀྲལ་བར་བཞེད་དེ། མདོར་ནི་དཔེ་དགུས་བསྟན་པའི་དོན་དེ་སྙིང་པོ་དངོས་ཡིན་པ་དང༌། དེ་སེམས་ཅན་ཐམས་ཅད་ལ་ཡོད་པར་བཤད་པ་བསྙོན་དུ་མེད་ཅིང༌། བསྟན་བཅོས་སུ་བཤད་པའི་དོན་དགུ་པོ་དེ་ནི། ཁ་ཅིག་སྙིང་པོ་དངོས་ཡིན་ཀྱང་སེམས་ཅན་ལ་མེད་པ་དང༌། ལ་ལ་སེམས་ཅན་ལ་ཡོད་ཀྱང་སྙིང་པོ་དངོས་མ་ཡིན་པར་ལོ་ཙཱ་བ་ཆེན་པོ་བཞེད་པའི་ཕྱིར། ཇི་ལྟར་ཞེ་ན། རྫོགས་སངས་སྐུ་ནི། ཞེས་སོགས་ཀྱི་གཞུང་འདིས། རྒྱུ་དང༌། རང་བཞིན་དང༌། འབྲས་བུའི་བདེ་གཤེགས་སྙིང་པོ་གསུམ་བསྟན་པ་ཡིན་ལ། དེ་ཡང་རྐང་པ་དང་པོས་བསྟན་པ་དེ་སྙིང་པོ་དངོས་ཡིན་ཀྱང་སེམས་ཅན་ལ་ཡོད་པ་བཏགས་པ་བ། རྐང་པ་གསུམ་པས་བསྟན་པ་དེ་སེམས་ཅན་ལ་ཡོད་པ་དངོས་ཡིན་ཀྱང་སྙིང་པོ་བཏགས་པ་བ། རྐང་པ་བར་པས་བསྟན་པ་དེ་སྙིང་པོ་ཡང་དངོས་དང༌། སེམས་ཅན་ལ་ཡོད་པ་ཡང་མཚན་ཉིད་པ་ཡིན་ནོ། །ཞེས་བཞེད། དེ་ལྟར་བཤད་པ་ན་སྙིང་པོའི་མདོ་སྒྲ་ཇི་བཞིན་པ་ཉིད་དུ་ཇི་ལྟར་བཤད་ཅེས་བརྟག་དགོས་ཏེ། མདོའི་དངོས་བསྟན་གྱི་དཔེ་དང་པོ་གསུམ་གྱིས་བསྟན་པའི་དོན་དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་ཉིད་མདོའི་དངོས་བསྟན་ཡིན་པའི་ཕྱིར་དང༌། དཔེ་ཕྱི་མ་ལྔ་པོ་དག་གིས་མཚོན་པའི་དོན་དེ་སྙིང་པོ་དངོས་སུ་འཆད་པ་མདོའི་དངོས་བསྟན་ཉིད་དུ་གྱུར་པ་ལས། རྔོག་ལོ་ཆེན་པོས་དེ་ལྟར་མི་འཆད་པའི་ཕྱིར། ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །འདིར་ལ་ལ་དག སྙིང་པོ་ཐོས་པའི་ཕན་ཡོན་དང༌། མ་ཐོས་པའི་ཉེས་དམིགས་སྟོན་པའི་མདོ་རྣམས་དྲངས་ནས་རྒོལ་བ་དེ་དག་ནི། སྡོམ་གསུམ་གྱི་བསྟན་བཅོས་འདི་ལ་ཀླན་ཀ་ཉིད་དུ་འགྱུར་བ་མ་ཡིན་ཏེ། དེ་ལྟར་བསྟན་པ་ལ་དགོངས་གཞི་ཁམས་ཡོད་པ་ལ་དགོངས་པས་རྫུན་དུ་མི་འགྱུར་བ་དང༌། སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཞེས་པའི་དགོས་པ་ཁྱད་པར་ཅན་དག་དང་བཅས་པས་ནི་ཡོད་པར་བསྟན་ལ། དགོས་པ་དེ་གྲུབ་ཟིན་པའི་འོག་ཏུ་གནས་ཚུལ་དང་མཐུན་པར་འཆད་པ་ཉིད་སངས་རྒྱས་རྣམས་ཀྱི་ཆོས་སྟོན་ཚུལ་བླ་ན་མེད་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་གྱུར་ལ། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་འབྱུང་བ་ལྟར་རོ། །དེ་བས་ན་བདེ་བར་གཤེགས་པའི་སྙིང་པོའི་མིང་ཅན་འདི་ནི། བཀའ་འཁོར་ལོ་ཐ་མའི་བསྟན་བྱའི་གཙོ་བོར་གྱུར་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་གིས་གཞི་གང་དུ་ལམ་གང་གིས་དྲི་མ་གང་སྦྱོང་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་དམ་པ་དེ་ཉིད་ཤེས་དགོས་པ་དང༌། དེ་ཉིད་མུ་སྟེགས་ཀྱིས་བཏགས་པའི་བདག་དང་མི་འདྲ་བའི་ཚུལ་དང༌། འཁོར་ལོ་དང་པོ་གཉིས་སུ་སངས་རྒྱས་ཀྱི་སྙིང་པོའི་རྣམ་གཞག་རྒྱས་པར་མི་འཆད་པའི་རྒྱུ་མཚན་བསམས་ནས་སྙིང་པོའི་དོན་ཉིད་དུ་ངེས་དགོས་པ་དང༌། སྔགས་ཀྱི་ཐེག་པ་པ་དག་གིས། རྒྱུའི་རྒྱུད་དང༌། འབྲས་བུའི་རྒྱུད་དང༌། སྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་ལྷ་སྒྲུབ་པའི་གཞི་གང་ཡིན་པ་དང༌། ཐེག་པ་གཉིས་ཀ་ལ་ཐུན་མོང་དུ་གྲགས་པའི་གནས་ཡོངས་སུ་གྱུར་པ་ཞེས་བྱ་བ་དེ་ངོ་ཤེས་པ་ལ་འདིའི་རྣམ་གཞག་ཤེས་པ་མེད་དུ་མི་རུང་བ་དང༌། སྔོན་གངས་ཅན་དུ་བྱོན་པའི་ཨ་ཏི་ཡོ་ག་དང༌། མ་ཧཱ་མུ་དྲ་ལ་སོགས་པའི་རྣམ་པར་གཞག་པ་ལ་ཡང་འདི་ཉིད་རྩ་བར་བྱས་ནས་འཆད་དགོས་པ་དང༌། ཕྱིས་གངས་ཅན་དུ་ཇོ་ཞལ་གྱི་གྲུབ་མཐར་གྲགས་པའི་མི་མཐུན་པ་ཡང༌། ཡོན་ཏན་ཀུན་ཚང་གི་སྙིང་པོ་སེམས་ཅན་ལ་ཡོད་མེད་དུ་རྩོད་པ་འདི་ལས་གཞན་བཟུང་དུ་རུང་བ་མ་མཆིས་པས། དོན་འདི་ནི་སླད་ནས་ཀྱང་རྒྱ་ཆེར་གཏན་ལ་འབེབས་པ་ཉིད་དུ་རིགས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཡང་གལ་ཏེ་འདི་སྙམ་དུ། ཐེག་པ་མཆོག་ཏུ་ཞུགས་པའི་ལས་དང་པོ་པས། བདག་ཉིད་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བྱང་ཆུབ་པར་བྱས་པའི་དགྱེས་པ་རྡོ་རྗེ་ཉིད་དུ་ང་རྒྱལ་བྱེད་པ་དེའི་ཚེ། རང་ཉིད་དེ་ཡིན་ནམ་མ་ཡིན། ཡིན་ན་གཞི་དུས་སུ་སྙིང་པོ་དངོས་ཡོད་པར་འགྱུར། མ་ཡིན་ན་དེ་ལྟར་གོམས་པས་གོམས་བྱའི་དོན་ལ་གསལ་སྣང་འབྱུང་བར་མི་འགྱུར་ཏེ། རྡོ་བ་གསེར་དུ་སྒོམ་པ་བཞིན་ནོ། །ཞེ་ན། དེ་ལྟར་དོགས་པ་སེལ་བ་ལ་མཁས་པ་ནི་བསྟན་བཅོས་འདི་ཉིད་ནས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། རིགས་གསུམ་ལ་སོགས་སངས་རྒྱས་སུ། །སྒོམ་པ་ཡིན་གྱི་ལྟ་བ་མིན། །ཞེ་གསུངས་པ་ལྟར། དེ་ལྟར་སྒོམ་པའི་བློ་དེའི་ངོར་ནི་སྒོམ་པ་པོ་རང་ཉིད་ཀྱི་དོན་དམ་པའི་བདག་གང་ཡིན་པ་དེ་ཉིད་མཚན་དཔེ་སོགས་ཡོན་ཏན་ཀུན་ཚང་གི་སངས་རྒྱས་ཉིད་ཡིན་ནོ་ཞེས་ངེས་པར་བྱས་ནས་སྒོམ་པ་ཡིན་མོད། ལྟ་བ་དང་གྲུབ་མཐའ་འཇོག་པའི་ཚེ་ནི་དེ་ཉིད་དེར་གྲུབ་ཟིན་པ་ཉིད་དུ་ཁས་ལེན་པ་མ་ཡིན་ཏེ། ཡིན་ན་གྲུབ་ཟིན་སྒྲུབ་པ་ཉིད་དུ་འགྱུར་བའི་ཕྱིར། འདི་ལ་རྗེ་བཙུན་གྲགས་པའི་ཞབས་ཀྱིས། སྒོམ་པའི་བློ་ངོར་ཡིན་པ་ལ་རྣམ་པ་སངས་རྒྱས་ཡིན་པའི་ཐ་སྙད་དང༌། ལྟ་བའི་ཚེ་མ་ཡིན་པ་ལ་འབྲས་བུ་དངོས་མ་ཡིན་པ་ཞེས་འཆད་དོ། །ཨ་ཏི་ཡོ་ག་ལས་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་བཤད་པ་ལ། བསྟན་བཅོས་འདི་པས་རྣམ་དབྱེ་འབྱེད་པ་ན། དེ་ཡང་སྒོམ་པའི་ཚེ་ཡིན་གྱི། ལྟ་བའི་ཚེ་དེ་ལྟར་མ་ཡིན་ནོ་ཞེས་འཆད་པ་ཡིན་ཏེ། གསང་སྔགས་རྙིང་མའི་ཀུན་རྫོབ་ཀུན། །ལྟ་བ་དང་འཁྲུལ་དེ་ལྟར་ཡིན། །ཞེས་འབྱུང་བས་སོ། །དེ་ལྟ་ན་ཡང་སྤྱིར་ལུགས་དེའི་ལྟ་བ་འཁྲུལ་བར་ནི་མི་བཞེད་དེ། རྒྱས་པར་འོག་ནས་འབྱུང་ངོ༌། །ཡང་གལ་ཏེ། སྙིང་པོ་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ་ཞེས་ཁས་ལེན་པ་དེའི་ཚེ། ཇི་སྐད་དུ། དེ་འདྲའི་སངས་རྒྱས་ཁམས་ཡོད་ན། །མུ་སྟེགས་བདག་དང་མཚུངས་པ་དང༌། །བདེན་པའི་དངོས་པོར་འགྱུར་བ་དང༌། །ངེས་པའི་དོན་གྱི་མདོ་སྡེ་དང༌། །རྣམ་པ་ཀུན་ཏུ་འགལ་ཕྱིར་རོ། །ཞེས་པའི་ཉེས་པ་དེ་སླར་འོངས་པ་མ་ཡིན་ནམ། ཞེ་ན། དེ་ལྟར་བཤད་པ་དེ་ནི་འཁོར་ལོ་བར་པ་དང་འགལ་བ་གནོད་བྱེད་དུ་བཀོད་ནས། འཁོར་ལོ་ཐ་མ་ནས་སྙིང་པོ་རྟག་བརྟན་དུ་བཤད་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་འཆད་པའི་སྐབས་ཡིན་ལ། བཀའ་ཐ་མའི་དགོངས་པ་གཞིར་བྱས་ནས་འཆད་པའི་ཚེ། དེ་ལྟ་བུའི་མཚན་ཉིད་ཅན་གྱི་སྙིང་པོ་དེ་སངས་རྒྱས་ལ་ཡོད་ཀྱི། སེམས་ཅན་ལ་མེད་པ་ཉིད་བཀའ་ཐ་མའི་མཐར་ཐུག་གི་དགོངས་པའོ། །ཞེས་འཆད་པ་ནི། འདི་དོན་དེ་བཞིན་གཤེགས་པ་ཡི། །སྙིང་པོའི་ལེའུའི་མདོ་སྡེ་ལྟོས། །ཞེས་པའོ། །འདིའི་དོན་ཀྱང༌། མྱང་འདས་ཆེན་པོའི་མདོ་སྡེ་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་ལེའུ་ཞེས་བྱ་བ་ཅིག་སྣང་བ་དེ་ལ་བཞེད་པ་ཡིན་ཏེ། དེར་སྙིང་པོ་སེམས་ཅན་ལ་ཡོད་པ་དགོངས་པ་ཅན་དུ་བཀྲལ་བའི་ཕྱིར། སྤྱིར་ཡང་མདོ་སྡེ་མྱང་འདས་འདིས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་བཞུགས་པར་འཆད་པ་ལ་ཕན་པ་ཡིན་ནོ་སྙམ་དུ་དགོངས་པ་དག་ཤིན་ཏུ་མང་མོད་ཀྱང༌། མདོ་དེ་ནས་ནི་དེ་ལ་གནོད་པ་ཤིན་ཏུ་མང་སྟེ། འོ་མ་ཡོད་པ་ལ་བསམས་ནས་མར་ཡོད་དོ། །ཅེས་དང༌། འཇིམ་པ་ཡོད་པ་ལ་བསམས་ནས་རྫ་མ་ཡོད་དོ་ཞེས་པ་དང་མཚུངས་པ་སོགས་ཀྱི་དཔེ་དོན་དང་སྦྱར་ནས་བཤད་པའི་ཕྱིར་དང༌། དེ་ཁོ་ནར་མ་ཟད་མདོ་སྡེ་དེ་ཉིད་ལས་བདེ་བར་གཤེགས་པའི་སྙིང་པོ་ཡོངས་སུ་རྫོགས་པར་མཐོང་བ་ནི་རྫོགས་པའི་སངས་རྒྱས་ལས་གཞན་མེད་པར་བཤད་ལ། དེ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་སྙིང་པོ་དེ་བཞུགས་པ་མ་ཡིན་པར་བཤད་པ་ཉིད་དུ་གྲུབ་སྟེ། ཡོད་ན་བྱང་སེམས་འཕགས་པས་རང་རྒྱུད་ཀྱི་སྙིང་པོ་ཡོན་ཏན་ཀུན་ཚང་བར་ཅིའི་ཕྱིར་མི་མཐོང་སྟེ། དེར་དེ་ཡོད་ན་དེ་དེའི་རང་རིག་གི་མྱོང་བྱ་ཡིན་དགོས་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། རང་བྱུང་རྣམས་ཀྱི་དོན་དམ་དེ། །ཞེས་སོགས་ཀྱི་ཤུགས་ལ་བྱང་སེམས་འཕགས་པས་རང་རྒྱུད་ཀྱི་སྙིང་པོ་མངོན་སུམ་དུ་མཐོང་བར་འཆད་དགོས་པ་མ་ཡིན་ནམ། ཞེ་ན། དེའི་ཚེ་སྙིང་པོའི་ཕྱོགས་གཅིག་མཐོང་བར་འཆད་པ་ཡིན་ཏེ། རང་རྒྱུད་ལ་སྙིང་པོའི་ཕྱོགས་རེ་ཡོད་པ་ཡིན་གྱི། ཡོངས་སུ་རྫོགས་པ་མེད་པའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར་མདོ་དྲངས་པ་ལས། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །ཞེས་སོ། །རྣམ་པ་ཐམས་ཅད་མ་མཐོང་བའི་གོ་བ་ཡང༌། ཆོས་དབྱིངས་ལ་ཆ་ཤས་ཡོད་པར་སྟོན་པ་མ་ཡིན་གྱི། སློབ་པའི་སྐབས་དེར་རང་རྒྱུད་ཀྱི་ཆོས་ཉིད་ལ་སྟོབས་སོགས་ཡོན་ཏན་ཐམས་ཅད་མ་ཚང་བའི་རྒྱུ་མཚན་གྱི་ཚང་བར་མཐོང་རྒྱུ་མེད་ལ། ཡོན་ཏན་ཀུན་མ་ཚང་ཞིང༌། སྣ་རེ་ཙམ་ཚང་བ་དེ་སྙིང་པོའི་ཕྱོགས་གཅིག་ཏུ་ཁས་ལེན་རུང་ཡང༌། སྙིང་པོ་མཚན་ཉིད་པར་མི་རུང་སྟེ། སྐྱེས་བུའི་ལུས་ཀྱི་ཆ་ཤས་བཞིན་ནོ། །ཡང་ཇི་སྐད་དུ། གསེར་གྱི་ཐུར་མ་བ་ལ་ནང་འགལ་བྱུང་སྟེ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་ལ་ཚད་མར་བྱས་ནས། སླར་ཡང་རང་སྟོང་ཁས་བླངས་ཏེ། རྒྱུད་བླའི་ལུགས་དེ་ཉིད་ཕྱོགས་སྔ་མར་བྱས་ནས་བཀག་པའི་ཕྱིར། ཞེས་གསུང་བ་ལྟ་བུ་ཅིག་སྣང་བ། དེ་ལ་བརྟག་པར་བྱ་བ་ནི། སྤྱིར་གནས་སྐབས་སུ་རང་སྟོང་དང་གཞན་སྟོང་གཉིས་ཀ་ཁས་ལེན་པ་ལ་འགལ་བ་མེད་དེ། སློབ་དཔོན་སེང་གེ་བཟང་པོ་བཞིན་ནོ། །དེས་གནས་སྐབས་སུ་གཞན་སྟོང་ཞལ་གྱིས་བཞེས་ཏེ། ཇི་སྐད་དུ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། ཞེས་པ་འདི། རྣལ་འབྱོར་གྱི་ས་གསུམ་པའི་སྒོམ་བྱུང་གི་རྣལ་འབྱོར་རམ། བསམས་བྱུང་གི་རིགས་པ་གང་རུང་དུ་བཞེད་པའི་ཕྱིར་དང༌། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པའི་འགྲེལ་པར་དེ་བཞིན་ཉིད་ཀྱི་ངོས་འཛིན་ཡེ་ཤེས་ལ་བཤད་པ་དང༌། ངོ་བོ་ཉིད་སྐུའི་འགྲེལ་པར་གནས་ཚུལ་གྱི་སྐུ་ལྷག་མ་གསུམ་པོ་ཆོས་ཉིད་དུ་བཤད་པས་སོ། །གཞན་སྟོང་སྨྲ་བ་རྣམས་ཀྱང་མཉམ་གཞག་ཏུ་སྤྲོས་པ་གཅོད་པའི་སྒོམ་ནི་རང་སྟོང་གི་གཞུང་ལུགས་དང་མཐུན་པ་ཁོ་ན་ཡིན་ཏེ། སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར། རང་སྟོང་སྨྲ་བས་ཀྱང་སྤྱོད་པ་དང་སྒོམ་པའི་ཚེ་ནི་གཞན་སྟོང་གི་ཚུལ་དང་མཐུན་པ་ཡིན་ཏེ། སྤྱོད་པས་ཚོགས་གཉིས་སོག་པ་ལ་འཇུག་པ་དེའི་ཚེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ། འགྱུར་མེད་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་མིང་ཅན་དེ་ཡོད་པར་ཁས་བླངས་པ་གཞིར་བྱས་ནས་སྤྱོད་པའི་ཕྱོགས་ལ་འཇུག་པའི་ཕྱིར། འོ་ན་གཉིས་པོའི་ཁྱད་པར་ཅི་ཞེ་ན། རྗེས་ཐོབ་ཏུ་ལྟ་བ་གཏན་ལ་འབེབས་པའི་ཚེ་གཉིས་མེད་ཀྱི་ཡེ་ཤེས་ངོ་བོས་སྟོང་མི་སྟོང་ལ་རྩོད་པ་ཡིན་ཏེ། ཇི་སྐད་དུ། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དོ། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་ན་ཡང་འདི་སྙམ་དུ། རང་སྟོང་པ་གཞིར་བཞག་ནས། རྒྱུད་བླ་མ་ནས་བཤད་པའི་སྙིང་པོ་དེ་ཡོད་པ་མ་ཡིན་པར་ཐལ། ཡོད་ན་བདེན་དངོས་སུ་འགྱུར་བ་དང༌། ངེས་དོན་གྱི་མདོ་སྡེ་དང་འགལ་བའི་ཕྱིར། ཞེས་པའི་ཉེས་པ་འདི་སྤོང་མི་ནུས་སོ། །ཞེ་ན། དེ་ལ་ནི་ལྟ་བའི་ཚེ་ན་འདོད་པ་དང༌། སྤྱོད་པའི་ཚེ་ན་རྟགས་མ་གྲུབ་པ་དང་ཁྱབ་པ་མ་ངེས་པ་གང་རུང་ངོ༌། །སྤྱིར་ཁོ་བོ་ཅག་ནི་སྟོང་ལུགས་གཉིས་ཀ་ཡང་ཤིང་རྟའི་སྲོལ་སོ་སོ་ལ་བརྟེན་པའི་གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་དབུ་མར་གནས་པ་ལ་ཁྱད་པར་མེད་ཅིང༌། གཉིས་ཀའི་སྐབས་སུ་ཡོད་པ་དང་བདེན་པར་ཡོད་པ་ལ་ཁྱད་པར་མེད་དོ། །དེ་ལྟར་བཤད་པ་འདིས་ནི་སེང་གེ་བཟང་པོས་རྒྱན་གྱི་དགོངས་པ་ཇི་བཞིན་མ་བཀྲལ་བར་འགྱུར་ཏེ། རྒྱན་གྱིས་དེ་བཞིན་ཉིད་དགེ་བར་བཤད་པ་ལ་སློབ་དཔོན་དེས་རང་སྟོང་དུ་བཀྲལ་བའི་ཕྱིར། ཁྱབ་པ་ཁས་བླངས་སོ་ཞེས་པའི་ལན་ཀྱང་བཏབ་པ་ཡིན་ཏེ། རང་ལུགས་ཀྱི་ལྟ་བ་གཞིར་བྱས་ནས་མཐར་ཐུག་པའི་ཚེ། དེ་བཞིན་ཉིད་དགེ་བར་ཁས་ལེན་མི་ལེན་གྱི་ཁྱད་པར་བྱུང་བ་ཡིན་གྱི། ཞི་འཚོ་ཡབ་སྲས་ལྟ་བུ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བྱ་བ་རང་སྟོང་གི་ཚུལ་ལ་གནས་པ་དག་གིས་ཐ་སྙད་ཀྱི་བདེན་པ་དང༌། སྤྱོད་པ་རྣམ་འཇོག་གི་ཚུལ་གཞན་སྟོང་བ་དང་མཐུན་པར་སྨྲ་བའི་ཕྱིར་རོ། །མདོར་ན་དེ་བཞིན་ཉིད་མེད་དགག་གི་ཆ་ནས་འཛིན་པའི་ཚེ་དགེ་བར་རུང་བའི་གོ་སྐབས་མེད་ཅིང༌། མ་ཡིན་དགག་གི་ཆ་ནས་ངོས་འཛིན་པ་དེའི་ཚེ། དོན་དམ་དང་ཐ་སྙད་གཉིས་ཆར་དུ་དགེ་བར་འཇོག་པ་ནི་གཞན་སྟོང་སྨྲ་བའི་ལུགས་དང༌། མ་ཡིན་དགག་གི་ཆ་དེ་ཉིད་ཐ་སྙད་དང་སྤྱོད་པའི་ཚེ་དགེ་བར་འཇོག་ཅིང༌། ལྟ་བའི་ཚེ་དེར་མི་འཇོག་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་སྟོང་བ་དག་གི་ལུགས་ཏེ། འཕགས་སེང་གཉིས་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དུ་གྱུར་པའི་སྟོང་ཉིད་དེའི་ངོས་འཛིན་ཡུལ་ཅན་ཡེ་ཤེས་ལ་བཤད་ཅིང༌། དེ་ཉིད་དགེ་བ་ལས་འོས་མེད་ལ། དེ་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་དུ་འཆད་པ་ནི་ལྟ་བའི་འཇོག་མཚམས་མཐར་ཐུག་པའོ། །སྐབས་འདིར་གསེར་གྱི་ཐུར་མ་ལས། །འོན་ཀྱང་མདོ་སྡེ་འགའ་ཞིག་ཏུ། །གོས་ཧྲུལ་ནང་ན་རིན་ཆེན་ལྟར། །སེམས་ཅན་རྣམས་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །ཐེག་ཆེན་རྒྱུད་བླའི་བསྟན་བཅོས་སུ། །དགོངས་པ་ཅན་དུ་བཀྲལ་ཞེས་བྱ། །ཞེས་སྨྲས་པ་ལ། གཞུང་བཅོས་པས་ཉེས་པ་ཆེན་པོར་འགྱུར་རོ། །ཞེས་ཟེར་བ་དག་མང་ཞིང༌། དེ་ནས་ཀྱང་དེ་དང་ཆ་མཐུན་པ་ཞིག་གསུང་བ་དེའི་ལན་ནི། ཚིགས་བཅད་དེ་གཞུང་གི་ནང་དུ་འཇུག་དགོས་སོ་ཞེས་བྱ་བའི་དོན་ག་ལ་ཡིན། གཞུང་འཆད་ཚུལ་ལ་དཀའ་བའི་གནས་ཤར་བ་ན་འབྲུ་གནོན་པའི་ཚུལ་འདི་ལྟར་རོ་ཞེས་ཚིག་ཉུང་ངུར་བསྡུས་པ་ཡིན་ཏེ། དཔེར་ན་ཚད་མ་རྒྱན་གྱིས་རྣམ་འགྲེལ་བཤད་པའི་ཚུལ་བཞིན་ནོ། །གཞན་དུ་ན་ཊཱི་ཀ་བྱེད་པ་ཐམས་ཅད་ཀྱིས་གཞུང་བཅོས་པར་འགྱུར་ཏེ། གཞུང་ཉིད་སྒྲ་ཇི་བཞིན་པར་ནི་སུས་ཀྱང་མ་བཞག་པའི་ཕྱིར་རོ། །འདིར་སྨྲས་པ། འཁོར་ལོ་ཐ་མར་གསུངས་པ་ཡི། །སྙིང་པོ་སེམས་ཅན་ལ་མེད་ཅེས། །ཟེར་བ་བསྟན་ལ་གནོད་པའི་ཚིག །ཡིན་ནོ་གསུང་བ་མང་ཞེས་གྲགས། །འོ་ན་ས་པཎ་ལྟ་ཅི་སྨོས། །མཁྱེན་རབ་དབང་ཕྱུག་རིན་ཆེན་གྲུབ། །བསྟན་ལ་གནོད་པའི་བགྱི་བ་ཡིས། །མཛད་པ་དོན་མེད་མ་གྱུར་ཏམ། །དེ་ལ་ཁ་ཅིག་འདི་སྐད་དུ། །འོ་ན་ཀུན་མཁྱེན་དོལ་པོ་པ། །སེམས་ཅན་རྣམས་ལ་ཕན་པའི་ལས། །ཁོ་ན་མཛད་པས་འགྱོད་འགྱུར་རམ། །ཟེར་ན་དེ་ཡིས་སེམས་ཅན་ལ། །དེ་ཡོད་གསུངས་པའི་དགོས་པ་མང༌། །སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེས་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་བལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །བུ་སྟོན་མཁས་པས་སེམས་ཅན་ལ། །སྟོབས་དང་མ་འདྲེས་ལ་སོགས་པ། །སངས་རྒྱས་ཆོས་རྣམས་ཡོད་མིན་ཞེས། །གསུངས་པ་ལུང་དང་རིགས་པའི་ལམ། །ཡོན་ཏན་ཀུན་ཚང་བདག་དམ་པ། །སེམས་ཅན་ཀུན་ལ་རང་ཆས་སུ། །ཡོད་པ་གྲངས་ཅན་ལུགས་སོ་ཞེས། །གང་གསུང་རྗེ་བཙུན་ས་སྐྱ་པའོ། །དེ་ལྟར་ཁམས་དང་སྙིང་པོ་ཡི། །རྣམ་པར་དབྱེ་བ་ཚུལ་བཞིན་དུ། །བཤད་ལ་དགེ་བ་གང་ཡོད་པ། །དེ་ཡིས་འགྲོ་བ་ཐམས་ཅད་ཀྱིས། །རྒྱུ་རྒྱུད་རང་བཞིན་འོད་གསལ་བའི། །དྲི་མ་ལམ་གྱིས་སྦྱངས་བྱས་ནས། །གནས་གྱུར་ཡོན་ཏན་ཀུན་ཚང་བ། །མངོན་དུ་བྱེད་ལ་གེགས་མེད་ཤོག།  །།གཉིས་པ་ལེའུ་ཕྱི་མ་ལས་བརྩམས་པའི་འབེལ་བའི་གཏམ་ལ་གཉིས་ཏེ། གསེར་གྱི་ཐུར་མས་སྔ་འགྱུར་གྱི་ཆོས་བཀག་པར་དོགས་པའི་ལན་དང༌། མ་བཀག་ན་དཔལ་འཛིན་གྱི་ལུང་བཤད་ཡམས་སུ་འགོད་པ་མི་རིགས་པའི་ལན་ནོ། །དང་པོ་ནི། སྤྱིར་གཞུང་རྩ་བ་ན། གསང་སྔགས་རྙིང་མའི་ཀུན་རྫོབ་ཀུན། །ཞེས་དང༌། གཞན་ཀྱང་གསང་སྔགས་གསར་རྙིང་ལ། །ཞེས་སོགས་རྙིང་མའི་མཚན་སྨོས་ནས་དཔྱད་གཞིར་བཞག་པ་འགའ་ཞིག་སྣང༌། ཁོ་བོ་ཅག་གི་འབེལ་གཏམ་རྣམ་པར་ངེས་པའི་ཡི་གེ་དཀྱུས་མ་ན་ནི། གསར་རྙིང་ལ་ཆོས་ཡིན་མིན་གྱི་རྣམ་དབྱེ་བྱས་པ་ལྟ་ཅི་སྨོས། རྙིང་མ་ཞེས་པའི་ཚིག་ཙམ་ཡང་བརྗོད་པའི་ལམ་ནས་བྱུང་བ་མེད་ཀྱི་སྟེང་དུ། དྲི་བ་དང་ལན་གཉིས་ཀའི་ནང་ན་འགོས་ལོ་ཙཱ་བ་སོགས་ཀྱིས་ཆོས་ལོག་དྲི་མ་ཅན་དུ་བགྲངས་པའི་རྣམ་གྲངས་མང་པོ་པ་དེ་དག་དེ་ལྟར་དུ་འཐད་ན་ཧ་ཅང་ཐལ་བར་འགྱུར་བའི་ཀླན་ཀ་དག་བཀོད་ནས། བོད་ཀྱིས་སྦྱར་བའི་རྒྱུད་དུ་འདོད་པ་དེ་དག་གི་ནང་ནའང་བཀའ་དང་འདྲ་བའི་བསྟན་བཅོས་དག་ཡོད་པ་ཡིན་ཞེས་རང་གི་ལུགས་གསལ་པོར་སྨྲས་པ་དེ་ལ་མི་རྟོག་པར། གྲུབ་མཐའ་ལ་མ་ཞུགས་པའི་ཁྱིམ་པ་དག་གིས། དཔལ་འཛིན་གྱིས་སྨྲས་པའི་ཚིག་དེ་དག་ཁ་བཏོན་དུ་བྱས་པ་ན། གྲུབ་མཐའ་བར་ཁས་འཆེ་བའི་སྨྲ་བ་པོ་དག་ཀྱང༌། ལ་ལ་དག་རྟོག་དཔྱོད་མ་བཏང་བར་གང་ཐོས་དབྱངས་སུ་གྱེར་བའམ། སྨྲ་བ་པོ་ཁ་ཅིག་ནི་འགའ་དང་འགའ་ལ་ཕྲ་མ་བགྱི་བའི་བསམ་པ་ཁོ་ན་སྔོན་དུ་བཏང་ནས། གཞུང་རྩ་བ་ན་ཅི་ཡོད་མི་རྟོག་པར་འབེལ་གཏམ་གྱི་ཚིག་ཁོ་ན་ལ་སྐྱོར་འབྱིན་བྱེད་པ་དག་ཡོད་པར་སྣང་ངོ༌། །འདི་ལ་བཞི་སྟེ། རང་གི་འདོད་པ་མདོར་བསྡུས་ཏེ་བརྗོད་པ། བསྟན་བཅོས་རྩ་བའི་དགོངས་པ་ཇི་ལྟར་ཡོད་པ། གཞན་གྱི་ན་ཡམས་ཡི་གེར་འགོད་པའི་རྒྱུ་མཚན། བཤད་ཡམས་དེ་ལ་མདོར་ལེན་ཇི་ལྟར་ཡོད་པའོ། །དང་པོ་ནི། གསར་རྙིང་ཞེས་པའི་ཐ་སྙད་འདི་དོན་ལ་ཇི་ལྟར་གནས་ཀྱང༌། རེ་ཤིག་གྲགས་ཆེ་བ་སོར་གཞག་ནས་བརྗོད་ན། ཐོག་མར་གསར་རྙིང་གི་ཆོས་དང་གང་ཟག་ཤན་ཕྱེད་པར་བྱས་ནས། གང་ཟག་གཉིས་ཀ་ལ་འཁྲུལ་པ་མེད་པར་སྨྲ་བ་ནི་མ་ཡིན་གྱི། ཆོས་གཉིས་ཀ་འཁྲུལ་མེད་དུ་ཁས་ལེན་ནོ། །འདི་ལ་གཉིས་ཏེ། ཆོས་འཁྲུལ་མེད་དུ་བསྟན་པ་དང༌། གང་ཟག་ལ་འཁྲུལ་པ་ཡོད་མཉམ་དུ་མཚུངས་པའོ། །དང་པོ་ནི། སྤྱིར་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དེའི་ཚེ་དེ་ལྟར་འདོད་པ་དེས། ཀ་ཅོག་ཞང་གསུམ་གྱིས་བསྒྱུར་བའི་སྡེ་སྣོད་གསུམ་གྱི་ཆོས་རྣམས་དང༌། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད། ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བ་ཐམས་ཅད་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་ཏུ་གསང་སྔགས་བླ་མེད་ཀྱི་རྒྱུད་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དཔལ་གསང་བ་འདུས་པ་དང༌། ཟླ་གསང་ཐིག་ལེ་དང༌། སངས་རྒྱས་མཉམ་སྦྱོར་རྣམས་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་གསུམ་ནི་རྙིང་མའི་ལུགས་ཀྱི་ཏན་ཏྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དེའི་གཙོ་བོར་གྱུར་པ་དང༌། རྩ་བ་དེ་གསུམ་ལ་བརྟེན་ནས་བོད་དུ་རྙིང་མར་གྲགས་པའི་ཆོས་མང་ཞིང་བྱུང་བར་སྔོན་གྱི་ཆེན་པོ་དག་གིས་འཆད་པའི་ཕྱིར། བྱེ་བྲག་ཏུ་ཡང་ཕུར་པ་ཆོས་མ་ཡིན་པར་ཁས་ལེན་པ་དག་ཡོད་ན། དེ་ནི་རྒྱུད་ཀྱི་རྒྱ་དཔེ་དང༌། ལོ་ཙཱ་བ་ཚད་ལྡན་གྱིས་བསྒྱུར་བ་སོགས་ཀྱི་གཏན་ཚིགས་ལས་རྣམ་དག་ཏུ་གྲུབ་ཟིན་པ་དང༌། ཁྱད་པར་རྙིང་མའི་རྒྱུད་དུ་གྲགས་པ་གཞན་རྣམས་རྒྱུད་འབུམ་གྱི་དཀར་ཆག་ཏུ་འདེབས་པར་མི་མཛད་པའི་ཆེན་པོ་དེ་དག་གིས་ཀྱང༌། ཡང་དག་དང་ཕུར་པ་ནི་རྩོད་མེད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན་རལ་གྲི་དང་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལས་བཤད་པ་བཞིན་ནོ། །འདི་ལ་གཉིས་ཏེ། གསར་རྙིང་གི་ཐ་སྙད་ལ་དཔྱད་པ་དང༌། དོན་གྱི་གནས་ལུགས་ཇི་ལྟར་ཡིན་པའོ། །དང་པོ་ནི། སྦྱོར་ཆོས་གསར་རྙིང་གི་ཐ་སྙད་ཅིག་སྣང་བ་དེ་སྔ་འགྱུར་དང་ཕྱི་འགྱུར་ལ་གྲགས། དེའི་གོ་བ་ཡང་ལོ་ཆེན་རིན་ཆེན་བཟང་པོས་འགྱུར་མཛད་པ་ཚུན་ཆད་གསར་འགྱུར་དང༌། དེ་ཡན་ཆད་ལ་སྔ་འགྱུར་དུ་བྱེད་པ་ཡིན་མོད། རྗེས་སུ་གསང་སྔགས་གསར་རྙིང་ཞེས་གྲགས་པ་འདི་ནི། ལོ་ཆེན་བྱོན་པ་ཚུན་དག་མ་དག་གི་དཔྱད་གཞི་བྱུང་བ་ལ་བརྟེན། སྤྱི་མིང་བྱེ་བྲག་ལ་བཏགས་ནས་གསང་སྔགས་བླ་མེད་ཀྱི་དབང་དུ་བྱས་པའི་གསར་རྙིང་ཞེས་རང་དགར་གྲགས་པའོ། །གསར་རྙིང་གི་ཁྱད་པར། སྟོན་པ་དང༌། འཁོར་དང༌། ཆོས་ལ་སོགས་པའི་སྒོ་ནས་འཆད་པ་དག་སྣང་ཡང༌། ཡང་དག་པ་མ་ཡིན་ཏེ། ཡིན་ན་འཕགས་ཡུལ་ཉིད་ནས་དེ་ལྟ་བུའི་དབྱེ་བ་འབྱུང་རིགས་པ་ལས་མ་བྱུང་བའི་ཕྱིར་དང༌། བོད་དུ་གསར་རྙིང་དུ་གྲགས་པ་འདི་ལ་འཕགས་ཡུལ་དུ་གསར་རྙིང་གི་ཐ་སྙད་ལྟ་ཅི། བོད་དུ་གྲགས་པ་ལྟར་བཤད་སྲོལ་མི་འདྲ་བ་རྒྱུད་སོ་སོར་ངེས་པ་མང་པོ་དག་དང༌། གང་ཟག་གི་བརྒྱུད་པ་ཡང་སོ་སོར་ངེས་པ་ཁོ་ན་ཡོད་ན། ཕྱི་མའི་དུས་སུའང་དེ་ལྟར་དུ་གྲགས་པ་ཆེན་པོས་གྲུབ་དགོས་པ་དང༌། ཕྱིས་ཀྱི་འགྱུར་མཛད་པ་པོ་རྣམས་ཀྱིས་ཀྱང་ཆ་ཤས་ཙམ་ལ་གསར་འགྱུར་མཛད་པར་རིགས་ཏེ། དཔེར་ན་སྔ་འགྱུར་གྱི་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞིའི་ཆོས་རྣམས་ལ། ཕྱི་འགྱུར་མཛད་པ་རྣམས་ཀྱིས་ཀྱང་གསར་འགྱུར་དང༌། འགྱུར་བཅོས་དང༌། ཞུས་དག་གིས་གཏན་ལ་ཕབ་པ་བརྒྱུད་མར་བྱུང་བ་བཞིན་ནོ། །དེས་ན་གསར་རྙིང་གི་ཐ་སྙད་ནི། སྤྱིར་བོད་དུ་དང་ཁྱད་པར་སྔ་འགྱུར་གྱི་ལྟ་སྤྱོད་ལ་ལོག་པར་རྟོག་པ་མང་དུ་བྱུང་བ་དེ་ཕྱིས་རྩོད་པ་ཅན་དུ་གྱུར་པ་ལ་བརྟེན་ནས། སྔོན་གྱི་ལྟ་སྤྱོད་དག་པ་དང་མ་དག་པ་གཉིས་ཀ་ལ་རྙིང་མ་ཞེས་བཏགས་ཤིང༌། གསར་མའི་ཐ་སྙད་ཀྱང་དེ་དང་འདྲ་སྟེ། ཕྱིས་རྒྱ་གར་ནས་གསར་དུ་འགྱུར་བའི་ཆོས་ཡིན་ངོ་ཤེས་པ་རྣམས་དང༌། དེ་ལ་འདྲ་ལེན་བྱས་ནས་བོད་མང་པོས་རྒྱ་གར་ལ་ཁུངས་ཕྱུང་སྟེ་སྦྱར་བའི་མདོ་རྒྱུད་དང་བསྟན་བཅོས་སུ་མཚན་གསོལ་བ་མང་པོ་དག་ལ་ཡང་གསར་མ་ཞེས་བཏགས་སོ། །དེའི་ཕྱིར་གསང་སྔགས་རྙིང་མ་པ་ལ་ཡོད་པའི་རྒྱུད་གཞུང་གི་ཆོས་ཇི་སྙེད་པ་གསང་སྔགས་རྙིང་མ་ཡིན་པའི་ངེས་པ་མེད་ཅིང༌། གསར་མ་ལ་ཡང་དེ་བཞིན་ནོ། །དེ་ལྟར་ཐ་སྙད་ལ་དཔྱད་ནས་དོན་གྱི་གནས་ལུགས་ཇི་ལྟར་ཡིན་པ་ནི། བསྟན་པ་འདིའི་བདག་པོ་སྟོན་པ་ཐུབ་པའི་དབང་པོས། ཆགས་བྲལ་གྱི་གཟུགས་སམ་འཁོར་ལོ་བསྒྱུར་བའི་གཟུགས་ཀྱིས་གསུངས་ཀྱང་རུང་སྟེ། སྟོན་པ་གཅིག་པུ་དེ་ཉིད་ཀྱིས་གསུངས་པའི་ལྷ་དང་སྔགས་ཀྱི་རིམ་པ་ཁོ་ན་ཉམས་སུ་བླངས་པ་ལས་གྲུབ་པ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་དང༌། དེའི་དངོས་ཀྱི་སློབ་མ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས་གྲུབ་པའི་ས་བརྙེས་པ་དེ་དང་དེ་དག་གིས། བོད་དུ་དམ་པའི་ཆོས་དར་བ་ལ་གེགས་སུ་གྱུར་པའི་ལྷ་འདྲེ་གདུག་པ་ཅན་འདུལ་བ་དང༌། རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་རྣམས་རིག་འཛིན་གྱི་ས་ལ་འགོད་པའི་ཕྱིར་དུ། གང་དང་འཚམ་པའི་ལྷ་དང་སྔགས་དང་ལྟ་བའི་རིམ་པ་རྣམས་གསུངས་པ་དང༌། དེའི་དོན་ཚུལ་བཞིན་དུ་སློབ་མས་ཉམས་སུ་བླངས་པ་དང༌། དེ་ལས་གྲུབ་པའི་ས་བརྙེས་པའི་རིག་པ་འཛིན་པ་མང་དུ་བྱོན་པ་དང༌། དེ་དང་མཐུན་པའི་སྙན་བརྒྱུད་དང་དགོངས་པ་ཡི་གེར་བཀོད་པ་ལ་བརྟེན་ནས་རྙིང་མར་གྲགས་པའི་ཆོས་རྣམ་པར་དག་པ་དེ་ཉིད་བྱུང་བ་ཡིན་ལ། འདི་དག་ལ་ཡང་ཡང་དག་པར་ན་བསྟན་བཅོས་ཀྱི་མཚན་ཉིད་ཚང་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཅེས་སོགས་ཀྱི་མཚན་ཉིད་དེ་ཚང་བའི་ཕྱིར། སློབ་དཔོན་པདྨས་གསུངས་པའི་བསྟན་བཅོས་ནི་སངས་རྒྱས་ཀྱི་བཀའ་དང་ཁྱད་པར་ཡོད་པ་མ་ཡིན་ཏེ། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་པའི་ཕྱིར། དཔེར་ན། རྗེ་བཙུན་བྱམས་པའི་ཆོས་ལྔ་དང༌། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང༌། དེའི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་བཞིན་ནོ། །དེའི་སློབ་མ་རིག་འཛིན་གྱི་ས་ལ་བཞུགས་པ་དག་གིས་བཤད་པའང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་བཀའ་དངོས་དང༌། རྒྱ་གར་གྱི་མཁན་པོས་བྱས་པའི་བསྟན་བཅོས་མ་ཡིན་ཀྱང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མི་འཁྲུལ་བའི་ཕྱིར། དཔེར་ན་རྗེ་བཙུན་མི་ལ་དང༌། ས་སྐྱ་པ་ཆེན་པོ་ལ་སོགས་པས་མཛད་པའི་བསྟན་བཅོས་རྣམས་བཞིན་ནོ། །འཕགས་ཡུལ་ནས་འགྱུར་བའི་བཀའ་དང་བསྟན་བཅོས་དངོས་མ་ཡིན་ཀྱང༌། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་མི་བསླུ་བ་དག་མཐོང་སྟེ། སྨན་དཔྱད་ཀྱི་རྒྱུད་སྡེ་བཞི་པོར་གྲགས་པ་དག་བཞིན་ནོ། །སྔགས་ཀྱི་ཚིག་རྣམས་འཕགས་ཡུལ་གྱི་སྐད་དང་མཐུན་པར་མ་བྱུང་ཡང༌། སྔགས་འབྲས་འགྲུབ་པ་མི་འགལ་ཏེ། སྔགས་འབྲས་བྱིན་གྱིས་བརློབས་པའི་ནུས་མཐུ་དང་ལྡན་པ་དག་གིས་བྱས་པའི་ཕྱིར། དཔེར་ན་རྗེ་བཙུན་དམ་པ་རྒྱ་གར་གྱིས་མཛད་པའི་རྟེན་འབྲེལ་སྣ་ཚོགས་པ་རྣམས་བཞིན་ནོ། །དེ་སྐད་དུ་ཡང༌། འགའ་ཡིས་བརྡ་བྱས་ཉིད་ཡིན་ན། །སྔགས་རྣམས་འབྲས་བུ་སྒྲུབ་བྱེད་ཡིན། །ཞེས་དང༌། གང་ཡང་རྒྱུད་རིགས་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །འདི་དག་གི་དེ་གཙོ་བོའི་མཐུ། །དེ་བཤད་རིགས་པས་འཇུག་ཕྱིར་དང༌། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་རྒྱུད་དུ་མིང་བཏགས་ནས་བོད་ཀྱིས་སྦྱར་བ་ལ་ཆོས་ལོག་གི་ཁྱབ་པ་མ་ངེས་ཏེ། རྒྱུད་དངོས་མ་ཡིན་ཀྱང་བསྟན་བཅོས་རྣམ་དག་ཏུ་མི་འགལ་བའི་ཕྱིར་དང༌། སྔགས་རྣམས་ལེགས་སྦྱར་ལ་སོགས་པའི་སྐད་དུ་མ་དམིགས་ཀྱང༌། སྔགས་འབྲས་བྱིན་གྱིས་བརློབས་པའི་མཐུ་དང་ལྡན་པ་དག་གིས་བྱས་པར་མི་འགལ་བའི་རྒྱུ་མཚན་གྱིས་གང་དང་གང་ལ་དམིགས་པའི་ནུས་པ་ཐོན་པ་དག་མཐོང་བའི་ཕྱིར། བོད་ཀྱི་ལྷ་འདྲེའི་སྔགས་དང༌། དཀྱིལ་འཁོར་གྱི་ལྷ་ལ་བཀོད་པ་སོགས་ཡོད་པའི་རྟགས་ཀྱིས། རྒྱ་གར་ནས་བསྒྱུར་བའི་ཆོས་མ་ཡིན་པར་འགྲུབ་ཏུ་ཆུག་ཀྱང༌། གསང་སྔགས་ཀྱི་ཆོས་རྣམ་དག་མ་ཡིན་པར་མི་འགྲུབ་སྟེ། ཡང་ཕུར་དང་དེ་ལས་འཕྲོས་པའི་གསང་སྔགས་ཀྱི་ཆོས་འདི་དག་ནི། གདུལ་བྱ་བོད་ཀྱི་མི་དང་མི་མ་ཡིན་པ་དག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར། དཔེར་ན། གདུལ་བྱ་འཕགས་ཡུལ་གྱི་དབང་དུ་བྱས་ནས་གསུངས་པའི་སྔགས་དང་ལྷའི་ནང་ན། ཡུལ་དེ་དང་དེར་གྲགས་པའི་ལྷ་ཀླུ་དང་འབྱུང་པོའི་ཚོགས་ཀྱི་གཟུགས་དང་སྔགས་དང་སྒྲུབ་ཐབས་ཀྱི་རིམ་པ་མང་པོ་དག་འབྱུང་བ་བཞིན་ནོ། །སྤྱིར་བཀའ་དངོས་མ་ཡིན་པ་དང༌། བོད་ཀྱིས་སྦྱར་བའི་སྒྲུབ་ཐབས་ཉམས་སུ་བླངས་པས། མཆོག་འགྲུབ་པར་མི་འགྱུར་རོ། །ཞེས་སྨྲ་བ་དག་གིས་ནི་ཐམས་ཅད་འཁྲུལ་པར་བྱས་ཏེ། རྒྱུད་སྡེ་ནས་གསུངས་པའི་ལྷའི་ཚོགས་རྣམས་ཀྱི་སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག་ཕལ་ཆེར་ནི་པཎྜི་ཏས་སྦྱར་བའི་བསྟན་བཅོས་དང༌། བོད་ཀྱི་བླ་མ་དག་གིས་སྦྱར་བའི་གསུང་རབ་ལ་བརྟེན་པར་འདུག་པ་འདི་ཐམས་ཅད་ཡིད་བརྟན་མི་རུང་བ་ཉིད་དུ་བཤད་པའི་ཕྱིར་རོ། །གང་ཡང་གསང་སྔགས་རྙིང་མའི་ཆོས་ལ་མོས་པ་དང་རབ་ཏུ་མགུ་བ་ལྷུར་བྱེད་པ་དག་གིས་ནི། བཀའ་བསྲུངས་དག་གི་གསོལ་མཆོད་རེ་ཙམ་དང༌། ཕ་ཇོའི་ཆ་ལུགས་རེ་ཙམ་འཛིན་པ་དང༌། རྙིང་མའི་རྒྱུད་དུ་གྲགས་པ་རྣམས་ལ་རྒྱ་དཔེ་རེ་ཙམ་འཚོལ་བའི་ངལ་བས་ཆོག་པ་མ་ཡིན་གྱི། དེའི་ལུགས་ཀྱི་ལྟ་བ་དང་སྤྱོད་པ་ལ་ཆོས་ཀྱི་རྗེས་སུ་འབྲངས་པའི་རྣམ་དཔྱོད་ཀྱིས། ཆོས་མིན་དང་མ་འདྲེས་པའི་ཚུལ་ལ་ཚད་མས་དྲངས་པའི་ངེས་པ་བརྟན་པོ་རྙེད་པ་ཞིག་དགོས་སོ། །དེ་ཡང་ཆོས་དེའི་ཁྱད་ཆོས་ཀྱི་གཙོ་བོ་ནི་ལྟ་བས་ཆེ་བར་ཁས་ལེན་དགོས་པ་ཡིན་ཏེ། དབུ་མ་ཆེན་པོ་དང་རྣལ་འབྱོར་ཆེན་པོ་ལས་ལྷག་པའི་ལྟ་བ་ཅིག་ཨ་ཏི་ནས་བཤད་པར་ཁས་ལེན་དགོས་པ་དང༌། ལྷག་པར་ཁས་མི་ལེན་དུ་ཆུག་ནའང༌། རང་ལུགས་ཀྱི་ལྟ་བ་ལ་ཕུ་ཐག་ཆོད་པར་བྱས་ནས་ཆོས་གཞན་ལ་འགྲམ་ཆུ་མི་ལྡང་བ་དང༌། རྐུ་འཕྲོག་གཡར་གསུམ་དང་མ་འདྲེས་པར་བྱ་དགོས་པའི་ཕྱིར། དེང་སང་གངས་ཅན་གྱི་ཀློག་པ་པ་དག་གི གསར་མ་ལས་ཀྱང་ཆེས་གསར་མར་གྱུར་པའི་གྲུབ་པའི་མཐའ་དག་གློ་བ་ལ་བྱང་ཞིང་ཞེན་པར་བྱས་ནས། ཚིག་གི་བརྗོད་པ་ལ་ཁོ་བོ་ཅག་ནི་རྫོགས་པ་ཆེན་པོ་པའམ། ཕྱག་རྒྱ་པའམ། བཀའ་གདམས་པའམ། ས་སྐྱ་པ་ཡིན་ནོ་ཞེས་སྨྲ་བ་དག་མང་བའི་ཕྱིར་རོ། །དེ་ལྟར་ན་དྲུང་དེ་ནས་རྙིང་མ་པ་དང༌། ཁྱད་པར་སེམས་ཕྱོགས་ཞལ་གྱིས་བཞེས་ཐག་ཆོད་ན། འདི་ལྟར་བཞེད་དགོས་ཏེ། ལྟ་བ་ཁས་ལེན་དང་བྲལ་བ། སྒོམ་པ་ཡིད་བྱེད་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། ཞེས་བྱ་བ་འདི་ཞེ་ཐག་པ་ནས་བཞེད་དམ། མི་བཞེད་ན་སེམས་ཕྱོགས་ཞལ་གྱིས་བཞེས་པ་གཞན་ངོ་ཙམ་དུ་ཟད། བཞེད་ན་དེང་སང་གངས་ཅན་ན་ལུགས་དེ་ཐོས་ན་སྙིང་གས་ནས་སྲོག་འདོར་བར་བྱེད་པ་དག་མང་ན། དེ་དག་དང་དགག་སྒྲུབ་ཀྱི་བགྱི་བ་གཟེངས་བསྟོད་དེ་ལྷུར་ལེན་པར་མཛོད་ཅིག ཁོ་བོ་ཅག་ནི་ཆོས་བཞི་པོ་དེ་ལྟར་དུ་ཁས་ལེན་པ་ལ་སྔོན་ཉིད་ནས་སྤོབས་པར་གྱུར་རོ། །དེ་ཡང་ལྟ་སྒོམ་འབྲས་གསུམ་པོ་དེ་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་ཤིང་རྟའི་སྲོལ་མཐར་ཐུག་ཏུ་མཐུན། སྤྱོད་པའི་ཚུལ་དེ་ལ་གཞན་དག་གིས། ཇི་སྐད་དུ། བླང་དོར་མེད་པ་སྤྱོད་པ་མིན། །དེ་ནི་ལྟ་བའི་རྣམ་གཞག་ཡིན། །ཞེས་ཟེར་ན། དེའི་ལན་ནི། རྣམ་ཤེས་ཀྱི་ངོ་ན་བླང་དོར་ཡོད་ཀྱང༌། ལྟ་བས་ཟིན་པའི་ཚེ་བླང་དོར་གྱི་མཚན་མར་མི་འཛིན་ཞེས་འཆད་ཀྱིན་ཡོད་པ་ཡིན། ཡང་སེམས་ཕྱོགས་བཞེད་ཐག་ཆོད་ན། གནས་སྐབས་སུ་གང་སྣང་ཐམས་ཅད་རང་སེམས་ཡིན་པ་འདི་བཞེད་དམ་མི་བཞེད། མི་བཞེད་ན་སེམས་ཕྱོགས་དཔྱིས་ཕྱིན་པ་ཇི་ལྟར་འཆད། བཞེད་ན་ཆོས་གཞན་ངོ་དང་མི་བསྟུན་པ་ཉིད་དུ་གསུང་གཟེངས་མཐོན་པོས་ཞལ་གྱིས་བཞེས་དགོས། ཁོ་བོ་ཅག་ནི་དེ་ལྟར་ཁས་ལེན། མ་བླངས་ན་ཐེག་པ་རིམ་དགུ་ལྟ་ཅི་སྨོས། མདོ་སྡེ་པ་ཡན་ཆོད་ཀྱི་གྲུབ་མཐའ་ཀུན་དང་འགལ། དེའི་རྒྱུ་མཚན་གྱིས་ཁོ་བོ་ཅག་ནི། གཞན་སྣང་གི་གཟུགས་སྐུ་གཉིས་སངས་རྒྱས་དངོས་མ་ཡིན་པ་དང༌། སངས་རྒྱས་རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བར་ཁས་ལེན་པ་ཡིན། ཡང་དེ་ལྟར་སེམས་ཕྱོགས་དང་སྒྱུ་འཁྲུལ་བཞེད་ངེས་ན། གཞིའི་དུས་སུ་ཀུན་རྫོབ་ཚད་མས་མི་འགྲུབ་པ་དང༌། འབྲས་བུའི་དུས་སུ་སེམས་ཅན་གྱི་ལས་སྣང་ཇི་སྙེད་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བ་ཞེས་བྱ་བ་འདི་བཞེད་དམ་མི་བཞེད། མི་བཞེད་ན། ཆོས་དེ་དག་ལ་ངེས་པ་གཏིང་ནས་འདྲོངས་པ་དང༌། བཀའ་བསྲུངས་ཁྲོ་བོའི་ཚོགས་རྣམས་དགྱེས་པར་མཛད་པ་དང༌། སློབ་དཔོན་བདག་ཉིད་ཆེན་པོའི་ཐུགས་འཁྲུག་པར་མི་མཛད་པ་སོགས་སུ་ཞལ་གྱིས་བཞེས་པ་འགལ། ཁོ་བོ་ཅག་གིས་ནི་དེ་ལྟར་ཁས་བླངས་སོ། །དེ་ལ་གཞན་དག་གིས་བརྟགས་པ་ནི། ཀུན་རྫོབ་ཚད་མས་མ་གྲུབ་ན་ལས་རྒྱུ་འབྲས་ལ་སྐུར་པ་བཏབ། མཉམ་གཞག་ཏུ་ཅི་ཡང་ཡིད་ལ་མི་བྱེད་པ་ཧྭ་ཤང་གི་ལྟ་བ་ཡིན། སངས་རྒྱས་ཀྱི་རང་སྣང་ལ་ཀུན་རྫོབ་མི་སྣང་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར། ཞེས་ཟེར་བ་འདི་ཐུགས་ལ་ལྗེན་ནམ། སྐྱོན་དེ་སྤོང༌། ལྗེན་ན་སྒྱུ་འཕྲུལ་དང་སེམས་ཕྱོགས་ཀྱི་ནང་ནས་བཞེངས། སྐྱོན་སྤོང་ན་ལུང་རིགས་གང་གིས་ཇི་ལྟར་སྤོང༌། ཁོ་བོ་ཅག་ནི་ཀུན་རྫོབ་ཐམས་ཅད་འཁྲུལ་སྣང༌། ཡིད་བྱེད་ཐམས་ཅད་མཚན་མར་འཛིན་པའི་རྟོག་པ། སངས་རྒྱས་ནས་མ་རིག་པ་མ་མཆིས་ན་ཡུལ་ཀུན་རྫོབ་ཇི་ལྟར་སྣང་བ་ཡིན། ཞེས་འཆད། གྲུབ་མཐའི་འཆའ་ལུགས་འདི་མེད་ན་རྙིང་མའི་ཆོས་ཇི་ལྟར་འཛིན། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་གདུང་འཛིན་དུ་ཞལ་གྱིས་བཞེས་པ་ཙམ་གྱིས་ཆོག་པ་མ་ལགས་སོ། །འདི་ལ་ཕྱིས་ཀྱི་ཀློག་པ་པ་དག་ན་རེ། འདི་ལྟ་བུའི་གྲུབ་མཐའ་གསར་བྱུང་བག་ཡངས་སུ་སྨྲ་བའོ། །ཞེས་ཟེར་མོད། ཀུན་རྫོབ་བདེན་པའི་གོ་དོན། སྤྱིར་ཚད་མ་དང༌། བྱེ་བྲག་ཇི་སྙེད་པ་མཁྱེན་པ་ཡེ་ཤེས་ཀྱི་རྙེད་དོན་དུ་འཆད་པ་འདི་ནི། དགེ་ལྡན་པ་ཆེན་པོས་རྩ་ཤེའི་ཊཱི་ཀ་མཛད་ཚུན་གྱི་ཁ་སྐད་ཡིན་གྱི། དེ་གོང་དུ་གངས་ཅན་གྱི་མཁས་རྨོངས་མཐའ་དག་མཐུན་པ། མཐོང་བ་རྫུན་པ་དང༌། བློ་འཁྲུལ་པའི་རྙེད་དོན་དུ་འཆད་པ་ཤ་སྟག་ཡིན། མཉམ་གཞག་དངོས་གཞིའི་དུས་སུ་ཡིད་བྱེད་དང་བྲལ་དགོས་པ་འདི། རྙིང་མ་ལྟ་ཅི་སྨོས། རྔོག་ལོ་ཆེན་པོས་ནས་ཇོ་ཞལ་ཡན་ཆོད་ཀྱི་ཀློག་པ་པ་མཁས་པ་དང༌། བསམ་གཏན་པ་འཁྲུལ་མེད་ཀུན་གྱི་ཡི་གེ་ན་སྣང༌། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་མི་སྣང་བ་འདི། དེང་སང་ཀློག་པ་པ་ཀུན་གྱི་སྙན་དང་ལྗགས་ཀྱི་དབང་པོར་བྱང་ཆུབ་པའི་གཞུང་དབུ་མ་ལ་འཇུག་པ་རྩ་འགྲེལ་ན་གསལ་ཧྲིག་གེ་བཞུགས་པ་དེ་ལ་གསར་བྱུང་གི་གྲུབ་མཐའ་ཞེས་ཟེར་ན། ལུགས་རྙིང་པ་གང་ཞིག་གང་ན་ཡོད་པ་སྟོན་རིགས་སོ། །སྣང་མཛད་ཆོས་ཀྱི་ཉི་མ་འོད་འབར་བ། །རྣམ་དཔྱོད་ཡངས་པའི་མཁའ་ལ་རྟག་འཆར་མོད། །ཕྱོགས་འཛིན་སྤྲིན་གྱིས་བསྒྲིབས་པའི་གངས་ཅན་པ། །མང་ཞིག་ཉིན་ཀྱང་མཚན་མོའི་ལམ་དུ་རྒྱུ། །གཉིས་པ་གང་ཟག་གསར་རྙིང་གཉིས་ཀ་ལ་འཁྲུལ་པ་སྲིད་པ་ནི། ལེགས་བཤད་སྒོ་དབྱེའི་ནང་ན། དེ་ལྟ་ན་གསར་མར་ལ་ཡང་མཚུངས་ཞེས་པ་མང་ཞིག་སྣང་བ། དེའི་ལན་ནི། ཆོས་གསར་མ་འཁྲུལ་མེད་དུ་ཁས་ལེན་ཀྱང༌། ཆོས་དེ་འཛིན་པའི་གང་ཟག་ཐམས་ཅད་འཁྲུལ་མེད་དང༌། དེས་བརྩམས་པའི་གཞུང་ལུགས་གང་འདུག་འཁྲུལ་མེད་དུ་ཁས་ལེན་པ་མ་ཡིན་ཏེ། སྔོན་བཅོམ་ལྡན་རལ་གྲི་དཔོན་སློབ་དང༌། མཁྱེན་རབ་ཀྱི་དབང་ཕྱུག་བུ་སྟོན་སོགས་ཀྱིས་བཀའ་དང་བསྟན་བཅོས་ཀྱི་དག་ཐེར་མཛད་པ་ན། གསར་འགྱུར་གྱི་དབང་དུ་བྱས་པའི་བཀའ་དང་བསྟན་བཅོས་སུ་སྒྲོ་བཏགས་པ་རྣམ་གྲངས་ཆེས་ཤིན་ཏུ་མང་པོ་དག་དོར་བྱར་བཤད་པ་དང༌། རྗེ་བཙུན་ས་སྐྱ་པའི་བསྟན་བཅོས་འདི་ཉིད་ཀྱིས་ཆོས་དང་ཆོས་མིན་ཕྱེ་བ་ཡང༌། རྙིང་མ་སྨྲ་བ་དག་ལ་བརྟག་དཔྱད་མཛད་པ་ཆ་ཤས་ཙམ་ལས་མེད་ལ། ཚིག་དོན་གྱི་ནོར་པ་ཕལ་ཆེ་བ་གསར་མ་སྨྲ་བ་དག་ལས་བརྩམས་ནས་བཤད་པ་ཡིན་ཏེ། ཇི་སྐད་དུ། དེས་ན་ད་ལྟའི་ཆོས་འགའ་ལ། །གནད་ཀྱི་གནད་རྣམས་བཅོས་པ་རུ། །དོགས་པའི་ཆོས་ལུགས་འགའ་ཞིག་ཡོད། །དེ་ཡང་མདོ་ཙམ་བཤད་ཀྱིས་ཉོན། །སོ་སོར་ཐར་པའི་སྡོམ་པ་ནི། །བྱང་ཆུབ་བར་དུ་བླངས་གྱུར་ན། །སོ་སོར་ཐར་པ་ཅི་ནས་འཇིག །འདི་ཡང་གནད་རྣམས་བཅོས་པར་དོགས། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ། །དབུ་མའི་ལུགས་བཞིན་མི་བྱེད་པར། །སེམས་ཙམ་པ་ཡི་ཆོ་ག་ནི། །སྐྱེ་བོ་ཀུན་ལ་བྱེད་པ་མཐོང༌། །འདི་ཡི་ཆོ་ག་ངེས་པར་འཇིག །འདི་ཡང་གནད་རྣམས་བཅོས་པར་དོགས། །སེམས་བསྐྱེད་ཀྱི་ནི་བསླབ་བྱའི་མཆོག །བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །སྒོམ་དུ་མི་རུང་ཞེས་སྨྲ་བ། །འདི་ཡང་གནད་རྣམས་བཅོས་པར་མཐོང༌། །གསང་སྔགས་ཀྱི་ནི་དབང་བསྐུར་བ། །མེད་ཀྱང་གསང་སྔགས་སྒོམ་རུང་ཟེར། །རྡོ་རྗེ་འཆང་གིས་བཀག་པས་ན། །འདི་ཡང་གནད་རྣམས་བཅོས་པར་དོགས། །ཞེས་པ་ནས། ཡོད་པའི་དགེ་བ་ཞེས་བྱ་བ། །ཆོས་ཀྱི་དབྱིངས་ལ་བསམས་ནས་ནི། །དེ་ནི་བསྔོ་བའི་རྒྱུར་བྱེད་པ། །ཞེས་པ་ནས། དམ་ཚིག་དང་ནི་སྡོམ་པ་ཡི། །གནད་རྣམས་བཅོས་པ་མང་མོད་ཀྱི། །གསང་སྔགས་ཡིན་ཕྱིར་འདིར་མི་འཆད། །ཅེས་དང༌། སེམས་བསྐྱེད་ཇོ་བོའི་ལུགས་བྱེད་ཅིང༌། །ཇོ་བོ་གཏན་ནས་མི་བཞེད་པའི། །སེམས་བསྐྱེད་ཀུན་ལ་བྱེད་པ་དང༌། །དོན་དམ་སེམས་བསྐྱེད་བྱེད་པ་ནི། །གཞན་དང་འགལ་བ་སྨོས་ཅི་དགོས། །རང་ལུགས་དང་ཡང་འགལ་བ་ཡིན། །ནཱ་རོ་ཏ་པ་དབང་བསྐུར་དང༌། །རིམ་གཉིས་ཆོས་ཀྱི་གཙོ་བོར་མཛད། །ནཱ་རོའི་བརྒྱུད་པ་འཛིན་བཞིན་དུ། །དབང་དང་རིམ་གཉིས་མི་སྒོམ་པ། །ཞེས་སོགས་ནས། རྡོ་རྗེ་ཕག་མོའི་བྱིན་རླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། འདི་ལྟར་དམ་འཆའ་བ་ཡིན་ཏེ། གསར་མ་པ་ལ་ཡོད་པའི་ཆོས་ལོག་ཇི་སྙེད་པ་གསར་མའི་ཆོས་མ་ཡིན། དེ་བཞིན་དུ་རྙིང་མ་པ་ལ་ཡོད་པའི་ཆོས་ལོག་ཇི་སྙེད་པ་རྙིང་མའི་ཆོས་མ་ཡིན། དེ་ཉིད་ཀྱིས་ན་དེ་དག་ལུང་རིགས་ཀྱི་བཀག་པས་གསར་རྙིང་གི་ཆོས་བཀག་པར་མི་འགྱུར་རོ། །ཤེས་རབ་ཅན་མ་ཡིན་དག་རྙིང་མའི་ཆོས་མ་ཡིན་པ་ལ་ཆོས་སུ་སྒྲོ་བཏགས་པ་དེ་ལུང་རིགས་ཀྱིས་སུན་ཕྱུང་བ་ན། རྙིང་མ་བཀག་གོ་ཞེས་ཆོ་དེ་འདོན་པ་དེ་ནི། །སྨྲ་བ་པོ་དེ་ཉིད་ཀྱིས་ཉམས་ལེན་དུ་བྱེད་པའི་ཆོས་མ་ཡིན་པ་དེ་རྙིང་མའི་ཆོས་སུ་ཁས་བླངས་པ་ལས་བྱུང་བ་ཡིན་ཏེ། དཔེར་ན། སྦྱོར་སྒྲོལ་ཞེས་བྱ་བའི་དོན་མཐར་ཐུག་པ་ནི། གཟུང་འཛིན་གྱི་རྣམ་པར་རྟོག་པ་བསྒྲལ་ནས། ཆོས་ཀྱི་དབྱིངས་སུ་སྦྱོར་བ་ཞེས་བྱ་བ་དེ་ཡིན་པ་ལ། ཆགས་སྡང་ལས་གྱུར་པའི་སྦྱོར་སྒྲོལ་ཆོས་སུ་སྨྲ་བ་བཀག་པ་ན་རྙིང་མ་བཀག་གོ་ཞེས་ཟེར་བ་དང༌། སྐབས་འདི་ནའང༌། བསྟན་བཅོས་འདིའི་དགོངས་པ་གཞན་དག་ཟེར་བ་དེ་མ་ཡིན་ནོ། །ཞེས་སྨྲས་པ་ནས་སྡོམ་གསུམ་རབ་དབྱེའི་བསྟན་བཅོས་བཀག་གོ་ཞེས་ཟེར་བ་དག་སྣང་བ་བཞིན་ནོ། །གཉིས་པ་བསྟན་བཅོས་རྩ་བའི་དགོངས་པ་ཇི་ལྟར་ཡོད་པ་ལ། གཉིས་ཏེ། བསྟན་བཅོས་འདི་ན་རྙིང་མ་པ་ལ་ཟུར་གྱིས་ཕོག་པ་ཇི་ལྟར་ཡོད་པ་དང༌། དངོས་སུ་གསལ་བའི་དགག་སྒྲུབ་ཇི་ལྟར་ཡོད་པའོ། །དང་པོ་ལ། གཉིས་ཏེ། དངོས་དང༌། དེའི་ཤེས་བྱེད་དཔྱད་པའོ། །དང་པོ་ནི། ཇི་སྐད་དུ། ད་ལྟའི་ཕྱག་རྒྱ་ཆེན་པོ་དང༌། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས། །ཞེས་པ་འདི་དང༌། ལ་ལ་དཀར་པོ་གཅིག་ཐུབ་ལས། །འབྲས་བུ་སྐུ་གསུམ་འབྱུང་ཞེས་ཟེར། །ཞེས་དང༌། ལ་ལ་དབང་བཞི་མི་འདོད་ཅིང༌། །སྐྱེད་རིམ་ལ་སོགས་བཞི་པོ་ཡི། །རྣམ་པར་བཞག་པ་མི་འདོད་པར། །རྡོ་རྗེ་ཐེག་པའི་འབྲས་བུ་ནི། །སྤྲུལ་སྐུ་ལ་སོགས་སྐུ་བཞི་ཞེས། །འདོད་པ་དེ་ཡང་ལོག་ཤེས་ཡིན། །ཞེས་དང༌། ཁ་ཅིག་འབྲས་བུའི་མཐར་ཐུག་ནི། །འོད་གསལ་ཡིན་ཞེས་སྨྲ་བ་ཐོས། །ཞེས་དང༌། གཏེར་ནས་བྱུང་བའི་གླེགས་བམ་དང༌། །ཞེས་སོགས་བཤད་པ་འདི་ཟུར་གྱིས་ཕོག་གོ །གཉིས་པ་ནི། སེམས་ཕྱོགས་ཀྱི་རྒྱུད་མ་བུ་འཁོར་དང་བཅས་པའི་དགོངས་པ་ཇི་ལྟར་ཡིན་ཀྱང༌། དེ་ནས་བཤད་པའི་ལྟ་བ་གཅིག་བུས་གྲོལ་བ་ཉིད་དུ་ཁས་བླངས་ནས། ཐབས་ཀྱི་ཆ་རྣམས་ཡལ་བར་དོར་བ་དང༌། ཐབས་ཀྱི་ཆ་སྣ་ཚོགས་གསུངས་པ་དེ་ལྟ་བ་མ་རྟོགས་པའི་དབང་དུ་བྱས་པ་ཡིན་ཞེས་ཟེར་བ་དག་བྱུང་བར་སྣང་སྟེ། དཔེར་ན། ལྟ་བ་རྐྱང་པས་ཀླུ་སྒྲུབ་གྲོལ། །ཞེས་ཟེར་མཁན་ཞིག་བྱུང་བ་དང་འདྲའོ། །རྒྱ་ནག་མཁན་པོའི་ཆོས་ལུགས་ལ་རྫོགས་ཆེན་གྱི་མིང་འདོགས་པ་ཁོང་རང་གི་ལུགས་ལ་མེད་ཀྱང༌། ཨ་ཏི་བས་ཐབས་ཀྱི་ཆ་མི་དགོས་པ་དེ་ལྟར་ཁས་བླངས་ན་དེར་སོང་ཞེས་ཕུལ་བའོ། །ལྷག་མ་རྣམས་ཀྱང་ཕལ་ཆེར་དེ་ཉིད་ཀྱིས་མཚོན་པར་ནུས་སོ། །གཉིས་པ་ནི། ཐེག་པ་རིམ་དགུའི་རྣམ་གཞག་འདི་རྙིང་མའི་ཆོས་རྩོད་མེད་ཡིན་པར་གསལ་ཞིང༌། དེ་དག་ལ་ལྟ་བའི་རིམ་པ་གོང་འོག་དགུ་ཡོད་པར་བཞེད་པ་པོ་ཇི་ལྟར་བྱུང་ཡང༌། བསྟན་བཅོས་འདིའི་ཕྱོགས་སྔ་མ་ཉིད་དུ་གསལ་ལ། དེའི་སྐབས་ཀྱི་ལྟ་བའི་མཐར་ཐུག་དེ་འཁྲུལ་ཞེས་གསུང་བ་མ་ཡིན་ཞིང༌། འཆད་པ་པོས་ལྟ་སྒོམ་ཤན་མ་ཕྱེད་པའི་ཉེས་པ་ཡོད་དོ་ཞེས་འཆད་པའི་སྐབས་ཀྱི་གཞུང་རྣམས་གོང་འོག་ཏུ་འཐོར་སྣང་བས། འདི་ལྟར་སྦྱར་ན་འཆད་བདེ་བ་ཡིན་ཏེ། ལ་ལ་ཐེག་པ་རིམ་དགུ་ལ། །ལྟ་བ་ཐ་དད་ཡོད་ཅེས་ཟེར། །ཐ་དད་ཇི་ལྟར་ཡོད་གྱུར་ན། །ཁ་ཅིག་དབུ་མའི་ལྟ་བ་ནི། །ཀུན་རྫོབ་ཇི་ལྟར་སྣང་བཞིན་ཡིན། །དོན་དམ་མཐའ་བཞི་སྤྲོས་པ་བྲལ། །བྱ་བའི་རྒྱུད་ཀྱི་ཀུན་རྫོབ་ནི། །རིགས་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །དོན་དམ་དབུ་མ་དང་མཚུངས་ཟེར། །སྤྱོད་པའི་རྒྱུད་ཀྱི་ཀུན་རྫོབ་དང༌། །རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ནི། རིག་ལྔའི་རྒྱལ་བར་སྣང་བ་ཡིན། །རྣལ་འབྱོར་ཆེན་པོའི་ཀུན་རྫོབ་ནི། །དམ་པ་རིགས་རྒྱ་ཡིན་ཞེས་ཟེར། །ཞེས་པས་རྒྱུད་སྡེ་བཞིའི་ལྟ་བའི་རིམ་པ་ངོས་བཟུང་ནས། རྣལ་འབྱོར་ཆེན་པོ་ཉིད་ལ་གསུམ་དུ་ཕྱེ་བའི་རིམ་པ་ངོས་འཛིན་པ་ནི། གསང་སྔགས་སྔ་འགྱུར་པ་རྣམས་ནི། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང༌། །རྗེས་སུ་རྣལ་འབྱོར་ཤིན་ཏུ་ནི། །རྣལ་འབྱོར་ཞེས་བྱ་རྣམ་པ་བཞི། །ཐེག་པའི་རིམ་པ་ཡིན་ཞེས་ཟེར། །ཞེས་པ་རྣམས་ཡིན་ལ། དེ་དག་གོ་རིམ་བཞིན་དུ་སུན་འབྱིན་པ་ནི། ཉན་ཐོས་དང་ནི་ཐེག་ཆེན་ལ། །ལྟ་བའི་རིམ་པ་ཡོད་མོད་ཀྱི། །ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཅེས་སོགས་དང༌། ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅིང༌། །ཐབས་དང་ཤེས་རབ་མ་ཤེས་པས། །འདི་འདྲའི་རྣམ་དབྱེ་འཁྲུལ་པ་ཡིན། །ཞེས་པ་ནས། དེས་ན་གསང་སྔགས་གསར་མ་ལ། །རྣལ་འབྱོར་ཆེན་པོའི་ལྟག་ན་ནི། །དེ་བས་ལྷག་པའི་རྒྱུད་སྡེ་མེད། །སྒོམ་པའི་དམིགས་པ་ཉིད་ཀྱང་ནི། །རྣལ་འབྱོར་ཆེན་པོའི་གོང་ན་མེད། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །སྤྲོས་པ་མེད་ཅིང་བརྗོད་བྲལ་བས། །ཐེག་པའི་རིམ་པར་མི་བཞེད་དོ། །ལུགས་འདི་ལེགས་པར་ཤེས་གྱུར་ན། །ཨ་ཏི་ཡོ་གའི་ལྟ་བ་ཡང༌། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །བརྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཞེས་བྱ། །དེས་ན་ཐོས་པའི་ལྟ་བ་ནི། །དབུ་མ་ཡན་ཆད་ཐམས་ཅད་མཐུན། །དེ་ཕྱིར་ལྟ་བའི་ལུང་སྦྱོར་ཀུན། །ཕ་རོལ་ཕྱིན་བཞིན་ཐམས་ཅད་མཛད། །དེ་རྟོགས་པ་ཡི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་ཡིན། །ཞེས་གསུངས་སོ། །དེ་དག་གི་ངག་དོན་མདོར་བསྡུས་ན། སྤྱིར་རིམ་པ་དགུ་པོ་ལ་ལྟ་བ་ཐ་དད་མི་འཐད། ལྟ་བ་དང་སྒོམ་པའི་ཁྱད་པར་མ་ཕྱེད། དེ་མ་ཕྱེད་པས་ཐབས་ཀྱི་བྱེ་བྲག་ཀྱང་ལྟ་བའི་ཁྱད་པར་དུ་འཁྲུལ། དེར་འཁྲུལ་པའི་རྒྱུ་མཚན་གྱིས་རྒྱུད་སྡེ་བཞི་ལ་ལྟ་བ་གོང་འོག་གི་ཁྱད་པར་ཁས་བླངས་སོ། །ཀུན་རྫོབ་ཀྱི་ལྡོག་པ་དང་ལྷའི་ལྡོག་པ་ཤན་མ་ཕྱེད། རྒྱུད་སྡེའི་རྩེ་མོ་རྣལ་འབྱོར་བླ་མེད་གཞིར་བྱས་ལ། ཐེག་པ་གསུམ་མམ་བཞིར་འབྱེད་པ་མི་རིགས། བཞི་པོ་དེའི་ནང་ནས་ཀྱང་རྣལ་འབྱོར་ཆེན་པོ་ལས་ཤིན་ཏུ་རྣལ་འབྱོར་བཟང་ཞེས་ཟེར་བ་དེ་མི་འཐད། དེ་ལྟར་ཤེས་པ་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་ཏུ་ཁས་བླང་པའི་ཨ་ཏི་ཡོ་ག་ཅེས་པ་དེ་ཡང་ལྟ་བའི་མཐར་ཐུག་ཡིན་གྱི་ཐེག་པ་ལོགས་སུ་གྱུར་པ་མ་ཡིན། ཞེས་འཆད་པ་ཡིན་ནོ། །དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད་ན། ལྟ་སྒོམ་མ་ཕྱེད་ཅེས་པ་ནི་ལྟ་བའི་ཡུལ་ནི་གནས་ལུགས་ཀྱི་དོན་དང༌། ཡུལ་ཅན་ནི་དེ་རྟོགས་པའི་ཤེས་རབ་ཡིན་ལ། སྒོམ་པ་ནི་གནས་ལུགས་དང་མཐུན་པའི་ངེས་པ་མེད་དེ། ཡུལ་ཀུན་རྫོབ་པ་ལ་དམིགས་ནས་ཡུལ་ཅན་ཀྱང་ཀུན་རྫོབ་ཀྱི་རྣམ་པར་སྐྱེ་བ་དག་མཐོང་བའི་ཕྱིར། དཔེར་ན། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་བཞིན་ནོ། །དེས་ན་ཀུན་རྫོབ་ཇི་ལྟར་སྣང་བ་འདི་དང༌། དེའི་ཡུལ་ཅན་གྱི་ཤེས་རབ་གཉིས་དབུ་མའི་ལྟ་བར་མི་རུང༌། རྒྱུད་སྡེ་འོག་མ་གསུམ་དུ་སྣང་བ་ལྟར་གསུངས་པ་མེད་ཅིང༌། ཡོད་ན་ཡང་དེའི་ཡུལ་དང་ཡུལ་ཅན་གཉིས་ཀ་གནས་ཚུལ་དང་མཐུན་པ་མེད་པས་ལྟ་བར་མི་རུང༌། དཔེར་ན། བྲིས་སྐུ་ལྷ་དངོས་མ་ཡིན་པའི་རྒྱུ་མཚན་གྱིས་དེ་དེར་གོམས་པའི་བློ་དེ་ལྟ་བ་མིན་ཞེས་པ་ལྟ་བུའོ། །རྣལ་འབྱོར་ཆེན་པོའི་སྐབས་སུ་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་ལྷ་ཡིན་ཞེས་པ་ཙམ་ཞིག་སྒྲས་ཟིན་ལ་ཡོད་ཀྱང༌། དེ་ལྷར་འཇོག་པ་ལ་དག་པ་གསུམ་གྱི་རང་བཞིན་ཤེས་དགོས་པ་ཡིན་ཏེ། དཔེར་ན། གཟུགས་རྣམ་པར་སྣང་མཛད་ཅེས་པ། གཟུགས་ཀྱི་ལྡོག་ཆ་ནས་མ་དག་པ་ཡིན་པས་ལྷ་དང་ལྟ་བའི་ཡུལ་དུ་མི་རུང༌། ལྷ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ནི་གཟུགས་ཀྱི་ཆོས་ཉིད་ལ་འཇོག་པས་ལྡོག་ཆ་སོ་སོར་དབྱེ་དགོས་པའི་ཕྱིར། དེས་ན། རྣལ་འབྱོར་ཆེན་པོའི་ཀུན་རྫོབ་ཀུན། དམ་པ་རིགས་བརྒྱ་ཡིན་ཞེས་ཟེར་བ་དེ་སྤྱིར་མི་འཐད། འཐད་དུ་ཆུག་ཀྱང་ཀུན་རྫོབ་པའི་ཡུལ་ཅན་གང་ཡིན་ལྟ་བར་མི་འཐད་དོ། །ཡང་རྣལ་འབྱོར་ཆེན་པོ་གཞིར་བྱས་ལ། རྣལ་འབྱོར་གསུམ་དུ་འབྱེད་པ་འདི་སྤྱིར་གསང་བ་འདུས་པ་ལ་སོགས་པའི་རྒྱུད་ལས་འབྱུང་བས་རྣལ་འབྱོར་གྱི་རིམ་པར་འཐད་ཀྱང༌། ཐེག་པ་དང་རྒྱུད་སྡེའི་རིམ་པར་མི་འཐད་དེ། རྣལ་འབྱོར་བཞིའི་ནང་གི་རྣལ་འབྱོར་ཆེན་པོ་དང༌། རྒྱུད་སྡེའི་རྣལ་འབྱོར་ཆེན་པོ་དོན་མི་ཅིག་པའི་ཕྱིར། གོ་རིམ་ཀྱང་མི་མཐུན་ཏེ། རྣལ་འབྱོར་བཞིའི་ནང་གི་བཟང་ཤོས་རྣལ་འབྱོར་ཆེན་པོ་ཡིན་པ་ལ། ཁྱེད་ཐེག་པ་རིམ་དགུ་འདོད་པ་དག་གིས་ཤིན་ཏུ་རྣལ་འབྱོར་བཟང་པར་ཁས་བླངས་པའི་ཕྱིར། ཞེས་འཆད་པར་གསལ་ལོ། །བསྟན་བཅོས་འདིའི་ལུགས་ལ། ཨ་ཏི་ཡོ་གའི་ལྟ་བ་དེ་ལྟ་བ་རྐྱང་པའི་ཆ་ནས་འཁྲུལ་བཅས་སུ་ཞལ་གྱི་ནི་མི་བཞེས་ལ། མ་འཁྲུལ་བར་བཞེད་ཀྱང༌། དབུ་མའི་ལྟ་བ་ལས་ལྷག་པ་མེད་ཅིང༌། དེའི་རྒྱུ་མཚན་གྱིས་རྒྱུད་སྡེ་བཞིའི་ལྟ་བ་ལས་ལྷག་པ་ཡང་མེད་དོ། །དེ་བཞིན་དུ་ཕྱག་རྒྱ་བ་ལ་གྲགས་པའི་ལྟ་བ་ཡང༌། ཁོང་རང་རྣམ་པ་ཆེན་པོ་གསུམ་ལས་ལྷག་ཅེས་གསུང་ཡང༌། དབུ་མའི་ལྟ་བ་ལས་གོང་དུ་སོང་བ་མེད། དེ་ལྟ་ན་ཡང་ཨ་ཏི་དང་ཕྱག་རྒྱ་པའི་ལྟ་བ་གཉིས་ཀ་རྟོགས་པའི་ཐབས་ལ་ནི། དབུ་མ་ལས་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་པས་ནི་ཐོག་མར་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་སྤྱིའི་ཚུལ་གྱིས་རྟོགས་ནས། ཡུན་རིང་དུ་གནས་པ་ལས་མཐོང་དགོས་ལ། གསང་སྔགས་པས་ནི་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ་དང༌། ཡེ་ཤེས་པ་དབབ་པ་དང༌། དབང་གསུམ་པ་ལྟ་བུའི་ཐབས་ཀྱིས་སྐད་ཅིག་མ་དེ་ཉིད་ལ་མངོན་སུམ་དུ་མཐོང་བར་ནུས་པའི་ཕྱིར། ཞེས་བྱ་བ་འདི་ནི། འཇམ་དབྱངས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་བཞེད་པར་གསལ་བ་ཉིད་དུ་བསྟན་བཅོས་འདིའི་དངོས་བསྟན་ལ་ཆེས་གསལ་བར་བྱུང་བས་རབ་རིབ་ཀྱི་ཚུལ་གྱིས་སྦ་བར་མ་ནུས་སོ། །རྗེ་བཙུན་ས་སྐྱ་པཎྜི་ཏའི། བསྟན་བཅོས་ཉིད་ཀྱི་དབང་བྱས་ནས། །འཆད་ཚེ་དྲང་པོའི་གཏམ་འདི་ཡིས། །འགའ་ལ་ཟུང་རྔུར་མ་གྱུར་ཅིག །རྙིང་མའི་ཆོས་ཀུན་འཕགས་ཡུལ་ནས། །བསྒྱུར་བར་འབད་པས་སྒྲུབ་མི་དགོས། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱིས། །གསུངས་པ་ཉིད་དུ་གྲུབ་པས་ཆོག །འཕགས་པའི་ཡུལ་ནས་ཕྱིས་འགྱུར་བའི། །སྔགས་དང་བརྡ་སྐད་མ་མཐུན་ཀྱང༌། །མཆོག་དང་ཐུན་མོང་གྲུབ་པ་ལ། །མི་བསླུར་གྲུབ་ཕྱིར་དེ་ཚད་མ། །དཔེར་ན་ཡུལ་ཆེན་སོ་སོ་ནས། །གྲུབ་པ་མཆོག་རྣམས་ཀྱིས་བླངས་པའི། །ཆོས་ཀྱང་གླེགས་བམ་སོ་སོ་ལས། །འཕགས་པའི་ཡུལ་དུ་བསྒྱུར་བ་མིན། །རྡོ་རྗེ་སེམས་དཔས་གནང་ཐོབ་པའི། །བཀའ་ཡི་བསྡུ་བ་པོ་ཉིད་ཀྱིས། །ཡུལ་ཁམས་སོ་སོའི་སྐད་ཉིད་དུ། །བཤད་པས་ཆོག་པར་གསུངས་པ་ཡིན། །རྙིང་མའི་ཆོས་ལུགས་འཕགས་ཡུལ་ནས། །འགྱུར་བར་ངེས་རྣམས་སྒྲུབ་མི་དགོས། །མ་ངེས་པ་རྣམས་བསྟན་བཅོས་སུ། །བསྒྲུབས་ལས་གྲུབ་པར་གྱུར་འདི་ཡང༌། །གང་འདིའི་རྣམ་རྟོག་རང་བཟོའི་ལམ། །རྙེད་ནས་འཕྱན་པར་གྱུར་མིན་གྱི། །བོད་ཀྱི་ཡུལ་དུ་སྔོན་བྱོན་པའི། །ཆེན་པོ་རྣམས་ཀྱིས་དེར་བཤད་པའོ། །གཉིས་པ་གཞན་གྱི་བཤད་པའི་ན་ཡམས་བཀོད་པའི་ཚུལ་བཤད་པ་ལ། གཉིས་ཏེ། དགོས་པ་དང༌། རྒྱུ་མཚན་ནོ། །དང་པོ་ནི། གཞུང་འདི་ལས། བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང༌། །ཞེས་པ་ཙམ་ལས་རྐང་གྲངས་ནི་མ་སྨོས་ལ། འགོས་དང༌། ཆག་དང༌། ཕོ་བྲང་ཞི་བ་འོད་དང༌། ལྷ་བླ་མས་མཛད་པར་གྲགས་པ་དང༌། རྔོག་གི་གཟེ་མ་ར་མགོར་གྲགས་པ་རྣམས་ལ་ནི། གང་ཟག་འདི་ཞེས་བྱ་བས་བྱས་པ་འདི་ནི་ཆོས་ལོག་དྲི་མ་ཅན་ནོ་ཞེས་དབང་ཆེའི་སྒོ་ནས་བཀའ་ལུང་བསྒྲགས་པའི་རྣམ་པ་མ་གཏོགས། ཤེས་བྱེད་ཀྱི་དཔེ་དང་གཏན་ཚིགས་གསལ་བར་མ་བཀོད་ཅིང༌། འགོས་ཀྱིས་ནི་རྒྱ་གར་ན་མ་གྲགས་པ་ཙམ་ཞིག་ཤེས་བྱེད་དུ་བཀོད་དོ། །དཔལ་འཛིན་གྱིས་ནི། གང་ཟག་འདིས་རྒྱུད་དུ་བཏགས་པ་འདི་བྱས་ཟེར་བ་ཙམ་དུ་མ་ཟད། ཚིག་དོན་ལ་ནོང་པ་ཡོད་པའི་ཤེས་བྱེད་རྒྱས་པར་བཀོད་པ་དང༌། དེ་ཡང་ཨུ་ཚུགས་ཀྱི་རིགས་པ་མ་ཡིན་པར་རྣམ་དཔྱོད་ཅན་དུ་མཚོན་ནུས་པའི་ཚིག་དང༌། ཐོས་པ་དང་ཆོས་རྒྱུས་ཀྱི་སྒོ་ནས་བཤད་འདུག་པའི་ཕྱིར་ན། གཞུང་འདིར། རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །དེ་ཚེ་བླ་མ་ཡེ་ཤེས་འོད། །ཅེས་བཤད་པས། དེ་སྐབས་ཀྱི་ཆོས་ལོག་འཕེལ་བ་དེ་ངོས་འཛིན་དགོས་ཤིང༌། གསར་མའི་འགྱུར་འགོ་ནི་དུས་དེར་མ་ཚུགས། རྙིང་མ་ལ་དཔྱད་པའི་སུན་འབྱིན་མཛད་པ་པོས་ཆོས་ལོག་གི་ཤེས་བྱེད་གསལ་བར་མ་བཤད་པའི་ཕྱིར་ན། དཔལ་འཛིན་གྱི་གཞུང་འདི་སྣང་ངོ་ཞེས་ན་ཡམས་སུ་བཀོད་པ་ཡིན་ནོ། །གཉིས་པ་རྒྱུ་མཚན་ནི། འོ་ན་འདི་ལ་རྣམ་དཔྱོད་དང་ཐོས་པ་ཇི་ལྟར་སྣང་ཞེ་ན། བསྟན་བཅོས་འདིའི་རིགས་པ་སོར་གཞག་ནས་བཤད་པ་དག་ཀྱང་འདི་ལ་སྣང་སྟེ། ཇི་སྐད་དུ། སྔགས་ཀྱི་ཁྱད་ཆོས་ལྟ་བ་མིན། །དབུ་མ་ལས་ལྷག་ག་ལ་ཡོད། །ཚེ་འདིར་སངས་རྒྱས་འགྲུབ་བྱེད་པ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། །ཐབས་ཀྱིས་ཁྱད་པར་འཕགས་སོ་ཞེས། །ཟབ་མོའི་རྒྱུད་འགྲེལ་ཀུན་ལས་བྱུང༌། །ཞེས་དང༌། བླང་དོར་མེད་པ་སྤྱོད་པ་མིན། །དེ་ནི་ལྟ་བའི་རྣམ་གཞག་ཡིན། །སྤྱོད་པ་ཆོས་དབྱིངས་རྟོགས་ནས་ཀྱང༌། །སྒོམ་སྤང་ཐམས་ཅད་ད་གདོད་སྤོང༌། །ཞེས་དང༌། མཧཱ་ཨ་ནུ་ཨ་ཏི་གསུམ། །འདུས་པའི་སྐྱེད་རྫོགས་ཉམས་ལེན་གྱི། །རིམ་པ་ཙམ་གྱིས་སོ་སོར་ཕྱེ། །རྒྱུད་སྡེ་སོ་སོར་དབྱེ་བ་མིན། །ཞེས་དང༌། རྡོ་རྗེ་ཐེག་པའི་ཁྱད་ཆོས་ནི། །དབང་དང་རིམ་པ་གཉིས་སུ་འདུས། །ཞེས་པ་འདི་དག་གིས་ནི་བསྟན་བཅོས་འདི་པའི་དགོངས་པ་དཔྱིས་ཕྱིན་པར་ལོན་ནས་སྨྲས་འདུག་པ་དང༌། ཡང་ཇི་སྐད་དུ། མངོན་པར་བྱང་ཆུབ་རྣམ་ལྔ་དང༌། །ཞེས་པ་ནས། ཕྱི་རོལ་པ་ཡང་སྐྱེད་རིམ་བྱེད། །དག་པ་སྒོམ་པ་སངས་རྒྱས་ཆོས། །ཞེས་པ་དང༌། ཁུངས་མའི་རྒྱུད་གཞུང་ཐམས་ཅད་ལས། །ཕྱི་ཡི་མཆོད་པ་ཀུན་རྫོགས་ནས། །བསྟོད་པའི་རྗེས་ལ་ནང་མཆོད་དང༌། །ཀུན་གྱི་མཐའ་ལ་གཏོར་མ་མཛད། །ཞེས་པ་འདི་དག་གིས་ནི་ཆོས་ཀྱི་རྒྱུས་དང༌། ཐོས་པ་ཆེ་བར་ཡང་མཚོན་ནུས་ཤིང༌། སྐྱོན་དུ་བཤད་པ་དེ་དག་རྙིང་མའི་རྒྱུད་དུ་བཏགས་པའི་ནང་དུ་བྱུང་ན་དཔལ་འཛིན་གྱིས་སྨྲས་པ་དེ་ཁུང་དག་པར་ཡང་བྱ་དགོས་སོ། །དེ་ལས་གཞན་ལུང་དེ་ནས་བཤད་པའི་རྟགས་ཀྱིས་བསྒྲུབ་བྱ་ཞིག་བསྒྲུབས་འདུག་ན་ལུང་དུ་བྱས་པ་ཞེས་བྱ་བའི་ཐ་སྙད་ཡོད་པ་མིན་མོད། རང་ལུགས་དཔྱིས་ཕྱིན་པར་གོང་དུ་བཀོད་ཟིན་པའི་འོག་ཏུ་ཡམས་བཀོད་པ་ལ་ལུང་དུ་བྱས་པ་ཞེས་བྱ་བའི་ཐ་སྙད་མཁས་པ་ལ་མི་འབྱུང་བས། ཐ་སྙད་ལའང་མི་མཁས་པ་རྣམས་ཀྱི་ཁ་ན་རྒྱུ་བ་གང་ཡིན་པ་དེ། ཐ་སྙད་ལ་མཁས་པ་རྣམས་ཀྱི་ཚིག་གི་ལམ་དུ་སྤྱན་འདྲེན་པར་མི་བྱའོ། །བཞི་པ་དེ་ནས་བཤད་པ་ལ་འདོར་ལེན་ཇི་ལྟར་ཡོད་པའི་ཚུལ་ལ་གཉིས་ཏེ། རྒྱུད་ཀྱི་ལུང་ལ་དང༌། ལུང་དོན་ལ་ཇི་ལྟར་ཡོད་པའོ། །དང་པོ་ལ། སྤྱི་དང༌། ཁྱད་པར་གཉིས་ལས། དང་པོ་ནི། སྤྱིར་བོད་དུ་བརྩམས་པའི་རྒྱུད་ལ། མཛད་པ་པོ་རིག་འཛིན་གྱིས་བརྙེས་པ་དང་མ་བརྙེས་པ་གང་གིས་སྦྱར་བ་ཡིན་ཀྱང་རུང་སྟེ། ལྷད་ཞུགས་ན་ཁོ་བོ་ཅག་ནི་རྒྱུད་དྲི་མ་ཅན་ཞེས་མིང་འདོགས་པ་ཡིན་གྱི། རྒྱུད་དེ་དང་དེའི་རང་ལྡོག་ནས་ཆོས་ལོག་ཅེས་སྨྲ་བ་ནི་སྤོབས་པ་མ་ཡིན་ཏེ། ཇི་སྐད་དུ། མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །ཞེས་གསུངས་པས་སོ། །དེས་ན་བསྟན་བཅོས་ཀྱི་ནང་དུ་ལྷད་ཞུགས་པ་ཙམ་གྱིས་བསྟན་བཅོས་དེ་ཆོས་ལོག་ཏུ་གྲུབ་པར་མི་ནུས་ཏེ། དེའི་ནང་ན་ཆོས་ཡང་དག་པ་དུ་མ་བཞུགས་པའི་ཕྱིར་རོ། །དེས་ན་རྩ་བར་ཆོས་ལོག་ཅེས་གསུང་བ་མང་དུ་སྣང་ཡང༌། གསེར་གྱི་ཐུར་མར་དེའི་གོ་དོན་འཆད་པ་ན། ཆོས་དང་རྒྱུད་དྲི་མ་ཅན་ཞེས་པའི་མིང་གིས་བསྟན་མཆིས་སོ། །གཉིས་པ་ནི། སྔོན་གྱི་འཆད་པ་པོ་དེ་དག་གིས་ཕུར་པའི་རྒྱུད་ལ་རྩོད་པ་མ་མཛད་ཅིང༌། འགོས་ལོ་ཙཱ་བ་སོགས་ཀྱིས་གསང་བ་སྙིང་པོ་ལོ་ཙཱ་བ་རིན་ཆེན་མཆོག་གིས་མཛད་པར་འཆད་ཅིང༌། དེ་ལ་ལོག་པའི་སྐྱོན་བཞི་ལ་སོགས་པ་ཡོད་པར་འཆད། དེ་ལྟར་འཆད་པ་ཉིད་ཀྱིས་ཆོས་ལོག་ཏུ་མི་འགྲུབ་པར་ངེས་ཏེ། ལོ་ཙཱ་བ་དེ་ཉིད་ཀྱིས་མཛད་པར་གྲུབ་པའི་ཕྱིར། བཅོམ་ལྡན་རལ་གྲིས་གསང་སྙིང་སྒྲུབ་པ་ལ་འདི་ལྟར་གསུངས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྒྱུད་ཟབ་མོ་དཔལ་གསང་བ་སྙིང་པོ་ལ། འགོས་ལྷས་བཙས་ལ་སོགས་པས་སྒྲོ་སྐུར་བྱས་པ་དེ་སྤང་བར་བྱ་སྟེ། འདི་རྒྱུད་ཡང་དག་པ་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་ཆེན་སློབ་དཔོན་བི་ཤྭ་མི་ཏས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་མུ་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང༌། རྒྱ་ཕྱོགས་བཅུར་ཡོངས་སུ་འཆད་པ་ཞེས་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་བྱ་བ་དང༌། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་གནས་ཞེས་བྱ་བ་ཡིན། །ཞེས་པའི་འགྲེལ་པར། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་སོ་སོ་མ་ཡིན། ངོ་བོ་ཉིད་གཅིག་པ་ཡེ་ཤེས་ཀུན་ཏུ་འཁྱིལ་བ་ཞེས་བྱ་བ་དང༌། རང་བཞིན་རང་བཞིན་མེད་པའི་རྒྱུ། །ཞེས་པའི་འགྲེལ་པར། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་འདི་ན་སྐྱེ་བ་མེད། །ཅེས་པ་དང༌། གསང་བའི་དོན་འཆད་པ་ན། གསང་སྙིང་ལས། རང་བཞིན་དང༌། གབ་པ་དང༌། སྦས་པ་དང༌། མི་བསྟན་པའི་གསང་བ་ཞེས་འབྱུང༌། བྱ་བ་དང༌། གསང་སྙིང་ལས། དབང་ལྔ་འབྱུང༌། བྱ་བ་དང༌། མཐིང་ཁ་དཀར་པོ་སེར་ལེབ་རྒན། །ཞེས་པ་ནས། མཐའ་དབུས་མེད་པར་ལྷུན་གྱིས་གྲུབ། །ཅེས་བྱ་བའི་བ་དང༌། གསང་སྙིང་ལས། དེ་ཁོ་ན་ཉིད་གསུམ་དུ་འབྱུང༌། །ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་གསང་སྙིང་གིས་མཚན་སྨོས་ནས་དྲངས་སོ། །ལོག་པའི་སྐྱོན་བཞི་ལ་སོགས་པ་སྤང་བ་ནི། འདི་སྐད་བཤད་པ་ནི་སངས་རྒྱས་ཀྱི་གསུང་ཐམས་ཅད་ས་བཅུ་པ་བས་ཀྱང་བསྡུ་བར་མི་ནུས་པས་སངས་རྒྱས་ཉིད་ཀྱིས་བསྡུས་པར་འདོད་པའི་ལུགས་ཡིན་ཏེ། གསང་འདུས་ཀྱི་འགྲེལ་པ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་བཤད་པ་བཞིན་གསུང་མཁན་ཉིད་ཀྱིས་བསྡུས་པའི་ལུགས་ཡིན། གཞི་ཚད་མེད་པ་ནི་ཆོས་མངོན་པ་ནས་ཀྱང་འོག་མིན་ལ་ཚད་མེད་པར་བཤད་པ་ཡོད་དོ། །དུས་བཞི་ནི་བི་ཤྭ་མི་ཏྲའི་འགྲེལ་ཆེན་ནས་ཀྱང༌། དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ། །ཞེས་པ་དང༌། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱིས། །ཞེས་གསར་མ་ནས་ཀྱང་བཤད་ལ། སངས་རྒྱས་གསང་བས་བསྐལ་པ་བཞི་ལ་བཤད་དོ། །རྡོ་རྗེ་སེམས་དཔའ་དབུས་སུ་འབྱུང་བ་ནི་དཀྱིལ་འཁོར་གྱི་གཙོ་བོ་འཕོ་བ་བྱ་བ་གསར་མ་ནས་ཀྱང་བཤད་དོ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པ་ནི། གསང་སྙིང་གི་རྒྱ་དཔེ་ལས། སཱུ་ཏྲཾ་བཛྙཱ་ཏི་ཀྵཌྱ་ཏི་བྱ་བ་ཡོད་དེ། སཱུ་ཏཱཾ་ཐིག་གི་རྒྱ་སྐད་ཡིན། ཉི་འོད་སེང་གེའི་འགྲེལ་པ་ནས་ཀྱང་ཐིག་ལ་བཤད། ཏིག་མནའ་སྡད་ཡིན། རྒྱུད་གཞན་དུ་ཁ་འཕངས་པ་ནི། དགྱེས་པ་རྡོ་རྗེ་ལ་སོགས་པ་ཕྱིས་གསུངས་པ་ཐམས་ཅད་ཀྱང་དང་པོར་གསུངས་པའི་དེ་ཉིད་བསྡུས་པར་ཁ་འཕངས་ནས་ཡོད་དོ། །དཔལ་གསང་བ་སྙིང་པོ་སྒྲུབ་པ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་བཀོད་པའོ། །གསང་སྙིང་ལ་འགྲེལ་པ་སངས་རྒྱས་གསང་བ་དང༌། བི་ལ་མི་ཏྲ་དང༌། ཉི་འོད་སེང་གེ་གསུམ་གྱི་ཡོད་དོ། །ཞེས་འབྱུང༌། ཁོ་བོ་ཅག་ལ་ནི་བཀའ་བསྡུད་པ་པོ་གཞན་གྱིས་མ་བསྡུས་པའི་རྒྱུད་དངོས་ཡིན་པ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྡུས་པ་ལ་བཙན་མི་བཙན་གྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གང་ཞིག་གྲྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཅེས་འབྱུང་བ་ལྟར་རོ། །དེ་བཞིན་དུ་རྫོགས་པ་ཆེན་པོའི་རྒྱུད་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ཆོས་སྐུའི་འཁོར་ལ་བཤད། ཅེས་པ་དང༌། ལོ་ཙཱ་བ་བཻ་རོ་ཙ་ནས་བརྩམས་པར་འཆད་པ་གཉིས་ལ་ཡང་ཆོས་རྣམ་དག་ཏུ་བཙན་མི་བཙན་གྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡང་ལ་ལ་དག་ན་རེ། དཔལ་འཛིན་གྱི་ལུང་ཁུངས་སུ་མི་བྱེད་ན། ཆོས་ལོག་འཕེལ་བའི་རྣམ་གྲངས་འདི་དང་འདིའོ་ཞེས་ཁུངས་དག་ཅིང་ཚིག་ཉུང་བར་བསྡུས་པའི་བསྔགས་པ་མི་འཐད་དོ། །ཞེས་ཟེར། ཆོས་ལོག་འཕེལ་ཞེས་པ་ནི། རྩ་བར། དེ་རྗེས་ཆོས་ལ་ལོག་དུ་མ་འཕེལ། །ཞེས་པའི་ངོས་འཛིན་དུ་བྱས་འདུག་པ་ལ་བསམས་པ་དང༌། ཁུངས་དག་ཅེས་པ། ཁོང་གིས་རྒྱུད་དེ་ན་དེ་ཡོད་ཅེས་བཤད་པ་རྣམས་ལ་དེ་ན་མེད་དོ་ཞེས་འཆད་པ་དག་མ་མངོན་པའི་ཕྱིར། འོ་ན་དེ་རྣམས་སྐྱོན་ཅན་ཉིད་དུ་སོང་བར་ངེས་སམ་ཞེ་ན། དག་པ་སྒོམ་པ་ནི་གསང་བ་སྙིང་པོའི་རྩ་བ་ཉིད་ནས་ཕལ་ཆེར་ཐོན་ལ། རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་དང༌། མངོན་པར་བྱང་ཆུབ་པ་ལྔ་སོགས་ནི། ལ་ལ་ན་རེ། རྒྱུད་འདི་ཐ་མར་ཟུར་ལ་བབས། བྱ་བ་ཡིན་པའང་ཟུར་ཆེ་ཆུང་གིས་རྩ་རྒྱུད་དང་བཤད་རྒྱུད་དུ་སྦྱར། འགྲེལ་པ་དང་སྟོང་ཐུན་དུ་སྦྱར་བས་ཐོན་པར་ཡོད་དོ། །ཞེས་གསུངས། རྒྱལ་བ་རིགས་ལྔ་མནན་པ་སོགས་ནི་རྫོགས་པ་ཆེན་པོའི་ཐེག་པ་ལ་གནས་པའི་ཚེ། ཤིན་ཏུ་རྣལ་འབྱོར་གྱི་དབང་དུ་བྱས་པ་ཡིན་ཞེས་བཤད་ན་ལུགས་དེ་ཉིད་ལ་འབྱོར་པ་ཡིན་ཏེ། ལུགས་དེ་ལ་གནས་པའི་ཚེ་རྣལ་འབྱོར་གོང་མ་གསུམ་གྱི་ལྷའི་རྣལ་འབྱོར་སོགས་སྒོམ་པ་དེ་ཤིན་ཏུ་རྣལ་འབྱོར་ལ་ལྟོས་ཏེ་སྙིང་པོའི་དོན་མ་མཐོང་བ་དང༌། ཐེག་པ་འདིས་འོག་མ་ཐམས་ཅད་ཟིལ་གྱིས་གནོན་པར་འཆད་པའི་ཕྱིར། ཡང་ཆོས་ཀྱི་རྗེས་ཆོས་རྫོགས་ཆེན་གསན་པར་བཤད་པས་རྣམ་དག་ཏུ་འགྲུབ་པ་དང༌། སྐབས་བརྒྱད་ཅིག་ཆར་སྒོམ་པ་དང༌། ཞེས་པས་སྒྲུབ་པ་བཀའ་བརྒྱད་རྣམ་དག་ཏུ་བཞེད་པར་འགྲུབ་བོ། །ཞེས་གསུངས་པ་དག་སྣང་བ་ནི། སྒྲུབ་པ་བཀའ་བརྒྱད་བསྟན་བཅོས་མཛད་པ་པོ་འདིས་རྣམ་དག་ཏུ་བཞེད་མི་བཞེད་ཀྱི་དཔྱད་པ་རེ་ཞིག་བོར་ནས། འདིར་ཡི་གེའི་བརྡ་མ་གཅིག་པས་རྙིང་མའི་ཆོས་ལ་ཟེར་བ་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པའི་གདམས་ངག་ཞིག་ཡིན་ལ། དེ་ལའང་རྣམ་བཤད་མཛད་པ་ཁ་ཅིག་ནི་ཇོ་བོའི་གདམས་ངག་ཡིན་ཞེས་དང༌། ལ་ལ་ནི་དམ་པ་རྒྱ་གར་ནས་བརྒྱུད་པའོ། །ཞེས་གསུངས། འདིར་གསན་ཚུལ་མང་པོ་དག་བཤད་པ་དེ་དག་གིས་ནི་གང་གསན་པ་ཐམས་ཅད་དག་པར་འགྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདིར་ཆོས་དང་ཆོས་མ་ཡིན་པའི་རྣམ་དབྱེ་མཛད་པ་ལ། གཞན་དག་ན་རེ། རྩོམ་པ་པོ་ཉིད་ཀྱིས་གང་ཐོས་པ་དེ་ཐམས་ཅད་དག་ལ། མ་ཐོས་པ་དེ་མ་དག་པ་ཡིན་ནོ་ཞེས་ཟེར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར། དེ་ཕྱིར་ཆོས་རྣམས་ཕལ་ཆེར་ཐོས། །དེས་ན་བདག་ལ་ཕྱོགས་ལྷུང་མེད། །ཅེས་གསུངས་སོ། །དེ་ལྟ་ན་ཡང་བསྟན་བཅོས་མཛད་པ་འདིའི་བཞེད་པས། རྫོགས་ཆེན་དང༌། ཞི་བྱེད་དང༌། སྤྱོད་ཡུལ་དང༌། བློ་སྦྱོང་རྣམས་ཀྱི་དོན་འཁྲུལ་བར་མི་བཞེད་ཀྱང༌། ཐ་སྙད་ནི་རྒྱ་གར་དུ་གྲགས་པ་མི་བཞེད་དེ། དེང་སང་བོད་ལ་གྲགས་པ་ཡི། །ཞེས་ཟུར་བཏོན་པའི་ཕྱིར། །ཆོས་དེ་པ་རང་གི་ལུགས་ལ་ནི། རྒྱ་གར་སྐད་དུ། མཧཱ་སནྟི་ཞེས། དེའི་ཐ་སྙད་ཀྱང་འཕགས་ཡུལ་ནས་བྱུང་བར་བཞེད་པ་དང༌། ཨ་ཏི་ཡོ་ག་དང་རྫོགས་པ་ཆེན་པོ་དོན་གཅིག་པར་བཞེད་ལ། བསྟན་བཅོས་འདིར་ནི་རྣལ་འབྱོར་བཞིའི་ནང་གི་ཤིན་ཏུ་རྣལ་འབྱོར་དང༌། རྫོགས་ཆེན་གྱི་ལྟ་བ་དོན་གཅིག་ཏུ་མི་བཞེད། དེ་ལྟ་ན་ཡང་རྫོགས་ཆེན་ལ་ཨ་ཏི་ཡོ་ག་ཞེས་པ་དེ་ཕྱོགས་སྔ་མ་བ་རང་ལ་གྲགས་ཆེ་བའི་དབང་དུ་མཛད་དོ། །དེ་ལྟ་མོད་ཀྱི། ཀུན་བྱེད་རྒྱལ་པོ་ནས་གསུངས་པའི་ལྟ་བ་དེ་ལྟ་བའི་ལྡོག་པ་ནས་ཡང་དག་པ་ཡིན་ཀྱང༌། ཆོས་དེའི་རྒྱུད་འཛིན་རྣམས་ཀྱིས་སྤྱོད་པའི་ཕྱོགས་དང་མི་སྦྱོར་ཞིང༌། སྤྱོད་པ་ཡལ་བར་དོར་བས་ཆོག་པའི་གྲུབ་མཐའ་དང་ལག་ལེན་དུ་བྱེད་ན། རྒྱ་ནག་མཁན་པོའི་ཆོས་ལུགས་སུ་སོང་ཞེས་པ་ནི། བསྟན་བཅོས་འདིའི་བཞེད་པ་ཉིད་དུ་ངེས་ལ། རྫོགས་ཆེན་གྱི་ཆོས་ལུགས་དེ་ལྟར་འཆད་ན། དཔལ་འཛིན་གྱིས། ཁྱད་པར་ཧྭ་ཤང་གྲུབ་མཐའ་དང༌། །མན་ངག་ལྟ་བའི་ཕྲེང་བ་བསྲེས། །ཞེས་དང༌། རྒྱལ་པོ་གཡུ་སྒྲ་སྙིང་པོ་ཡི། །ཐུགས་དམ་མན་ངག་ལྟ་ཕྲེང་ཡང༌། །ཕྱི་ནས་དེ་ཡི་རྒྱུད་འཛིན་གྱིས། །རྫོགས་པ་ཆེན་པོའི་ཆོས་སུ་བསྒྱུར། །ཞེས་པའི་ཉེས་པ་དེ་དག་མི་འཇུག་པའི་ངེས་པ་མེད་དེ། ཇི་སྐད་དུ། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་དང༌། །ཞེས་པའང་དོན་དེ་ལ་བསམས་པའི་ཕྱིར་རོ། །གལ་ཏེ་འོ་ན་ཀུན་བྱེད་རྒྱལ་པོའི་ལུགས་ཀྱི་ལྟ་བ་མ་འཁྲུལ་བའི་རྒྱུ་མཚན་ཅི། ལྟ་བ་དེའི་གྲོགས་སུ་བསོད་ནམས་ཀྱི་ཚོགས་དགོས་པ་ཀུན་བྱེད་ཀྱི་ལུགས་ཡིན་ན་རྒྱུད་དེ་རང་དང་དངོས་སུ་འགལ། དེ་དེའི་ལུགས་མ་ཡིན་ན། རྒྱ་ནག་མཁན་པོའི་ཆོས་ལུགས་དང༌། ལྟ་བ་ཡས་འབབས་དང༌། ལམ་ཅིག་ཆར་པ་ཞེས་བྱ་བ་དེའི་ལུགས་སུ་སོང་བ་མ་ཡིན་ནམ། ཞེ་ན། དེ་ལ་གཉིས་ཏེ། ལྟ་བ་མ་འཁྲུལ་བར་བསྟན་པ་དང༌། ཀུན་རྫོབ་ཆོས་མེད་པར་བཤད་པས་ལས་རྒྱུ་འབྲས་ལ་སྐུར་བ་བཏབ་པར་མི་འགྲུབ་པའོ། །དང་པོ་ནི། ཀུན་རྫོབ་གཟུང་འཛིན་གྱི་ཆོས་གཉིས་མེད་ཅིང༌། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་རང་བཞིན་ཆོས་སྐུ་དང༌། ཆོས་དབྱིངས་ཡེ་ཤེས་དང༌། སེམས་ཀྱི་རྡོ་རྗེ་དང༌། དགྱེས་པ་རྡོ་རྗེ་སོགས་སུ་ཁས་ལེན་པ་ནི་བཀའ་འཁོར་ལོ་ཐ་མའི་ངེས་དོན་མཐར་ཐུག་པ་དང༌། གསང་སྔགས་ཕྱི་འགྱུར་བ་རྣམས་ཀྱིས་ཀྱང་ངེས་དོན་མཐར་ཐུག་དང༌། ལྟ་བའི་ཡུལ་དང༌། དོན་དམ་པའི་བདེན་པ་ཞིག་ཁས་ལེན་པ་དེའི་ཚེ་དེ་ལས་གཞན་ཡོད་པ་མ་ཡིན་ཏེ། འཕགས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ནི་དེ་ལས་གཞན་ཁས་མི་ལེན་པའི་ཕྱིར་རོ། །དེ་ཉིད་ལ་རྫོགས་པ་ཆེན་པོའི་ཆོས་སུ་ཀུན་བྱེད་རྒྱལ་པོ་ཞེས་གྲགས་སོ། །དེ་སྐད་དུ་ཡང༌། དགྱེས་པ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །ཞེས་དང༌། དངོས་ང་དངོས་པོ་མེད་པ་ང༌། །ཞེས་དང༌། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང༌། རྫོགས་པ་ཆེན་པོའི་ཆོས་ཀྱི་བཞུགས་ཚུལ་གཅིག་ཏུ་སྣང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འོ་ན། ཆོས་འདིའི་ལུགས་ལ་བསོད་ནམས་ཀྱི་ཚོགས་སོག་པ་དང་ས་ལམ་གྱི་རིམ་པ་ཡོད་པར་འཆད་ན། སེམས་ཅན་ལ་སངས་རྒྱས་ལྷུན་གྱིས་གྲུབ་པ་དང༌། ཀུན་རྫོབ་དང་དོན་དམ་ཞེས་བྱ་བ་གཉིས་མེད་པར་བཤད་པ་དང་འགལ་ཏེ། ཇི་སྐད་དུ། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུར་ཡོད་ཟེར་སྨྲ་བྱེད་པ། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡང༌། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། ལུང་དེར་ཀུན་རྫོབ་ཀྱི་ཆོས་རྣམས་མེད་པ་དང༌། ཀུན་བྱེད་གཅིག་ཉིད་ཡོད་པར་བཤད་མོད། དེ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་སོག་མི་དགོས་པར་འགྲུབ་ན། ཕར་ཕྱིན་ཐེག་པ་པ་དག །མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་ཟེར་བ་དང༌། ཀྱཻ་རྡོ་རྗེ་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པས་ཀྱང་དེ་ལྟར་དུ་བསྟན་པར་འགྱུར་རོ། །ལུགས་དེ་པ་དག་གི་བསམས་པ་ལ། དེ་ཡང་བསྟན་ནོ་ཞེ་ན། མ་ཡིན་ཏེ། དེ་མ་ཐག་ཏུ། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་འཆད་པའི་ཕྱིར་རོ། །རྣལ་མའི་ལན་ནི། འཁྲུལ་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་ཅིང༌། དོན་དམ་དུ་མེད་པས་མེད་པའི་གོ་ཆོད་པའི་རྒྱུ་མཚན་གྱིས་ན། དོན་དམ་ལས་མ་གཏོགས་པའི་ཀུན་རྫོབ་མི་འདོད་མོད། དེ་ལྟ་ན་ཡང་བསོད་ནམས་ཀྱི་ཚོགས་ཡལ་བར་འདོར་དུ་རུང་བ་མ་ཡིན་ཏེ། ཀུན་རྫོབ་འཁྲུལ་པའི་ངོར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སོག་པ་མེད་དུ་མི་རུང་བའི་ཕྱིར། འཁྲུལ་ངོ་ཡིན་ན་དེ་ལྟར་བསགས་པ་ལ་དགོས་པ་མེད་དོ། །ཅེ་ན། མ་ཡིན་ཏེ། དེ་མེད་ན་འཁྲུལ་ངོའི་སྟོན་པ་ལོངས་སྤྲུལ་གཉིས་མི་འབྱུང་བའི་ཕྱིར། མ་འཁྲུལ་པའི་སྟོན་པ་ཆོས་སྐུ་གཅིག་བུས་ཆོག་མོད། འཁྲུལ་ངོའི་སྟོན་པས་ཅི་ཞིག་བྱ་ཞེ་ན། ཇི་སྲིད་མ་རིག་པའི་གཉིད་མ་སད་པ་དེ་སྲིད་དུ་ཆོས་སྐུའི་སྟོན་པ་གཅིག་བུས་ཆོག་པ་མ་ཡིན་ཏེ། མ་རིག་པའི་གཉིད་སད་པ་ན་གཟུགས་སྐུའི་རྣམ་པ་སྣ་ཚོགས་པ་མིག་ཤེས་ལ་སྣང་བ་དང༌། དེས་ཆོས་གསུངས་པའི་སྒྲ་ཉན་ཤེས་ལ་གྲགས་པ་སོགས་མི་འབྱུང་ཡང་ཇི་སྲིད་མ་རིག་པའི་གཉིད་མ་སད་པ་དེ་སྲིད་དུ་སྟོན་པ་ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བར་མ་ནུས་པས། སེམས་ཅན་རང་སྣང་གིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་དགོས་ལ། དེ་འཆར་བ་སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང་གདུལ་བྱ་རང་རང་གི་བསོད་ནམས་ཀྱི་ཚོགས་བསགས་པ་ལ་རག་ལས་པའི་ཕྱིར། དེ་སྐད་དུ་ཡང༌། དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ནས། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པ་ལྟ། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་འདི་དང༌། དགྱེས་པ་རྡོ་རྗེ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་གསུངས་པ་རྣམས་དང་དོན་མཐུན་པར་གྲུབ་པའོ། །དེ་ནས་གྲུབ་པའི་དོན་སྨྲས་པ་ནི། རི་གཞན་ཐོད་དུ་རྐང་པའི་སྟེགས་འཆའ་ཡང༌། །ལྷུན་པོའི་སྤོ་ལ་ཁེངས་པས་མི་སྙེག་པ། །གསེར་གྱི་ཆར་པས་སྦགས་པའི་མདངས་གསལ་ཅན། །གཉའ་ཤིང་འཛིན་རིའི་རྩེ་ནས་རྣམ་དཔྱོད་ཀྱི། །ལེགས་བཤད་ཉི་མ་ལན་བརྒྱར་ཤར་བ་ན། །གླིང་ཆེན་རྣམ་བཞིའི་མུན་པ་སེལ་རློམ་ཡང༌། །རང་འདོད་རྣམ་གཡེང་རྒྱས་པའི་སྤྲིན་རུམ་ནས། །གཞན་ཟེར་ཕྱོགས་འཛིན་ལམ་དུ་མཚོན་མ་ནུས། །སྐལ་བཟང་རྣམ་དཔྱོད་མང་པོའི་གདེངས་ཀ་ཅན། །མདོ་ལུང་རྒྱ་མཚོའི་དབུས་ན་བཞུགས་གང་ཉིད། །བློ་གྲོས་ལྕེ་བརྒྱ་བརྐྱང་པའི་ཆུ་འཛིན་གྱིས། །ཡིད་བཞིན་མཚོ་ནས་བླངས་པའི་ལེགས་བཤད་ཆར། །སྒོ་འབྱེད་ཀླུ་དབང་རྒྱལ་པོའི་བྱ་མ་རྟ། །སྔོན་བྱོན་རྒན་པོའི་ལམ་དུ་འཇུག་བྱེད་མཁན། །བློ་གསལ་སྤྲིན་གྱི་བུ་མོ་བཞད་ལྡན་མ། །ལེགས་བཤད་དབྱངས་སུ་ལེན་པའི་ཆོས་ཀྱི་གྲྭ། །ཁོར་ཡུག་ཡངས་པའི་དབུས་སུ་བདེ་བར་བྱོན། །ངོ་མཚར་ཀུན་དགའི་བཞིན་གྱིས་བག་ཕེབས་ནས། །མོལ་མཆིད་འབེལ་གཏམ་རྒྱས་པ་ཅི་ཡང་བྱས། །ལུགས་རྙིང་མཛའ་བོའི་ཡིད་དང་མི་འཕྲོད་པའི། །གསར་ཆོས་འཕྱོན་པའི་གཏམ་གྱིས་ཡིད་སིམ་ནས། །ངོ་བསྲུང་གཅམ་བུར་སྨྲ་བའི་མཛེས་སྡུག་གིས། །གོང་མའི་གཞུང་མཆོག་འཛིན་པའི་རྩོལ་མི་ཕོད། །གཏམ་རྙིང་ཆང་གིས་མྱོས་པའི་གླང་པོ་ནི། །གསར་བྱུང་གཏམ་གྱིས་ཁེངས་རྒྱས་ཁྱུར་ལོངས་པའི། །ཡིད་ཀྱི་ཤིང་རྟ་འདྲེན་པའི་སྐབས་བྲལ་ཞེས། །སྙོམ་ལས་འཇམ་པོའི་མལ་དུ་གཉིད་ལོག་མོད། །ལེགས་བཤད་གླང་རྫི་གྲིམས་པོའི་ལྕགས་ཀྱུ་ཡིས། །མ་དུལ་གླང་ཆེན་འདི་ན་ཡོད་མིན་ཞེས། །ཡིད་གཅུགས་མཆིད་འཕྲིན་བཟང་པོས་བག་ཡོད་པ། །མཆིད་ལན་རིགས་པར་འབུལ་ལ་གློ་བ་སྤྲོ། །སྔ་འགྱུར་ཆོས་ཀུན་ཐར་པའི་སྒོ་མང་དང༌། །མངོན་མཐོའི་ལམ་ཆེན་འབྱེད་པར་ཆབས་ཅིག་མོད། །དེ་འཛིན་བྱེད་འགས་འཁྱོག་པོའི་ལམ་བསྟན་པ། །སྔོན་བྱོན་མང་པོས་དཔྱད་ཕྱིར་འབད་མི་འཚལ། །ཕྱིས་བྱུང་གཏམ་གྱི་འཐོར་རླུང་མི་ལྡང་ཞིང༌། །སྔོན་རབས་ཆོས་ཀྱི་ཆུ་འཛིན་བསྡུས་པ་ལས། །འབེལ་གཏམ་ཆར་ཆེན་དུས་སུ་ཕེབས་པ་འདི། །བསྐལ་བཟང་ཆོས་ཀྱི་རྒྱ་མཚོར་འབབས་མཁས་ཤོག །ཅེས་པ་འདི་ནི། རིགས་རུས་ཀྱི་དཔལ་གྱིས་མངོན་པར་མཐོ་ཞིང༌། རྣམ་པར་དཔྱོད་པའི་བློ་གྲོས་དང༌། མང་དུ་གསན་པ་རྒྱ་མཚོའི་དབུས་ན་བཞུགས་པ། ཆོས་ཀྱི་རྗེ་བསྐལ་བཟང་རྒྱ་མཚོའི་སྡེས་རྒྱང་རིང་པོ་ནས་འབེལ་གཏམ་དུ་སྤྲིངས་པའི་མཆིད་ལན་དུ། ཡུལ་དབུས་ཀྱི་ཀློག་པ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཡས་རུ་གཙང་གི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ནས། ཆུ་སྟོད་ཀྱིས་ཉ་བའི་ཚེས་ལ་ཕུལ་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  མངྒ་ལཾ།།  ༈  །།སྤྱན་རས་གཟིགས་ལ་ཕྱག་བཙལ་ནས། །དགེ་བ་ཡིན་ན་དེའི་འབྲས་བུ། །སྡུག་བསྔལ་སྐྱེད་པར་འགལ་ཞེས་པ། །འདི་ལ་དངོས་དང་བརྒལ་ལན་ནོ། །དང་པོ་བརྗེ་བའི་བྱང་སེམས་ཀྱིས། །བླངས་པའི་སྡུག་བསྔལ་གང་ཡིན་པ། །སེམས་དེའི་འབྲས་བུར་མི་རུང་སྟེ། །དེ་དང་དེ་ལ་རྒྱུ་དྲུག་དང༌། །འབྲས་བུ་རྣམ་ལྔའི་རྣམ་གཞག་ནི། །གང་ཡང་རྩི་རྒྱུ་མེད་ཕྱིར་རོ། །བྱེད་རྒྱུ་ནུས་མེད་ཅེས་བྱ་བ། །དེ་ཡིས་འབྲས་བུ་བསྐྱེད་པ་མེད། །གཞན་གྱི་སྡུག་བསྔལ་བླངས་པ་ལས། །རྒྱལ་བའི་སྲས་ཀྱི་ཞབས་སྙུང་བ། །དེ་ཡི་ཚེ་ན་སྡུག་བསྔལ་དེ། །གཞན་སྡིག་ཉིད་ཀྱི་འབྲས་བུ་ཡིན། །གཞན་གྱི་སྡིག་པ་རང་རྒྱུད་ལ། །སྨིན་པ་སྲིད་ན་སྡིག་དེ་ཉིད། །གཞན་གྱི་སྡུག་བསྔལ་རང་རྒྱུད་ལ། །བླངས་པ་དེ་ཡི་རྒྱུར་འདོད་མོད། །འོན་ཀྱང་གཞན་སྡིག་རང་རྒྱུད་ལ། །སྨིན་པར་གྱུར་ཅིག་ཅེས་བྱ་བའི། །སྨོན་ལམ་འགྲུབ་པ་མི་སྲིད་ཕྱིར། །གནས་མ་ཡིན་པའི་སྨོན་ལམ་མོ། །དེ་ཕྱིར་བདག་གཞན་བརྗེ་བའི་སེམས། །བསྒོམས་པས་གཞན་གྱི་སྡུག་བསྔལ་དག །སེལ་ཞིང་རང་ལ་སྨིན་པ་ལྟར། །སྣང་བ་དེ་ནི་སེམས་བཟང་པོས། །ལན་གྲངས་གཞན་ལ་མྱོང་འགྱུར་གྱི། །ལས་འགའ་མཐོང་ཆོས་ལ་མྱོང་བར། །བྱས་པ་ཡིན་ཏེ་ཡུལ་འཕོ་ན། །བུ་ལོན་ལྡང་བའི་དཔེ་ཡིས་གསུངས། །ཤེས་རབ་ཕ་རོལ་ཕྱིན་འཛིན་པ། །མནར་བར་འགྱུར་ཞེས་གསུངས་དེ་བཞིན། །གཉིས་པ་བརྒལ་ལན་བཤད་པ་ལ། །དཀྱུས་མ་ཉིད་དང་འཕྲོས་པའོ། །དང་པོ་ལ་གཉིས་དྲི་བ་དང༌། །དེ་ཡི་དངོས་ལེན་བཏབ་པའོ། །དང་པོ་དགེ་ལས་སྡུག་བསྔལ་དག །སྐྱེ་བ་སྲིད་པ་མ་ཡིན་ན། །རྒྱལ་བའི་སྲས་པོ་གཞན་དག་གི །དམྱལ་བའི་སྡུག་བསྔལ་བླངས་པ་དང༌། །རྒྱལ་པོ་ནམ་མཁའ་སྦྱིན་གཏོང་གི །རྐྱེན་གྱིས་འབྲོག་དགོན་གནས་དག་ཏུ། །སྤྱུགས་ནས་སྲོག་ཆགས་མང་པོ་ཡིས། །ཟོས་པའི་སྡུག་བསྔལ་མྱོང་དེ་ཅི། །གཉིས་པ་ལན་ནི་གཞན་གྱི་ཕྱིར། །དམྱལ་བའི་སྡུག་བསྔལ་མྱོང་ཞེས་པ། །འགའ་ཞིག་དམྱལ་བ་མྱོང་ངེས་ཀྱི། །ལས་བྱེད་པ་ལས་བཟློག་གྱུར་ན། །རང་ཉིད་དེ་ཡི་ཚབ་ཞུགས་པས། །ཡུད་ཙམ་དམྱལ་བ་མྱོང་གྱུར་ནས། །རྣམ་སྨིན་འཁྲུལ་པ་མེད་པའི་ཚུལ། །རྒྱལ་པར་གསུངས་པ་དེ་ཉིད་དེ། །དེད་དཔོན་སྙིང་རྗེ་ཆེན་པོ་ཡིས། །ཚོང་པ་གཡོ་ཅན་བསད་དེ་བཞིན། །གཉིས་པའི་ལན་ནི་སྦྱིན་གཏོང་གི །བསམ་པ་ཁྱད་པར་ཅན་དེ་ཡིས། །ལན་གྲངས་གཞན་ལ་མྱོང་འགྱུར་གྱི། །ལས་འགའ་སྨིན་པར་གྱུར་ཡིན་གྱི། །སྦྱིན་པ་གཏོང་པའི་བསོད་ནམས་ལས། །སྡུག་བསྔལ་བྱུང་བ་མ་ཡིན་ཏེ། །བྱེད་རྒྱུ་ནུས་མེད་མ་གཏོགས་པ། །རྒྱུ་དང་འབྲས་བུའི་རྣམ་གཞག་ཀུན། །དེ་ལ་འཐད་པ་མིན་ཕྱིར་རོ། །ཐམས་ཅད་སྒྲོལ་གྱི་སྦྱིན་གཏོང་གིས། །མྱོང་ངེས་ལས་འགའ་སྨིན་པ་བཞིན། །གཉིས་པ་འཕྲོས་པའི་དོན་འགའ་ཡང༌། །དཔྱད་པ་འཇུག་ཕྱིར་བསམ་པར་བྱ། །དགེ་བ་གང་ཡིན་སྤྱིར་བཏང་དུ། །སྡུག་བསྔལ་རྒྱུ་མིན་ཞེས་བྱ་བ། །འདི་ལ་ཞིབ་མོར་བཤད་དགོས་ཏེ། །དགེ་བ་ཟག་བཅས་འདུ་བྱེད་ཀྱི། །སྡུག་བསྔལ་རྒྱུར་ནི་ཤིན་ཏུ་ཡང༌། །རུང་བ་ཉིད་དུ་བཤད་ཕྱིར་རོ། །ཇི་ལྟར་ཞེ་ན་ཟག་བཅས་ཀྱི། །ལས་ཀུན་འཁོར་བའི་རྒྱུ་ཕྱིར་དང༌། །འཁོར་བའི་གཙོ་བོ་འདུ་བྱེད་ཀྱི། །སྡུག་བསྔལ་ཉིད་དུ་བཤད་ཕྱིར་རོ། །གཞན་ཀྱང་འཕེན་བྱེད་མི་དགེ་བས། །འཕགས་ཤིང་རྫོགས་བྱེད་དགེ་བ་ཡིས། །རྫོགས་པའི་སྡུག་བསྔལ་ཕུང་པོ་ཡང༌། །ངེས་པར་སྲིད་པ་ཉིད་དུ་བཤད། །ཟེར་བ་བྱུང་ན་དེ་ཡི་ལན། །གལ་ཏེ་དགེ་བ་ཡིན་ན་ནི། །དེ་ལ་སྡུག་བསྔལ་འབྱུང་བར་འགལ། །ཞེས་པ་ཚོར་བ་སྡུག་བསྔལ་གྱི། །དབང་དུ་བྱས་པ་ཉིད་ཡིན་ཏེ། །བདེ་དང་སྡུག་བསྔལ་བརྗེ་ཞེས་པ། །ཚོར་བ་བདེ་སྡུག་ཁོ་ན་ཡི། །དབང་དུ་མཛད་པ་ཉིད་ཕྱིར་རོ། །ཟག་བཅས་དགེ་བ་རྒྱུར་བྱས་པའི། །འབྲས་བུ་ལྔ་པོ་གང་ལ་ཡང༌། །ཚོར་བ་སྡུག་བསྔལ་མི་སྲིད་དེ། །མཚན་ཉིད་ཐམས་ཅད་འགལ་ཕྱིར་རོ། །དགེ་བ་འདུ་བྱེད་སྡུག་བསྔལ་གྱི། །འགྲུབ་བྱེད་རྒྱུ་རུ་བཤད་པ་ཡང༌། །ངན་སོང་གནས་སུ་སྐྱེས་པ་ཡི། །ཚོར་བ་བདེ་བ་འདུ་བྱེད་ཀྱི། །སྡུག་བསྔལ་ཡིན་ཀྱང་ཟག་བཅས་ཀྱི། །དགེ་བས་བསྐྱེད་པའི་འབྲས་བུ་སྟེ། །དེ་ཡི་རྒྱུ་མཐུན་འབྲས་བུ་ཞེས། །མངོན་པར་གོང་མར་བཤད་ཕྱིར་རོ། །དེ་ལྟར་བཅད་པ་འདི་ཙམ་ཞིག །ཉུང་ངུའི་ཚིག་ཏུ་བསྡུས་གྱུར་ཀྱང༌། །འདི་ལས་འཕྲོས་པའི་རྣམ་དཔྱོད་ནི། །གོང་འོག་མངོན་པའི་གཞུང་གང་ལ། །དཔྱད་པ་མང་དུ་ཞུགས་རྣམས་དང༌། །འབེལ་བའི་གཏམ་གྱིས་སྐྱེད་བསྲིངས་ན། །སྡེ་སྣོད་གཟིགས་པའི་དངུལ་དཀར་གྱི། །མེ་ལོང་ཉིད་དུ་འགྱུར་སྙམ་བྱེད། །ཅེས་པ་འདི་ཡང་གསེར་མདོག་ཅན། །སྡེ་སྣོད་ཀློག་པའི་ནགས་ཁྲོད་ནས། །བསྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེ། །གང་དུ་བཞུགས་པའི་གནས་སུ་ཕུལ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*