སྒྲོལ་ཆོག་བསྡུས་པ།

ཆོས་སྤྱོད་དཀར་ཆག

༄༅། །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། 

༈ །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པ། །གཏན་གྱི་སྐྱབས་གཅིག་རྗེ་བཙུན་བཅོམ་ལྡན་མར། །ཉེར་བཏུད་དེ་མཉེས་བྱེད་པའི་ཆོ་ག་འབྲི། །འདིར་རྗེ་བཙུན་སྒྲོལ་མའི་མཎྜལ་བཞི་པ་བྱ་བར་འདོད་པས་གནས་ཁང་བྱི་དོར་བྱས་པའི་དབུས་སུ་སྟེགས་བུ་ཇི་ལྟར་རིགས་པ་སྟེགས་ཁེབས་སོགས་ཀྱིས་བཀབ་པའི་སྟེང་དུ་རྗེ་བཙུན་མའི་བྲིས་འབུར་གྱི་རྟེན་ཡོད་ན་བཤམ། དེའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཞི་བཤམ། མེད་ན་མཎྜལ་གཅིག་ལ་བསྐྱར་ནས་འབུལ། གཏོར་མ་ཟླུམ་པོ་བཞིའམ་གཅིག་པུས་ཀྱང་རུང་། ཡོན་ཆབ། སྤོས། མར་མེ། ཞལ་ཟས་རྣམས་བཞིའམ་བསྡུ་ན་ཚར་རེ་ལ་ཁ་གསོས་ཀྱང་ཆོག དེ་ནས་སྟན་བདེ་བ་ལ་འདུག་ནས་ཁ་བཤལ་ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨཱ་ཧྲྀ་ད་ཡ། སནྟོ་ཥ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿ ཨཱ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་ཏིང་ཤག་དཀྲོལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ཚར་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་ཏྲི་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཎྜལ་འབུལ། མཁྱེན་བརྩེ་ནུས་ལྡན་རྒྱལ་བ་སྲས་བཅས་རྣམས། །བདག་ལ་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་འདེབས་སོ། །དེ་ནས་རྗེ་བཙུན་མ་ལ་མཎྜལ་གསུམ་འབུལ་བའི་དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏཱ་ལ་ནས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པོ་ཏཱ་ལ་ཡི་གནས་མཆོག་ན། །ཏཱཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱི་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། ། གསུང་རྒྱུན་ལ། པོ་ཏཱ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །འོད་དཔག་མེད་པས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་འཕྲིན་ལས་མ། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལ་ཡེ་སཏྭཾ། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝ་ར་པཱ་དྱཾ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝ་ར་པུཥྤེ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝ་ར་གནྡྷེ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝ་ར་ནཻ་ཝི་དྱཱ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཤབྡ་པཱུ་ཛ་ཨཱཿཧཱུྃ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་ཏཱ་རེ་བཛྲ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱག་འཚལ་ཉེར་གཅིག་ཚར་གཉིས་བརྗོད། གསུང་རྒྱུན་ལ།མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བགྱིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ༈ །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་པ་ཉེར་གཅིག་བཟླ། ཏཱ་རེ་ཉེར་གཅིག་བགྲང་། དེ་ནས་མེ་ཏོག་འཐོར་ཞིང་། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་གཅོད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་བསྒྲུབས་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག ། ཅེས་པས་སྨོན་ལམ་དང་། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག ། བསྡུ་ན། འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། །བདག་གི་ཉེར་འཚེ་མ་ལུས་ཀུན་ཞི་ནས། །མཐུན་རྐྱེན་རེ་བའི་འབྲས་བུ་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། ། ཞེས་བརྗོད། གཉིས་པ་ནི་ཡང་། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ། མཆོད་པ་ནི། ཨོཾ་ཨཱརྻཱ་ཏཱ་རཱེ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཱ་ནས། ཤབྡའི་བར་འདོན་པ་བསྒྱུར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་ཏཱ་རེ་བཛྲ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཨོཾ་རྗེ་བཙུན་མ་སོགས་ཕྱག་འཚལ་ཉེར་གཅིག་ཚར་གསུམ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་པ་ཉེར་གཅིག་བཟླ། ཏཱ་རེ་ཉེར་གཅིག་བགྲང་། དེ་ནས། འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། བདག་གི་ཉེར་འཚེ་མ་ལུས་ཀུན་ཞི་ནས། །མཐུན་རྐྱེན་རེ་བའི་འབྲས་བུ་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། ། གསོལ་གདབ་བྱ། ༈ གསུམ་པ་ནི། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱརྻཱ་ཏཱ་རཱེ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཱ་ནས། ཤབྡའིབར་འདོན་པ་བསྒྱུར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་ཏཱ་རེ་བཛྲ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཨོཾ་རྗེ་བཙུན་མ་སོགས་ཕྱག་འཚལ་ཉེར་གཅིག་ཚར་བདུན། ཨཱརྻཱ་ཏཱ་རེ་ཨརྒྷཾ་ནས། ཤབྡའི་བར། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡིས་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུང་བ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་དོ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཡི་གེ་བཅུ་པ་དང་ཏཱ་རེ་གཉིས་གོང་བཞིན། འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། །བདག་གི་ཉེར་འཚེ་མ་ལུས་ཀུན་ཞི་ནས། །མཐུན་རྐྱེན་རེ་བའི་འབྲས་བུ་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །གསོལ་བ་བཏབ། ཨོཾ་ཨཱརྻཱ་ཏཱ་རཱེ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཱ་ནས། ཤབྡའི་བར་འདོན་པ་བསྒྱུར། མཐར་རོལ་མོ་བྱའོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། ད་ལྟ་ཞལ་བཞུགས་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་ལ་འགྲོ་དོན་འཕེལ་བ་དང་། དགེ་འདུན་གྱི་སྡེ་ཐམས་ཅད་ཆོས་སྤྱོད་བཅུ་ཡི་སྒྲུབ་པ་མི་ཉམས་ཤིང་འཕེལ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ཅིང་དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ། གཏོར་མ་རྣམས་ཆུ་གཙང་གིས་སྦྱངས་ལ། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻཱ་ཏཱ་རེ་ཨོཾ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤཱནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནསཤབྡ་པཱུ་ཛ་ཨཱཿཧཱུྃ། ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་ཀྱིས་བསྟོད། གཉིས་པ། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤཱནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་ཕུལ། མཆོད་སྦྱིན་གཏོར་མ་དམ་པ་འདི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །སངས་རྒྱས་བསྟན་པ་དར་བ་དང་། །བདག་གི་ཕྲིན་ལས་འགྲུབ་པར་མཛོད། །གསུམ་པ། ཨོཾ་ཨཱཿཧཱུྃ་ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་དམ་པ་འདི། །རིགས་དྲུག་སེམས་ཅན་རྣམས་ལ་སྦྱིན། །བཀྲེས་སྐོམ་སྡུག་བསྔལ་ཞི་བ་དང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག བཞི་པ། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་དམ་པ་འདི། །གཞི་བདག་གནས་བདག་ཐམས་ཅད་ལ། །གུས་པས་འབུལ་གྱིས་བཞེས་ནས་ཀྱང་། །འཇིག་རྟེན་བདེ་ཞིང་ཆོས་འཕེལ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། ། ཅེས་པའི་མཐར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཱ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ལན་གསུམ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བག་མེད་སྤྱོད་པ་མ་དག་པས། །ཆོ་ག་གཞུང་བཞིན་མ་ལྕོགས་དང་། །ལྷག་ཆད་འགལ་འཁྲུལ་ཅི་མཆིས་པ། །ཐུགས་རྗེས་བཟོད་པར་མཛད་དུ་གསོལ། ། སྒྲོལ་མའི་རྟེན་ཡོད་ན། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་ཞེས་མེ་ཏོག་གཏོར། རྟེན་མེད་ན་ཡེ་ཤེས་པ་གཤེགས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །བདག་དང་སྦྱིན་བདག་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཤིང་བཀྲ་ཤིས་པར་གྱུར་ཅིག།  །།བསྔོ་སྨོན་བཀྲ་ཤིས་བརྗོད་པར་བྱའོ། །དངོས་གྲུབ་ཉེར་སྩོལ་བཅོམ་ལྡན་མར། །བསྟོད་སྒྲུབ་གསོལ་བ་བཏབ་པའི་ཐབས། །གོང་མའི་གསུང་ལས་ཉེར་བཏུས་ཏེ། །བློ་གསལ་བཞེད་པ་སྐོང་ཕྱིར་སྦྱར། །ཞེས་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་འདིའང་རབ་འབྱམས་སྨྲ་བ་པདྨ་ཆོས་འཕེལ་གྱིས་བཀའ་གནང་ལྟར། རྗེ་བཙུན་ཆེན་པོའི་གསུང་རབ་ལས་མདོར་བསྡུས་གོ་བདེ་བར་ཤཱཀ་བཙུན་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་བྲིས་པའོ།།  

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*