རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་ཡོན་ཏན་རྒྱ་མཚོ་མ།།

ཆོས་སྤྱོད་དཀར་ཆག

༈ བདེ་གཤེགས་བསྟན་པའི་གསུང་རབ་སེངྒེའི་སྒྲས། །ལྟ་ངན་རི་དྭགས་མཐའ་དག་སྐྲག་པར་བྱེད། །སངས་རྒྱས་དགོངས་པ་ཇི་བཞིན་ལེགས་བསྒྲུབ་པའི། །མཚུངས་མེད་གྲགས་པ་རྒྱལ་མཚན་དེ་ལ་འདུད། ༈ །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། སྲིད་པའི་འཁྲི་ཤིང་དྲྭ་བ་བྲལ་མཛད་ཅིང་། །ཡོན་ཏན་རྒྱ་མཚོ་ཞིང་ལམ་མཆོག་སྒྲོག་པ། །རྐང་གཉིས་དབང་པོ་ཉེ་བར་བརྙེས་པ་ཡི། །གོ་འཕང་དམ་པ་ཐོབ་པར་མཛད་པ་རྒྱལ། །བློ་གྲོས་དཔག་ཡས་ཚིག་གི་གཏེར་མངའ་བ། །འགྲོ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཆོས་རྗེ་དཔལ་ལྡན་ཆོས་ཀྱི་རྒྱ་མཚོ་ཡི། །རྣམ་ཐར་མེ་ཏོག་གུས་པས་བརྒྱུ་བར་བྱ། །ཁྱོད་ནི་སྦྱངས་པའི་ཤེས་བྱ་ལ། །རྣམ་པར་མཁས་པ་ལྟ་ཅི་སྨོས། །ཡང་དག་ཚིག་འབྲུ་དོན་བཅས་གཞན། །འཐད་བཅས་མཁྱེན་པ་ངོ་མཚར་ཆེ། །གང་ཞིག་ཕུན་ཚོགས་མི་ཟད་མངའ། །དེ་ལ་འཇིག་རྟེན་སྤྱོད་མི་འཇུག །དེ་གཅིག་ཁོ་ནར་མ་ཟད་དེ། །སྤྲོས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཚིག་དོན་འདི་ལ་རྒྱུ། །ཐ་དད་ཡོད་བཅས་གང་གསུངས་པ། །དེ་ལ་མཁས་པ་བྱེ་བས་ཀྱང་། །ཆོས་དང་མཐུན་པར་བརྒལ་མི་ནུས། །མནལ་ཚེ་ཆོས་རྣམས་གླེགས་བམ་གྱི། །ཚུལ་གྱིས་ཁོང་དུ་ཆུད་གྱུར་པ། །དེ་ཡི་མོད་ལ་ཆོས་ཀུན་གྱི། །དེ་ཉིད་གཟིགས་པ་ཁྱོད་ལ་འདུད། །ཡེ་ཤེས་སེམས་དཔའི་མཚན་བརྗོད་ལ། །ཡང་སྲིད་རྣམ་པ་བདུན་དག་ཏུ། །ལེགས་པར་སྦྱངས་པས་སྐྱེ་བ་འདིར། །རང་བྱུང་ཉིད་དུ་མངོན་རྟོགས་གྱུར། །དེ་ལ་རྟོག་གེ་བདག་འདྲ་ཡི། །བློ་ཡང་ཐེ་ཚོམ་མི་འཇུག་སྟེ། །གཏན་ཚིགས་བཟང་པོ་དང་ལྡན་པ། །དེ་བས་ཁྱོད་ལ་བསྟོད་ཕྱག་འཚལ། །གང་ཞིག་རྟོག་གེ་ལ་སྦྱངས་ཤིང་། །སྒྲ་ལ་རྣམ་པར་མཁས་པས་ཀྱང་། །ཁྱོད་ཀྱི་གསུང་ལ་སྐྱོན་འདི་ཞེས། །ཆོས་བཞིན་བརྒལ་དུ་མ་མཆིས་པས། །དེ་ཉིད་ཕྱིར་ན་ཁྱོད་ཀྱི་ཐུགས། །རྣམ་པར་དག་པ་ཁོ་བོས་འཚལ། །མཁས་པ་རྣམས་ཀྱིས་རྣམ་ཀུན་ཏུ། །བསྔགས་པ་ཁྱོད་ལ་ཕྱག་འཚལ་ལོ། །གཏིང་དཔག་དཀའ་བའི་ཆོས་ལ་ཡང་། །ཁྱོད་ཀྱིས་འདི་ལས་མི་འདའ་ཞེས། །ངེས་པར་གསུངས་པ་དེ་ལས་གཞན། །མདོ་སྡེ་རྣམས་ལས་དེ་བཞིན་འབྱུང་། །དེ་འདྲ་ཁོ་ན་ལེགས་གསུངས་པས། །ཁྱོད་གསུང་ཐུབ་པ་ཁོ་ན་འདྲ། །བསྐལ་པའི་དོན་ཡང་ལེགས་གཟིགས་པས། །དབང་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཡི་གེས་འདུལ་ལ་ཡི་གེ་དང་། །རྩིས་པ་རྣམས་ལ་རྩིས་དང་ནི། །འཚོ་བྱེད་རྣམས་ལ་འཚོ་བྱེད་གཞུང་། །ཆོས་འདོད་རྣམས་ལ་ཆོས་ཀྱང་སྟོན། །གང་གི་ཕན་དགོངས་ཐུགས་རྗེ་ཡིས། །ཉེ་བར་ཕན་ལ་དེ་སྟོན་པ། །སྟོན་མཆོག་ཁྱོད་འདྲ་མ་མཐོང་སྟེ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ལེགས་བཤད་སེང་གེའི་སྒྲ། །ལྷ་དང་གྲུབ་པ་རིག་འཛིན་གཙོ། །ལྟོ་འཕྱེའི་དབང་པོས་ཉེར་བསྟེན་ཅིང་། །རྒྱལ་བ་ཡིས་ཀྱང་མཐུན་པར་བསྔགས། །དེ་སླད་ཁྱོད་ཀྱི་རྣམ་ཐར་ལ། །དད་པས་འཇུག་པ་སྨོས་ཅི་འཚལ། །འཁུམས་པ་དེ་ཡང་དགེ་སྤྱད་ན། །ཀུན་ནས་དོན་ལྡན་ཁྱོད་ཕྱག་འཚལ། །སྡོམ་བརྩོན་ཁྱོད་ནི་ཐོས་པ་དང་། །དོན་ཡོད་མཐོང་ན་ཉམས་གསུམ་འཕེལ། །བསྟེན་ན་དགེ་ལེགས་རིན་ཆེན་གཏེར། །སྩོལ་མཛད་གཅིག་པུར་གྱུར་པ་ལས། །ཡོན་ཏན་མེད་ལ་སྒྲོ་བཏགས་ནས། །སྐྱེ་བོ་ངན་རྣམས་ཡོན་ཏན་སྒྲོགས། །ཡོན་ཏན་ཅན་ཁྱོད་མཁས་རྣམས་ཀྱིས། །ཡོན་ཏན་བསྒྲགས་པ་ཁྱོད་ལ་འདུད། །མང་དུ་ཐོས་པས་བློ་གསལ་བ། །གྲགས་ལྡན་སྡོམ་བརྩོན་མཁས་རྣམས་ཀྱི། །བློ་གྲོས་མཐོང་བས་ཁྱོད་ལ་སླར། །དད་པའི་མེ་ཏོག་རྒྱས་པར་འགྱུར། །ཇི་བཞིན་གཟིགས་པའི་ཐུགས་དག་པ། །བློ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་རྣམས་ཐུགས་རྗེས་མི་གཏོང་བའི། །བརྩེ་ཆེན་ཁྱོད་ལ་སྐྱབས་སུ་མཆི། །ཇི་ལྟར་འབད་ཀྱང་ཁྱོད་ཀྱི་དྲིན། །ལོན་པར་གྱུར་སྙམ་མི་བགྱིད་དེ། །གང་གིས་ཁྱོད་དྲིན་འདི་འདྲ་ཞེས། །རྣམ་ཐར་བསམ་ན་མཆི་མ་དཀུ། །བརྒལ་བར་འོས་མིན་ནོངས་མི་མངའ། །དྲི་མ་མེད་ལ་འཐད་པ་ཅན། །རྣམ་པར་དག་ལ་མཚན་བཟང་བ། །ཁྱོད་ལ་གང་གིས་ལན་ལོན་འགྱུར། །འབྲེལ་བའི་སྒོ་ནས་མི་བསྟོད་དེ། །བཀའ་དྲིན་སྒོ་ནས་ཅིས་མ་བསྟོད། །གལ་ཏེ་ཕྱོགས་སུ་ལྷུང་གྱུར་ན། །བསྟོད་པར་གྱུར་ཀྱང་སྨད་པའི་གནས། །དུ་བས་མེ་བཞིན་རྣམ་ཐར་ལས། །ནང་གི་ཡོན་ཏན་ལེགས་བརྟགས་ཏེ། །གྲགས་པ་རྒྱལ་མཚན་ལ་བསྟོད་པ། །འདི་འདྲ་ཁོ་ནས་བསྟོད་ལགས་གྲང་། །དད་པའི་སྒོ་ནས་རྟབ་ཚུལ་གྱིས། །ཚིག་གི་སྡེབ་སྦྱོར་བཏང་སྙོམས་གྱུར། །ཚིག་ལ་དགྱེས་པའི་མཁས་རྣམས་དང་། །ཚིག་གི་མངའ་བདག་བཟོད་པར་གསོལ། །བདག་ཉིད་ཆེན་པོ་བློ་གྲོས་རྒྱ་མཚོ་ཡི། །ཡོན་ཏན་མེ་ཏོག་གུས་པས་སྤེལ་བ་ལས། །བསོད་ནམས་གྲུབ་པ་གང་ཡོད་དེ་ཡིས་བདག །སྲིད་གསུམ་བླ་མའི་གོ་འཕང་ཐོབ་པར་ཤོག །དེ་ལྟར་བསྟོད་འདི་དཔལ་ལྡན་ཀུན་དགའ་ཡི། །རྒྱལ་མཚན་གྱིས་སྤེལ་འདི་ལ་གང་དགྱེས་པ། །བློ་གསལ་དེ་ལ་བླ་མའི་ཐུགས་རྗེ་ཡི། །ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པར་འགྱུར། ༈ །ཆོས་རྣམས་ཀུན་གྱི་དེ་ཉིད་གཟིགས། །གསང་སྔགས་རྒྱ་མཚོའི་ཕ་རོལ་སོན། །རྡོ་རྗེ་འཛིན་པ་ཀུན་གྱི་རྗེ། །གྲགས་པ་རྒྱལ་མཚན་ལ་ཕྱག་འཚལ། ༈ །རྒྱལ་བ་ཀུན་གྱི་ཐུགས་ལས་འཁྲུངས་པའི་སྲས། །གཞན་ལ་ཕན་དགོངས་འགྲོ་བའི་རྩ་ལག་མཆོག །རྗེ་བཙུན་གྲགས་རྒྱན་ཞབས་ལ་གསོལ་བ་འདེབས། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་འཛིན་པའི་སྐྱེ་བ་ལན་བདུན་དུ། །བཞེས་པའི་མཐའ་མར་རྗེ་བཙུན་གྲགས་པའི་མཚན། །གསེར་མདོག་ཅན་སོགས་འབྲས་བུ་མངོན་གྱུར་ནས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཕགས་པ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་ཟེའུ་འབྲུ་ལ་སྤྱི་བོས་རེག་པས་ཤེས་བྱའི་དཀྱིལ་འཁོར་ལ་མངའ་བརྙེས་ཤིང་། གདུང་བརྒྱུད་རྣམ་པར་དག་པའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ་བསྟོད་པ་བརྡ་སྤྲོད་པ་ཀུན་དགའ་རྒྱལ་མཚན་གྱིས་སྦྱར་བ་འདི་རེ་ཞིག་རྫོགས་སོ།།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*