རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་ཁག་གསུམ།

ཆོས་སྤྱོད་དཀར་ཆག

༈ །རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་དང་པོ།     ༈ །སྭསྟི། རབ་དཀར་དགེ་བའི་མཚོ་ལས་ལེགས་འཁྲུངས་ཤིང་། །ལེགས་པར་སྦྱངས་པའི་བློ་གྲོས་ཆ་ཤས་རྫོགས། །ཕྲིན་ལས་འོད་དཀར་ཕྱོགས་བཅུར་འགྱེད་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ལེགས་བཤད་སྙིང་པོའི་དོན། །རབ་དགའི་ཏིང་འཛིན་སྟོབས་ཀྱིས་ཡོངས་སུ་རྟོགས། །ཕྲིན་ལས་བཟང་པོས་འགྲོ་བ་རྗེས་འཛིན་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཐོབ། །དབང་བཞིའི་ཆུ་བོས་མཐའ་ཡས་གདུལ་བྱ་ཡི། །ལུས་ངག་ཡིད་ཀྱི་དྲི་མ་སྦྱོང་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་པ་ཉེར་བསྟེན་ལེགས་བཤད་བདུད་རྩི་ཡིས། །ཟབ་མོའི་དོན་ལ་མི་འཇིགས་སྤོབས་པ་ཐོབ། །ནང་རིག་སྡེ་སྣོད་རྟོགས་པ་ཕུལ་དུ་བྱུང་། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །པདྨོའི་མཚོ་ལ་འོད་སྟོང་བདག་པོ་བཞིན། །གདུལ་བྱའི་བློ་གྲོས་ཀུན་ནས་རྒྱས་པར་མཛད། །མི་ཤེས་མུན་པ་རིང་དུ་སྤོང་བ་པོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བརྩེ་བའི་ཁུར་ལྡན་མཐའ་ཡས་འགྲོ་བའི་དོན། །གཡེལ་བ་མེད་པར་ཡོངས་སུ་སྒྲུབ་པར་མཛད། །སྤྱན་རས་གཟིགས་དབང་མངོན་སུམ་སྣང་བ་བཞིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་ཚུལ་ཁྲིམས་བརྟན་པ་ཡངས་པའི་ཁྱོན། །བྱང་ཆུབ་སེམས་ཀྱི་ལྗོན་པ་རབ་རྒྱས་ཏེ། །སྙིང་རྗེའི་མེ་ཏོག་དཀར་པོ་ཡོངས་སུ་འཛིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐུ་ཡི་ཆུ་འཛིན་དཀར་པོ་ལྷུན་སྟུག་ཅིང་། །སྨད་བྱུང་སྤོབས་པའི་གློག་ཕྲེང་རྣམ་པར་གཡོ། །མི་ཤེས་གདུང་བ་ཡོངས་སུ་སྐྱོབ་པར་མཛད། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲེགས་ལྡན་གཞན་གྱིས་རྟོགས་པར་དཀའ་བའི་དོན། །རབ་ཏུ་ཞིབ་པའི་བློ་ཡིས་ལེགས་རྟོགས་ནས། །ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་པོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་ཡོན་ཏན་ཆུ་གཏེར་ལས། །ཆ་ཤས་ཙམ་ཞིག་བླངས་ནས་རབ་བརྗོད་པའི། །དགེ་ཚོགས་གྲུབ་པ་གང་དེས་འགྲོ་བ་ཀུན། །དཔལ་ལྡན་བླ་མས་རྗེས་སུ་འཛིན་གྱུར་ཅིག །ཅེས་སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ས་བཟང་པ་ཀུན་དགའ་བཟང་པོ་ལ་གསོལ་བ་བཏབ་པ་འདི་ནི་དགེ་བཤེས་པདྨ་གྲགས་ཀྱིས་བསྐུལ་བའི་ངོར་རོང་སྟོན་ཤེས་བྱ་ཀུན་རིག་གིས་ས་ཕོ་རྟའི་ལོ་ཟླ་བ་བཅུ་པའི་ཉ་གང་བའི་ཉིན་ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲར་སྦྱར་བའི་ཡི་གེ་པ་ནི་རྒྱལ་བ་སེང་གེས་བགྱིས་སོ།། 

༈ །རྗེ་རྡོ་རྗེ་འཆང་ལ་བསྟོད་པ་གཉིས་པ།   ༈ །ཤེས་བྱ་ཀུན་ལ་ལེགས་སྦྱངས་མཐར་ཕྱིན་པས། །མཁས་རྣམས་དགའ་བའི་འཆད་རྩོད་རྩོམ་པ་ཅན། །བསྟན་པའི་ཁུར་ཆེན་རིང་དུ་ཁྱེར་བ་པོ། །ཕྱོགས་ལས་རྣམ་རྒྱལ་བཟང་པོའི་ཞབས་ལ་འདུད། །རྗེ་རྡོ་རྗེ་འཆང་ལ་བསྟོད་པ་ཤློ་ཀ་རྗེ་འདི་ཉིད་ཀྱི་རྣམ་ཐར་མུས་ཆེན་གྱིས་མཛད་པའི་མཆོད་བརྗོད་ལས་འབྱུང་། ༈ །སྡེ་སྣོད་གསུམ་གྱི་ཆུ་ཀླུང་ཀུན་འདུའི་མཚོ། །རྒྱུད་སྡེ་བཞི་ཡི་འདབ་རྒྱས་དགའ་བའི་ཚལ། །ལུང་རྟོགས་བཅུད་གཏམས་བུམ་པ་བཟང་པོ་སྟེ། །དགོས་འདོད་ཀུན་འབྱུང་ནོར་བུ་དེ་ལ་འདུད། །རྣམ་དཀར་ཚོགས་གཉིས་རིན་ཆེན་ལས་གྲུབ་ཅིང་། །རྣམ་དག་དཔག་ཡས་ཡོན་ཏན་ཆུ་བོས་བསྐོར། །རྣམ་མང་བཤེས་གཉེན་གསེར་རིའི་དབུས་ན་བརྗིད། །རྣམ་མཁྱེན་སྐུ་བཞིའི་ལྷུན་པོ་དེ་ལ་འདུད། །ལེགས་བཤད་འོད་ཀྱིས་གསུང་རབ་པད་ཚལ་འབྱེད། །ལེགས་སྨྲའི་ཚ་ཟེར་ཕས་རྒོལ་ཀུནྡའི་དགྲ། །ལེགས་བཀོད་དཀྱིལ་འཁོར་གདུལ་བྱའི་མཁའ་ལ་འཆར། །ལེགས་གསུང་བསྟན་པའི་ཉི་མ་དེ་ལ་འདུད། །རབ་འབྱམས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །རབ་ཏུ་བརྩེ་བའི་འོད་ཟེར་འབུམ་ཕྲག་ཅན། །རབ་གཏུམ་བདུད་སྡེའི་མུན་པ་འཇོམས་མཛད་པ། །རབ་དཀར་ཐུགས་རྗེའི་ཟླ་བ་དེ་ལ་འདུད། །ཇི་བཞིན་སྨྲ་ལ་གཞན་དྲིང་མི་འཇོག་ཅིང་། །ཇི་སྙེད་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་། །ཇི་ཙམ་གནོད་ལ་ལན་དུ་ཕན་འདོགས་པ། །ཇི་ལྟར་འདོད་པའི་དོན་བསྒྲུབ་དེ་ལ་འདུད། །གང་ཡང་ཕ་མཐའ་མེད་པའི་འགྲོ་བ་ལ། །གང་དང་འཚམས་པའི་ཟབ་རྒྱས་དམ་པའི་ཆོས། །གང་ཞིག་འཁོར་བའི་རྒྱ་མཚོ་གནས་ཀྱི་བར། །གང་གི་ལྷུན་གྲུབ་སྟོན་པ་དེ་ལ་འདུད། །སྒོ་གསུམ་དྭང་བས་ཀུན་ཏུ་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་ཀྱི་ཀུན་བཟང་མཆོད་པས་མཆོད། །རང་བཞིན་བཅས་པའི་ཉེས་ཀུན་སོ་སོར་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང་། །རིགས་གསུམ་འགྲོ་བས་བྱང་ཆུབ་ཐོབ་བྱའི་ཕྱིར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །སྲིད་གསུམ་སེམས་ཅན་མགོན་དུ་རྟག་བཞུགས་འཚལ། །དུས་གསུམ་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཉོན་མོངས་འཕེལ་བའི་གནས་དང་གྲོགས་སྤངས་ནས། །དབེན་ཞིང་ཉམས་དགའ་རྒྱལ་བས་བསྔགས་པའི་གནས། །མེ་ཏོག་འབྲས་བུས་བརྒྱན་པའི་སྨན་ལྗོངས་སུ། །དམ་ཆོས་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །ལན་གཅིག་ཙམ་ཡང་རྙེད་དཀའི་དལ་འབྱོར་འདི། །སྐད་ཅིག་མི་རྟག་འཆི་བ་དྲན་བྱས་ནས། །ཐང་ཅིག་ཡུད་ཙམ་དལ་བར་མི་འདུག་པར། །རྩེ་གཅིག་དགེ་ལ་བརྩོན་པར་བྱིན་གྱིས་རློབས། །ལས་འབྲས་སོ་སོར་ངེས་པར་ཤེས་བྱས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་དང་། །སྡུག་བསྔལ་རང་བཞིན་སྲིད་པའི་ཕུན་ཚོགས་ལ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་རུ། །བཟོད་མེད་སྡུག་བསྔལ་ཆུ་སྲིན་གྱིས་གཟིར་བའི། །མགོན་མེད་སྙིགས་མའི་འགྲོ་བ་འདི་རྣམས་ལ། །ཚད་མེད་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །ཐོག་མེད་དུས་ཀྱི་དྲིན་ཆེན་མ་རྣམས་ཀྱི། །དཔག་མེད་ལས་ཉོན་སྡུག་བསྔལ་བདག་སྨིན་ཅིང་། །ལྟོས་མེད་བདག་ལུས་བདེ་དགེ་ཀུན་གཏོང་བའི། །བླ་མེད་ལྷག་བསམ་འབྱོངས་པར་བྱིན་གྱིས་རློབས། །དྲི་མེད་ཡིད་ཆེས་ལུང་དང་རིགས་པ་ཡི། །གྲངས་མེད་གཞུང་ལ་ཐོས་པས་མི་ངོམས་ཤིང་། །ཐོགས་མེད་བསམ་པས་སྒྲོ་འདོགས་ལེགས་ཆོད་ནས། །གཡོ་མེད་གནས་ལུགས་བསྒོམ་པར་བྱིན་གྱིས་རློབས། །དམ་ཚིག་སྟོབས་རྒྱས་ལྟ་བའི་མིག་ཡངས་ཤིང་། །རིམ་གཉིས་གཤོག་ཡངས་དཀར་པོ་རྒྱས་གྱུར་ཏེ། །ཤེས་བྱའི་མཁའ་ལ་ཐོགས་མེད་འགྲོ་བ་ཡི། །ཀུན་མཁྱེན་མཁའ་འགྲོའི་དབང་པོར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཨཱ་ནནྡ་བྷ་དྲ་ལ་ཕྱོགས་ཀྱི་བྱ་བྲལ་བ་དཀོན་མཆོག་རྒྱལ་མཚན་གྱིས་གུས་པའི་སྒོ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་པའོ།།

 ༈ །རྗེ་རྡོ་རྗེ་འཆང་ལ་བསྟོད་པ་གསུམ་པ་ནི། སྭསྟི། མཁྱེན་རབ་ཀྱི་དབང་ཕྱུག་ཀུན་དགའ་བཟང་པོ་ལ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་སྒོ་ནས་གསོལ་བ་འདེབས་པ་དད་པའི་རྦ་རླབས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ཡོངས་རྫོགས་ཐེག་གསུམ་ལམ་སྟོན། །ཚོགས་མཆོག་འདུས་པ་ཀུན་གྱི་གཙོ་བོ། །སྐྱབས་གསུམ་ངོ་བོ་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཁས་གྲུབ་ཀུན་གྱི་གཙུག་རྒྱན་དམ་པ། །རྣམ་དག་ཁྲིམས་ཀྱིས་སྒོ་གསུམ་བསྡམས་ནས། །འགྲོ་ལ་བུ་གཅིག་ལྟ་བུར་བརྩེ་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །འཆད་ན་ལེགས་བཤད་སྒྲོགས་པའི་རྔ་ཆེན། །རྩོད་ན་ཕས་རྒོལ་འཇོམས་པའི་གནམ་ལྕགས། །རྩོམ་ན་ཐུབ་བསྟན་གསལ་བའི་ཉིན་བྱེད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཐོས་པ་རྒྱ་མཚོའི་དབུས་སུ་གནས་བཅས། །བསམ་བྱུང་རིགས་པའི་གདེངས་ཀ་དང་ལྡན། །ཆོས་དབྱིངས་མཚོ་ལ་གཡོ་བ་མེད་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མདོ་རྒྱུད་ཀུན་གྱི་གླེགས་བམ་གཅིག་གྱུར། །ཟབ་དོན་མན་ངག་ཀུན་གྱི་རྒྱ་མཚོ། །ཁྱད་པར་གསུང་ངག་རིན་ཆེན་གཏེར་མཛོད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཆུང་འབྲིང་ལམ་དང་སེམས་གཉིས་ལེགས་གོམས། །རྣམ་དག་དབང་བཞིས་སྒོ་གསུམ་སྦྱངས་ནས། །སྣང་བ་ལྷག་པའི་ལྷ་རུ་ཤར་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རོ་རྐྱང་རླུང་གཉིས་དབུ་མར་ཞུགས་ནས། གཏུམ་མོའི་དྲོད་ཀྱིས་ཧཾ་ཡིག་ཞུ་བས། །འབར་འཛག་བདེ་དྲོད་དཔལ་ལ་རོལ་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཤེས་རབ་སྒྱུ་མའི་གཟུགས་ཀྱིས་འཁྱུད་ནས། །ཀུནྡ་བྱང་སེམས་དབབ་བཟློག་གོམས་པས། །དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རྦ་རླབས་གསུམ་གྱིས་འགྲོས་བཞི་ཐིམ་ནས། །བདེ་སྟོང་ཟུང་འཇུག་མངོན་དུ་གྱུར་ཏེ། །ཡན་ལག་བདུན་ལྡན་གོ་འཕང་བརྙེས་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གང་སྐུ་མཐོང་ན་ལྟ་བས་མི་ངོམས། །གང་གི་གསུང་དབྱངས་དྲུག་ཅུའི་དབྱངས་ལྡན། །གང་ཐུགས་ཟག་མེད་བདེ་ལ་རོལ་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྟོབས་སོགས་ཡོན་ཏན་ཀུན་ལ་དབང་འབྱོར། །རིགས་གསུམ་གདུལ་བྱའི་ཚོགས་ཀྱི་དབུས་ན། །རིམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་མཛད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཀུན་ཀྱང་ཚུལ་འདིའི་རྗེས་སུ་འཇུག་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །རྙེད་དཀའི་དལ་འབྱོར་དོན་ཡོད་བྱེད་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །ལས་འབྲས་བླང་དོར་ཚུལ་བཞིན་བྱེད་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །ཁམས་གསུམ་སྡུག་བསྔལ་མཐའ་དག་རིག་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །རིག་ནས་བྱང་ཆུབ་སེམས་གཉིས་འབྱོངས་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །དེ་ལ་བརྟེན་ནས་མྱུར་ལམ་འཚོལ་བར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །རྣམ་དག་དབང་གིས་སྒོ་གསུམ་སྨིན་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །དབང་བཞིའི་ལམ་གྱིས་རང་རྒྱུད་གྲོལ་བར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །རྣམ་གྲོལ་སྐུ་བཞིའི་གོ་འཕང་འཐོབ་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །ཐོབ་ནས་འགྲོ་ཀུན་སྨིན་གྲོལ་བྱེད་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །འདི་སྦྱར་དགེ་བ་གངྒཱའི་རྒྱུན་དེས། །ཀུན་མཁྱེན་རིགས་ལྡན་ཤེས་ལྡན་ཀུན་ལ། །དགའ་བཞིའི་ཆུ་རྒྱུན་རབ་ཏུ་སྤྲོས་ཏེ། །བཟང་པོའི་ལོ་ཏོག་རྒྱ་ཆེར་སྤེལ་ནས། །པོ་ཏཱ་ལ་སོགས་མཚོ་ཆེན་འཇུག་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །མཁྱེན་རབ་ཀྱི་དབང་ཕྱུག་ཀུན་དགའ་བཟང་པོ་ལ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་སྒོ་ནས་གསོལ་བ་འདེབས་པ་དད་པའི་རྦ་རླབས་ཞེས་བྱ་བ་འདི་ནི། རྗེ་དེ་ཉིད་ཀྱི་ཞབས་རྡུལ་གུས་པས་ལེན་པ་ཤེས་རབ་རྒྱ་མཚོས་བླ་མའི་ཡོན་ཏན་རྗེས་སུ་དྲན་ནས་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*