སྤར་བྱང་སྨོན་ཚིག

ཆོས་སྤྱོད་དཀར་ཆག

༡ རིས་མེད་མཁས་གྲུབ་བྱེ་བས་མགྲིན་གཅིག་ཏུ། །ཐུབ་པའི་རྒྱལ་ཚབ་ཆེན་པོར་རབ་བསྔགས་པའི། །གྲགས་ལྡན་ལྷ་ཡི་རྔ་སྒྲས་སྲིད་པའི་ཁྱོན། །འགེངས་བྱས་ས་སྐྱའི་འཇམ་མགོན་རྣམས་ལ་འདུད། ༢ །གང་གི་བཞེད་གཞུང་པད་ཚལ་ལས་བཏུས་པའི། །ཆོས་སྤྱོད་ངོ་མཚར་མེ་ཏོག་ཕྲེང་བ་འདི། །སྐལ་བཟང་བསོད་ནམས་སྤེལ་བའི་མཆོད་སྤྲིན་དུ། །གང་འདོད་གཅིག་ལས་འཕྲུལ་པའི་དཔར་དུ་བསྐྲུན། ༣ །དེ་མཐུས་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །བརྩེ་ཆེན་རྒྱལ་བ་གཉིས་པའི་རིང་ལུགས་མཚོ། །བཤད་སྒྲུབ་རླབས་ཀྱི་འཕྲེང་བ་དང་འགྲོགས་ཏེ། །སྲིད་མཐའི་བར་དུ་དར་རྒྱས་ཡུན་གནས་ཤོག ༤ །དེ་འཛིན་མཚན་མཆོག་གསུམ་གྱི་གདུང་འཛིན་པའི། །སྐྱེས་ཆེན་རྣམས་གཙོས་མཁས་དང་གྲུབ་པའི་ཚོགས། །༧ཞབས་པད་རྡོ་རྗེའི་ཁམས་སུ་རྟག་བརྟན་ཅིང་། །འཕྲིན་ལས་ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག ༥ །གནས་མཆོག་འདིས་མཚོན་ཡངས་པའི་ཁྱོན་རྣམས་ཀུན། །ཆོས་སྤྱོད་བཅུ་ཡི་བྱ་བས་དུས་འདའ་ཞིང་། །ཐོས་བསམ་བསྒོམ་པའི་རྒྱལ་མཚན་རབ་འཛིན་པའི། །ཁྲིམས་ལྡན་འདུས་པའི་ཚོགས་ཀྱིས་ཁྱབ་གྱུར་ཅིག ༦ །འཕགས་པའི་ཡུལ་སོགས་འཇིག་རྟེན་ཁམས་ཀུན་ཏུ། །རྒྱལ་བསྟན་ཉི་མའི་འོད་ཀྱིས་སྐྱོང་བ་ཡི། །རྫོགས་ལྡན་ཚལ་དུ་སྐྱེ་རྒུ་བུང་བའི་ཚོགས། །བདེ་སྐྱིད་སྒྲ་དབྱངས་རྟག་ཏུ་སྒྲོགས་པར་ཤོག ༧ །གནས་འདིར་འབྲེལ་ཐོགས་རྣམས་གཙོས་འགྲོ་བ་ཀུན། །དལ་འབྱོར་རྟེན་ཐོབ་བསྟན་དང་བསྟན་འཛིན་མཇལ། །ཐབས་དང་ཤེས་རབ་ཚང་བའི་འཇུག་ངོགས་ལས། །ཟུང་འཇུག་སྐུ་གཉིས་གོ་འཕང་མྱུར་ཐོབ་ཤོག ། ཅེས་པ་འདི་ཡང་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་སྒྲིགས་གྲྭ་གཞོན་ནུ་རྣམས་ཀྱི་རྒྱུན་འདོན་ཆོས་སྤྱོད་ཟུར་བཀོལ་གྱི་སྤར་བསྐྲུན་མཛད་སྐབས་འདུ་གསུམ་སྙོམས་ལས་པ་བཛྲའི་མིང་ཅན་གྱིས་གང་ཤར་འཕྲལ་མར་བྲིས་པ་དོན་དང་ལྡན་པར་ཤོག་ཅིག། །།མངྒ་ལཾ། དགེའོ།།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*