སྨོན་ལམ་བདུན་བཅུ་པའི་བསྟན་བཅོས་རྣམ་བཤད་གཞན་ཕན་དབྱངས་ཀྱི་རོལ་མོ། ཁ ༽

ཤ་ཥ་ས་རྣམས་ནི་སྒྲ་དང་མི་ལྡན་པའོ། །ཞེས་ཡི་གེ་བཅུ་གཉིས་ནི་སྒྲ་དང་མི་ལྡན་པར་བཤད་ཅིང༌། གཞན་རྣམས་ནི་སྒྲ་དང་ལྡན་པའོ། །ཞེས་ལྷག་མ་ཉི་ཤུ་པོ་སྒྲ་དང་ལྡན་པར་བཤད་པ་ལས་སྒྲ་མེད་རྣམས་ཀྱི་གོང་དུ་ཚེག་དྲག་བྱུང་ན་གོང་མ་དྲག་པོར་བརྗོད་ཅིང༌། དེ་ཡང་ཙ་ཚ་གཉིས་ཀྱི་ཤ་དང༌། ཊ་ཋ་གཉིས་ཀྱི་ཥ་དང༌། ཏ་ཐ་གཉིས་ལས་དང༌། ཀ་ཁ་གཉིས་ལ་ལྕེ་རྩ་ཅན་དང༌། པ་ཕ་གཉིས་ལ་མཆུ་ཅན་དུ་འགྱུར་བ་དང༌། ཤ་ཥ་ས་རྣམས་ལ་རང་གཟུགས་སུ་འགྱུར་བར་བཤད་དོ། །དེ་ཡང་རྣམ་བཅད་ཀྱི་རྒྱུ་ནི་ར་དང་ས་སྲོག་མེད་གཉིས་ཡིན་ཏེ། ཇི་སྐད་དུ། རེ་ཕ་དང་ས་དག་གིས་རྣམ་པར་བཅད་བྱའོ། །ཞེས་འབྱུང་བས་སོ། །དེ་ལྟར་ན་རྣམ་བཅད་ཀྱི་རྒྱུ་དང༌། དེ་ལས་བྱུང་བའི་རྣམ་བཅད་རང་སོར་འཇོག་དགོས་པ་དང༌། དེ་ཡི་གེ་གཞན་དུ་འགྱུར་བ་དང༌། དེ་གང་དུ་བྱུང་བའི་ཡི་གེ་དེ་དྲག་པོར་བཅད་ནས་ཀློག་པའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱའོ། །ཁ་ཅིག་རྣམ་བཅད་དང༌། ང་རོ་གཉིས་ཀ་ཡི་གེ་མ་ཡིན་པར་འདོད་པ་ལ་ནི། དབྱངས་ཡིག་བཅུ་དྲུག་ཏུ་བཤད་པ་མི་འཐད་པར་ཐལ་བ་དང༌། རྣམ་བཅུ་དབང་ལྡན་ལ་ཡི་གེ་བཅུ་མ་ཚང་བར་ཐལ་བ་དང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། གསལ་བྱེད་སུམ་ཅུ་རྩ་གསུམ་པོའི་སྟེང་དུ་ང་རོ་དང་རྣམ་བཅད་དང་ལྕེ་རྩ་ཅན་དང་མཆུ་ཅན་དེ་བཞི་བསྣན་ནས་གསལ་བྱེད་སུམ་ཅུ་རྩ་བདུན་དུ་བཤད་པ་མི་འཐད་པར་ཐལ་བ་དང༌། ཀ་ལཱ་པར། རྣམ་པར་བཅད་བྱ་ཙའམ་ཚ་ལ་ཤའོ། །ཞེས་སོགས་དང་འགལ་ལོ། །འདིར་ཧྲ་ས་སོགས་གསུམ་ནི་ཐུང་ངུ་དང་རིང་པོ་དང༌། ཤིན་ཏུ་རིང་པོ་སོགས་ཀྱི་མིང་ཡིན་ལ། ཨུ་ཏཏྟ་ནི་ཀ་གཉིས་བརྩེགས་ལྟ་བུ་སྲོག་གཅིག་ལས་མེད་པ་རྣམས་ཡིན་ལ། དེ་ཡང་གོང་གི་ཨལྤ་པྲཱ་ཎ་དང་མི་འདྲ་བའི་ཁྱད་པར་ནི་འདྲ་མཚུངས་མ་ཡིན་པའི་ཡི་གེ་གཉིས་གྲལ་དུ་བཤིབས་པ་དང༌། འདྲ་མཚུངས་ཀྱི་ཡི་གེ་གཉིས་བརྩེགས་པའི་ཁྱད་པར་རོ། །ཨ་ནུཏྟ་ཏ་ཞེས་པ་ནི་ཡི་གེ་ཕྱེད་པ་ལ་ཆུང་ངུ་ཞེས་བྱ་བའི་ཆ་ཤས་སུ་བཞག་པའོ། །དཔེར་ན་ཕཊ་ཅེས་པ་ལ་ཊ་ཕྱེད་ཀྱི་སྒྲར་ཀློག་དགོས་པ་བཞིན་ནོ། །ས་རི་ཏ་ཞེས་པ་ནི་སྐྱེད་བསྐྱུངས་གང་ཡང་མ་བྱས་པའི་རང་སྒྲའོ། །ཨ་ནུ་སྭ་ར་ནི་རྗེས་དབྱངས་སོ། །ཨ་ལྡན་དང་ཨ་མེད་ཅེས་པ་ནི་ཨ་ཤས་ཆེ་ཆུང་ལ་བྱ་བ་ཡིན་གྱི། ཨ་གཏན་མེད་ནི་མ་ཡིན་ནོ་ཞེས་འགྲེལ་པས་འཆད་ལ། དབུས་པ་བློ་གསལ་ནི། དེ་ལྟར་བཤད་ན་ཀ་ལཱ་པ་དང༌། མི་མཐུན་པས་སྔར་བཤད་པའི་ཡི་གེ་ཉི་ཤུ་དང༌། བཅུ་གསུམ་ལ་རིམ་པ་བཞིན་དུ་འཆད་དགོས་སོ། །ཞེས་གསུང་ངོ༌། །གསུམ་པ་གནས་ཀྱི་ཁྱད་པར་ནི། དེ་ལ་ཅུང་ཟད་གནས་ཆ་ནི། །རྐན་དང་མགུལ་པའི་ཆ་དག་ལས། །སྒྲེང་དང་བཀུག་པའི་ང་རོ་འབྱུང༌། །དེ་བཞིན་མཆུ་ལ་བསྟོད་སྨད་དོ། །བསྒྲིམས་པ་སྤྱི་བོའི་ཆ་ལས་ཏེ། །ཀློད་པ་དག་ནི་སོ་ཡིན་ནོ། །ཞེས་པའོ། །བཞི་པ་སྤྱིའི་དོན་བསྡུ་བ་ནི། འདི་དག་གིས་ནི་བཅིངས་པས་ན། །ཆ་ནི་སྔོན་དུ་བརྗོད་པ་ཡིན། །མི་དེ་མུ་དོ་རྀ་ལྀ་ཡི། །སྒྲ་ཡི་ཆ་དང་ཅི་རིགས་སྦྱར། །ཨ་ཡི་ཆ་ནི་བདུན་དུ་བཅད། །ལྷག་མ་རྣམ་པའི་ཆ་ཞེས་བྱ། །དེ་དག་རེ་རེའི་ཆ་ཡིན་ཏེ། །གང་གང་ཕན་ཚུན་བརྟེན་པ་ནི། །ཀུན་ལ་ཁྱབ་ཕྱིར་སྤྱི་ཡི་ཆ། །དེ་དག་ཡི་གེའི་བྱེ་བྲག་སྟེ། །ཞེས་པའོ། །འདི་དག་གི་ངག་དོན་ནི། དབྱངས་ཡིག་ཨ་ལ་མཚོན་ན་རང་གི་ཆ་དང༌། རྣམ་པའི་ཆ་གཉིས་འབྱུང་ལ། གཉིས་པ་ལ་ཡང་རང་གི་ཆ་དང༌། སྤྱིའི་རྣམ་པའི་ཆ་ཞེས་བྱ་བ་གཉིས་སོ། །དང་པོ་ནི། ཨ་ཞེས་པ་ལྟ་བུ་དང༌། གཉིས་པ་ནི། ཨི་ཨུ་ཨེ་ཨོ་ཞེས་པ་ལྟ་བུའོ། །གསུམ་པ་ནི་ཨོཾ་ཞེས་པ་ལྟ་བུའོ། །དེ་དག་གསལ་བྱེད་སོ་སོ་ལ་ཞུགས་པའི་དབང་གིས། ཀ་ཀི་ཞེས་བྱ་བ་ལ་སོགས་པར་འགྱུར་རོ། །གསུམ་པ་ཡི་གེའི་ངེས་ཚིག་ནི། རྣམ་གྲངས་དུ་མ་མེད་པ་དང༌། །མིང་ཚིག་གསལ་བར་བྱེད་པ་དང༌། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །རང་བཞིན་ལས་དང་དགོས་ཆེད་ཀྱི། །ངེས་ཚིག་ཡིན་ཏེ་གོ་རིམ་བཞིན། །ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཞེས་པའོ། །དེ་ཡང་གོ་རིམ་བཞིན་དུ། ཨ་ཀྵ་ར་ཞེས་པ་དང༌། བྱཉྫཱ་ན་ཞེས་པ་དང༌། ཝརྣ་ཞེས་བྱ་བའི་སྒྲ་ལས་དྲངས་པའོ། །ཅིའི་ཕྱིར་ཚོགས་ཞེས་བྱ་ན། ཀཱ་ཡ་ཞེས་བྱ་བའི་སྒྲ་ལ་ཚོགས་དང༌། ལུས་དང༌། འདུས་པ་ཞེས་བྱ་བ་ཡིན་ལ། མིང་ཚིག་གཉིས་ཀྱི་སྐབས་སུ་ཡང་དེ་བཞིན་དུ་སྦྱར་རོ། །ཞེས་པའི་དོན་ཏོ། །སྤྱིར་ཡི་གེ་ལ་གཉིས་ཏེ། དོན་དམ་པའི་དང༌། ཀུན་རྫོབ་པའི་འོ། །འདིར་བཤད་པ་འདི་དག་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། དང་པོ་ནི། སྤྱི་ཙམ་ནས་ཡི་གེའི་མཆོག་ཡིན་ཀྱང་སྒྲས་བརྗོད་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་གསུངས་སོ། །དོན་དམ་པའི་ཡི་གེ་ལ་ཨ་གཅིག་པུས་ཁྱབ་པ་མ་ཡིན་ཏེ། ཡུམ་གྱི་མདོ་ལས་དོན་དམ་པའི་ཡི་གེ་བཞི་བཅུ་རྩ་གཉིས་བཤད་པ་དང༌། དང་པོའི་སངས་རྒྱས་ལས། དོན་དམ་པའི་དབྱངས་གསལ་གྱི་ཡི་གེ་དྲུག་ཅུ་གཉིས་སུ་མེད་པར་འདུས་པའི་བདག་ཉིད་ལ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྐུ་དང༌། དོན་དམ་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞེས་བཤད་པ་ཡིན་པས་སོ། །དོན་དམ་པའི་དབྱངས་གསལ་དྲུག་ཅུ་པ་དེ་སྒྲས་བརྗོད་དུ་མེད་ཀྱང་བརྡས་སྟོན་པ་ནི། གྲི་གུག་དང༌། དབྱུག་པ་དང༌། ཐོང་གཤོལ་དང༌། ཐིག་ལེ་དང༌། རྣམ་བཅད་ཀྱི་གཟུགས་ཀྱི་བརྡས་སྟོན་པར་བཤད་ལ། བརྡའ་དེ་དག་ཀྱང་དོན་དམ་པར་བརྗོད་མེད་ཀྱི་བརྡའ་ཡིན་མོད། ཐ་སྙད་དུ་བརྡའ་དེ་དག་ཕྱོགས་གཅིག་ཏུ་སྤུངས་པ་ན་ཨེ་ཝཾ་གི་གཟུགས་སུ་གྲུབ་ཅིང༌། དེ་ཡང་དོན་དམ་པའི་དབྱངས་གསལ་དྲུག་ཅུ་པོ་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཡིན་ཏེ། དབྱངས་སུམ་ཅུ་རྩ་གཅིག་ཏུ་འདུས་པ་ཝཾ་དང༌། གསལ་བྱེད་སུམ་ཅུ་རྩ་གཅིག་ཏུ་འདུས་པའི་ཨེའི་གཟུགས་སུ་གྲུབ་པས་སོ། །དེ་ཡང་ཝཾ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔའི་བདག་ཉིད་ཅན་ཏེ། དབྱངས་ཡིག་སུམ་ཅུ་པོ་སྡེ་ཚན་ལྔར་བཅད་པ་ལས་སོ། །ཨེ་ཡིག་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་བདག་ཉིད་ཅན་ཏེ། གསལ་བྱེད་སུམ་ཅུ་པོ་སྡེ་ཚན་དྲུག་ཏུ་བཅད་པ་ལས་སོ། །དེ་ལྟར་བརྗོད་བཅས་ཀྱི་ཨེ་ཝཾ་གིས་ནི་བརྗོད་མེད་དོན་དམ་པའི་ཨེ་ཝཾ་མཚོན་ལ། དོན་དེ་ཡང་གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པའི་ཚེ་གཞི་དུས་ཀྱི་དུས་ཀྱི་འཁོར་ལོ་དང༌། དག་ལ་མ་དག་པའི་སྐབས་སུ་ལམ་དུས་ཀྱི་དང༌། ཤིན་ཏུ་དག་པའི་སྐབས་སུ་འབྲས་དུས་ཀྱི་དུས་ཀྱི་འཁོར་ལོ་སྟེ། གསུམ་ཀ་ཡང་དོན་དམ་པའི་དབྱངས་གསལ་འདུས་པའི་བདག་ཉིད་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལས་ཏེ་མི་རྣམས་སྒྲོལ་བའི་དོན་དུའོ། །ཞེས་གསུངས་སོ། །ཡང་དེ་བཞིན་དུ་དོན་དམ་པའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་བཅུ་པོ་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་གནས་པ་ཡིན་ཏེ། ཇི་སྐད་དུ། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་དག །དེ་བཞིན་ཉིད་དག་དག་པའི་བདག །ཅེས་གསུངས་སོ། །དེ་ཉིད་སྒྲིབ་པ་དང་བཅས་པའི་ཚེ་མ་དག་པའི་འཇིག་རྟེན་ཁམས་ཀྱི་རྒྱུར་སྣང་བ་ཡིན་ཏེ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནས། ཧ་ལས་གཟུགས་མེད་ཁམས་ཀྱི་སྲིད་པ་དང༌། རྣམ་བཅད་ལས་ཉི་མ་དང༌། ཐིག་ལེ་ལས་ཟླ་བར་འཆར་བའི་ཕྱིར། མདོར་ན་དོན་དམ་པའི་ཡི་གེ་ལ་ནི་ཡི་གེའི་སྒྲ་བཤད་དང་པོ་ཚང་བ་ཡིན་ཏེ། ཇི་སྐད་དུ། དོན་ཆེན་ཡི་གེ་དམ་པ་སྟེ། །ཞེས་གསུངས་པ་དེ་ཡང༌། དོན་ཆེན་འགྱུར་མེད་དམ་པ་ཡིན། །ཞེས་བྱ་བའི་དོན་ཡིན་པས་སོ། །ཀུན་རྫོབ་པའི་ཡི་གེ་ལ་ནི་སྒྲ་བཤད་གསུམ་ཀ་ཚང་བ་དེའི་ཚེ་ཡི་གེ་དང་མིང་ལ་གཞི་མཐུན་མི་སྲིད་པ་མ་ཡིན་ཏེ། ཤ་ས་དང༌། ཕ་དང་མ་སོགས་ལ་མིང་ཡང་དེ་ལས་གཞན་མེད་པའི་ཕྱིར་དང༌། མངོན་པའི་མཛོད་ལས། ཡི་གེ་མིང་གི་ཆུང་མཐར་ཡང་གསུངས་པ་ཡིན་ནོ། །འོ་ན་ཡི་གེས་བརྗོད་བྱའི་དོན་མི་སྟོན་པར་ཚད་ལྡན་མང་པོ་དག་གིས་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་གི་བསམ་པ་ནི། དཔེར་ན་བུམ་པ་ཞེས་བརྗོད་པའི་མིང་དེའི་ཆ་ཤས་སུ་གྱུར་པའི་ཨུ་དང་མ་ལ་སོགས་པ་རྣམས་ཀྱིས་དེའི་བརྗོད་བྱའི་དོན་ལྟོ་ལྡིར་བ་མི་སྟོན་པ་ལ་བསམས་པའོ། །དེ་ལྟར་ཡི་གེའི་རྣམ་གཞག་འདི། །དེ་བཞིན་ཤེས་ན་ཀུན་རྫོབ་དང༌། །དེ་ཉིད་དམ་པའི་དོན་རིག་ནས། །དེ་བཞིན་གཤེགས་སྙིང་དོན་ཤེས་འགྱུར། །སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་རྣམ་པར་བཤད་པ་སྨྲ་བའི་རྒྱན་ཞེས་བྱ་བ་ལས་ཡི་གེ་རྣམ་པར་བཤད་པའི་ལེའུ་སྟེ་དང་པོའོ།།  །།གཉིས་པ་མིང་གི་ཚོགས་བཤད་པ་ལ་གསུམ་སྟེ། མིང་གི་རྒྱུ་དང༌། ངོ་བོ་དང༌། དབྱེ་བའོ། །དང་པོ་ནི། ཇི་ལྟར་རྡུལ་དང་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་ནི་རབ་ཏུ་གྲུབ་པར་འགྱུར། །ཞེས་པའོ། །གཉིས་པ་ནི། གང་ཞིག་རྣམ་ཆ་འདུས་པ་ཡིས། །དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཀྱང༌། །དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཅེས་པ་སྟེ། དཔེར་ན། ལྟོ་ལྡིར་བའི་མིང་བུམ་པ་ལྟ་བུ་ལ་རང་གི་གདགས་གཞིར་གྱུར་པའི་ཡི་གེ་ལྔ་འདུ་དགོས་པ་བཞིན་ནོ། །གཞུང་འདིས་ནི་གསལ་བྱེད་ཀྱི་ཡི་གེ་མ་ལྟ་བུ་ཡང་མིང་དུ་ངེས་པར་བསྟན་པ་ཡིན་ཏེ། རང་གི་ཆ་ཤས་ཡི་གེ་གཉིས་འདུས་ནས་དོན་གྱི་ངོ་བོ་བརྗོད་པའི་ཕྱིར། དེས་དབྱངས་ཡིག་རིང་པོ་དང༌། ཤིན་ཏུ་རིང་པོའང་མཚོན་པར་ནུས་ལ། ཨ་ཐུང་ལ་ནི་དོན་གྱི་ངོ་བོ་སྟོན་པ་ཡོད་ཀྱང༌། རྣམ་ཆ་འདུས་པ་ཞེས་བྱ་བ་དེ་མ་ཚང་བས་འདིར་བསྟན་གྱི་མིང་དུ་མ་བཞག་གོ །དེས་དེ་སྟོན་པ་ཡིན་ཏེ། དོན་དམ་བརྗོད་མེད་ཀྱི་ཨ་དང༌། ཀུན་རྫོབ་བརྗོད་བཅས་ཀྱི་ཨ་ཞེས་བྱ་བའི་དོན་སྤྱི་གསལ་བ་གཉིས་ཀ་ལ་ཨ་ཞེས་བརྗོད་པའི་སྒྲ་སྤྱི་གསལ་བ་དེ་ལས་གཞན་པའི་སྟོན་བྱེད་ཀྱི་ངག་མེད་པའི་ཕྱིར། གཉིས་པ་དབྱེ་བ་ལ་བཞི་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རྩོད་པ་སྤང་བ་དང༌། དོན་ལྡན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ཡང་མིང་གི་ཐོག་མ་དང༌། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་པ་སྟེ། ཐོག་མར་གྲུབ་པ་དང༌། རྗེས་སུ་གྲུབ་པ་ཞེས་བྱ་བའི་མིང་ངོ༌། །གཉིས་པ་ནི། ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །རྗེས་གྲུབ་དག་ནི་དོན་ལྡན་དང༌། །རྣམ་པ་གཉིས་ཀར་འདོད་པ་ཡིན། །དེ་ནི་ངེས་ཚིག་ཡོད་མེད་དོ། །གང་ཞིག་གཞན་ལ་མ་བརྟེན་པར། །བླ་དགས་གང་བྱས་ཐོག་མའོ། །དེ་ལ་བརྟེན་པ་རྗེས་གྲུབ་པ། །འདོད་རྒྱལ་དོན་ལྡན་གཉིས་སུ་འདོད། །ཅེས་པའོ། །གསུམ་པ་རྩོད་པ་སྤང་བ་ནི། འདོད་རྒྱལ་གྱི་མིང་ལ་གཉིས་ཡོད་ན་ཐོག་མའི་འདོད་རྒྱལ་ཁོ་ན་ལ་གྲུབ་པའི་མིང་ཞེས་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། འདོད་རྒྱལ་དག་ཏུ་མཚུངས་མོད་ཀྱི། །མ་བརྟེན་ཕྱིར་ན་གྲུབ་པ་སྟེ། །མིང་གཞན་གང་ལ་མ་བརྟེན་པར། །གཞན་གྱི་འགལ་བ་མེད་ཕྱིར་རོ། །ཞེས་པ་སྟེ། ཐོག་མའི་མིང་དེ་ལྟར་བཏགས་པ་ལ་མཚན་མ་གཞན་གྱིས་གནོད་པ་མེད་ཅེས་པའི་དོན་ཡིན་ལ། མིང་དོན་གྱི་འབྲེལ་པ་ཚད་མས་གྲུབ་པར་ཡང་བཞག་དཀའ་བ་ཡིན་ཏེ། མིང་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར། འོ་ན་ཅི་ཞེ་ན། བརྡའ་མ་སྦྱར་གོང་དུ་དེ་གཉིས་ཀྱི་འབྲེལ་པ་ཚད་མས་མི་འགྲུབ་ཀྱང༌། བརྡའ་སྦྱར་ཕྱིན་ཆད་ཐ་སྙད་ཀྱི་གྲགས་པས་འགྲུབ་པ་ཡིན་ལ། དེའི་ཚེ་ཡང་ཚད་མ་མི་སྲིད་པ་མ་ཡིན་ཏེ། ཐ་སྙད་འབའ་ཞིག་གྲུབ་ཀྱི་གཏན་ཚིགས་ཡང་དག་ལ་བརྟེན་པའི་རྗེས་དཔག་གིས་འགྲུབ་པས་སོ། །འོ་ན་རྩོད་པ་གཉིས་པ་གྲུབ་པ་དང༌། རྗེས་གྲུབ་ཀྱི་མིང་གཉིས་མིང་གཞན་ལ་བརྟེན་མི་རྟེན་གྱི་ཁྱད་པར་འབྱུང་བ་ཅི་ཞེ་ན། འཐད་པ་སྒྲུབ་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟེན་པ་བཞིན། །དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །ཅེས་པ་སྟེ། དོན་ལྡན་གྱི་མིང་ནི། ཁྱི་དཀར་པོ་ལ་དུང་ཞེས་བཏགས་པ་ལྟ་བུ་ཡིན་ལ། དེར་འདོགས་པའི་རྒྱུ་མཚན་ནི་དཀར་བ་ཡིན་ལ། དེའི་ཁྱབ་འབྲེལ་ནི་དཀར་པོ་ལ་དུང་ཞེས་འདོད་རྒྱལ་ཐོག་མར་བཏགས་འདུག་པའི་རྒྱུ་མཚན་གྱིས་ཡིན་ཞིང༌། ཐོག་མར་ནི། དེ་ལ་དེའི་མིང་གིས་འདོགས་པའི་རྒྱུ་མཚན་གང་ཡང་མེད་ཅིང༌། མེད་བཞིན་དུ་དེར་བཏགས་པ་ལ་གནོད་བྱེད་ཀྱང་ཡོད་པ་མ་ཡིན་ནོ། །དེ་འདོད་རྒྱལ་དུ་སྒྲུབ་པའི་དཔེ་ནི་ལ་མེ་ལྡན་དུ་སྒྲུབ་པ་ལ་དུ་བ་ཡོད་པ་རྟགས་སུ་བཀོད་པ་ནི་འཐད་པ་སྒྲུབ་པའི་རིགས་པ་ཡིན་ལ། དེའི་ཁྱབ་འབྲེལ་ནི་ཆོས་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། དུ་བ་མེ་ཁོ་ན་ལས་སྐྱེ་བ་ཆོས་ཉིད་ཡིན་པས་སོ། །ཞེས་པའི་དོན་ནོ། །སྤྱིར་ཆོས་ཉིད་ཅེས་པ་ནི་ཆོས་ཀྱི་གནས་ཚུལ་ལ་ཟེར་བ་ཡིན་ལ། དེ་ལའང་གཉིས་ཏེ། ཀུན་རྫོབ་ཀྱི་དང༌། དོན་དམ་པའི་གནས་ཚུལ་ལོ། །འདིར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། གནས་ཚུལ་གཉིས་པའི་དབང་དུ་བྱས་ན་དེ་དེ་ལས་འབྱུང་བར་མི་འགྲུབ་པའི་ཕྱིར་རོ། །རྩོད་པ་གསུམ་པ་འདོད་རྒྱལ་གསུམ་ཀ་ལ་ངེས་ཚིག་མི་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། རྗེས་སུ་གྲུབ་པའི་འདོད་རྒྱལ་ནི། །ལོག་པར་བསྒྲུབ་ཕྱིར་ངེས་ཚིག་བཞག །འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཞེས་པའོ། །དེ་ཡང་རྗེས་གྲུབ་ཀྱི་འདོད་རྒྱལ་ནི་ཁྱི་ནག་པོ་ལ་དུང་ཞེས་བཏགས་པ་ལྟ་བུ་ཡིན་ལ། དེ་ལ་ངེས་ཚིག་བཤད་དུ་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་དཀར་བའི་ཕྱིར། ཞེས་ཟེར་དགོས་པ་ལས། དེ་ལྟར་བཤད་ན་ཕྱིན་ཅི་ལོག་ཏུ་འགྱུར་བས་སོ། །ཆོས་ཉིད་བཞིན་ཞེས་པ་ཆོས་ཉིད་ཀྱི་རིགས་པ་དེ་རིགས་ལ་གཞན་ལ་བརྟེན་མི་དགོས་པ་དཔེར་བྱས་པའོ། །བཞི་པ་དོན་ལྡན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་བྱེད་དེ་བྱེད་ཕྱིར། །དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །དེ་ཡི་མིང་ནི་དེ་སྐད་ཅེས། །རྟགས་ཀྱི་སྒོའམ་མེད་ཀྱང་རུང༌། །སྐབས་ཀྱི་མཐུ་ཡི་ངེས་ཚིག་བརྗོད། །ཅེས་པ་དོན་ལྡན་གྱི་ངེས་ཚིག་བརྒྱད་བསྟན་པ་ལས་ལྷས་བྱིན་པ་དེ་ཡིན་པའི་ཕྱིར་ལྷས་སྦྱིན་ཞེས་བྱའོ་ཞེས་དང༌། གསེར་དེ་ཡོད་པའི་ཕྱིར་གསེར་ཅན་ཞེས་བྱ་བ་དང༌། ཁ་ཟས་དེ་ལ་བརྒྱུད་ནས་ཕན་པའི་ཕྱིར་ཁ་ཟས་སོ་ཞེས་བྱ་བ་དང༌། རྐང་པའི་ནད་དེ་བྱེད་པའི་ཕྱིར་ལྟེང་ཀ་རྐང་ནད་ཅན་ཞེས་བྱ་བ་དང༌། མང་པོས་དེ་བཀུར་བར་བྱ་བའི་ཕྱིར་མང་པོས་བཀུར་བ་དང༌། ལྷ་དེ་དང་འདྲ་བའི་ཕྱིར་ལྷ་ཞེས་བྱ་བ་དང༌། ལྟོ་ལྡིར་བ་དེ་བུམ་པ་དེ་ཡིན་པའི་ཕྱིར་བུམ་པ་ཞེས་བྱ་བ་དང༌། ཙནྡན་གྱི་མེ་དེ་ཚ་བ་དེ་ཉིད་ཀྱི་ཕྱིར་མེ་ཞེས་བྱའོ། །ཞེས་པ་ལྟ་བུ་རྣམས་སོ། །རྟགས་ཀྱི་སྒོ་ཡོད་མེད་ཀྱི་དོན་ནི། ཞིང་དང་ལྡན་པའི་ཕྱིར་ཞིང་ས་ཞེས་བྱའོ་ཞེས་པ་ལྟ་བུ་ཕོ་རྟགས་དང༌། མེ་ཏོག་འཛིན་པའི་ཕྱིར་མེ་ཏོག་མ་ཞེས་བྱའོ། །ཞེས་པ་ལྟ་བུ་མོའི་རྟགས་སམ། ཡང་ན་བྱས་ཞེས་པ་ལྟ་བུ་དེས་བྱས་པ་དང་དེ་བྱས་པ་ལྟ་བུ་གཉིས་ཀ་ལ་འཇུག་པས་སྐབས་སྟོབས་ཀྱིས་ཤེས་དགོས་པ་ཡིན་གྱི། རྟགས་ཀྱི་སྒོ་དངོས་སུ་ཡོད་མེད་ལ་མ་རག་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྟན་པ་དང༌། བཤད་པ་གཉིས་ལས། དང་པོ་ནི། ཡིན་དང་ངོ་བོ་སྒྲུབ་པ་དང༌། དངོས་པོའི་རྐྱེན་ནི་དངོས་ཀྱི་མིང༌། །ལྷག་མ་བཏགས་པ་ཞེས་བྱའོ། །ཞེས་པ་དེ་ཡིན་ཕྱིར་ཞེས་པས་བསྟན་པའི་ཡིན་པ་སྒྲུབ་པ་དང༌། དེ་དེའི་ཕྱིར་ཞེས་པས་བསྟན་པའི་ངོ་བོ་སྒྲུབ་པ་དང༌། དེ་ཉིད་ཕྱིར་ཞེས་པས་བསྟན་པའི་དངོས་པོའི་རྐྱེན་དང་གསུམ་ནི་དངོས་མིང་དང༌། གསུམ་པོ་དེའི་ལྷག་མ་དེ་ཡོད་ཕྱིར་ཞེས་སོགས་ཀྱིས་བསྟན་པ་རྣམས་ནི་བཏགས་པའི་མིང་ཞེས་བྱའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། དངོས་མིང་གསུམ་བཤད་པ་དང༌། བཏགས་མིང་ལྔ་བཤད་པའོ། །དང་པོ་ནི། རང་གི་ངོ་བོའི་ངེས་ཚིག་དང༌། བཏགས་པའི་མིང་གཞན་སྤོང་བྱེད་དང༌། རང་གི་ཁྱད་པར་གཞན་སེལ་བས། ཡིན་དང་ངོ་བོ་སྒྲུབ་པ་དང༌། །དངོས་པོའི་རྐྱེན་རྣམས་གོ་རིམ་བཞིན། །ཞེས་པ་སྟེ། དངོས་མིང་གསུམ་པོའི་ངེས་ཚིག་བཤད་མ་ཐག་པ་དེ་ཉིད་དོ། །གཉིས་པ་ནི། རྟེན་ལ་བརྟེན་པར་བཏགས་པ་དང༌། །བརྒྱུད་པའི་རྒྱུ་ལ་འབྲས་བུ་དང༌། །དངོས་ཀྱི་རྒྱུ་ལ་དེ་བཞིན་དང༌། །འབྲས་བུའམ་བྱ་བར་གྱུར་པ་ལ། །དེ་ལ་རྒྱུ་མིང་བཏགས་པ་དང༌། །དཔེ་གཞན་གྱི་ནི་མིང་དག་དང༌། །དོན་འདི་དག་གི་སྒོ་ནས་ནི། །ཡོད་དང་དེ་ལ་ཕན་པ་དང༌། །བྱེད་དང་ལས་སུ་གྲུབ་པ་དང༌། །འདྲ་བར་སྦྱར་དང་རིམ་བཞིན་ནོ། །ཞེས་པ་གོང་དུ་བཤད་མ་ཐག་པའི་བཏགས་མིང་ལྔ་དང་སྦྱར་བར་བྱ་བ་ཡིན་ནོ། །མདོར་ན་མིང་ལ་འདོད་རྒྱལ་དང༌། དོན་ལྡན་གཉིས། དང་པོ་ལ། ཐོག་མའི་དང༌། རྗེས་གྲུབ་ཀྱི་འདོད་རྒྱལ་ཏེ་གཉིས་ཡོད་པ་ལས་གཉིས་ཀ་དངོས་མིང་དང༌། དོན་ལྡན་ལ་བརྒྱད་ཡོད་པ་ལས། གསུམ་དངོས་མིང་དང༌། ལྔ་བཏགས་མིང་ངོ༌། །ཞེས་ཁོང་དུ་ཆུད་པར་བྱ་ཞིང་ཡང་ན་མིང་ལ་གཉིས་ཏེ། གྲུབ་པ་དང༌། རྗེས་གྲུབ་བོ། །དེ་ལའང་གཉིས་ཏེ། འདོད་རྒྱལ་དང༌། དོན་ལྡན་ནོ། །དང་པོ་ལའང་གཉིས་ཏེ། འདོགས་པའི་རྒྱུ་མཚན་དང༌། བཏགས་པ་ལ་དགོས་པ་ཡོད་ཀྱང་དངོས་ལ་གནོད་བྱེད་མེད་པ་གསུམ་དང༌། དངོས་ལ་གནོད་བྱེད་ཀྱང་ཡོད་པ་ལྔའོ། །ཞེས་ཀྱང་བཟུང་བར་བྱའོ། །དེ་ལ་འདི་སྙམ་དུ། མིང་འདི་དག་རང་རང་གི་དོན་དུ་བརྡའ་སྦྱར་བ་དེ་དང་དེ་ལ་དངོས་པོའི་དབང་གིས་འཇུག་པ་ཡིན་ནམ། བརྗོད་འདོད་ཀྱི་དབང་གིས་འཇུག་པ་ཡིན་ཞེ་ན། འདི་ལ་ལུགས་གཉིས་ཏེ། མུ་སྟེགས་བརྡའ་སྤྲོད་པའི་ལུགས་དང༌། བདག་ཉིད་ཆེན་པོ་ཆོས་ཀྱི་གྲགས་པའི་ལུགས་སོ། །དང་པོ་ནི། མིང་ལ་གསུམ་སྟེ། འདོད་རྒྱལ་བའི་དང༌། རྒྱུ་མཚན་ཅན་གྱི་དང༌། སྐྱེས་བུའི་འདོད་པ་ཙམ་གྱིས་སྦྱར་བའི་མིང་རྣམས་སོ། །དང་པོ་ནི། མེ་དང༌། ཤིང་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །གཉིས་པ་ནི། སྒྲ་བཤད་འཇུག་གི་རྒྱུ་མཚན་ཡོད་ཅིང༌། དངོས་ལ་གནོད་བྱེད་མེད་པ་རྣམས་ཏེ། དཔེར་ན། རི་བོང་ཅན་ལ་བསིལ་ཟེར་ཅན་དང༌། ཀུན་དའི་གཉེན་ལ་སོགས་པའི་མིང་དང༌། ཉིན་མོར་བྱེད་པ་ལ་ཚ་ཟེར་ཅན་དང༌། རྟ་བདུན་རྒྱལ་པོ་ལ་སོགས་པའི་མིང་གིས་བཏགས་པའོ། །གསུམ་པ་ནི་མི་བླུན་པོ་ལ་བ་གླང་དང༌། བྲམ་ཟེའི་ཁྱེའུ་ལ་མེར་བཏགས་པ་ལྟ་བུའོ། །དེ་ལྟར་གསུམ་ལས། དང་པོ་གཉིས་དངོས་མིང་དང༌། ཕྱི་མ་བཏགས་མིང་དུ་འདོད་ལ། དེ་ཡང་ཐོག་མཐའ་གཉིས་ནི་སྐྱེས་བུའི་བརྗོད་འདོད་ཙམ་གྱིས་སྦྱར་བ་ཡིན་གྱི། མིང་དོན་ལ་འབྲེལ་པ་མེད་པའི་ཕྱིར་དངོས་པོའི་དབང་གིས་འཇུག་པ་མ་ཡིན་ལ། བར་པ་ནི་སྒྲ་དོན་ལ་དངོས་པོའི་འབྲེལ་པ་གྲུབ་པའི་ཕྱིར་དངོས་པོའི་དབང་གིས་འཇུག་པ་ཡིན་ནོ། །དེའི་ཕྱིར་དངོས་པོའི་དབང་གིས་འཇུག་པའི་དོན་རྣམས་མིང་དེ་དང་དེའི་བརྗོད་རུང་མ་ཡིན་པར་དམ་བཅས་ན་གྲགས་པ་དང་འགལ་བ་ཡིན་གྱི། ཅིག་ཤོས་གཉིས་ལ་མ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་སྡེ་བདུན་མཛད་པའི་ལུགས་ནི། སྤྱིར་མིང་ལ་གཉིས་ཏེ། དོན་གང་གི་ཡང་མིང་དུ་བརྡའ་སྦྱར་མ་ཟིན་པ་དང༌། བརྡའ་སྦྱོར་མཁན་པོས་བརྡའ་སྦྱར་ནས་གྲགས་ཟིན་པའོ། །དང་པོའི་དབང་དུ་བྱས་པ་དེའི་ཚེ་ནི་ཟླ་བ་ཞེས་པའི་མིང་དེ་རི་བོང་ཅན་ལ་སོགས་པའི་དོན་རེ་རེ་བ་ཁོ་ན་དང་འབྲེལ་པ་གྲུབ་པ་མ་ཡིན་ཏེ། དེ་ཡིན་ན་དོན་ཐམས་ཅད་ལ་འཇུག་ཏུ་མི་རུང་བ་ལས་དེ་རུང་བའི་ཕྱིར། དེ་རུང་བ་ཡིན་ཏེ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། དེའི་ཚེ་མིང་དེ་དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་ཡིན་ཀྱང་མིང་དོན་གྱི་འབྲེལ་པ་གྲུབ་པ་ནི་མ་ཡིན་ཏེ། དོན་དེ་དག་ལ་མིང་དེ་བཏགས་མ་ཟིན་པའི་ཕྱིར་རོ། །གཉིས་པའི་དབང་དུ་བྱས་པ་དེའི་ཚེ་ཟླ་བ་ཞེས་བྱ་བའི་མིང་དེ་བསིལ་ཟེར་ཅན་ལྟ་བུ་དོན་ཉི་ཚེ་བའི་མིང་དུ་བརྡའ་སྦྱོར་བ་ཡིན་གྱི། གང་འཇུག་ཏུ་རུང་ཚད་ལ་སྦྱོར་བ་མ་ཡིན་ཏེ། ཡིན་ན་ཤེས་བྱ་ཐམས་ཅད་ལ་མིང་གཅིག་གི་བརྡའ་སྦྱར་བས་ཆོག་པ་དེའི་ཚེ་འཆོལ་བར་འགྱུར་བའི་ཕྱིར་རོ། །བརྡའ་སྦྱར་ཟིན་པའི་འོག་རོལ་དུ་ནི་ཟླ་བ་ཞེས་པའི་མིང་དེ་དོན་གང་ལ་བརྡའ་སྦྱར་བ་དེ་ཁོ་ནའི་མིང་ཡིན་གྱི། གཞན་གྱི་ནི་མ་ཡིན་ཏེ། གཞན་ལ་བརྡའ་མ་སྦྱར་བའི་ཕྱིར། སྦྱོར་ཚུལ་ལ་གཉིས་ཏེ། འདོད་རྒྱལ་ཐོག་མར་དང༌། རྗེས་སྒྲུབ་ཏུའོ། །དང་པོ་ནི། བསིལ་ཟེར་ཅན་ལ་ཟླ་བ་ཞེས་བརྡའ་སྦྱར་བ་ལྟ་བུའོ། །གཉིས་པ་ལ་འདོད་རྒྱལ་དུ་སྦྱར་བ་དང༌། དོན་ལྡན་དུ་སྦྱར་བའོ། །དང་པོ་ནི། རྒྱུ་མཚན་ལ་མ་ལྟོས་པར་བྲམ་ཟེའི་ཁྱེའུ་ལ་ཟླ་བ་ཞེས་བཏགས་པ་ལྟ་བུའོ། །དོན་ལྡན་ལ་དངོས་མིང་དུ་སྦྱར་བ་དང༌། བཏགས་མིང་དུ་སྦྱར་བ་གཉིས། དང་པོ་ནི། ཟླ་བའི་ནང་ཚན་སོ་སོ་ལ་དེའི་མིང་སྦྱར་བའོ། །གཉིས་པ་ནི། ག་བུར་དང༌། དངུལ་ཆུ་སོགས་ལ་དེར་སྦྱར་བའོ། །དེ་ལྟར་བརྡའ་སྦྱར་ཟིན་པའི་འོག་རོལ་ཏུ་ནི་གང་ལ་དངོས་མིང་དུ་འཇུག་པའི་དོན་དེ་ལ་མིང་དེའི་ཐ་སྙད་བྱེད་དུ་རུང་བ་ཡིན་གྱི། གཞན་ལ་རུང་བ་མ་ཡིན་ཏེ། དེ་རུང་ན་ཐ་སྙད་ཀྱི་འཇུག་པ་འཆོལ་བར་འགྱུར་བས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཟླ་བའི་ཐ་སྙད་ཀྱི་དུས་སུ་བསིལ་ཟེར་ཅན་གྱིས་ཁྱབ་པ་ཡིན་ཏེ། བསིལ་ཟེར་ཅན་དེ་ཟླ་བའི་ཐ་སྙད་ཀྱི་མཚན་ཉིད་ཡིན་པས་སོ། །དེའི་ཕྱིར་རི་བོང་ཅན་མཚན་གཞིར་བཞག་ནས། བསིལ་ཟེར་ཅན་མཚན་ཉིད་དུ་བཀོད་པའི་སྦྱོར་བ་དེ་སྐྱོན་མེད་པ་ཁོ་ནའོ། །དེ་ལྟར་བཤད་པ་ལས་བྱུང་བའི། །དགེ་བས་སྒྲ་དང་ཚད་མ་ཡི། །གཞུང་ལུགས་ལས་བྱུང་མིང་དོན་གྱི། །རྣམ་གཞག་འཆད་ལ་ཐོགས་མེད་ཤོག །ཅེས་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་སྨྲ་བའི་རྒྱན་ཞེས་བྱ་བ་ལས། མིང་གི་ཚོགས་རྣམ་པར་བཤད་པ་སྟེ་ལེའུ་གཉིས་པའོ།།  །།གསུམ་པ་ཚིག་གི་ཚོགས་ལ་གསུམ་སྟེ། ཚིག་གི་རྒྱུ་དང༌། ངོ་བོ་དང༌། རབ་ཏུ་དབྱེ་བའོ། །དང་པོ་ནི། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང༌། །ཞེས་པའོ། །གཉིས་པ་ནི། དེ་དག་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པ་ཡིན། །ཞེས་པའོ། །དེ་ཡང་ཀ་བ་རིང་པོ་ཞེས་པ་ལྟ་བུ་དོན་གྱི་ཁྱད་པར་སྟོན་པ་རྣམས་ཚིག་ཡིན་པ་ཁོ་ནར་མ་ཟད། སངས་རྒྱས་ལ། ཆོས་ལ། ཞེས་པ་ལྟ་བུ་ཕྲད་རྐྱང་པ་ཅན་ནམ། སངས་རྒྱས་འདི་ནི། ཆོས་འདི་ནི་ཞེས་པ་ལྟ་བུ་ཕྲད་འདུས་པ་དག་དང་བཅས་པ་ཡང་ཚིག་གོ །གསུམ་པ་ལ་གཉིས་ཏེ། ཚིག་བསྡུད་པའི་སྦྱོར་བ་བཤད་པ་དང༌། ཚིག་གི་ཕྲད་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ཚིག་གི་སྦྱོར་བ་བཅུ། །འབྲུ་མང་པོ་དང་ཚིག་བསྡུད་དང༌། །ཁྱད་པར་དག་དང་ཡན་ལག་དང༌། །གཞི་དང་གཞི་གཅིག་བསྡུ་བ་དང༌། །གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །ཞེས་པའོ། །གཉིས་པ་ལ། དེ་ལྟར་བཅུ་ལས། དང་པོ་འབྲུ་མང་པོ་པའི་བསྡུ་བ་བཤད་པ་ལ་བཞི་སྟེ། རྩ་བ་དྲུག་ཏུ་བསྟན་པ་དང༌། དེ་ལ་མུ་བཞིར་དབྱེ་བ་དང༌། བྱེད་པ་དྲུག་གིས་བསྒྱུར་བ་དང༌། དོན་བསྡུ་བའོ། །དང་པོ་ནི། ཚིག་གཉིས་མང་པོ་རབ་དབྱེ་བའི། །རང་མིང་ལྡན་དང་མི་ལྡན་དང༌། །ཕྱོགས་དང་རྣམ་གྲངས་ཕན་ཚུན་དང༌། །ཚིག་མང་པོ་སྟེ་རྣམ་པ་དྲུག །ཅེས་པའོ། །དེ་ལ་འབྲུ་མང་པོ་པ་ཞེས་པའི་དོན་ནི། ཚིག་གཅིག་ལ་མིང་གཉིས་སམ་མང་པོ་འདུས་ཀྱང་རུང༌། དོན་གཞན་དང་གཞན་སྟོན་པའོ། །དཔེར་ན་བ་ཁྲ་མོ་ཅན་ཞེས་བརྗོད་པའི་ཚེ་དེས་བརྗོད་བྱའི་དོན་དངོས་སུ་མ་བརྗོད་པར་བདག་པོ་སྟོན་པ་ལྟ་བུའོ། །དབྱེ་ན་ཚིག་གཉིས་ཀྱི་འབྲུ་མང་པོ་པ་དང༌། ཚིག་མང་པོའི་འབྲུ་མང་པོ་པའོ། །དང་པོའི་དཔེ་ནི། བ་ཁྲ་མོ་ཅན་ཞེས་པ་ལྟ་བུ་དང༌། གཉིས་པའི་དཔེ་ནི་བ་དམར་ཁྲ་ཅན་ཞེས་པ་ལྟ་བུའོ། །དང་པོ་ལ་དབྱེ་ན་ལྔ་ལས། དང་པོ་རང་མིང་དང་ལྡན་པ་ནི། སྐྱེས་བུ་སྟོབས་ཅན་ལྟ་བུ་གཞི་དང་ཆོས་ཐ་མི་དད་པར་སྟོན་པ་དང༌། རང་མིང་དང་མི་ལྡན་པ་ནི་བ་ཁྲ་མོ་ཅན་ལྟ་བུ་གཞི་དང་ཆོས་ཐ་དད་དུ་སྟོན་པ་དང༌། ཕྱོགས་ནི་ཤར་ལྷོ་ཞེས་པ་ལྟ་བུ་མཚམས་སྟོན་པའི་ཚིག་དང༌། རྣམ་གྲངས་ནི། བརྒྱ་པ་དང༌། བཅུ་པ་ཞེས་བརྗོད་པ་ལྟ་བུ་གྲངས་ཀྱི་ཚིག་གིས་གྲངས་ཅན་སྟོན་པ་དང༌། ཕན་ཚུན་ནི། དབྱུག་འཐབ་ཅན་ཞེས་པ་ལྟ་བུ་བྱ་བས་བྱེད་པ་མཚོན་པའོ། །དེ་ལྟར་ལྔ་དང༌། དབྱེ་གཞི་སྟེ། རྣམ་པ་དྲུག་གོ །དེ་བཞིན་དུ་ཚིག་མང་པོ་ཅན་གྱི་འབྲུ་མང་པོ་པ་ལའང་དེ་ལྟར་ཕྱེ་བས་དྲུག་གོ །གཉིས་པ་མུ་བཞིར་དབྱེ་བ་ནི། མཐུན་དང་ཐ་དད་དབྱེ་བ་ཡིས། །ཕྱོགས་ཀུན་དང་ནི་ཕྱོགས་གཅིག་ལ། །རབ་ཏུ་དབྱེ་བ་བཞིར་འདོད་དོ། །ཞེས་པ་ཕྱོགས་ཀུན་མཐུན་མི་མཐུན་གཉིས་དང༌། ཕྱོགས་གཅིག་མཐུན་མི་མཐུན་གཉིས་ཏེ་བཞིའོ། །དང་པོ་ནི། ལྷས་སྦྱིན་རྣ་བ་འཕྱང་བ་ཅན་ཞེས་པ་ལྟ་བུའོ། །གཉིས་པ་ནི། མདའ་གཞུ་ཅན་ཞེས་པ་ལྟ་བུའོ། །གསུམ་པ་ནི། རྐང་ལག་ཅན་ཞེས་པ་དང༌། བཞི་པ་ནི་བ་ཁྲ་མོ་ཅན་ཞེས་པ་ལྟ་བུའོ། །འདིར་མཐུན་མི་མཐུན་ཞེས་པ་ནི་གཞི་མཐུན་ཡིན་མིན་ལ་བྱ་བ་ཡིན་ལ། ཕྱོགས་གཅིག་མཐུན་མི་མཐུན་གྱི་དོན་ནི་གཞི་མཐུན་ལ་ཆོས་མི་མཐུན་པའམ། གཞི་མི་མཐུན་ལ་ཆོས་མཐུན་པ་ལྟ་བུ་ལ་བྱ་བ་ཡིན་པས་དཔེ་དོན་དེ་ལྟར་སྦྱར་བ་ཡིན་ནོ། །གསུམ་པ་བྱེད་པ་དྲུག་གིས་བསྒྱུར་བ་ནི། བྱེད་པ་དྲུག་གིས་བསྒྱུར་བ་ནི། །ཀུན་ལ་རབ་ཏུ་ལྡན་པ་སྟེ། །ཞེས་པ་རྐང་པ་གཉིས་སོ། །དོན་ནི། བཤད་མ་ཐག་པའི་འབྲུ་མང་པོ་པ་དྲུག་པོ་རེ་རེ་ལ་མཐུན་མི་མཐུན་གྱི་དབྱེ་བས་ཉི་ཤུ་རྩ་བཞི་པོ་ཀུན་ལ་བྱེད་པ་དྲུག་གིས་བསྒྱུར་དུ་རུང་བ་ཡིན་ནོ། །དྲུག་པོ་གང་ཞེ་ན། འདི་ལྟར། ཆོས་ལ་སྤྱོད་པ་ཅན་དང༌། ཆོས་ཀྱིས་འཕེལ་བ་ཅན་དང༌། ཆོས་ཀྱི་ཕྱིར་སྒྲུབ་པ་ཅན་དང༌། ཆོས་ཀྱི་གཏམ་ཅན་དང༌། ཆོས་ལས་བྱུང་བ་ཅན་དང༌། ཆོས་ལ་གནས་པ་ཅན་ཞེས་བྱ་བ་དང་དྲུག་གོ །དེ་ལྟར་དྲུག་པོ་དེ་ནི་གཉིས་པ་ལས་སུ་བྱ་བ་ནས་བགྲངས་པ་ཡིན་ལ། དེའི་སྟེང་དུ་དང་པོ་དོན་ཙམ་སྟོན་པ་བསྣན་ནས་རྣམ་དབྱེ་བདུན་པོ་དེས་བཤད་མ་ཐག་པ་ཉི་ཤུ་རྩ་བཞི་པོ་བསྒྱུར་ན། གྲངས་དུ་ཞིག་དུ་འགྱུར་ཞེ་ན། བརྒྱ་དང་དྲུག་ཅུ་རྩ་བརྒྱད་དུ་འགྱུར་རོ་ཞེས་སྟོན་པ་ནི། བརྒྱ་དང་དྲུག་ཅུ་རྩ་བརྒྱད་ལས། །ཞེས་པའོ། །བཞི་པ་དོན་བསྡུ་བ་ནི། དུས་གཅིག་ན་ནི་གསུམ་ལྡན་བཟུང༌། །ཞེས་པ་རྩ་བ་གཉིས་ཀྱི་གང་རུང་གཅིག་དང༌། རྩ་བ་བཞི་ལས། མ་བཞིའི་གང་རུང་གཅིག་དང༌། བྱེད་པ་དྲུག་གི་གང་རུང་གཅིག་སྟེ། གསུམ་པོ་གཞི་གཅིག་གི་སྟེང་དུ་ཅིག་ཅར་དུ་ཚང་དུ་རུང་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཚིག་གི་བསྡུ་བ་ལ་གཉིས་ཏེ། དོན་དངོས་དང༌། བྱེད་པའི་བསྡུ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཚིག་བསྡུས་པ་ནི་རྣམ་པ་ལྔ། །གཉིས་དང་རྣམ་གྲངས་བྱེ་བྲག་དང༌། །གཞན་དང་བྱེད་པའི་ཚིག་ཡིན་ནོ། །ཞེས་པ་གཉིས་ཀྱི་བསྡུ་བ་ནི་ཟླས་དབྱེ་བའི་བསྡུ་བ་ཞེས་བྱ་ལ། དཔེར་ན་ཕ་དང་མ་ལ་ཕ་མ་ཞེས་བརྗོད་པ་ལྟ་བུའོ། །རྣམ་གྲངས་ཀྱི་བསྡུ་བ་ལ་ནི་བ་གཉིས་པ་ཞེས་བྱ་ལ། དཔེར་ན་ས་དང༌། ཆུ་དང༌། མེ་དང༌། རླུང་ལ་ས་ཆུ་མེ་རླུང་ཞེས་བརྗོད་པ་ལྟ་བུའོ། །བྱེ་བྲག་གི་བསྡུ་བ་ལ་ནི་ལས་འཛིན་པ་ཞེས་བྱ་ལ། དཔེར་ན། ཨུཏྤ་ལ་ཡང་ཡིན། སྔོན་པོ་ཡང་ཡིན་པ་ལ་ཨུཏྤ་ལ་སྔོན་པོ་ཞེས་བརྗོད་པ་ལྟ་བུ། གཞན་གྱི་ཚིག་བསྡུ་བ་ལ་ནི་འབྲུ་མང་པོ་པ་ཞེས་བྱ་ལ། དཔེར་ན། རྟ་ཁྲ་བོ་དང་ལྡན་པའི་མི་ལ་རྟ་ཁྲ་ཅན་ཞེས་བརྗོད་པ་ལྟ་བུའོ། །བྱེད་པའི་ཚིག་གི་བསྡུ་བ་ལ་ནི་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱ་ལ། དཔེ་ནི་འཆད་པར་འགྱུར་བའི་བྱེད་པའི་ཚིག་དྲུག་ཏུ་ཕྱེ་བ་རྣམས་སོ། །དེ་ཡང་སྔ་མ་བཞི་ནི། དང་པོ་དོན་ཙམ་སྟོན་པ་ཞེས་བྱ་བ་དེ་ཡིན་ལ། ལྔ་པ་བྱེད་པའི་ཚིག་ལ་ནི་གཉིས་པ་ལས་སུ་བྱ་བ་ལ་སོགས་པ་དྲུག་ཏུ་འབྱེད་པ་ཡིན་ནོ། །གཉིས་པ་ནི། ལས་ལ་སོགས་པའི་སྦྱོར་བ་ཡིས། །གཉིས་པ་ལ་སོགས་བདུན་པའི་མཐའ། །བྱེད་པ་དྲུག་ཏུ་འདོད་པ་སྟེ། །ཚིག་བསྡུ་ཙམ་དུ་ཤེས་པར་བྱ། །ཞེས་པའོ། །དེ་ལ་གཉིས་པ་ལས་བྱ་བའི་བསྡུ་བ་ནི། ཆོས་ལ་སྤྱོད་པ་ལ་ནི་ཆོས་སྤྱོད་པ་ཞེས་བྱ་བ་ལྟ་བུའོ། །སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་གསུམ་པ་བྱེད་པ་པོའི་ཚིག་བསྡུ་བ་ནི། ཆོས་ཀྱིས་འཕེལ་བ་ལ་ཆོས་འཕེལ་ཞེས་བྱ་བ་ལྟ་བུ་དང༌། བཞི་པ་དགོས་ཆེད་ཀྱི་ཚིག་གི་བསྡུ་བ་ནི། རྒྱན་གྱི་ཆེད་ཀྱི་གསེར་ལ་རྒྱན་གསེར་ཞེས་པ་ལྟ་བུ་དང༌། ལྔ་པ་འབྱུང་ཁུངས་ཀྱི་ཚིག་གི་བསྡུ་བ་ནི། ཡུལ་ནས་འཐོན་པ་ལ་ཡུལ་འཐོན་ཞེས་བརྗོད་པ་ལྟ་བུ་དང༌། དྲུག་པ་འབྲེལ་པའི་ཚིག་བསྡུད་ནི། །ལྷས་བྱིན་གྱི་བུ་ལ་ལྷས་བྱིན་བུ་ཞེས་པ་ལྟ་བུ་དང༌། བདུན་པ་གནས་གཞིའི་བསྡུ་བ་ནི། ཤིང་ལ་གནས་པ་ལ་ཤིང་གནས། །ཞེས་པ་ལྟ་བུའོ། །ལྔ་པ་ཁྱད་པར་གྱི་བསྡུ་བ་བཤད་པ་ནི། སྔ་མ་ཕྱི་མའི་བསྡུ་བ་ལས། །ཁྱད་པར་བཤད་པ་རྣམ་པ་གཉིས། །ཞེས་པ་ནི་ཚིག་སྔ་མའི་དོན་ཕྱི་མས་ཁྱད་པར་དུ་སྟོན་པ། སྔོན་པོ་དེ་ནི་ཨུཏྤ་ལ་ཞེས་བརྗོད་པ་ལྟ་བུ་དང༌། ཕྱི་མའི་དོན་སྔ་མས་ཁྱད་པར་དུ་སྟོན་པ་ཨུཏྤ་ལ་སྔོན་པོ་ཞེས་བརྗོད་པ་ལྟ་བུའོ། །དེ་ལྟར་བརྗོད་ཚུལ་གཉིས་ཀ་ལ་ཡང་ཁྱད་གཞི་ནི་ཨུཏྤ་ལ་ཁོ་ན་ཡིན་ལ། སྔོན་པོ་ནི་ཁྱད་པར་གྱི་ཆོས་སུ་བཞག་དགོས་པ་ཡིན་ཏེ། རྫས་དང་ཡོན་ཏན་གྱི་ཁྱད་པར་སོ་སོར་ངེས་པ་ལས་སོ། །བཞི་པ་ཡན་ལག་བསྡུ་བ་ནི། འབྲེལ་པ་དག་དང་གོ་རིམ་དང༌། །དོན་དང་གྲགས་པའི་ཡན་ལག་ནི། །བསྡུ་བ་བཞི་པོ་གྲགས་པ་ཡང༌། །འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །ཞེས་པ་ལུས་ལ་སོགས་པའི་དབང་པོ་ཞེས་པ་ལྟ་བུ་བདག་གཅིག་འབྲེལ་པའི་ཡན་ལག་བསྡུ་བ་དང༌། མ་རིག་པ་ལ་སོགས་པའི་རྟེན་འབྲེལ་ཞེས་པ་ལྟ་བུ། དེ་བྱུང་འབྲེལ་གྱི་ཡན་ལག་བསྡུ་བ་དང༌། གཟུགས་ལ་སོགས་པའི་ཕུང་པོ་ཞེས་པ་ལྟ་བུ་གོ་རིམ་གྱི་ཡན་ལག་བསྡུ་བ་དང༌། འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ཞེས་པ་ལྟ་བུ་དོན་གྱི་ཡན་ལག་བསྡུ་བ་དང༌། གྲགས་པའི་ཡན་ལག་བསྡུ་བ་དང་བཞི་ཡོད་པ་ལས། དེ་ལའང་ཀ་བུམ་ལ་སོགས་པའི་ཐ་སྙད་ལྟ་བུ་འཇིག་རྟེན་ལ་གྲགས་པ་དང༌། འཕགས་པ་དང་སོ་སོ་སྐྱེ་བོ་ཞེས་པ་ལྟ་བུ་བསྟན་བཅོས་ལ་གྲགས་པ་དང་གཉིས་སོ། །ལྔ་པ་གཞི་བསྡུ་བ་ནི། རིགས་བསལ་བྱས་དང་མ་བྱས་པའི། །གཞི་བསྡུས་པ་ནི་གཉིས་ཡིན་ནོ། །ཞེས་པ་རིགས་བསལ་བྱས་པའི་དཔེ་ཆོས་ཐམས་ཅད་ཞེས་པ་ལྟ་བུ་དང༌། མ་བྱས་པའི་བསྡུ་བ་ཀུན་དང་མཐའ་དག་ཅེས་པ་ལྟ་བུའོ། །དྲུག་པ་གཞི་གཅིག་ཏུ་བསྡུ་བ་ནི། ཕྱོགས་གཅིག་དག་ཏུ་བྱེད་པ་དང༌། །སོ་སོའི་ཕྱོགས་གཅིག་བྱེད་པ་ཡིས། །གཞི་གཅིག་བསྡུ་བ་གཉིས་སུའོ། །ཞེས་པ་འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་ལྟ་བུ། ཕྱོགས་མཐུན་ཁོ་ན་ཕྱོགས་གཅིག་དག་ཏུ་བྱེད་པའི་བསྡུ་བ་དང༌། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བདག་མེད་ཅེས་པ་ལྟ་བུ་ཕྱོགས་མི་མཐུན་པ་སོ་སོ་བ་ཕྱོགས་གཅིག་དག་ཏུ་བྱེད་པའོ། །བདུན་པ་གཞི་མཐུན་པའི་བསྡུ་བ་ནི། ཁྱད་པར་ཁྱད་པར་ཅན་གཉིས་དང༌། །ཁྱད་པར་རྣམ་གཉིས་གཞི་གཅིག་ཏུ། །མཐུན་པ་གོ་བར་བྱས་པ་ལ། །གཞི་མཐུན་སྦྱོར་བ་རྣམ་པ་གཉིས། །ཞེས་པ་ཁྱད་པར་སྔོན་པོ་དང༌། །ཁྱད་པར་ཅན་གཉིས་ཀ་ཡང་ཨུཏྤ་ལའོ་ཞེས་པ་དང༌། ཁྱད་པར་སྔོ་བ་དང༌། རྩུབ་པ་གཉིས་ཀ་ལ་ཨུཏྤ་ལ་ཞེས་གཞི་མཐུན་པར་སྦྱར་བའོ། །བརྒྱད་པ་དེའི་སྐྱེས་བུའི་བསྡུ་བ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ངོ་བོའམ་ནི་ཆོས་ཀྱང་རུང༌། །ཐ་དད་གོ་བར་བྱེད་པ་ཡི། །དེའི་སྐྱེས་བུ་གསུམ་ཡིན་ཏེ། །བྱེད་པའི་ཚིག་དང་ལས་འཛིན་དང༌། །བ་ག་གཉིས་པ་ཞེས་བྱའོ། །ཞེས་པ་བུམ་སྣམ་ལྟ་བུ་ངོ་བོ་ཐ་དད་པའམ། བྱས་མི་རྟག་ཅེས་པ་ལྟ་བུ་ལྡོག་ཆོས་ཐ་དད་ཀྱང་རུང༌། ཐ་དད་པ་གོ་བར་བྱེད་པའི་བྱེད་པ་ལ་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱའོ། །དེ་ནི་གསུམ་ཡིན་ཏེ། བྱེད་པའི་ཚིག་གི་དང༌། ལས་འཛིན་པའི་དང༌། བ་གཉིས་པ་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱ་བ་རྣམས་སོ། །གཉིས་པ་ལ་གསུམ་སྟེ། བྱེད་པའི་ཚིག་བཤད་པ་དང༌། ལས་འཛིན་པ་བཤད་པ་དང༌། བ་གཉིས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། དོན་དངོས་དང༌། དགག་པའི་བསྡུ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལ་བྱེད་པ་བརྒྱད་ཡིན་ཏེ། །དང་པོ་ནས་ནི་བདུན་པའི་མཐའ། །རྣམ་དབྱེ་བསྒྱུར་བ་བདུན་པོ་དང༌། །ཕྲད་པ་སྦྱོར་བ་བྲལ་བའི་ཕྱིར། །གཞན་དང་སྦྱར་མེད་བོད་པ་སྤང༌། །དགག་པ་དང་ནི་བརྒྱད་དུ་འདོད། །ཅེས་པ་དེའི་སྐྱེས་བུ་གསུམ་ཡོད་པ་དེ་ལ་བྱེད་པའི་ཚིག་གི་བསྡུ་བ་བརྒྱད་ཡིན་ཏེ། ཤིང་ཡན་ལག་རྒྱས་པ་ལ་ཤིང་རྒྱས་པ་ཞེས་བརྗོད་པ་ལྟ་བུ་དང་པོ་དོན་ཙམ་སྟོན་པའི་བསྡུ་བ་ནས། ཤིང་ལ་གནས་པ་ཤིང་གནས་ཞེས་བརྗོད་པ་ལྟ་བུ་བདུན་པ་གནས་གཞིའི་བསྡུ་བའི་བར། རྣམ་དབྱེ་བསྒྱུར་བ་བདུན་པོ་དང༌། དགག་པའི་བསྡུ་བ་དང་ནི་བརྒྱད་དོ་དང༌། བརྒྱད་པ་བོད་པ་ལ་བསྡུ་བ་སྤང་བར་བྱ་སྟེ། བོད་པ་ལ་སྒྲ་གཞན་དང༌། སྦྱོར་བ་མེད་པའི་ཕྱིར་དང༌། ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར་རོ། །གཉིས་པ་དགག་པའི་བསྡུ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ངེས་ཚིག་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། མཚན་ཉིད་དབང་གིས་ཕྱེ་བ་ཡི། །མ་ཡིན་དགག་པ་བཅུ་བཞི་དང༌། །མཚན་ཉིད་དབྱེ་བ་མེད་མོད་ཀྱི། །ཡུལ་དང་དུས་ཀྱིས་ཕྱེ་བ་ཡི། །མེད་པར་དགག་པ་བཅུ་གཅིག་དང༌། །གང་ལྡན་དགག་པར་འདོད་པའོ། །གཉིས་པ་ལ་གཉིས་ལས། དང་པོ་མ་ཡིན་པར་དགག་པ་བཤད་པ་ནི། གཞན་དང་མི་མཐུན་གཉེན་པོ་དང༌། །ཆུང་དང་ཕྲ་དང་ཉུང་བ་དང༌། །ཡུན་ཐུང་ལྷག་མ་མེད་པ་དང༌། །མཐའ་དག་མིན་དང་བྲལ་བ་དང༌། །དམན་དང་ཞན་དང་ཞུམ་པ་དང༌། །འདྲ་བ་དག་ལས་དགག་པ་ནི། །མ་ཡིན་དགག་པར་འདོད་པ་ནི། །རྒྱུན་འདྲ་བ་དང་རང་བཞིན་དང༌། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །ཞེས་པ་གཞན་མ་ཡིན་དགག་ནི་རྒྱལ་པོ་ལ་བྲམ་ཟེ་མ་ཡིན་ཞེས་བརྗོད་པ་དང༌། རིག་པའི་མི་མཐུན་ཕྱོགས་ལ་མ་རིག་པ་ཞེས་བརྗོད་པ་ལྟ་བུ་དང༌། ཆགས་པའི་གཉེན་པོ་ལ་མ་ཆགས་པ་དང༌། གཟུགས་ཆུང་བ་ལ་གཟུགས་མེད་པ་དང༌། འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་པ་དང༌། རྫས་ཉུང་བ་ལ་རྫས་མེད་པ་དང༌། ཡུན་ཐུང་བ་ལ་ཡུན་མེད་པ་དང༌། གྲངས་གཞན་ལྷག་མ་མེད་པ་ལ་གྲངས་མེད་པ་དང༌། རྒྱུ་མཐའ་དག་ནི་འབྲས་བུ་མཐའ་དག་ལ་ངེས་པ་མ་ཡིན་པ་དང༌། དྲི་མ་དང་བྲལ་བ་ལ་མྱ་ངན་ལས་འདས་པ་དང༌། བུ་དམན་པ་ལ་བུ་མེད་པ་དང༌། འགྲོས་ཞན་པ་ལ་འགྲོས་མེད་པ་དང༌། སྟོབས་ཞུམ་པ་ལ་སྟོབས་མེད་པ་དང༌། རིག་བྱེད་ཀྱི་གཟུགས་དང་འདྲ་བ་མ་ཡིན་པ་ལ་རིག་བྱེད་མ་ཡིན་པའི་གཟུགས་ཞེས་བརྗོད་པ་རྣམས་སོ། །འདི་དག་གིས་ནི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕངས་པའི་ཕྱིར་མ་ཡིན་པར་དགག་པ་ཞེས་བྱའོ། །ཆོས་གཞན་འཕེན་མི་འཕེན་ཡང་བརྗོད་འདོད་ཀྱི་དབང་གིས་བཞག་པ་ཡིན་གྱི། སྒྲ་རང་གི་ངོས་ནས་བཞག་པ་ནི་མ་ཡིན་ནོ། །གཉིས་པ་མེད་དགག་བཤད་པ་ནི། རྒྱུན་འདྲ་བ་དང་རང་བཞིན་དང༌། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །སྔར་དང་ཞིག་ནས་མེད་པ་ལ། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། ཕན་ཚུན་དག་ལ་རང་བཞིན་དང༌། །རྒྱུ་དང་རང་བཞིན་གཉིས་དབྱེ་བའི། །ཤིན་ཏུ་མེད་དང་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པའོ། །ཞེས་པ་སྔ་ནས་མེད་པ་དང་ཞིག་ནས་མེད་པ་ལ། དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཞེས་པ་བཤད་པའི་གཞིའོ། །དེ་གང་ཞེ་ན། སེམས་ཅན་མ་སྐྱེས་པ་ལྟ་བུ་རྒྱུན་འདྲ་བ་སྔ་ན་མེད་པ་དང༌། ས་བོན་ལ་མྱུ་གུ་ལྟ་བུ་རང་བཞི་སྔ་ན་མེད་པ་དང༌། གསེར་ལ་རྣ་རྒྱན་ལྟ་བུ་གནས་སྐབས་སྔ་ན་མེད་པ་དང༌། ས་ཕྱོགས་ན་བུམ་པ་ལྟ་བུ་རྟེན་སྔ་ན་མེད་པའི་དབྱེ་བ་ཡིས་སྔ་ན་མེད་པ་བཞི་དང༌། དེ་བཞིན་དུ་སེམས་ཅན་ཤི་བ་ལྟ་བུ་རྒྱུན་འདྲ་བ་ཞིག་ནས་མེད་པ་དང༌། མྱུ་གུ་ལ་ས་བོན་ལྟ་བུ་རང་བཞིན་ཞིག་ནས་མེད་པ་དང༌། རྣ་རྒྱན་ལ་གསེར་གྱི་ཕྱེ་མ་ལྟ་བུ་གནས་སྐབས་ཞིག་ནས་མེད་པ་དང༌། བུམ་པ་ཡུལ་གཞན་དུ་འཕོས་པ་ལྟ་བུ། རྟེན་ལ་ཞིག་ནས་མེད་པ་སྟེ། ཞིག་ནས་མེད་པ་བཞིའོ། །བརྒྱད་པོ་དེའི་སྟེང་དུ་ཕན་ཚུན་གཅིག་དག་ལ་གཅིག་གི་རང་བཞིན་མེད་པ་དང་དགུའོ། །ནམ་མཁའ་ལ་མེ་ཏོག་གི་རྒྱུ་དང་རང་བཞིན་ཤིན་ཏུ་མེད་པ་གཉིས་ཀྱི་དབྱེ་བས་ཤིན་ཏུ་མེད་པ་གཉིས་དང་བཅུ་གཅིག་གོ །གསུམ་པ་དགག་པའི་ངེས་ཚིག་བཤད་པ་ནི། ཀན་ཏུ་ལྡོག་ཕྱིར་དགག་པ་ཡིན། །ཞེས་པ་དགག་བྱ་ཚིག་གིས་ཟིན་པར་འགོག་པའི་ཕྱིར། ཞེས་པའོ། །རྣམ་འགྲེལ་མཛད་པའི་གཞུང་ལས་ནི། ཤེས་བྱ་དང་གཞལ་བྱ་ལ་སོགས་པ་རྣམས་དགག་བྱ་ཚིག་གིས་ཟིན་པར་འགོག་པ་མ་ཡིན་ཡང༌། དགག་པར་འཆད་དགོས་པ་ཡིན་ཏེ། གཞན་སེལ་དུ་ཁས་ལེན་པའི་ཕྱིར། གཉིས་པ་ལས་འཛིན་པའི་བསྡུ་བ་བཤད་པ་ནི། དེ་ཉིད་གཞན་དུ་མི་བརྗོད་དང༌། །འདྲ་བ་གཞན་དང་བྱེ་བྲག་གི །ཚིག་སྦྱོར་བྱེད་པ་ལས་འཛིན་ནོ། །ཞེས་པ་བུམ་སྣམ་ལྟར་རྫས་ལྡོག་གཉིས་ཀ་དེ་ཉིད་དུ་མི་བརྗོད་པ་དང༌། བསལ་བ་དང་བསལ་བ་ཉིད་ལྟ་བུ་རྫས་ལྡོག་གཉིས་ཀ་གཞན་དུ་མི་བརྗོད་པ་དང༌། ཨུཏྤ་ལ་དང༌། བཻཌཱུརྻའི་སྔོན་པོ་ལྟ་བུ་རྫས་དེ་ཉིད་དང༌། ལྡོག་པ་གཞན་དུ་མི་བརྗོད་པ་དང༌། བྱས་མི་རྟག་ལྟ་བུ་ལྡོག་པ་དེ་ཉིད་དང༌། རྫས་གཞན་དུ་མི་བརྗོད་པའི་ཚིག་སྦྱོར་བྱེད་པ་དང༌། ལ་དང༌། ཚང་མང་གི་མེ་དང་རྫས་འདྲ་བ་གཞན་དང༌། སྐྱེས་བུ་སེང་གེ་ལྟ་བུ་ལྡོག་པ་འདྲ་བ་གཞན་གྱི་ཚིག་སྦྱོར་བྱེད་པ་དང༌། མེ་ཚ་ཞིང་རྩུབ་པ་ལྟ་བུ་བྱེ་བྲག་གི་ཚིག་སྦྱོར་བྱེད་པ་དང་གསུམ་མོ། །སྒྲ་དོན་ནི། ལས་ཉིད་གཞི་ཡིན་ལ། དེ་འཛིན་པས་ན་ལས་འཛིན་ཞེས་སམ། ཡང་ན་ལས་གཉིས་གཞི་གཅིག་ཏུ་འཛིན་པས་ན་ལས་འཛིན་པའི་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱའོ། །གསུམ་པ་བ་གཉིས་པའི་བསྡུ་བ་བཤད་པ་ནི། གྲངས་དང་བསྡུས་དོན་སྦྱོར་བ་ཡིས། །གཅིག་དང་ཐ་དད་སྦྱོར་བྱེད་པ། །བ་གཉིས་པར་ནི་དད་པའོ། །ཞེས་པ་དཔེར་ན། ལྔ་ཞེས་པ་ལྟ་བུའི་གྲངས་དང༌། ཕུང་པོ་ཞེས་པ་ལྟ་བུའི་བསྡུས་དོན་སྦྱར་བའི་སྒོ་ནས་ཕུང་པོ་ལྔ་ཞེས་པ་ལྟ་བུ་ནི་བ་གཉིས་པ་དེའི་སྐྱེས་བུའི་བསྡུ་བར་འདོད་དོ། །ཡང་དྲུག་འགྲོ་ཞེས་པ་ལྟ་བུ་གཅིག་ཏུ་སྦྱོར་བར་བྱེད་པ་དང༌། གྲོང་དྲུག་ཅེས་པ་ལྟ་བུ་ཐ་དད་དུ་སྦྱོར་བར་བྱེད་པ་དང་གཉིས་སོ། །དགུ་པ་ཟླས་དབྱེ་བའི་བསྡུ་བ་བཤད་པ་ནི། བསྡུ་བའི་ཕྱིར་དང་དབྱེ་ཕྱིར་དང༌། །ཉེ་བར་ཐ་དད་སྦྱོར་བྱའི་ཕྱིར། །འདས་མ་ཐག་དང་གཞན་དག་དང༌། །ལན་གྲངས་གཞན་ལ་སྦྱོར་བྱེད་པ། །ཟླས་དབྱེ་བ་ཞེས་འདོད་པ་ཡིན། །ཞེས་པ་ས་དང༌། ཆུ་དང༌། མེ་དང༌། རླུང་ནི་འབྱུང་བའོ། །ཞེས་པ་ལྟ་བུ་བསྡུ་བའི་སྦྱོར་བ་དང༌། འབྱུང་བ་ནི་ས་དང༌། ཆུ་དང༌། མེ་དང་རླུང་ཞེས་པ་ལྟ་བུ་དབྱེ་བའི་སྦྱོར་བ་དང་གཉིས་སོ། །དེ་གཉིས་ཀ་ཡང་ཉེ་བར་ཏེ། ཤིན་ཏུ་ཐ་དད་གོ་བྱེད་དུ་སྦྱོར་བའི་ཕྱིར་ཟླ་བོ་དང་དབྱེ་བ་ཡིན་པས་ཟླས་ཕྱེ་བའི་བསྡུ་བ་ཞེས་འདོད་དོ། །བསྡུ་བ་ལ་ཡང༌། དེ་ལྟར་འདི་དང་ཡང་འདི་དང༌། ཞེས་པ་ལྟ་བུ་འདས་མ་ཐག་པ་བསྡུད་པ་དང༌། གཉིས་མ་གྲུབ་ན་འགལ་བ་དང༌། །ཞེས་པ་ལྟ་བུ་མིང་མ་སྨོས་པ་གཞན་དག་བསྡུད་པ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཞེས་པ་ལ་ལྟ་བུ་ལན་གྲངས་གཞན་ལ་སྦྱོར་བར་བྱེད་པའི་བསྡུ་བ་དང་གསུམ་མོ། །གཉིས་མ་གྲུབ་ན་ཞེས་པའི་གཉིས་ནི་རྗེས་སུ་འགྲོ་ལྡོག་གཉིས་ལ་བྱའོ། །བཅུ་པ་ཕྱོགས་ཙམ་སྟོན་པའི་བསྡུ་བ་ནི། རང་གི་རིགས་ཙམ་བསྡུད་བྱེད་ཅིང༌། །ཕྱོགས་རྣམས་ཀུན་ཏུ་སྤོང་བ་དང༌། །རིགས་ཀྱི་ཚད་ཀྱང་མི་འཛིན་པས། །ཕྱོགས་ཙམ་སྟོན་པ་སྦྱོར་བའོ། །ཞེས་པའི་དོན་ནི། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་ལྟ་བུ་སྟེ། སེམས་རང་གི་རིགས་དང༌། སེམས་མ་ཡིན་པའི་ཕྱོགས་རྣམས་ཞེས་སྦྱར་རོ། །གཉིས་པ་ཚིག་ཕྲད་བཤད་པ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། གང་ཞིག་རང་གི་དོན་མེད་ཅིང༌། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །ཞེས་པ་དཔེར་ན། ལྕགས་གཉིས་སྦྱོར་བའི་ཚལ་བཞིན་དུ། རང་གིས་དོན་མི་སྟོན་ཀྱང་ཚིག་གཞན་གྱི་དོན་སྟོན་པ་ལ་ཕན་འདོགས་པར་བྱེད་པ་སྟེ། དེ་ཡང་སངས་རྒྱས་ལ་ཕྱག་འཚལ་ཞིང༌། ཆོས་ཀྱི་གཏམ་བྱ་བའི་སླད་དུ་དགེ་འདུན་ནི་བསྡུ་བར་བྱའོ། །ཞེས་བརྗོད་པའི་ཚེ་ན། ལ་དང༌། ཀྱེ་དང༌། ནི་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ། ཕྲད་རྐྱང་པ་དང༌། འདུས་པའོ། །དང་པོ་ལ། དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཕྲད་རྐྱང་སུམ་ཅུ་སོ་གཉིས་ཞེས་གྲགས་པ་དེ་སྡོམ་དུ་བསྡུས་ན། གང་ཅི་དེ་འདི་ད་ན་སྟེ། །དང་ནི་ཀྱང་ཡང་ཁོ་ན་ཉིད། །ཙམ་འབའ་ཡང་དག་སོགས་ཚུལ་བཞིན། །ཅིང་ལ་ཀྱི་ཀྱིས་ལས་ནས་དུ། །འོ་སོགས་འོ་ནའམ་དག་སོགས། །པ་བ་ཕྲད་རྐྱང་སུམ་ཅུ་གཉིས། །ཞེས་པའོ། །དེ་ཉིད་རྒྱས་པར་བཤད་པ་ལ། སུམ་ཅུ་རྩ་གཉིས་ལས། དང་པོ་ནི། དེ་ལ་ཕྲད་ཀྱི་འཇུག་པ་ནི། །གང་ནི་འདྲི་བའི་ཚིག་གི་དོན། །སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། །སླར་བསྡུད་པ་ལ་ཀུན་ཏུ་སྤང༌། །ཞེས་པའི་དོན། གང་ཞེས་པ་སྤྱི་སྒྲ་ཡིན་ལ། འདི་ལྟར་ཡིན་ནོ་ཞེས་བྱ་བ་ལྟ་བུ་འོག་ནས་འབྱུང་བའི་སླར་བསྡུ་བའི་ཚིག་བཅུ་པོ་ལ་སྤང་བར་བྱའོ། །གཉིས་པ་ནི། ཅི་ལ་སོགས་པ་དེ་བཞིན་ཏེ། །སྐབས་ཀྱིས་ཁྱབ་པ་བརྩི་བར་བྱ། །ཞེས་པ་ཅི་དང༌། ཇི་དང༌། སུ་ལ་སོགས་པའང་གང་ཞེས་བརྗོད་པ་དེ་བཞིན་ཏེ། དེ་དང་འདྲ་བར། འདྲི་ཚིག་དང༌། སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར་བ་ཡིན་ལ། དེ་ཡང་ཅི་ཞིག་དང༌། ཇི་ཞིག་དང༌། སུ་ཞིག་དང༌། ཅི་སྙེད། སུ་དག་ཅེས་སོགས་སྐབས་ཀྱི་ཁྱབ་པ་སྟེ། སྐབས་དང་བསྟུན་ནས་བརྩི་བར་བྱའོ། །གསུམ་པ་ནི། དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དབང་དུ་འཇུག་པ་གསུམ། །འདས་དང་རྣམ་གྲངས་གཞན་པ་དང༌། །ལྷག་མ་དག་དང་བཅས་པའོ། །ཞེས་པ་དེ་ཞེས་བྱ་བའི་ཚིག་གི་དོན་ནི། །ཐ་སྙད་ལ་འཇུག་པ་དང༌། དངོས་པོ་ལ་འཇུག་པ་དང༌། དུས་ལ་འཇུག་པ་གསུམ་མོ། །དང་པོ་ནི། སྔར་གྱི་དེ་ཞེས་པ་ལྟ་བུ་འདས་པ་ལ་འཇུག་པ་དང༌། ཅིག་ཤོས་དེ་ཞེས་པ་ལྟ་བུ་རྣམ་གྲངས་གཞན་ལ་འཇུག་པ་དང༌། ལྷ་མཆོད་དེ་ཞེས་པ་ལྟ་བུ་ལྷག་མ་དག་དང་བཅས་པའོ། །གཉིས་པ་དངོས་པོ་ལ་འཇུག་པ་ནི། བདེན་པ་དག་དང་གསང་བ་དང༌། །བདག་གི་བ་དང་ཕ་རོལ་པོའི། །དངོས་པོ་དག་ལ་འཇུག་པ་བཞི། །ཞེས་པ་དེ་ཡིན་ཞེས་དང༌། དེ་མ་བྱེད་ཅིག་ཅེས་པ་ལྟ་བུའི་ཚིག་དང༌། བདག་གི་དེ་ཞེས་བྱ་བ་དང༌། དེ་ལ་རྒྱོབ་ཅིག་ཅེས་བྱ་བ་ལྟ་བུའི་ཚིག་བཞི་དང་སྦྱར་རོ། །གསུམ་པ་དུས་ལ་འཇུག་པ་ནི། །འདས་པ་དང་ནི་མ་འོངས་པའི། །དུས་ཉིད་ལ་ནི་འཇུག་པ་གཉིས། །ཞེས་པ། དེའི་ཚེ་དེའི་དུས་ནི། ཞེས་པ་ལྟ་བུ་འདས་པ་ལ་འཇུག་པ་དང༌། དེ་ལྟ་བུ་ཞིག་འབྱུང་བར་འགྱུར་རོ་ཞེས་པ་མ་འོངས་པ་ལ་འཇུག་པ་གཉིས་སོ། །མ་འོངས་པ་ལ་འཇུག་པའི་དཔེ་ནི། ཇི་སྐད་དུ། མང་དུ་ཐོས་པ་ཐོས་པ་འདོད། །གཙང་སྦྲ་ཅན་ནི་གཙང་ལ་དགའ། །དཀའ་སྤྱད་རྣམས་ནི་དེས་མི་འཇིགས། །སྐྱེ་རྒུ་གོམས་པའི་ལམ་དུ་འགྲོ། །ཞེས་པ་ལྟ་བུའོ། །འོ་ན་དེ་ཞེས་པའི་ཚིག་མི་འཇུག་པའི་སྐབས་ཡོད་དམ་ཞེ་ན། བདག་ཉིད་ད་ལྟ་ཉིད་ལ་སྤངས། །ཞེས་པ་དངོས་པོའི་སྐབས་སུ་བདག་ཉིད་ཀྱི་དངོས་པོ་དང༌། དུས་ཀྱི་སྐབས་སུ་ད་ལྟར་བ་ཉིད་ལ་ནི་དེ་ཞེས་བྱ་བའི་སྒྲ་འཇུག་པ་སྤང་བར་བྱ་སྟེ། རིང་བའི་ཚིག་ཡིན་པའི་ཕྱིར་རོ། །འོ་ན་དེ་ལྟར་ངེས་སམ་ཞེ་ན། དངོས་པོས་དུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱའོ། །ཞེས་པ་དངོས་པོ་ལ་འཇུག་པ་བཞི་པོ་དེས་ནི་དུས་གསུམ་ཅར་མི་འགལ་ཏེ། དཔེར་ན། སྔོན་གྱི་དེ་དང་ད་ལྟའི་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །ཞེས་པ་ལྟ་བུའོ། །དོན་འདི་དག་སུམ་ཅུ་པ་ལས་ཀྱང༌། གང་མིང་གི་ནི་ཡ་མཐའ་ན། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་སྦྱར། །དུས་ཀྱི་དབང་བྱས་གཉིས་ཡིན་ནོ། །ཞེས་བཤད་དོ། །བཞི་པ་ནི། འདི་ཚིག་འདས་དང་མ་འོངས་དང༌། །སྐབས་ཀྱི་དངོས་པོ་གཞན་ལ་འཇུག །ཅེས་པ་འཇུག་ཡུལ་གསུམ་མོ། །གསུམ་པ་དེ་ལའང་གཉིས་ཡོད་དོ་ཞེས་སྟོན་པ་ནི། གང་ཞིག་ལས་ནི་ལྟོས་བྱས་པའི། །ཉེ་བ་དག་དང་མངོན་སུམ་པའི། །དངོས་པོ་དག་ཀྱང་གཉིས་ཡིན་ནོ། །ཞེས་པ་ཉེ་བའི་དངོས་པོ་དང༌། མངོན་སུམ་པའི་དངོས་པོ་ལ་འདི་ཞེས་བྱ་བའི་སྒྲ་འཇུག་པ་ཡིན་ནོ། །འདི་ཞེས་བྱ་བའི་སྒྲ་མི་འཇུག་པའི་ཡུལ་ཇི་ལྟ་བུ་ཞེ་ན། སྤང་བར་བྱ་བ་འདི་ལྟ་སྟེ། །ལྐོག་ཏུ་གྱུར་དང་རིང་བ་དང༌། །གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ། །ཞེས་པ་བསྟན་བྱ་དུས་ད་ལྟར་བ་ཉིད་ཡིན་པའི་ཚེ་ན་འདས་མ་འོངས་གཉིས་ལ་འདི་ཞེས་བྱ་བའི་ཚིག་སྤང་བར་བྱའོ། །དེ་ལྟར་ན་གང་ཞེས་དང༌། དེ་ཞེས་དང༌། འདི་ཞེས་བྱ་བའི་ཚིག་གསུམ་ཀ་ལ་རྣམ་དབྱེ་བདུན་ནམ། དྲུག་དང་སྦྱར་དུ་ཡོད་དོ་ཞེས་སྟོན་པ་ནི། དེ་རྣམས་ཀུན་ལ་བསྒྱུར་བ་ལྡན། །ཞེས་པ་སྟེ། དེ་ཡང་འདི་ལྟར། གང་ལ་གང་གིས་གང་གི་ཕྱིར། །གང་ལས་གང་གི་གང་ལ་གནས། །དེ་ལ་དེ་ཡིས་དེ་ཡི་ཕྱིར། །དེ་ལས་དེ་ཡི་དེ་ལ་གནས། །འདི་ལ་འདི་ཡིས་འདི་ཡི་ཕྱིར། །འདི་ལས་འདི་ཡི་འདི་ལ་གནས། །ཞེས་པ་དྲུག་དང༌། དེའི་སྔོན་དུ་གང་དེ་འདི་ཞེས་པ་ལྟ་བུ་དང་པོ་དོན་ཙམ་སྟོན་པ་དང་བདུན་ནོ། །ཕྲད་ལྔ་པ་འཆད་པ་ནི། ད་ནི་སྐབས་སུ་བབ་པའི་ཚིག །ད་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལ་རྣམ་པར་སྤངས། །ཞེས་པའོ། །ཚིག་ཕྲད་དྲུག་པ་འཆད་པ་ནི། ན་ཞེས་བྱ་བའི་ཚིག་ནི་དོན་བཅུ་བཞི་ལ་འཇུག་གོ །ཞེས་སྟོན་པ་ནི། ན་ཞེས་བྱ་བའི་ཚིག་གི་དོན། །དམིགས་ཀྱི་དབྱེ་དང་རྒྱུ་མཚན་དང༌། །རྒྱུ་མཚན་དོན་གྱིས་བསྟན་པ་དང༌། །ལས་དང་ཆེད་དང་རྟེན་གནས་དང༌། །ཕྱི་ཚིག་དེ་གཞན་སོགས་སྟོན་དང༌། །འོངས་པར་དཀའ་བའི་ཆག་འཛིན་ལས། །ཕྱི་ཚིག་ངེས་པར་བྱེད་པ་དང༌། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་དང༌། །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ༌། །ཞེས་བྱ་བ་འདི་ལ། ཐོག་མར་དམིགས་ཀྱིས་དབྱེ་བ་ནི་གཉིས་ཏེ། གཞུང་གཟུགས་པ་དང༌། གལ་བཟུང་བའོ། །དང་པོ་ནི། མདོར་ན་འདི་ཡིན་ཏེ། ཞེས་པ་ལྟ་བུའོ། །གཉིས་པ་ནི། དེ་ལྟར་ཡིན་གྲང་ན་ཞེས་པ་ལྟ་བུའོ། །གཉིས་པ་རྒྱུ་མཚན་ལ་གཉིས་ཏེ། སྒྲུབ་བྱེད་ཀྱི་རྒྱུ་མཚན་དང༌། རྒྱུའི་རྒྱུ་མཚན་ནོ། །དང་པོ་ནི། དུ་བ་ཡོད་ན་མེ་ཡོད། ཅེས་པ་ལྟ་བུ་དང༌། གཉིས་པ་ནི། འདི་ཡོད་ན་འདི་འབྱུང་ཞེས་པ་ལྟ་བུའོ། །གསུམ་པ་རྒྱུ་མཚན་དོན་གྱིས་བསྟན་པ་ལ། ཤིང་མེད་ན་ཤ་པ་ག་ལ་ཡོད་ཅེས་པ་ལྟ་བུ་དང༌། དེ་སྐད་དུ་འདྲི་ན་འདི་སྐད་ཅེས། །ཞེས་པ་ལྟ་བུ་གཉིས་ཡོད་དོ། །བཞི་པ་ལས་དང༌། ལྔ་པ་ཆེད་དང༌། དྲུག་པ་རྟེན་གནས་གསུམ་ནི་གོ་རིམ་བཞིན་དུ། ཤིང་གི་རྩེ་ན་གཅོད་ཅེས་པ་ལྟ་བུ་དང༌། ཤིང་གི་ཕྱིར་དུ་ན་ཆུ་འདྲེན་ཞེས་པ་ལྟ་བུ་དང༌། ཤིང་གི་རྩེ་མོ་ན་གནས་ཞེས་པ་ལྟ་བུའོ། །བདུན་པ་ཕྱི་མའི་ཚིག་སྔ་མ་དེ་ལས་གཞན་དུ་སྟོན་པ་ནི། དུ་བ་ཡོད་ན་མེ་ཡོད་པ་ཡིན་ན་འདི་ན་ནི་དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ཕྱི་མའི་ཚིག་སྔ་མ་དང་འགལ་བར་སྟོན་པ་དང༌། མེད་པར་སྟོན་པ་གཉིས་ལས། དང་པོ་ནི། གང་ཚ་རེག་ཡོད་པ་ན་གྲང་རེག་ཡོད་དགོས་ན། འདི་ན་ཚ་བའི་རེག་པ་ཡོད་དོ། །ཞེས་པ་ལྟ་བུ་དང༌། གཉིས་པ་ནི། གང་དུ་བ་ཡོད་པ་ན་མེ་ཡོད་དགོས་ན། འདི་ན་ནི་མེ་མེད་དོ་ཞེས་པ་ལྟ་བུའོ། །བརྒྱད་པ་འོས་པར་དཀའ་བ་ཆག་ཚད་འཛིན་པའི་ཚིག་ལས་ཕྱི་ཚིག་ངེས་པར་བྱེད་པ་ནི། ལྷ་ཡང་ཕྱག་འཚལ་ན། མི་ལྟ་ཅི་སྨོས། ཞེས་པ་ལྟ་བུའམ་རྒྱུ་ཡང་མ་སྐྱེས་ན། འབྲས་བུ་ག་ལ་སྐྱེས། ཞེས་པ་ལྟ་བུའོ། །དགུ་པ་དེ་ལས་ལྡོག་པ། སྔ་མའི་ཚིག་གིས་ཕྱི་མ་ལ་ཐེ་ཚོམ་འདྲེན་པར་བྱེད་པ་ནི། མི་ཕྱག་འཚལ་ན་ལྷ་ཕྱག་འཚལ་ཞེས་པ་ལྟ་བུའོ། །བཅུ་པ་འགལ་བའང་མི་འགལ་བར་སྟོན་པ་ནི། དོན་དམ་པར་ནི་དབྱེ་བ་མེད་ན། ཀུན་རྫོབ་ཙམ་དུ་དབྱེ་བ་ཡོད་དོ་ཞེས་པ་ལྟ་བུའོ། །བཅུ་གཅིག་པ་སྨོན་པའི་གཞི་ནི། བྱང་ཆུབ་ཐོབ་ན་ཅི་མ་རུང༌། །ཞེས་པ་ལྟ་བུའོ། །བཅུ་གཉིས་པ་འདྲི་བའི་གཞི་ནི། གང་གིས་ན་གཟུགས་སུ་རུང་བ་ཡིན། །ཞེས་པ་ལྟ་བུའོ། །བཅུ་གསུམ་པ་ཚེ་སྐབས་ནི། དེའི་ཚེ་ན་ཞེས་པ་དང༌། དུས་གཅིག་ན་ཞེས་པ་ལྟ་བུའོ། །ཚིག་ཕྲད་བདུན་པ་ནི། སྟེ་ནི་ལྷག་མ་ཡོད་པ་སྟེ། མཚམས་སྦྱོར་བ་དང་དམ་བཅའ་དང༌། །གཞན་འདྲེན་པ་དང་གསུམ་དུ་འདོད། །བྱེད་དང་བྱ་བའམ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང༌། །ཚིག་གཉིས་རིམ་མ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །གང་ཞིག་གི་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །ལྷག་མ་ཡོད་པར་སྟོན་གྱུར་ཅིང༌། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་བྱ་བའི་དོན་ནི། ཚིག་སྔ་མ་བྱེད་ཚིག་དང༌། ཕྱི་མ་བྱ་ཚིག་གཉིས་རིམ་གྱིས་སྦྱོར་བ་དང༌། ཡང་ན་ཚིག་གཉིས་ཀ་བྱ་ཚིག་ཉིད་དུ་སྦྱོར་བ་གཞིར་བྱས་པ་ལ། རིམ་གྱིས་སྦྱོར་བ་དང༌། དུས་གཅིག་ཏུ་སྦྱོར་བ་གཉིས་ཏེ་གསུམ་མོ། །དང་པོ་ནི། མདའ་འཕངས་ཏེ་ཕོག ཅེས་པ་དང༌། རྟ་ཞོན་ཏེ་འགྲོ། ཞེས་པ་ལྟ་བུ་བྱ་བྱེད་ཀྱི་ཚིག་ཏུ་སྦྱར་བ་གཞིར་བྱས་པ་ལའང༌། རིམ་གྱིས་སྦྱར་བ་དང༌། དུས་གཅིག་ཏུ་སྦྱར་བ་གཉིས་སོ། །གཉིས་པ་ནི། ལྷ་གསོལ་ཏེ་ལས་བྱ་ཞེས་པ་ལྟ་བུ་དང༌། གསུམ་པ་ནི། འཛུམ་མུལ་ཏེ་མདངས་ཕྱུང་ཞེས་པ་ལྟ་བུའོ། །དེ་དག་ནི་མཚམས་སྦྱོར་བའི་ཏེ་ཡིན་ལ། དེ་དང་འདྲ་བར། ལ་དང༌། ནས་དང༌། ཅིང་ཤིང༌། ཞིང་རྣམས་ལའང་སྦྱོར་ཚུལ་དེ་ལྟར་བྱས་ནས་མཚམས་སྦྱོར་དུ་འགྱུར་རོ། །ཚིག་ཕྱི་མ་གང་ཞིག་གིས་ནི་ཚིག་སྔ་མ་ལ་ཕན་འདོགས་ཤིང༌། གསལ་བར་བྱེད་པ་ནི་དམ་བཅའ་བའི་ཏེ་ཡིན་ལ། དེ་ཡང་དཔེར་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་གཞན་འདྲེན་པའི་སྟེ་ནི། ལྷག་མ་དང་བཅས་པ་གཞིར་བྱས་པ་ལ་སྔ་མ་གཉིས་ལས་གཞན་དུ་གྱུར་པའོ། །དེ་ཡང་དཔེར་ན། ཤར་གྱི་ཕྱོགས་ན་དབང་པོ་སྟེ། །ལྷོ་ཡི་ཕྱོགས་ན་འཆི་བདག་གོ །ཞེས་པ་ལྟ་བུའོ། །འདིར་སྟེ་ནི་ས་ལ་ཏ་སྦྱར་བ་ཞིག་ཡིན་ཏེ། ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨ་ལི་གསུམ་པ་སྦྱར། །དེ་ནི་ལྷག་དང་བཅས་པའོ། །ཞེས་སུམ་ཅུ་པ་ལས་འབྱུང་བས་སོ། །དེ་ལྟ་མོད་ཀྱི་བྱས་ཏེ་ཞེས་པ་ལྟ་བུ་སའི་མཐའ་ཅན་རྣམས་ལ་ནི་ཏ་རྐྱང་དུ་བཞག་པས་ཆོག་ལ། ཡོད་དེ་ཞེས་པ་ལྟ་བུ་ལ་ནི་སྔ་མའི་ཤུགས་ཀྱིས་དེ་ལ་སྦྱོར་བར་ཡང་བཤད་དོ། །ཚིག་ཕྲད་བརྒྱད་པ་ནི། དང་ནི་འབྱེད་དང་བསྡུད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །དེ་ཉིད་དང་ནི་གཞན་དག་དང༌། །ལན་གྲངས་གཞན་ལ་སྦྱར་བ་ཡི། །བསྡུད་པའི་དང་ཡང་གསུམ་དུ་འདོད། །ཅེས་བྱ་བ་ལ། ཆོས་ནི་འཁོར་བ་དང༌། མྱ་ངན་ལས་འདས་པ། ཞེས་པ་ལྟ་བུ་འབྱེད་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་ནི་ཆོས་སོ་ཞེས་པ་ལྟ་བུ་བསྡུད་པ་དང༌། མཉམ་པར་གཞོག་དང་ལྷག་མཐོང་འཕེལ། །ཞེས་བྱ་བ་ལྟ་བུ་རྒྱུ་མཚན་གྱི་དང་དང༌། གཞོན་ནུ་དེ་ཕྱིར་བྱུང་བ་དང་མཛའ་བོ་དག་ལྷགས་སོ། །ཞེས་པ་ལྟ་བུ་ཚེ་སྐབས་ཀྱི་དང་དང༌། ཡིད་ལ་ཟུང་ཞིག་དང༌། ངས་བཤད་དོ། །ཞེས་པ་ལྟ་བུ་གདམས་ངག་གི་དང་དང་ལྔའོ། །དེ་ལྟར་ལྔའི་ནང་ནས་བསྡུད་པ་ཉིད་ལ་ཡང་གསུམ་སྟེ། དེ་ཉིད་བསྡུད་པ་དང༌། དངོས་པོ་གཞན་བསྡུད་པ་དང༌། ལན་གྲངས་གཞན་ལ་སྦྱོར་བ་བསྡུད་པའོ། །དང་པོ་ནི། ཆོས་དང་མཐུན་པ་ཁོ་ན་བྱ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། རྟ་དང་གླང་པོ་ཞེས་པ་ལྟ་བུའོ། །གསུམ་པ་ནི། འདི་དང་ཕྱི་མར་དོན་ཡོད་བྱ། །ཞེས་པ་ལྟ་བུའོ། །ཕྲད་དགུ་པ་སྟོན་པ་ནི། ནི་ནི་དགར་དང་བརྣན་པའི་ཚིག །དམིགས་སམ་ངེས་པར་འཛིན་པ་སྟེ། །ཕྱི་མའི་ཚིག་དང་སྦྱར་བར་བྱ། །ཞེས་བྱ་བ་ལ། ཇི་སྐད་དུ། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པ་ལྟ་བུ་ཟླ་བོ་ལས་དགར་བ་དང༌། མེ་ཡོད་པ་ནི་དུ་བ་ཡོད་པས་སོ། །ཞེས་པ་ལྟ་བུ་བཀོད་པ་ལས་དགར་བ་གཉིས་ནི། དམིགས་འཛིན་པའོ། །བརྣན་པའི་ཚིག་ལ་ནི་ངེས་པར་འཛིན་པ་ཞེས་བྱ་ལ། དེ་ལའང་ངོ་བོ་ཉིད་བརྣན་པ་དང༌། རྣམ་གྲངས་གཞན་བརྣན་པ་ཞེས་བྱ་བ་གཉིས་ལས། དང་པོ་ནི། ཇི་སྐད་དུ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ། ཞེས་པའམ། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུའོ། །གཉིས་པ་ནི། འདོད་པ་རྣམས་ནི་དགྲའོ། །ཞེས་པ་ལྟ་བུའོ། །དགར་བ་དང་བརྣན་པ་གང་ཡིན་ཀྱང་ཕྱི་མའི་ཚིག་དང་སྦྱར་དགོས་ཏེ། ཚིག་འོག་མ་དང་མ་སྦྱར་ན་དགར་བརྣན་གྱི་དོན་མི་རྟོགས་པའི་ཕྱིར། ཚིག་ཕྲད་བཅུ་པ་ནི། ཀྱང་དང་ཡང་ནི་བསྡུས་པའི་ཚིག །མི་མཐུན་མཐུན་པར་སྟོན་པའང་ཡིན། །འདས་པའམ་མ་འོངས་གཞན་དག་ལས། །ཅི་རིགས་དག་ཏུ་བསྡུ་བར་བྱ། །ཞེས་པ། ཇི་སྐད་དུ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་ཞེས་པ་བསྡུ་བའི་ཚིག་དང༌། སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་པ་མི་མཐུན་པ་མཐུན་པར་སྟོན་པའོ། །བསྡུད་པའི་ཚིག་ལས་ཕྱེ་ན། ཇི་སྐད་དུ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཞེས་པ་ལྟ་བུ་འདས་མ་འོངས་ཀྱི་དངོས་པོ་བསྡུད་པ་དང༌། རིགས་ལྡན་དེ་མི་དམིགས་པ་ཡང་ཞེས་པ་ལྟ་བུ་དངོས་པོ་གཞན་བསྡུད་པ་གཉིས་སོ། །ཡང་གི་སྒྲ་རྣམ་གྲངས་གཉིས་པའི་སྒོ་ནས་བཤད་པ་ནི། ཡང་ཞེས་བྱ་བ་རྣམ་པའང་ཡིན། །ཇི་སྐད་དུ། ལུང་ཡང་དོར་ནས་ངས་བཤད། ཅེས་པ་ལྟ་བུ། ངོ་བོ་ཉིད་བརྣན་པའམ། ཡང་ན་འདི་ལྟར་ཡིན་ཏེ། ཞེས་པ་ལྟ་བུ་རྣམ་གྲངས་གཞན་བརྣན་པ་གཉིས་སོ། །རིགས་པ་དེས་ཉེ་བར་མཚོན་ན་ཀྱང་གི་སྒྲ་ཡང་བརྣན་པ་ལ་འཇུག་པ་ཅིག་སྲིད་པར་གསལ་བ་ཡིན་ཏེ། ཀྱང་ཡང་གཉིས་ནི་གྲོགས་ཀྱི་དབང་གིས་གདམ་ང་ཅན་ཡིན་པའི་ཕྱིར། ཚིག་ཕྲད་བཅུ་གཉིས་པ་ནི། ངེས་པར་བཟུང་བའི་ཚིག་གི་དོན། །གཞན་མི་ལྡན་དང་གཞན་ལ་མིན། །ལྡན་པ་ཙམ་དུ་འཛིན་པ་དང༌། །མ་ངེས་པ་ནི་རྣམ་པ་གཉིས། །བདེན་ཉིད་མི་བསླུ་བ་ཉིད་དང༌། །ཁོ་ན་དག་ནི་རྣམ་པ་དྲུག །ཅེས་པ་ཁོ་ནའོ་ཞེས་པའི་སྒྲ་འཇུག་པའི་ཡུལ་སྐབས་རྣམ་པ་དྲུག་སྟེ། གཞན་མི་ལྡན་ཞེས་པ་མི་ལྡན་རྣམ་གཅོད་དང༌། གཞན་པ་ལ་མིན་ཞེས་པ་གཞན་ལྡན་རྣམ་གཅོད་དང༌། ལྡན་པ་ཙམ་ཞེས་པ་མི་སྲིད་པ་རྣམ་པར་གཅོད་པ་དང༌། མ་ངེས་པ་རྣམ་པ་གཉིས་ནི། སྲིད་སྒྲུབ་འཕོང་ཁོ་ན་སྐྱེན་ཞེས་པ་ཡོན་ཏན་དེ་གཞན་ལ་མི་ལྡན་པར་ངེས་པ་དང༌། སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་ཞེས་པས་ཡོན་ཏན་གཞན་མི་ལྡན་པར་མ་ངེས་པ་དང༌། ཀུན་རྫོབ་དང་དོན་དམ་པའི་དེ་ཁོ་ན་ཉིད་ཅེས་པ་ལྟ་བུ་བདེན་ཞིང་མི་བསླུ་བ་ཉིད་ལ་འཇུག་པ་རྣམས་སོ། །འདིར་དྲུག་ཏུ་བཤད་ཀྱང༌། རྣམ་འགྲེལ་མཛད་པས་གསུམ་དུ་བསྡུས་པ་དེའི་ནང་དུ་མ་འདུས་པ་མེད་པར་ལྟའོ། །ཚིག་ཕྲད་བཅུ་གསུམ་པ་འཆད་པ་ནི། ཉིད་ནི་དེ་བཞིན་ཅུང་ཟད་དུ། །ཕྱི་ཚིག་ཐ་དད་མིན་པ་དང༌། །དངོས་པོའི་རྐྱེན་དུ་འགྱུར་བའོ། །ཞེས་པ། ཉིད་ཅེས་པ་དང༌། ཁོ་ན་ཞེས་པ་ཕལ་ཆེར་འདྲ་བས་དེ་བཞིན་ཡིན་པ་ལ་ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། ཨུཏྤ་ལ་ཉིད་སྔོན་པོ་ཞེས་པ་ཚིག་ཕྱི་མ་རང་ལས་ཐ་དད་མ་ཡིན་པ་དང༌། སྲ་བའི་དངོས་པོ་སྟོན་པ་ན་སྲ་བ་ཉིད་ཅེས་པ་ལྟ་བུ་དངོས་པོའི་རྐྱེན་དུ་འགྱུར་བའོ། །ཚིག་ཕྲད་བཅུ་བཞི་པ་འཆད་པ་ནི། ཚད་འཛིན་ལྷག་མ་འགོག་པ་ཡི། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །ཞེས་པ་རྡུལ་ཕྲན་ཙམ་དང༌། རི་རབ་ཙམ་ཞེས་པ་ཚད་འཛིན་པ་དང༌། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་ལྟ་བུ་ལྷག་མ་འགོག་པ་དང་གཉིས་སོ། །ཚིག་ཕྲད་བཅོ་ལྔ་པ་ནི། འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཁྱབ་པའི་སྐབས་ཀྱིས་རྩི་བར་བྱ། །ཞེས་པ་ལྷག་མ་འགོག་པ་དེ་བཞིན་དུ་སྦྱར། །ཞེས་པའོ། །བཅུ་དྲུག་པ་ནི། ཡང་དག་ཡོངས་སུ་ཀུན་ཏུ་སོགས། །སྒྲ་བཞིན་དང་ནི་ཕྲད་དུ་འོས། །ཞེས་པ། ཇི་སྐད་དུ། ཡང་དག་པར་ན། གཅིག་དང་དུ་མ་ལ་སོགས་པར་བཏགས་པའི་དངོས་པོ་དང་བྲལ་བ་ཡིན་ནོ་ཞེས་དང༌། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་པ་ལྟ་བུ་དང༌། རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །ཞེས་པ་ལྟ་བུ་དང༌། སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ། དེ་བཞིན་དུ། ཞེས་དང༌། རབ་ཏུ་དང༌། རྣམ་པར་དང༌། ཉེ་བར་དང༌། ཤིན་ཏུ་ཞེས་བྱ་བ་ལྟ་བུ་སྒྲ་ཇི་བཞིན་པའི་དོན་སྟོན་པ་དང༌། དོན་ལྷག་པར་སྟོན་པ་མེད་ཀྱང་ཚིག་གི་ཕྲད་ཙམ་དུ་འགྱུར་བ་ཡོད་དོ། །དེ་ཡང་ཇི་སྐད་དུ། རབ་མཆོག་ལྷག་པར་ཡང་དག་ཕུལ། །རྗེས་སུ་བྲལ་བ་ངན་པ་དང༌། །རྣམ་པར་ལེགས་པར་ངེས་པར་དང༌། །སླར་དང་ཤིན་ཏུ་དག་པ་དང༌། །བདེ་བར་མངོན་པར་མཐོ་བ་དང༌། །སོ་སོར་ཡོངས་སུ་ཉེ་བར་སྣང༌། །ཉེ་བར་སྒྱུར་བ་ཉི་ཤུ་ཞེས། །ཙནྡྲ་གོ་མིའི་གཞུང་ལས་གསུངས། །ཞེས་པ་ལྟར། ཉེར་སྒྱུར་ཉི་ཤུ་པ་ཞེས་བྱ་བའི་བསྟན་བཅོས་ལས། རབ་ཅེས་པ་དོན་བཅོ་ལྔ་ལ་འཇུག་པ་ནས། ཉེ་བར་ཞེས་པ་དོན་བཞི་ལ་འཇུག་པའི་བར་རྒྱས་པར་གསུངས་སོ། །བཅུ་བདུན་པ་ནི། ཚུལ་ནི་འདྲ་དང་སྨད་པ་དང༌། །སྒོ་དང་སྡོམ་པའི་མཚན་ཉིད་དང༌། །ཐབས་དང་རིགས་པ་དོན་དང་འདོད། །ལེགས་པར་དག་ལ་འཇུག་པ་ལས། །འདྲ་བར་སྦྱར་བ་ཕྲད་དུ་འདོད། །ཅེས་པ། ཁྱོད་ཀྱི་གདོང་པ་ཟླ་བའི་ཚུལ། །ཞེས་པ་འདྲ་བ་དང༌། དཔྱོད་ཚུལ་འདི་འདྲའམ། ཞེས་པ་ལྟ་བུ་སྨད་པ་དང༌། ཆོས་ཀྱི་ཚུལ་ཞེས་པ་ལྟ་བུ་ཆོས་ཀྱི་སྒོ་ལ་འཇུག་པ་དང༌། ཚུལ་དུ་འཇུག་ཅེས་པ་ལྟ་བུ་སྡོམ་པ་ལ་འཇུག་པ་དང༌། ངང་ཚུལ་བཟང་པོ་ཞེས་པ་ལྟ་བུ་མཚན་ཉིད་ལ་འཇུག་པ་དང༌། ལྷ་སྒྲུབ་པའི་ཚུལ་ཞེས་པ་ལྟ་བུ་ཐབས་ལ་དང༌། རིགས་པའི་ཚུལ་ཞེས་པ་ལྟ་བུ་རིགས་པ་དང༌། དོན་བཟང་པོ་ལ་ཚུལ་བཟང་པོ་ཞེས་པ་ལྟ་བུ་དོན་ལ་འཇུག་པ་དང༌། གཞན་གྱིས་བཏགས་པའི་ཚུལ་ཞེས་པ་ལྟ་བུ་འདོད་པ་ལ་འཇུག་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་པ་ལྟ་བུ་ལེགས་པ་ལ་འཇུག་པ་སྟེ། བཅུ་ཡོད་པ་དེའི་ནང་ནས་འདྲ་བར་སྦྱར་བ་ནི། ཚིག་གི་ཕྲད་དུ་འདོད་ཅེས་པའོ། །བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པ་ལས། ཚུལ་དོན་སུམ་ཅུ་གཉིས་ལ་འཇུག་པར་བཤད་དོ། །ཞེས་དབུས་པ་བློ་གསལ་གསུང་ངོ༌། །བཅོ་བརྒྱད་པ་ནི། བཞིན་ལ་སོགས་པའི་ཚིག་གི་དོན། །མ་ནོར་བ་དང་ཡིན་པ་དང༌། །འདྲ་བ་དག་ཏུ་སྦྱོར་བའོ། །ཞེས་པ་དེ་བཞིན་དང༌། དེ་ལྟ་བུ་དང༌། དེ་འདྲ་བ་དང༌། དེ་དང་མཚུངས་པ་སོགས་སོ། །བཅུ་དགུ་པ་ནི། ཅིང་ལ་སོགས་པ་བསྡུ་བ་དང༌། །མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །ཞེས་པ་ཅིང་དང༌། ཞིང་དང༌། ཤིང་ཞེས་པ་རྣམས་གཞན་བསྡུད་པ་དང༌། མཚམས་སྦྱོར་དུ་བྱེད་པ་གཉིས་ལས། དང་པོ་ནི། འཆད་ཅིང་རྩོད་པ་དང༌། རྩོམ་ཞིང་སྤེལ་བ་དང༌། བརྟགས་ཤིང་དཔྱོད་པ་ཞེས་པ་ལྟ་བུ་ཡིན་ལ། གཉིས་པ་མཚམས་སྦྱོར་བ་ནི། འདོད་ཅིང་ཆགས་པ་ནི། འཁོར་ཞིང་འཁོར་བ་སྟེ། སྐྱེས་ཤིང་འཆི་བའོ། །ཞེས་པའོ། །ཉི་ཤུ་པ་ནི། ལ་ནི་གཉིས་པ་བཞི་པ་དང༌། །བདུན་པ་བསྡུད་དང་སྦྱོར་བ་དང༌། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་དག་ཏུ་འདོད་པ་ཡིན། །ཞེས་པ། ཆོས་ལ་སྤྱོད་ཅེས་པ་ལྟ་བུ་གཉིས་པ་དང༌། སངས་རྒྱས་ལ་ཕྱག་འཚལ་ཞེས་པའམ། ཤིང་ལ་ཆུ་འདྲེན་ཞེས་པ་ལྟ་བུ་བཞི་པ་དང༌། རྒྱལ་པོ་ལ་བརྟེན་ཞེས་པ་ལྟ་བུ་བདུན་པ་དང༌། ལག་པ་བསྙལ་ལ་བཟའ་ཞེས་པ་ལྟ་བུ་བསྡུད་པ་དང༌། འདི་ན་དེ་ཡོད་ལ་ཞེས་པ་ལྟ་བུ་མཚམས་སྦྱར་བ་དང༌། བདག་སངས་རྒྱས་སུ་གྱུར་ལ། གྱུར་ནས་ཀྱང་ཞེས་པ་ལྟ་བུ་སྨོན་པའི་གཞི་དང༌། དེ་ཙམ་ལ་དེས་ཆོག་གོ །ཞེས་པ་ལྟ་བུ་ཚད་འཛིན་པའི་གཞི་དང༌། དེའི་རྗེས་ལ་ཞེས་པ་ལྟ་བུ་ཚེ་སྐབས་དག་ཏུ་འདོད་པ་ཡིན་ནོ། །འདིར་ཁ་ཅིག་ཞིང་ལོགས་སུ་འཆད་པ་ནི་མི་འཐད་དེ། བདུན་པ་དང་ཟློས་པའི་ཕྱིར་དང༌། འགྲེལ་པ་ལས་ཀྱང་མ་བཤད་པའི་ཕྱིར། ཞེས་དབུས་པ་བློ་གསལ་འཆད་དོ། །ཉེར་གཅིག་པ་ནི། ཀྱི་ནི་འབྲེལ་བའི་དོན་ཡིན་ཏེ། །ཞེས་པ་ཀྱི་དང༌། གྱི་དང༌། གི་དང༌། འི་རྣམས་ནི་དྲུག་པ་འབྲེལ་བའི་དོན་ནོ། །ཉེར་གཉིས་པ་ནི། ཀྱིས་ནི་བྱེད་པོར་འདོད་པ་ཡིན། །ཞེས་པ་ཀྱིས་དང༌། གྱིས་དང༌། གིས་རྣམས་ནི་བྱེད་པ་པོར་འདོད་པ་ཡིན་ཏེ། དཔེར་ན། སངས་རྒྱས་ཀྱིས་གསུངས། འཁོར་གྱིས་བསྐོར། ཞེས་པ་ལྟ་བུའོ། །དེ་ལྟ་ན་ཡང༌། ཁྲུས་གྱིས་ལ་བག་ཡོད་པར་གྱིས་ཞེས་པ་ལྟ་བུ་ལས་སུ་བྱ་བ་འགའ་ཞིག་ལ་འཇུག་པ་ཡང་སྲིད་དོ། །འདིར་ཞར་བྱུང་ནི། མི་མཐུན་རྒྱན་ནི་གསུམ་ཅར་ལའོ། །ཞེས་པ་བཤད་མ་ཐག་པའི་ལ་དང༌། ཀྱི་དང༌། ཀྱིས་གསུམ་ཀ་ཡང་མི་མཐུན་པའི་རྒྱན་དུ་འགྱུར་བ་སྲིད་ཅེས་པ་ཡིན་ལ། དེ་ཡང་ལ་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི། རྒྱུ་མེད་པ་ལ་འབྲས་བུ་འདོད་པ་ནི་ངོ་མཚར་ཞེས་པ་ལྟ་བུ་དང༌། ཀྱི་མི་མཐུན་པའི་རྒྱན་དུ་འགྱུར་བ་ནི་བདེན་མོད་ཀྱི། འོན་ཀྱང་ཞེས་པ་ལྟ་བུ་དང༌། ཀྱིས་མི་མཐུན་པའི་རྒྱན་དུ་གྱུར་པ་ནི། དེ་ལྟར་བྱས་མོད་ཀྱིས་ཀྱང་ཞེས་པ་ལྟ་བུའོ། །ཉེར་གསུམ་པ་ནི། ལས་ནི་རྒྱུ་དང་འབྱུང་ཁུངས་དང༌། དགར་བ་ཡིན་ཏེ། ཞེས་པ་ས་བོན་ལས་མྱུ་གུ་ཞེས་དང༌། རི་ལས་གསེར་ཞེས་པ་ལྟ་བུ་དང༌། ཁྱིམ་པ་ལས་དགེ་བསྙེན་ཞེས་བྱ་བ་ལྟ་བུ་རྣམས་སོ། །ཉེར་བཞི་པ་ནི། ནས་དེ་བཞིན། བསྡུད་པ་དག་དང་མཚམས་སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་པ། ནས་ཞེས་པའི་ཕྲད་ནི་ཕལ་ཆེར་ལས་དང་མཐུན་ལ། ཅུང་ཟད་མི་མཐུན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ཞེས་པ་ལྟ་བུ་བསྡུད་པ་དང༌། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཅེས་པ་ལྟ་བུ་མཚམས་སྦྱོར་བ་ཡང་ཡོད་པས་ལྷག་དང་བཅས་པའོ། །ཞར་ལ་བྱེད་ཚིག་དྲུག་གི་ནང་ནས་གཏན་ཚིགས་སུ་འགྱུར་བ་དུ་ཞིག་ཡོད་སྟོན་པ་ནི། གཏན་ཚིགས་དག་ཏུ་འགྱུར་བ་ནི། །དྲུག་པ་འབའ་ཞིག་མ་གཏོགས་སོ། །ཞེས་བྱ་བ་ལ་གཉིས་པ་གཏན་ཚིགས་སུ་འགྱུར་བ་ནི། ཇི་སྐད་དུ། འགོག་པ་མེད་པའི་རང་བཞིན་ལ། །ཞེས་པའམ། བྱས་པ་ལ་མི་རྟག་པས་ཁྱབ་ཅེས་པ་ལྟ་བུའོ། །གསུམ་པ་དེར་འགྱུར་བ་ནི། བྱས་པས་མི་རྟག་ཅེས་པ་ལྟ་བུ་དང༌། བཞི་པ་དེར་འགྱུར་བ་ནི། དེའི་ཆེད་དུ་དེ་བྱ་ཞེས་པ་ལྟ་བུ་སྟེ། ཇི་སྐད་དུ། བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །ཞེས་པ་ལྟ་བུའོ། །ལྔ་པ་དེར་འགྱུར་བ་ནི། བྱས་པ་ལས་མི་རྟག་པར་གྲུབ། །ཅེས་པ་ལྟ་བུའོ། །བདུན་པ་དེར་འགྱུར་བ་ནི། སངས་རྒྱས་ལ་ཡོན་ཏན་མངའ་བ་ལས་འོས་མེད་དོ། །ཞེས་པ་ལྟ་བུའོ། །ཕྲད་ཉེར་ལྔ་པ་ནི། དུ་ལ་སོགས་པ་ལ་དང་མཐུན། །དེ་བཞིན་ལྷག་བཅས་ལ་ལའོ། །ཞེས་པ་དེ་དག་ལ་དང་མཐུན་པའི་ཚུལ་དང༌། མི་མཐུན་པའི་ཁྱད་པར་གཉིས་ཀྱིས་སྟོན་པ་ལས། དང་པོ་ནི། དུ་དང༌། སུ་དང༌། རུ་དང༌། ར་ཡོད་པའི་ཚིག་ཕྲད་རྣམས་ནི་ལ་ཞེས་པའི་ཚིག་ཕྲད་དང་མཐུན་པ་ཡིན་ཏེ། དུ་ནི་གཉིས་པ་བཞི་པ་དང༌། །ཞེས་སོགས་སྦྱར་བས་ཆོག་པའི་ཕྱིར་རོ། །དེ་ཡང་གང་དུ་དང༌། དབུས་སུ་དང༌། འདི་རུ་དང༌། འདིར་ཞེས་པ་རྣམས་སོ། །གཉིས་པ་ལ། དུ་སོགས་ལ་དང་མི་མཐུན་པའི་བར་ཁྱད་དང༌། ལ་ཡང་དེ་དག་དང་མི་མཐུན་པའི་བར་ཁྱད་དོ། །དང་པོ་ནི། དེ་ཉིད་ཅེས་སོགས་ཏེ། དཔེར་ན། ཐོག་དགུ་འཕང་དུ་ཕུབ། ཤིང་མིག་མངས་རིས་སུ་བཏང༌། དབྱིབས་གྲུབ་བཞི་རུ་བརྩིགས། ཞེས་པ་ལྟ་བུ་ནི་ལའི་དོན་ལས་ལྷག་པ་ཡིན་ནོ། །གཉིས་པ་ནི། དེ་བཞིན་ཞེས་པ་ལག་པ་བཀྲུས་ལ་ཟན་ཟ་ཞེས་པ་ལྟ་བུ་ལའི་སྒྲ་དུ་སོགས་ལས་ལྷག་དང་བཅས་པའོ། །དུ་སོགས་གང་དུ་ཐོབ་པའི་གནས་སྐབས་ནི་ཇི་སྐད་དུ། ག་བ་ད་དྲག་ཅན་རྣམས་ཏུ། །ང་ད་ན་མ་ར་ལ་དུ། །ས་སུ་མཐའ་བརྟེན་པ་རུ་དང༌། །ཞེས་འབྱུང་བ་ལྟར་རོ། །ཚིག་ཕྲད་ཉེར་དྲུག་པ་ནི། འོ་ལ་སོགས་པ་སླར་བསྡུས་པའོ། །ཞེས་པ་རྗེས་འཇུག་ཡི་གེ་བཅུ་པོ་ལ་ཨོའི་སྒྲ་སྦྱར་བ་སྟེ། རྫོགས་སོ་ཞེས་བྱ་བ་ལྟ་བུའོ། །སུམ་ཅུ་པ་ལས་ཀྱང༌། རྗེས་འཇུག་ཡི་གེ་བཅུ་པོ་ནི། མིང་གི་མཐར་ནི་གང་སྦྱར་བ། །དེ་ལ་ཨ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་འབྱུང་བ་ལྟར་ཡིན་ལ། །ཏ་ད་འ་གསུམ་པོ་གང་ལ་ཨོ་ཡིག་སྐབས་གང་དུ་སྦྱོར་བའི་ཚུལ་ཡང༌། ཇི་སྐད་དུ། རྫོགས་ཚིག་ད་དྲག་ཅན་ལ་ཏོ། །རྐྱང་པ་མཐའ་བརྟེན་མེད་ལའོ། །ཞེས་བཤད་པ་ལྟར་རོ། །ཕྲད་ཉེར་བདུན་པ་ནི། འོ་ན་ཁོང་དུ་ཆུད་པའི་ཚིག །ཅེས་པ་སྟེ། ཇི་སྐད་དུ། བྱ་བ་ལྡན་ཡོད་འོན་ཏེ་ན། །ཞེས་པ་ལྟ་བུའང་མཚོན་ནོ། །ཉེར་བརྒྱད་པ་ནི། འམ་ཞེས་བྱ་བ་འབྱེད་བསྡུད་ཡིན། །ཞེས་པ་སྟེ། དཔེར་ན། གཟུགས་སམ། ཚོར་བའམ། ཞེས་པ་ལྟ་བུ་བསྡུད་པ་དང༌། མུ་སྟེགས་ཅན་མ་ཡིན་ནམ་ཞེས་སོགས་ལྟ་བུ་འབྱེད་པའོ། །ཉེར་དགུ་པ་ནི། དག་དང་རྣམས་ནི་མང་པོའི་ཚིག །ཅེས་པ་སྟེ། དེ་ཡང་གཉིས་ཡན་ཆོད་ལ་དག་ཅེས་བྱ་བ་དང༌། གསུམ་ཡན་ཆོད་ལ་རྣམས་ཞེས་བྱ་བའི་སྒྲ་འཇུག་གོ །སུམ་ཅུ་པ་ནི། སོགས་ནི་མཐའ་དག་བསྡུད་པ་ཡིན། །ཞེས་པ་ནི། དཔེར་ན་གཟུགས་ལ་སོགས་པའི་ཕུང་པོ་ཞེས་ཕུང་པོ་ལྷག་མ་རྣམས་བསྡུད་པ་ལྟ་བུའོ། །སོགས་ཞེས་པ་དང༌། སྩོགས་ཞེས་པ་ནི་འགྱུར་སྔ་ཕྱིའི་ཁྱད་པར་ཡིན་ལ། དེ་གཉིས་ཀྱི་སྐད་དོད་ཨཱ་དི་ཞེས་པ་དང་པོ་ལ་འཇུག་པ་ལྟར་ན། གཟུགས་དང་པོར་བྱས་པའི་ཕུང་པོ་རྣམས་ཞེས་བྱ་བ་ལྟ་བུ་ཡིན་པས། དོན་ལ་འཁྲུལ་པ་ཆེར་མེད་དོ། །སོ་གཅིག་པ་ནི། པའམ་ཅན་ནི་བདག་པོའི་ཚིག །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་པ། དཔེར་ན། གསེར་པ་དང༌། གསེར་ཅན་ཞེས་པ་ལྟ་བུའོ། །སུམ་ཅུ་པ་ལས་ཀྱང༌། མིང་གང་གི་ནི་ཡ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་བཤད་པ་ལྟར་ཡིན་ལ། དེ་ཡང་དཔེར་ན། དཔའ་བོ་ཞེས་པ་ལྟ་བུ་ཕོ་རྟགས་ཀྱི་སྒྲ་ཐོག་མར་མ་སྦྱར་བ་རྣམས་ལ་མིང་གི་མཐར། ཤིང་སཱ་ལའི་དབང་པོ་ཞེས་པ་ལྟ་བུ་ཕོ་རྟགས་མཇུག་ཏུ་སྦྱར་ན་བདག་པོའམ་ལྡན་པའི་དོན་དུ་འགྱུར། ཞེས་པའི་དོན་ནོ། །ཕྲད་སོ་གཉིས་པ་ནི། བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟའོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །ཞེས་བྱ་བ་ལ། བ་ཞེས་བྱ་བ་ནི། ཡུལ་ངེས་པར་མ་བཟུང་བ་བྱེད་པ་པོ་དང་བྱ་བ་དང༌། བདག་དང་གཞན་གྱི་ཚིག་ཏུ་རིས་མ་ཆད་པ་དང༌། དུས་ངེས་པར་མ་བཟུང་བ། འདས་པ་དང༌། ད་ལྟར་བ་སོགས་ཀྱི་རིས་སུ་ཆད་པར་མི་སྟོན་པ་ཡིན་ཏེ། དཔེར་ན་ཟ་བ་ཞེས་བྱ་བའི་སྒྲ་དེ་བཟའ་བར་བྱ་བ་དང༌། ཟ་བ་པོ་དང༌། ཟ་བཞིན་པ་རྣམས་ཀྱི་སྤྱི་ལ་འཇུག་པ་བཞིན་ནོ། །དེས་ན་ཟ་བ་དང༌། མཐོང་བ་དང༌། གསལ་བ་ལ་སོགས་པ་ནི་མ་ནིང་དག་ཏུ་བཞག་པར་བྱ་སྟེ། དོན་རིས་སུ་ཆད་པ་ཞིག་སྟོན་པར་མི་བྱེད་པའི་ཕྱིར་རོ། །གཉིས་པ་ཕྲད་འདུས་པ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཉེ་བར་བསྡུ་བའོ། །དང་པོ་ནི། གལ་ཏེ་ཕྲད་གཉིས་འདུས་པའམ། །ཡང་ན་མང་པོ་འདུས་པ་ན། །སྔ་ཕྱི་ཕན་ཚུན་ཟིལ་གནོན་དང༌། །རང་གི་ཆ་ལྡན་དག་ཏུ་སྦྱར། །ཞེས་པ་ཚིག་གི་སྐབས་གཅིག་ཏུ་ཕྲད་མང་པོ་འདུས་པ་ན་སྔ་མས་ཕྱི་མ་དང༌། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པ་དང༌། རང་གི་ཆ་ལྡན་པ་གསུམ་མོ། །དང་པོ་ནི། ཇི་སྐད་དུ། གང་གང་དོན་ནི་གང་གང་ལ། །ཞེས་དང༌། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་སོགས་ལྟ་བུ་ཡིན་ཏེ། གང་ཞེས་པ་སྔ་ཕྱི་གཉིས་ལ་དོན་ཐ་དད་པ་མེད་པས་སྔ་མས་ཕྱི་མ་ཟིལ་གྱིས་མནན་པས་སོ། །གཉིས་པ་ནི། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །ཞེས་པ་ལྟ་བུ་ལ་བྱ་བ་ཡིན་ཏེ། གང་དང་དེ་གཉིས་ལ་དོན་ཐ་དད་པ་མེད་ཀྱང་གང་ཞེས་པ་སྤྱི་སྒྲ་དང༌། དེ་ཞེས་པ་བྱེ་བྲག་གི་སྒྲ་ཡིན་པས་ཕྱི་མས་སྔ་མ་ཟིལ་གྱིས་མནན་པའི་ཕྱིར་རོ༌། །གསུམ་པ་ནི། གལ་ཏེ་ལོ་བརྒྱ་འཚོ་བའམ། འོན་ཏེ་དེ་བས་ལྷག་པ་འཚོ་ཡང་རུང༌། ཞེས་པ་ལྟ་བུ་ཡིན་ཏེ། གཉིས་ཀས་དོན་ཐ་དད་པ་རེ་རེ་སྟོན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། གང་ལ་དམིགས་འཛིན་མི་བྱེད་དང༌། །དམིགས་འཛིན་ཏེ་ན་ཕྲད་གྱུར་ན། །གཉིས་པར་འགྱུར་བའི་མཐུ་ཡིན་ནོ། །ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། །ཕྱོགས་གཅིག་འདྲི་བར་བྱེད་པ་ཡིས། །འོ་ན་ཞེས་པའི་ནུས་པའོ། །དེ་ལ་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ། །ན་ཡིས་ཕྱོགས་གཅིག་དག་ཏུ་བྱེད། །དེ་གཉིས་ལྡན་པའི་ཕྲད་རྣམས་ནི། །དམིགས་འཛིན་ལྡན་མི་ལྡན་གཉིས་ཏེ། །སྔ་མ་དོན་གྱིས་བསྡུ་བར་བྱ། །ཡོད་ན་སྔ་མ་དངོས་སུ་བསྡུད། །ཅེས་བྱ་བ་ལ་གཉིས་ཀའི་ཆ་དང་ལྡན་པ་དེ་གང་ཞེ་ན། གང་ལ་ཞེས་བྱ་བའི་སྒྲ་ནི་དམིགས་འཛིན་མི་བྱེད་པ་ཡིན་ལ། ཏེ་ན་ཞེས་བྱ་བའི་སྒྲ་ནི་དམིགས་འཛིན་པར་བྱེད་པ་ཡིན་ཞིང༌། དེ་གཉིས་ཕྲད་པ་ནི་གལ་ཏེ་ན་ཞེས་བྱ་བ་ཡིན་ལ། དེའི་ཚེ་ན་ཚིག་སྔ་ཕྱི་གཉིས་ལ་དོན་གཞན་རེ་རེ་ཡོད་པས་རང་གི་ཆ་ལྡན་ཞེས་བྱའོ། །འདི་ནི་གང་ལ་ཅི་ཞིག་ན་ཞེས་བྱ་བ་དེ་བསྡུས་པས། གལ་ཏེ་ན་ཞེས་བྱ་བར་སོང་བ་དེའོ། །དེ་བཞིན་དུ་འོ་ན་ཅི་ཞིག་ན་ཞེས་པ་བསྡུས་པ་ལས་འོ་ན་ཞེས་བྱ་བ་འབྱུང་ལ། དེའི་ནུས་པ་ནི་ཕྱོགས་གཅིག་ཁོང་དུ་ཆུད་ནས་ཕྱོགས་གཅིག་འདྲི་བར་བྱེད་པའོ། །འོ་ན་ཞེས་པའམ། འོན་ཏེ་ན་ཞེས་པའི་ཚིག་འདི་ལ་ཡང༌། དམིགས་འཛིན་པ་དང༌། མི་འཛིན་པ་ཕྲད་པའི་ཚུལ་ནི་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། ཁོང་དུ་ཆུད་པ་དང་མ་ཆུད་པའི་དོན་གཉིས་ཐ་དད་དུ་བཟུང་རྒྱུ་ཡོད་པས་གཉིས་ཀའི་ཆ་དང་ལྡན་པར་འགྱུར་བས་སོ། །གལ་ཏེ་དང་འོན་ཏེ་ཞེས་པའི་དོན་ཕྱི་མ་རེ་རེ་དམིགས་ཀྱིས་འཛིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཏེ་ཞེས་པ་ནི་ལྷག་མ་ཅན་ཡིན་པས། གཞན་ཙམ་ཞིག་འདྲེན་པར་བྱེད་ལ། ན་ཞེས་པས་ཕྱོགས་གཅིག་ཏུ་དམིགས་ཀྱིས་འཛིན་པར་བྱེད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར་སྤྱི་ལ་འཇུག་པ་དང༌། ཕྱོགས་གཅིག་ཏུ་བྱེད་པ་དེ་གཉིས་ཀ་དང་ལྡན་པའི་ཕྲད་རྣམས་ནི་དམིགས་འཛིན་པ་དང༌། མི་འཛིན་པ་གཉིས་གཉིས་དང་ལྡན་ནོ། །སྔ་མ་སྤྱི་ལ་འཇུག་པ་དང༌། ཕྱི་མ་ཕྱོགས་གཅིག་ཏུ་བྱེད་པ་གཉིས་ལས། ཕྱི་མ་གཉིས་དངོས་སུ་ཡོད་ཅིང༌། སྔ་མ་དངོས་སུ་མེད་ན། ཕྱི་མས་སྔ་མ་དོན་གྱིས་བསྡུ་བར་བྱ་ཞིང༌། གཉིས་ཀ་ཡོད་ན་སྔ་མ་དངོས་སུ་བསྡུ་བར་བྱ་བ་ཡིན་ཏེ། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པའི་ཚུལ་གྱིས་སོ། །གསུམ་པ་ཉེ་བར་བསྡུ་བ་ནི། གལ་ཏེ། ཇི་སྟེ་འོན་ཏེ་དང༌། །དེ་སྟེ་ན་ཞེས་སྦྱར་བར་བྱ། །འོན་ཀྱང་འོ་ན་ཡང་ཞེས་པ། །བསྡུ་བ་གཉིས་ལྡན་གཉིས་བསྡུ་བྱ། །མཐུན་དང་ཐ་དད་སྐབས་ཀྱི་མཐུ། །ཞེས་བྱ་བ་ལ། གང་ལ་ཅི་ཞིག་ན་ཞེས་པ་བསྡུས་ནས། གལ་ཏེ་ན་ཞེས་དང༌། ཇི་ལ་ཅི་ཞིག་ན་ཞེས་པ་བསྡུས་ནས། ཇི་སྟེ་ན་ཞེས་དང༌། འོ་ན་ཅི་ཞིག་ན་ཞེས་པ་བསྡུས་ནས། འོན་ཏེ་ན་ཞེས་དང༌། དེ་ལ་ཅི་ཞིག་ན་ཞེས་པ་བསྡུས་ནས། དེས་དེ་ན་ཞེས་བྱ་བར་སྦྱར་བ་ནི་གཉིས་ཀའི་ཆ་དང་ལྡན་པ་ཡིན་ཏེ། ཚིག་སྔ་མས་སྤྱིར་བཏང་ནས། ཕྱི་མས་དམིགས་ཀྱིས་བསལ་བ་སྟོན་པའི་ཕྱིར། འོན་ཀྱང་ཞེས་པ་དང༌། འོ་ན་ཡང་ཞེས་པ་བསྡུ་བ་གཉིས་དང་ལྡན་པ་ནི། སྔ་མའི་འདོད་པ་དང་ཕྱི་མའི་དོན་གཉིས་ཀ་བསྡུ་བར་བྱ་བ་ཡིན་ཏེ། ཇི་སྐད་དུ། སྤྱོད་ཡུལ་མ་ཡིན་འོན་ཀྱང་ནི། །རང་དང་གཞན་གྱི་དོན་གྱི་ངོར། །ཞེས་པ་ལྟ་བུ་དང༌། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། ཞེས་པ་ལྟ་བུའོ། །འདི་ཡང་གོང་དུ། འོ་ན་ཁོང་དུ་ཆུད་པའི་ཚིག་ཅེས་པ་དང་དོན་ཁྱད་པར་མེད་དེ། དེར་ཡང༌། ཕྱི་མའི་སྐབས་དང་སྦྱར་བར་བྱ། ཞེས་འཆད་དགོས་པའི་ཕྱིར། འོ་ན་བསྡུ་བ་སྔ་ཕྱི་གཉིས་ཀ་མཐུན་པ་ཞིག་དགོས་སམ་ཞེ་ན། དེ་ནི་སྐབས་ཀྱི་མཐུ་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །ཅེས་པ་ལྟ་བུ་མཐུན་པ་དང༌། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་པ་ལྟ་བུ་མི་མཐུན་པ་བསྡུད་པ་གཉིས་ཡོད་པས་སོ། །དེ་ལྟར་ཕྲད་གཉིས་འདུས་པའམ། མང་པོ་འདུས་པ་ལས་དོན་སྟོན་ཚུལ་གྱི་ཁྱད་པར་སྔ་ཕྱི་ཟིལ་གནོན་དང༌། རང་གི་ཆ་དང་ལྡན་པ་གསུམ་ཡོད་པ་དེ་ལྟ་ན་ཕྲད་མང་པོ་དེ་དག་ངེས་པར་སྦྱོར་དགོས་སམ་ཞེ་ན། སྡེབ་སྦྱོར་གྱི་ཁྱད་པར་མེད་ན་ཕྲད་མང་པོ་སྦྱར་མི་དགོས་ཏེ། ཚིག་གི་སྦྱོར་བ་བཅུའི་ནང་དུ་མ་འདུས་པའི་དོན་ལྷག་པོ་སྟོན་རྒྱུ་མེད་པའི་ཕྱིར། ཞེས་སྟོན་པ་ནི། གང་ལྟར་ཇི་ལྟར་དེ་ལྟར་དང༌། །དེ་བཞིན་དེ་སྐད་ལ་སོགས་པ། །ཇི་སྐད་བསྟན་པའི་ཆ་གཉིས་ལྡན། །དེ་ལ་སོགས་པའི་ཕྲད་རྣམས་ཀུན། །ཟིལ་གནོན་གྱུར་དང་ཆ་ལྡན་ཡང༌། །དགོས་པ་རེ་རེར་དྲིལ་བྱས་ལ། །ཚིག་དོན་སྦྱོར་བ་བཅུ་པོ་དང༌། །ཕྲད་ཀྱི་སྦྱོར་བ་ཇི་ལྟ་བར། །དེ་ལྟར་ཕྲད་གཉིས་འདུས་པའམ། །མང་པོ་འདུས་པར་གྱུར་ཀྱང་རུང༌། །དེ་དོན་ལྷག་མ་མི་སྟོན་ཕྱིར། །སྐབས་དང་ཚིག་ཤུགས་བརྟགས་ནས་ནི། །བློ་ལྡན་རྣམས་ཀྱིས་གང་རིགས་སྦྱར། །ཞེས་པའོ། །འདི་ཡང་ཇི་སྐད་དུ། རྒྱལ་བའི་ཡུམ་དེ་དང་དེ་ལས་རྣམ་པ་རེ་རེའི་དབང་དུ་མཛད་དེ་ཞེས་དང༌། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །ཞེས་འབྱུང་བ་ལྟ་བུ་ནི་ཚིག་ཕྲད་ཙམ་མ་ཡིན་གྱི། ཚིག་གི་སྦྱོར་བ་ཡིན་པ་དང༌། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པ་ལྟ་བུ་ཚིག་ཕྲད་ཁོ་ན་ཡིན་པའི་ཁྱད་པར་ཤེས་དགོས་སོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ་གསུམ་སྟེ། བསྟན་བཅོས་ཀྱི་ལྡང་ཚད་བཤད་ནས་ཚོགས་གསུམ་བསྟན་པའི་དགོས་པ་དང༌། བསྟན་བཅོས་འདིའི་མཚན་བཤད་པ་དང༌། བརྩམས་པའི་དགེ་བ་མཆོག་ཏུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། དཔེ་བཤད་པ་དང༌། དེས་མཚོན་པའི་དོན་བསྟན་པ་དང༌། དེས་ན་སྒྲའི་བསྟན་བཅོས་ལ་བསླབ་དགོས་པར་བསྟན་པའོ། །དང་པོ་ནི། དཔེར་ན་སྐྱེས་བུ་གང་ཞིག་གིས། །གཟུགས་ཀྱི་བྱེ་བྲག་ཤེས་འདོད་ན། །ཕྲ་རྡུལ་སོགས་ལ་མཚན་ཉིད་དུ། །དེ་ཤེས་ཚེ་རྡུལ་གོང་བུ་དང༌། །གོང་ཆེན་དག་གི་མཚན་ཉིད་དང༌། །ལས་རྣམས་འབད་པ་མེད་པར་ཤེས། །དེ་ཤེས་སྐབས་ཀྱི་བྱ་བ་གང༌། །སྦྱོར་བ་དག་ལ་མི་འཇིགས་བཞིན། །ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པའི་རབ་དབྱེ་སྦྱོར་བ་ལ་མི་འཇིགས་པའི་སྤོབས་པ་འབྱུང་བ་ལ་ཐོག་མར་རྡུལ་ཕྲ་རབ་ཀྱི་གནས་ལུགས་དང༌། དེས་རགས་པ་རྩོམ་པའི་ཚུལ་ཤེས་དགོས་པ་བཞིན་ནོ། །གཉིས་པ་ནི། སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཐའ་ཡི་གེའི་བྱེ་བྲག་དག །ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག །ཤླཽ་ཀ་དང་རབ་བྱེད་སོགས། །མིང་ཚིག་ཡི་གེ་མཚུངས་པའི་ཕྱིར། །ཚིག་སྦྱོར་འབད་པ་མེད་པར་འགྱུར། །ཞེས་པའོ། །འོ་ན་འདིར་ཚོགས་གསུམ་བཤད་པ་དང༌། གཞུང་གཞན་ལས་ངག་དང་ཚིག་སོ་སོར་བཤད་པའི་ཁྱད་པར་ཅི་ཞེ་ན། བཅོམ་ལྡན་རལ་གྲི་ན་རེ། ཡི་གེ་དུ་མ་འདུས་པ་ལས་མིང་དང༌། དེ་དུ་མ་འདུས་པ་ལས་ཚིག་དང༌། དེ་དུ་མ་འདུས་པ་ལས་ངག་དང༌། དེ་དུ་མ་འདུས་པ་ལས་བསྟན་བཅོས་ཀྱི་ལུས་འགྲུབ་བོ་ཞེས་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་འཆད་དོ་ཞེས་ཟེར་བ་ནི་མི་རིགས་ཏེ། སྤྱིར་ཚད་ལྡན་གྱི་ལུང་དང་འགལ་བ་དང༌། སློབ་དཔོན་དེ་ཉིད་ཀྱི་ལུང་དང་མི་མཐུན་པའོ། །དང་པོ་ནི། མངོན་པའི་མཛོད་ལས། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །ཞེས་དང༌། དེའི་འགྲེལ་པར། ངག་ཚིག་མ་བཤད་པ་དང༌། བརྒྱད་སྟོང་འགྲེལ་ཆེན་དུ། མིང་ཞེས་བྱ་བ་ནི་ཚིག་བསྡུས་པའི་ངག་གོ །ཚིག་ཅེས་བྱ་བ་ནི་སུའི་མཐའ་ཅན་དང༌། ཏིའི་མཐའ་ཅན་གྱི་ཡི་གེ་བསྡུས་པའོ། །ཞེས་མིང་ལ་ངག་ཏུ་བཤད་པ་ཡང་ཡོད་ཅིང༌། མདོ་སྡེའི་རྒྱན་དུ། ངག་དང་ཚིག་རྣམས་དྲི་མེད་པས། །ཞེས་གསུངས་པའང་དོན་དེ་ཉིད་ལ་དགོངས་པས་ཚོགས་གསུམ་དུ་མ་འདུས་པའི་ངག་མེད་དོ། །གཉིས་པ་ནི། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། འགྲོ་འོང་རྟག་པའི་འགྲེལ་བཤད་དུ། ཡི་གེ་ཞེས་བྱ་བ་ནི་ཨ་ལ་སོགས་པའོ། །ངག་ཅེས་བྱ་བ་ནི་ཡི་གེ་དག་བསྡུས་པ་སྟེ། ལྷས་སྦྱིན་ཞེས་བརྗོད་པ་ལ་སོགས་པའོ། །ཚིག་ཅེས་བྱ་བ་ནི་ངག་དག་བསྡུས་པ་སྟེ། ལྷས་སྦྱིན་བུམ་པ་བྱེད་དོ། །ཞེས་བྱ་བ་ལ་སོགས་པའོ། །ཞེས་མིང་དང་ངག་དོན་གཅིག་ཏུ་བཤད་ནས། ངག་ཏུ་མ་འདུས་པ་ལ་ཚིག་ཏུ་འཆད་ཀྱི། ཚིག་ཏུ་མ་འདུས་པ་ལ་ངག་ཏུ་འཆད་པ་མེད་དོ། །ཡང་གཞུང་འདིར། ཡི་གེ་དུ་མ་འདུས་པ་ལས་མིང་དུ་བཤད་པ་ཡང་གཙོ་ཆེ་བ་ལ་དགོངས་པ་ཡིན་གྱི། འགལ་བ་ནི་མ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བསྡུས་པའི་མིང་ནི་ཡི་གེ་གཅིག་གང་ཡིན་པའོ། །རྒྱས་པའི་མིང་ནི་ཡི་གེ་མང་པོ་གང་ཡིན་པའོ། །ཞེས་མིང་ལ་རྒྱས་བསྡུས་གཉིས་སུ་ཕྱེ་ནས་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི་ཡི་གེ་དང་ཚིག་ནི་འགལ་པ་ཡིན་ཏེ། དེ་ཉིད་ལས། ཡི་གེ་གཅིག་གང་ཡིན་པ་དེ་ནི་ཚིག་མ་ཡིན་ནོ། །མིང་གིས་མ་བསྡུས་པའི་ཡི་གེ་གང་ཡིན་པ་དེ་ནི་ཡི་གེ་ཁོ་ན་ཡིན་གྱི། མིང་མ་ཡིན་ནོ་ཞེས་བཤད་པས་སོ། །ཚིག་དང་མིང་གཉིས་ཀྱང་འགལ་བ་མ་ཡིན་ཏེ། དེ་གཉིས་ལས། ཚིག་གང་ཡིན་པ་དེ་ནི་མིང་ཡང་ཡིན་ལ། ཡི་གེ་ཡང་ཡིན་ནོ་ཞེས་གསུངས་སོ། །ཁ་ཅིག་ཚོགས་གསུམ་པོ་སྒྲའི་སྐྱེ་མཆེད་དུ་འཆད་པ་ནི། ཆོས་མངོན་པ་དང༌། ཐེག་པ་ཆེན་པོ་དག་གི་ལུགས་མ་ཡིན་ཏེ། མངོན་པ་ལས་ལྡན་མིན་འདུ་བྱེད་དུ་བཤད་པ་དང༌། ཐེག་པ་ཆེན་པོ་པས། དེ་དང་དེར་སྣང་བའི་རྣམ་རིག་ལ་འཆད་པས་སོ། །ས་སྐྱ་པཎྜི་ཏའི་གསུང་གིས། ཚོགས་གསུམ་པོ་གང་རུང་ལ་སྒྲ་སྤྱི་གསལ་བར་སྣང་བ་ཞེས་བྱ་བས་ཁྱབ་པ་རང་ལུགས་སུ་བཤད་ནས། གཞན་ལུགས་འགོག་པ་ན། ཁ་ཅིག་ཀ་ལ་སོགས་པ་གཟུགས་སུ་གྲུབ་པར་འདོད་ལ། ལ་ལ་ཀ་ལ་སོགས་པའི་སྒྲ་རང་མཚན་ནོ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། གཅིག་ནི་གཟུགས་ཡིན་ལ། གཅིག་ནི་སྒྲ་ཡིན་པས་ཡི་གེ་མི་རུང་ངོ༌། །རྩོད་པ་སྤང་བ་ནི། ཁ་ཅིག་ན་རེ། དེ་ལྟ་ན་སྒྲ་སྤྱིའམ། དོན་སྤྱི་གང་རུང་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྒྲ་སྣང་ཞེས་པས་དོན་སྤྱི་མ་ཡིན་པར་སྟོན་ལ། གསལ་བར་སྣང་ཞེས་པས་མི་གསལ་བའི་སྒྲ་སྤྱི་ཙམ་སེལ་ལོ་ཞེས་འཆད་དོ། །གསུམ་པ་ནི། དེ་ཕྱིར་འདི་ནི་བསླབ་གནས་ཞེས། །སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་བཤད། །ཅེས་པ་སྒྲའི་བསྟན་བཅོས་འདི་ནི་ཐོག་མར་ཚངས་པ་དང༌། ལྷའི་བླ་མ་དང༌། བརྒྱ་བྱིན་རྣམས་ཀྱིས་བཤད་ཅིང༌། ཕྱིས་མིའི་ཡུལ་དུ་བྲམ་ཟེ་པཱ་ཎི་དང༌། སརྦ་ཝརྨ་དང༌། ཙནྡྲ་གོ་མི་དང༌། ཟླ་བ་གྲགས་པ་སོགས་ཀྱིས་བཤད་དོ། །བོད་དུ་ནི། བོད་ལེགས་ཞབས་ཀྱིས། སུམ་ཅུ་པ་དང༌། རྟགས་ཀྱི་འཇུག་པ་ལ་སོགས་པའི་བསྟན་བཅོས་བརྒྱད་མཛད་དོ། །སུམ་ཅུ་པ་ལས་ནི། སྒྲ་རིག་པའི་གཙུག་ལག་ནི་འཇམ་པའི་དབྱངས་དང༌། ཁྱབ་འཇུག་གིས་གསུངས་པར་བཞེད་པ་ཡིན་ཏེ། དེ་ཉིད་ལས། གང་གིས་སྒྲ་དབྱངས་སྔོན་གསུངས་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་སོ། །ཁ་ཅིག་ན་རེ། རྟག་ཞི་བ་ཞེས་པ་ཚངས་པ་ལ་ཟེར་བ་ཡིན་ཏེ། སྡིག་པ་ཞི་བས་སོ། །ཞེས་གསུངས་པ་ནི་རིགས་པ་མ་ཡིན་ཏེ། སོ་སོར་འབྲང་མ་ལས། དམངས་རིགས་ཕྱིར་ན་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །ཞེས་གསུངས་སོ། །གཉིས་པ་མཚན་བཤད་པ་ནི། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ། །བློ་འབྱེད་གཏི་མུག་གཅོད་པས་མཚོན་ཆ་འདྲ། །མི་འཇིགས་སྙེམས་པ་སྦྱིན་བྱེད་དཔུང་དང་གོ །དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར། །ཞེས་པའོ། །གསུམ་པ་བསྔོ་བ་ནི། སྨྲ་མཆོག་རྗེས་སྨྲ་རྣམས་ཀྱི་རྗེས་སྨྲས་པས། །སྒྲ་ཉིད་དང་ནི་དོན་ལ་འཁྲིད་པ་ཡི། །འགྲོ་ཀུན་མཐུ་གཉིས་རབ་ཏུ་རྒྱས་པར་ཤོག །ཞེས་པ་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བསྔོ་བ་ཡིན་ནོ། །རྩོམ་པ་པོ་དང་བསྟན་བཅོས་ཀྱི་མཚན་བསྟན་པ་ནི། སྨྲ་བའི་སྒོའམ་ཁ་མཚོན་ཆ་ལྟ་བུ་དང༌། དཔུང་དང་གོ་ཆ་ལྟ་བུ་དང༌། རྫོང་ལྟ་བུ་ཞེས་བྱ་བའི་བསྟན་བཅོས་འདི་ནི། འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ། སྨྲྀཏི་ཛྙཱ་ན་ཀཱིརྟི་ཞེས་བྱ་བས། ལེགས་སྦྱར་གྱི་སྐད་དུ་བརྩམས་ནས་བོད་སྐད་རང་འགྱུར་དུ་མཛད་པའོ། །འཇམ་པའི་དབྱངས་ཀྱིས་ཁྱོད་ལ་བྱིན་བརླབས་པས། །ཚིག་དོན་མི་བརྗེད་དྲན་པའི་མཐུ་གྲུབ་ཅིང༌། །སྐྱེ་མེད་ཆོས་ལ་བཟོད་པའི་ཡེ་ཤེས་དང༌། །རིག་འཛིན་དངོས་གྲུབ་བརྙེས་པའི་གྲགས་ཐོབ་པ། །མཚུངས་མེད་པཎ་ཆེན་དེ་ཡིས་བོད་ཡུལ་དུ། །སྔོན་མེད་གཏམ་གྱི་སྦྱོར་བ་གང་འདི་མཛད། །འདི་ལ་མ་རིག་མིང་ཚིག་ཡི་གེ་ཡི། །རྣམ་གཞག་འཆད་པོ་གངས་ཅན་འདིར་མ་བྱོན། །དེ་ཕྱིར་འདི་ནི་ཚད་ལྡན་ཆེན་པོའི་གཞུང༌། །བློ་ཆེན་མཁས་འདོད་ཀུན་གྱི་འཇུག་ངོགས་ཡིན། །གཞུང་མང་རྩོམ་འདོད་མང་པོར་འཆད་བཞེད་དང༌། །མཁས་པར་བྱེད་དང་གྲགས་དཀར་ཐོབ་འདོད་ན། །ཡང་དག་སྨྲ་བའི་སྒོ་ཆེན་འདི་ཕྱེ་ལ། །བརྡའ་སྤྲོད་བྱེད་པའི་མཚོན་ཆ་འདི་ཟུངས་ཤིག །ལུང་སྟོན་སྨྲ་བའི་སྒོ་ཆེན་རྣམ་གསུམ་པོ། །བརྡའ་སྤྲོད་མཁས་པའི་གསུང་བཞིན་མ་ཕྱེ་ན། །མདོ་དང་གཞུང་བརྒྱའི་ཁྱམས་ཆེན་སུ་ཡིས་བལྟ། །ཚིག་དོན་སྒོ་བརྒྱའི་ལྡེ་མིག་འདི་ལོངས་ཤིག །ཚིག་ལ་ཐོགས་མེད་སྨྲ་བའི་ཞལ། །མཚར་བྱེད་སྨྲ་བའི་རྒྱན་འདི་ཡང༌། །ཆེན་པོ་རྣམས་ཀྱི་གཞུང་ཇི་བཞིན། །ཡིན་ཕྱིར་འཁྲུལ་མེད་གཞུང་བཞིན་བཟུང༌། །དེ་ཡི་དགེ་བས་འགྲོ་བ་ཀུན། །རྒྱལ་བས་གསུངས་པའི་ཆོས་ཀྱི་སྒོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ། །སྨྲ་མཁས་ངག་གི་དབང་པོར་ཤོག །ཅེས་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་རྣམ་པར་བཤད་པ་སྨྲ་བའི་རྒྱན་ཞེས་བྱ་བ་འདི་ནི། པཎ་ཆེན་བློ་གྲོས་བརྟན་པ་བཞི་པའི་བཀའ་དྲིན་ཉེ་བར་ཐོབ་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄། །ན་མོ་ཝཱ་གཱི་ཤྭ་རཱ་ཡ། བརྩེ་བས་འགྲོ་ལ་ཕན་འབའ་ཞིག །དེས་དགོངས་རྨོངས་པའི་མུན་ཆེན་པོ། །དྲུངས་ཕྱུང་རྟག་ཏུ་དམ་པའི་ཆོས། །གསུང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་གིས། །བྱིན་བརླབས་འཇིག་རྟེན་མིག་གྱུར་པས། །གངས་ཅན་ལྗོངས་སུ་ཆོས་བསྒྱུར་བའི། །བརྡའ་ཡི་བྱེ་བྲག་འགའ་ངེས་བྱ། །དཀོན་མཆོག་ཅེས་པ་སྐྱབས་གནས་དང༌། །རིན་ཆེན་གཉིས་ཀྱི་ཐུན་མོང་མིང༌། །དཀོར་ཞེས་བྱ་བ་ནོར་གྱི་ནི། །ཞེ་ས་ཉིད་ཡིན་གྲིབ་མ་ཡིན། །དཀུ་ཞེས་བྱ་བ་ལུས་ཀྱི་ནི། །སྟ་ཟུར་ཉིད་ཡིན་སྐུ་མ་ཡིན། །མི་ཞིམ་པ་ཡི་དྲི་ལ་ཡང༌། །དཀུ་ཞེས་འཆད་པ་སྐབས་ཀྱིས་དབྱེ། །དཀྱོར་འབྱིན་ཞེས་པ་གཡོ་སྒྱུ་ཡིས། །ཀུན་ནས་བསླང་བའི་ལས་ཀྱི་མིང༌། །རྐྱང་ནུལ་ཞལ་ཞལ་མིང་ཡིན་ནོ། །བཀའ་མཆིད་ཅེས་པ་གླེང་མོ་ཡི། །མིང་ཡིན་བཀའ་བློ་ཞེས་བྱ་བ། །སྒོ་གསུམ་ལས་ཀྱི་ཀུན་སློང་མིང༌། །བཀོལ་བ་ཞེས་བྱ་བཀར་བ་ཡི། །མིང་ཡིན་ལས་བཀོལ་སོགས་དང་ནི། །འབྱེད་པ་གྲོགས་དང་སྐབས་ཀྱིས་ཤེས། །བཀད་ས་ཞེས་པ་ཟས་ཀྱི་ནི། །གཡོས་ཁང་མིང་ཡིན་བཀོན་པ་ནི། །ཞེ་སྡང་བ་ཡི་མིང་ཡིན་ནོ། །བརྒྱད་བཀག་ཅེས་པ་སྒོ་གསུམ་གྱིས། །སྤྱོ་བར་བྱེད་པའི་མིང་ཡིན་ཏེ། །བཀྲབས་པ་ཞེས་པ་མང་པོ་ཡི། །ནང་ནས་འདམས་པར་བྱས་པའི་མིང༌། །སྤ་བཀོང་ཞེས་པ་རྐུན་པོ་སོགས། །ཞུམ་ཞིང་དངངས་པར་བྱེད་པའི་མིང༌། །ལག་པ་བཀན་དང་ལུས་བཀན་སོགས། །བརྡའ་རྙིང་ཡིན་ནོ་རྟོགས་པར་སླ། །ཤ་ཀ་ར་ནི་ལེགས་སྦྱར་གྱི། །སྐད་ཡིན་བོད་སྐད་ལི་ཁ་ར། །དཔེ་མཁྱུད་ཅེས་པ་ཆོས་ཀྱི་ནི། །སྣོད་ལའང་སེར་སྣ་བྱེད་པའི་མིང༌། །སྔ་མཁོ་ཞེས་པ་སྔོན་བཞིན་གྱི། །མིང་ཡིན་སྔ་མའི་མིང་མ་ཡིན། །མཁུ་བ་ཞེས་པ་ལྡོག་པའི་མིང༌། །མཁོབ་ཅེས་བྱ་བ་མཐའ་ཡི་ནི། །མིང་ཡིན་མཐའ་མཁོབ་ཅེས་བྱ་དང༌། །མཁོབ་བལ་སོགས་ཀྱང་རྟོགས་པར་བྱ། །འཁམས་པ་ཞེས་པ་བརྒྱལ་བ་དང༌། །དོན་མཚུངས་སྔོན་འཇུག་འ་ཡིན་ནོ། །མུཥྚི་ཞེས་པ་ཁུ་ཚུར་གྱི། །ལེགས་སྦྱར་སྐད་ཡིན་ཟུར་བཅག་ནས། །ཨུཛཊི་ཞེས་ཀྱང་ཟེར་བ་ཡོད། །ཀུ་རུ་བིནྡ་རྡོ་ཡི་མིང༌། །ཡིན་ཞེས་འགའ་ཞིག་ཟེར་མོད་ཀྱང༌། །ཞ་ཉེའི་ལེགས་སྦྱར་སྐད་དུ་བཤད། །ཚོན་མོ་སྟེང་དང་རོ་ཉེ་ཡང༌། །ཞ་ཉེ་དཀར་ནག་དག་གི་མིང༌། །རིམ་གྲོ་ཞེས་པ་བྱ་ཡུལ་གྱི། །བསྙེན་བཀུར་མིང་ཡིན་བྱེད་པ་པོའི། །རྐྱེན་བཟློག་མིང་དུ་གྲགས་ལྟར་མིན། །ཡོད་དགུ་དང་ནི་སྐྱེ་དགུ་དང༌། །ཡིད་ཀྱི་དགུ་དང་དགུ་ཚིགས་སོགས། །འདོད་རྒྱལ་ཡིན་གྱི་གྲངས་མ་ཡིན། །དགོན་དུང་ཅན་ནི་སྡོང་དུམ་ཅན། །ཚྭ་སྒོ་ཅན་དང་བ་ཚྭ་ཅན། །མིང་གི་རྣམ་གྲངས་ཡིན་ཞེས་གྲག །ནམ་མཁའི་དབྱིངས་ལ་དགུང་ཞེས་གྲགས། །བགྲོ་གླེང་ཞེས་པ་འབེལ་གཏམ་གྱི། །མིང་ཡིན་སུན་འབྱིན་རྐྱང་པའི་མིན། །བགོམ་པ་ཞེས་པ་གོམ་སྟབས་ཀྱི། །མིང་ཡིན་བགྲུངས་པ་དྭངས་པའི་མིང༌། །བགམ་སད་དོན་གཅིག་བརྟག་པའི་མིང༌། །མི་འགོང་ཞེས་བྱ་མི་སྐྲག་པའི། །མིང་དུ་ཀུན་ལ་གྲགས་དེའོ། །འགྲན་དུ་མེད་པའི་རྣམ་གྲངས་ལ། །བསྒྲུན་དུ་མེད་ཅེས་འཆད་ན་ཡང༌། །བསྐྲུན་དུ་མེད་པ་མཁས་པའི་བརྡའ། །སྒམ་པོ་ཞེས་པ་གཏིང་ཟབ་པའི། །མིང་ཡིན་བགམ་དང་འཁྲུལ་མི་བྱ། །ག་ག་ཚིལ་ནི་སྐྱི་གཡའ་བ། །ག་གོན་ཞེས་པ་ཉུང་མའི་མིང༌། །གོབ་ལོབ་ཅེས་པ་བྱ་སླའི་མིང༌། །གལ་བཟུང་ཞེས་པ་སུན་འབྱིན་ཏེ། །ག་ཞ་ཞེས་པ་གད་མོའི་མིང༌། །གོར་མ་ཞེས་པ་རྡོ་ཡི་མིང༌། །གར་བུ་ཞེས་པ་ལྕགས་ཀྱི་མིང༌། །མཚར་དུ་དངར་བ་བསྒྲིགས་པའི་མིང༌། །མངག་གཞུག་ཅེས་པ་ཕོ་ཉའི་མིང༌། །དངན་འཐེན་ཞེས་པ་གཞན་གྱི་ནོར། །ཁྱེར་བ་ཕྱིར་མི་གཏོད་པའི་མིང༌། །མངན་བགྲང་ཞེས་པ་སྐྱོན་བརྗོད་ནས། །བགྲང་བའི་མིང་དུ་གྲགས་པའོ། །དྲེའུ་རྔོག་ཅེས་པ་བྲུམ་ཟེའི་མིང༌། །བརྔོད་པ་ཞེས་པ་འདྲིད་པའི་མིང༌། །རྔོད་འཐག་སོགས་དང་ཁྱད་པར་ཕྱེ། །སྐྱོ་སྔོགས་ཞེས་པ་རྩོད་པ་ཡི། །ཞི་བྱེད་བཙན་དུ་མི་འཇུག་པའོ། །སྔངས་དང་དངང་བ་ཞེས་པའི་ཁྱད། །འདས་དང་ད་ལྟར་བ་ཡིས་དབྱེ། །ཅོ་ཏོ་ཞེས་པ་མགོ་སྤུ་ཡི། །མིང་ཡིན་མགོ་ལ་ཅོ་ཞེས་པ། །མདོ་སྡེའི་རྒྱན་ལས་གསལ་བར་གསུངས། །ཅོ་འདྲི་ཞེས་པ་མགོ་འཁོར་དུ། །འཇུག་པའི་མིང་ཡིན་ཅོ་ཞེས་པ། །ཅི་ཞེས་འདྲི་བའི་ཚིག་ལའང་འབྱུང༌། །ཅི་ཀ་ཞེས་པ་དེ་སྐད་ཅེས། །ཟེར་བའི་མིང་དུ་གྲགས་པ་ཡོད། །འབད་རྩོལ་མེད་པའི་མིང་ལ་ནི། །ཅི་ཞིག་ལྟར་ཞེས་གྲགས་པ་ཡིན། །མུ་ཅོར་ཞེས་པ་བརྫུན་གྱི་མིང༌། །ཁེངས་དྲེགས་མིང་ལ་གཅོམ་ཞེས་ཟེར། །བརྫུན་གྱི་ངོ་བསྟོད་གཅམ་བུར་གྲགས། །ལ་གཅན་ཞེས་པ་ཤོ་གམ་པའི། །མིང་ཡིན་ཤོ་གམ་ཞེས་པ་ཡང༌། །གྲོང་པ་རྣམས་ལ་བཙས་དང་ནི། །ཚུགས་དང་སྒ་བྲེ་ཞེས་བྱར་གྲགས། །རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས། །སྐྱེ་དགུ་ཉོན་མོངས་བསྲུང་བའི་ཕྱིར། །རྒྱལ་པོ་ལ་ནི་ཤོ་གམ་བཅལ། །ཞེས་གསུངས་དེ་ཕྱིར་རྒྱལ་པོ་ཡིས། །སྐྱེ་དགུ་བསྲུང་བའི་གླ་རྔན་ཡིན། །གཅོམ་ཞེས་བྱ་བ་ཁེངས་པའི་མིང༌། །གཅེའུ་ཞེས་པ་མས་ཡར་ནས། །གཏོང་བའི་སྨན་སྦྱོར་ཞིག་གི་མིང༌། །བཅིལ་བ་ཞེས་པ་འཕྲོ་བཅད་པའི། །མིང་ཡིན་སྤྱིལ་དང་འཁྲུལ་མི་བྱ། །ལྕག་བོད་ཅེས་པ་སྐ་རགས་ཀྱི། །བྱེ་བྲག་ཞིག་གི་མིང་ཡིན་ལ། །ལྕེ་ཞེས་བྱ་བའང་གནམ་ལྕགས་ཀྱི། །མིང་དུ་གྲགས་པའང་སྐབས་ཀྱིས་དབྱེ། །ལྕམ་ཞེས་བྱ་བ་སྲིང་མོའི་མིང༌། །ཆེ་གེ་ཞེས་པ་མིང་གི་སྤྱི། །ཆབ་ཅིག་ཅེས་པ་ལྷན་ཅིག་པའི། །མིང་ཡིན་ཆེ་ཞེ་ཞེས་བྱ་བ། །ཁྱོ་ཡི་མིང་ཡིན་མཆིས་བྲང་ནི། །ཆུང་མའི་མིང་དུ་རྣམ་པར་གྲགས། །མཆིང་ཞེས་བྱ་བ་གཏིང་ཟབ་པའི། །མིང་ཡིན་མཆི་ཞེས་བྱ་བ་ནི། །སོང་དང་འགྲོ་འོང་སྐབས་ཀྱིས་ཕྱེ། །མཆོར་ཞེས་བྱ་བ་མཛེས་པའི་མིང༌། །མཆོག་མ་ཞེས་པ་རྩེ་མོ་ཡི། །མིང་སྟེ་རྩྭ་མཆོག་ཇི་བཞིན་ནོ། །མཆིལ་པ་ཞེས་པ་ཉ་འཛིན་པའི། །ལྕགས་ཀྱུའི་མིང་དུ་ཤེས་པར་བྱ། །མཆིག་དང་མཆིག་གུ་གཏུན་དང་ནི། །གཏུན་བུའི་མིང་དུ་ངེས་པར་བྱ། །འཆར་གཡེང་ཞེས་པ་ཆགས་པ་ཡིས། །བསླངས་ནས་ཀུན་ཏུ་རྩེ་བའི་མིང༌། །འཆུམས་པ་ཞེས་བྱ་དུངས་པའི་མིང༌། །དཔེར་ན་འདོད་ལ་འཆུམས་པ་བཞིན། །འཆེལ་བ་ཞེས་བྱ་འབྱམས་པའི་མིང༌། །ཇོ་བོ་ཞེས་པ་རྗེ་བོ་སྟེ། །ཇེ་ཞེས་བྱ་བ་རེ་ཞིག་གི །མིང་ཡིན་ཇུ་བོ་རྡོ་བའོ། །མི་མཇེད་ཅེས་པ་བཟོད་པ་ཡི། །མིང་སྟེ་དཔེར་ན་ཉོན་མོངས་པ། །བཟོད་ཅིང་དང་དུ་ལེན་པ་ཡི། །ཞིང་ལ་མི་མཇེད་འཇིག་རྟེན་བཞིན། །འཇོ་སྒེག་ཅེས་པ་འདོད་པ་ཡིས། །ཀུན་བསླངས་ལུས་ངག་རྩེད་མོའི་མིང༌། །འཇའ་དང་འཇུམས་པ་ཞེས་པ་ནི། །ཁེངས་པ་བཏང་བའི་མིང་ཡིན་ལ། །འཇུངས་པ་སེར་སྣ་ཅན་གྱི་མིང༌། །འཇོར་བུ་ཞེས་པ་ཏོག་ཚེ་དང༌། །འཇུག་ཐུག་གཉིས་ལ་སྐབས་ཀྱིས་དབྱེ། །འཇང་བ་ཞེས་པ་ཟ་བ་དང༌། །འཐུང་བའི་མིང་ལ་གྲགས་པ་ཡིན། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་པའོ། །རྗེད་པ་ཞེས་པ་ཞེ་ས་དང༌། །རྗེ་སའི་མིང་རུ་རིགས་པར་གྲགས། །ཉན་རྣ་ཞེས་པ་ཕག་ཉན་མིང༌། །ཉུག་རུམ་ཞེས་པ་བཙུན་མོའི་འཁོར། །བསྲུང་བའི་མ་ནིང་ཞིག་གི་མིང༌། །ལག་ཉ་ཞེས་པ་སྟོབ་པ་པོ། །མེད་པར་རང་གིས་ལེན་པའོ། །ཉེ་རེག་ཅེས་པ་ལུས་ཀྱི་ནི། །བུག་པའི་སྒོ་ལ་ཁྲུས་བྱེད་པའོ། །ཉིང་ཞེས་བྱ་བའི་ཉེ་དུའི་མིང༌། །ཉིང་ཤ་ཞེས་པ་ཉེ་དུའི་ཤ །ཉ་མ་ཞེས་པ་གོ་བར་སླ། །ཉོད་པ་ཞེས་པ་བཟའ་བའི་མིང༌། །གཉའ་བོ་ཞེས་པ་དབང་པོ་དང༌། །གཉུག་མ་ཞེས་པ་གདོད་མའི་མིང༌། །ཕྱག་བརྙན་ཞེས་པ་འཁོར་གཡོག་གི །མིང་དང་བརྙན་པ་གཡར་པོའི་མིང༌། །སྣང་བརྙན་ཞེས་པ་སྣང་ལ་ནི། །རང་བཞིན་མེད་པའི་མིང་ཡིན་ནོ། །ཉོན་མོངས་ཞེས་པ་ཆགས་སོགས་དང༌། །སྙོན་སྨོངས་ཞེས་པ་སྡུག་བསྔལ་བའི། །མིང་དུ་བཏགས་པར་ཤེས་པར་བྱ། །བསྙེན་པ་ཞེས་པ་ཉེ་བའི་མིང༌། །ཡིན་ཕྱིར་བསྙེན་བསྲེངས་ཞེས་བྱ་བ། །ཉེ་རིང་མིང་དུ་གོ་བར་བྱ། །ཡོ་བྱད་བསྙུངས་པ་ཞེས་བྱ་བ། །བཏང་ནས་ཉུང་ངུར་བྱས་པའི་མིང༌། །ལག་པ་བསྙལ་བ་བཀྲུས་པ་སྟེ། །བསྙིལ་བ་ཞེས་པ་སྐྲོད་པའི་མིང༌། །བསྙུན་གསོལ་ཞེས་པ་ཁམས་བདེའམ། །འདྲི་བའི་མིང་དུ་ཤེས་པར་བྱ། །པོ་ཏཱ་ལ་ནི་ལེགས་སྦྱར་གྱི། །སྐད་ཡིན་བོད་སྐད་གྲུ་འཛིན་ནོ། །དཀོན་ཅོག་ཏ་ལ་ལ་ཞེས་པ། །བོད་སྐད་ཡིན་ཡང་འགྱུར་ཉེས་པས། །དཀོན་མཆོག་སྒྲོན་མེའི་མིང་ཡིན་ནོ། །ཏར་ཀ་ཞེས་པ་ཏོག་གེ་ཡི། །ལེགས་སྦྱར་སྐད་ཡིན་ཟུར་ཆག་པ། །དེ་ཡི་མིང་དུ་རྣམ་པར་བཏགས། །པོ་སྟ་ཞེས་པ་ལེགས་སྦྱར་གྱི། །གསུང་ཡིན་དེའི་སྐད་དོད་དུ། །པོ་ཏི་ཞེས་པ་ཟུར་ཆག་པའོ། །ཏིག་ཏ་ཞེས་པ་ལེགས་སྦྱར་སྐད། །སོར་བཞག་ཡིན་པ་ཁ་བའི་མིང༌། །སྤྱི་མིང་བྱེ་བྲག་དག་ལ་བཏགས། །ཅང་ཏེའུ་ཞེས་པ་ཌཱ་མ་རུའི། །བོད་སྐད་ཡིན་ཡང་གྲགས་ཆུང་བས། །ལ་ལས་ལེགས་སྦྱར་སྐད་དུ་འཁྲུལ། །ཏམ་བུ་ར་དང་ཏ་ར་ཎ། །རོལ་མོ་དང་ནི་ཁང་པ་ཡི། །རྒྱན་གྱི་བྱེ་བྲག་ལ་རིམ་བཞིན། །གཽ་ཏ་མ་བླ་མ་ཡི། །རིགས་ཞེས་བྱ་བའི་ལེགས་སྦྱར་སྐད། །ཏེ་སེ་ཞེས་པ་བོད་ཀྱི་སྐད། །ཡིན་ཡང་རྒྱ་ཡི་སྐད་དུ་འཁྲུལ། །ཏེ་པོར་ཞེས་པ་ཤིན་ཏུའམ། །ལེགས་པར་ཞེས་པའི་སྐད་རྙིངས་པ། །གཏམས་ཞེས་བྱ་བ་ཁེངས་པ་དང༌། །གྲངས་ཀྱི་གནས་གཞན་དག་གི་ནི། །མིང་དུ་སྐབས་ཀྱིས་སོ་སོར་ཕྱེ། །གཏོལ་མེད་ཅེས་པ་ཆ་མེད་པའི། །མིང་ཡིན་གཏོས་ཞེས་བྱ་བ་ནི། །ཆུ་ཞེང་སོགས་ཀྱི་ཚད་ཀྱི་མིང༌། །གཏུར་བུ་ཞེས་པ་ཆོས་གོས་ཀྱི། །སྣོད་ཀྱི་མིང་དུ་ཤེས་པར་བྱ། །གཏམས་པ་ཞེས་པ་བཅོལ་བའི་མིང༌། །བརྟས་པ་ཞེས་པ་རྒྱས་པའི་མིང༌། །བརྟོལ་དང་བརྟེལ་ཞེས་བྱ་བ་ནི། །ཕྱིན་པའི་མིང་ཡིན་རྟོན་ཞེས་པ། །ཡིད་བརྟན་རུང་བའི་མིང་དུ་ཤེས། །བྱ་མ་རྟ་ཞེས་བྱ་བ་ནི། །ཕོ་ཉ་བ་ཡི་མིང་དུ་བཤད། །རྟུལ་ཕོད་ཅེས་པ་སྲན་ཐུབ་དང༌། །སྙིང་སྟོབས་ཆེ་བའི་མིང་དུ་བཤད། །བརྟད་པ་ཞེས་པ་གློ་བུར་དུ། །བྱ་བ་རྩོམ་པའི་མིང་ལ་ཟེར། །བརྟུན་པ་ཞེས་པ་མྱུར་དུ་ནི། །བརྩོན་འགྲུས་རྩོམ་པའི་མིང་ལ་བྱ། །སྟབས་དང་སྟངས་དང་བྱད་སྟེམས་དང༌། །ཡ་སྟགས་ཞེས་པ་སྐད་རྙིངས་པ། །ཡིན་ཡང་གྲགས་པས་གོ་བར་སླ། །བསྟི་སྟང་ཞེས་པ་བཀུར་སྟི་ཡི། །མིང་ཡིན་གཞོགས་སྟེགས་ཞེས་བྱ་བ། །ཆགས་པས་བསླངས་པའི་སྒེག་ཆོས་ཀྱི། །བྱེ་བྲག་ཞིག་ལ་གྲགས་པ་ཡིན། །སྟ་གོན་ཞེས་པ་སྔོན་འགྲོའི་མིང༌། །སྟོངས་གྲོགས་ཞེས་པ་བྱ་ཡུལ་གྱི། །བསམ་པ་ཤེས་ནས་གྲོགས་བྱེད་པའི། །མིང་ཡིན་སྡོང་གྲོགས་ཞེས་པ་འཁྲུལ། །བསྟར་བ་ཞེས་པ་རྡུལ་ཕྱིས་པའི། །མིང་ཡིན་བསྟི་གནས་ངལ་བསོའི་གནས། །བསྟིང་ཚིག་ཅེས་པ་དངོས་བསྟན་དང༌། །ཤུགས་བསྟན་མི་མཐུན་པ་ཡི་ཚིག །སྨྲས་ནས་གཞན་ལ་རྒོལ་བའོ། །བསྟོངས་པ་ཞེས་པ་གཞན་དང་ནི། །མཐུན་པར་རྗེས་སུ་འཇུག་པའི་མིང༌། །ལྟག་ཆོད་ཅེས་པ་སུན་འབྱིན་ནི། །ལྟར་སྣང་དག་གི་མིང་དུ་བཤད། །ཐ་ཆད་ཐ་ཤལ་ཞེས་བྱ་བ། །སྐད་རྙིང་ཡིན་ཕྱིར་ཐོག་མཐའ་ཡི། །མཐའ་དང་གཅིག་ཏུ་འཁྲུལ་མི་བྱ། །མ་ཐན་ཞེས་པ་མ་ཞུམ་པའི། །མིང་ཡིན་དམིགས་བསལ་ཚིག་མ་ཡིན། །མཐང་ཞེས་བྱ་བ་ཤ་དང་ནི། །ནང་གི་མིང་ཡིན་མཐང་གོས་ལ། །སྔོན་འཇུག་མི་འདོད་འཁྲུལ་པར་ཤེས། །འདོན་པ་ཞེས་བྱ་བཟའ་བ་དང༌། །བཏུང་བ་གཉིས་ཀའི་སྤྱི་མིང་ཡིན། །དོག་ལེ་ཞེས་པ་ཆུ་སྲོ་བའི། །སྣོད་ཀྱི་མིང་ཡིན་དབྱིབས་ལེའང་ཟེར། །གདོད་མ་ཞེས་པ་ཐོག་མ་ཡི། །མིང་དང་དང་པོའི་མིང་ཡིན་ཡང༌། །སྔོན་བྱུང་ཐོག་མཐའ་བྲལ་བའི་གཏམ། །གདུང་བྱེད་ཅེས་པ་ཉི་མ་ཡི། །ཚ་ཟེར་འབར་བའི་མིང་དུ་བཤད། །གདུ་བ་ཞེས་པ་ཟས་སོགས་ལ། །དུངས་ཤིང་དོན་གཉེར་ཆེ་བའི་མིང༌། །གདོས་པ་ཞེས་པ་གྲུ་ཡི་ནི། །རྟེན་སྐྱོད་བྱེད་པའི་འཁར་བ་ཞིག །དགུང་དང་གདུགས་ཞེས་བྱ་བ་ནི། །མཚན་དང་ཉིན་མོའི་མིང་དུ་གྲགས། །གནོས་བུ་ཞེས་པ་སྣོད་ཆུང་ངུ༌། །ཆུ་ཡིས་བཀངས་པ་ཞིག་གི་མིང༌། །བདའ་བ་ཞེས་པ་ཞིམ་པའི་མིང༌། །བདར་བ་ཞེས་པ་བྱི་དོར་གྱི། །ལས་དང་ཕྱེ་མར་བྱས་པ་ཡི། །མིང་དུ་འཇུག་པ་སྐབས་ཀྱིས་དབྱེ། །བདོ་བ་ཞེས་པ་དར་བའི་མིང༌། །བདེན་པ་བདར་དང་མདུན་དུ་བདར། །ཞེ་ས་དག་ཏུ་བྱས་པའི་མིང༌། །གོ་མཐུན་ཞེས་བྱ་སྣ་ཚོགས་པའི། །མིང་ཡིན་འདོ་བ་ཞེས་བྱ་བ། །རྟ་ཡི་མིང་དུ་བཤད་པ་ཡོད། །ཕེག་རྡོབ་ཅེས་པ་ལག་པ་ཡིས། །རོལ་མོར་བྱེད་པའི་བྱེ་བྲག་ཞིག །བླ་བརྡོལ་ཞེས་པ་གཉིད་ལོག་པའི། །ངང་ནས་གཏམ་དུ་བྱེད་པའོ། །བསྡོགས་ཞེས་བྱ་བ་གྲབས་བྱེད་པའི། །མིང་ཡིན་ཉེར་བསྡོགས་འོག་བསྡོགས་སོགས། །སྐད་རྙིང་ཡིན་ཡང་གོ་བར་སླ། །ལྡོངས་པ་ཞེས་བྱ་ལོང་བའི་མིང༌། །ལྡོམ་བུ་ཞེས་བྱ་མུལ་བའི་མིང༌། །དེ་ཡང་འཕྲལ་དུ་སློང་བ་སྟེ། །རབ་བྱུང་རྣམས་ལ་བསོད་སྙོམས་ཞེས། །མིང་གི་ཁྱད་པར་དམིགས་ཀྱིས་བསལ། །ལན་ལྡོན་ཞེས་པ་ལན་འདེབས་པའི། །མིང་སྟེ་འདོན་པའི་སྒྲས་མི་འཆད། །ལྡིར་བ་ཞེས་པ་སྐད་ཆེན་པོའི། །མིང་ཡིན་འོན་ཀྱང་གྲོགས་ཀྱིས་དབྱེ། །གནམ་ཞེས་བྱ་བ་ནམ་མཁའི་མིང༌། །གནའ་ཞེས་བྱ་བ་སྔོན་དང་ནི། །གནག་ཅེས་བྱ་བ་ཕྱུགས་ཀྱི་མིང༌། །གནམ་རུ་ཞེས་པ་གཞུ་ཡི་མིང༌། །བརྣག་པ་ཞེས་པ་བསྲན་པའི་སྟེ། །མནོག་པ་ཞེས་པ་མང་པོའི་མིང༌། །མནོ་བ་ཞེས་པ་སེམས་པ་ཡི། །མིང་སྟེ་མནོ་དང་བརྣག་པ་ཡི། །ཁྱད་པར་ལེགས་པར་བསམ་པ་དང༌། །ཇི་ལྟར་བསམ་བཞིན་བསྲན་ཚུགས་པའོ། །མནའ་ཞེས་བྱ་བ་བདེན་པའི་གཏམ། །དྲང་པོར་སྨྲ་བའི་མིང་ཡིན་ཏེ། །བྲོ་དང་ཁྱད་པར་དབྱེ་བར་བྱ། །བྲོ་ཞེས་བྱ་བ་གལ་གྱི་མིང༌། །མནབས་པ་ཞེས་པ་གྱོན་པའི་མིང༌། །མནལ་བ་ཞེས་པ་གཉིད་ཀྱི་སྐད། །བསྒོ་བ་རྣ་ལ་གཟོན་ཞེས་པ། །བསྐུལ་ཚིག་དང་དུ་མི་ལེན་པའོ། །རྣོགས་པ་ཞེས་པ་རྐུ་བ་ཡི། །བྱེ་བྲག་ཞིག་གི་མིང་དུ་བཤད། །བརྣན་པ་ཞེས་པ་ངེས་བཟུང་གི །བྱེ་བྲག་ཞིག་སྟེ་དགར་བ་ཡང༌། །དེ་ཡི་དོན་དུ་འཆད་པ་ཡོད། །བརྣག་པ་ཞེས་པའང་བསམ་པ་སྟེ། །མནོ་དང་ཁྱད་པར་སྐབས་ཀྱིས་དབྱེ། །བརྣང་མ་ཞེས་པ་ཞིང་ལས་ཀྱི། །བྱེ་བྲག་ཞིག་སྟེ་བརྣངས་པ་ནི། །ཡི་ཁ་གྱེན་དུ་འཕྱུར་བའོ། །རྣམ་ཕྲན་ཞེས་པ་ཆོས་གོས་ཀྱི། །སྣམ་པའི་མིང་ཡིན་འཚལ་བུའི་མིན། །སྣྲེལ་ཞི་ཞེས་པ་རིམ་འཆོལ་དང༌། །ཐོད་རྒལ་ཞེས་པའི་རྣམ་གྲངས་སོ། །པོ་ཞེས་བྱ་བ་མཐོན་པོའི་མིང༌། །པོག་ཅེས་བྱ་བ་སྤོས་ཀྱི་མིང༌། །པར་ཏང་ཞེས་པ་སྟན་ཁྲ་བོ། །རིང་པོ་ཞིག་གི་མིང་དུ་འདོད། །པོ་ཟོས་ཞེས་པ་རེ་ལྟར་དང༌། །དོན་གཅིག་ཇི་ལྟར་ཐོགས་གྱུར་ཀྱང༌། །ཞེས་པའི་དོན་དུ་འཆད་པ་ཡིན། །འོག་པག་ཅེས་པ་སྐ་རགས་ལ། །བཏགས་པའི་ཚར་ཚར་རྒྱན་གྱི་མིང༌། །པ་ན་ཞེས་པ་རིན་པོ་ཆེའི། །རིན་ཐང་ཚད་དུ་བྱས་པའི་མིང༌། །དཔྱ་ཞེས་བྱ་བ་རྒྱལ་པོ་ཡིས། །སྐྱེ་དགུའི་ཉོན་མོངས་བསྲུང་བའི་རིན། །སྟོན་ཐོག་དྲུག་ཆ་སྟོབ་པའི་མིང༌། །དཔེན་པ་ཞེས་བྱ་འཕངས་པ་དང༌། །ཡིད་དུ་འོང་བའི་མིང་དུ་འདོད། །དཔོང་ས་ཞེས་པ་དགེ་སློང་གི །དགེ་འདུན་ལས་རྒྱ་བྱ་བའི་ས། །སྤྱོན་ཞེས་བྱ་བ་སྤྱན་འདྲེན་པའི། །ཚིག་ཡིན་བྱོན་དང་ཁྱད་པར་ནི། །འདས་དང་མ་འོངས་སྐབས་ཀྱིས་ཕྱེ། །སྤ་ཞེས་བྱ་བ་བྱིན་ཆགས་པའི། །མིང་ཡིན་སྤྱོ་ཞེས་བྱ་བ་ནི། །བཀྱོན་ཞལ་དག་གི་རྣམ་གྲངས་སོ། །སྤགས་ཞེས་བྱ་བ་འཕགས་པ་ཡི། །མིང་ཡིན་སྤྱིན་ཞེས་བྱ་བ་ནི། །འབྱར་བྱེད་དག་གི་མིང་དུ་འདོད། །སྤྱོམས་པ་ཞེས་པ་དོན་གང་གང༌། །གཞན་ལ་ངོམ་པའི་མིང་དུ་འདོད། །འཕྲལ་བ་ཞེས་པ་དཔྲལ་བ་ཡི། །མིང་སྟེ་ཕྱལ་ནི་གྲོད་པའོ། །འཕྱན་པ་ཞེས་པ་ཡན་པའོ། །ཕྱད་པར་ཞེས་པ་རྟག་ཏུའི་མིང༌། །སུན་ཅི་ཕྱིན་ཞེས་བྱ་བ་ནི། །གཞན་ཕྱོགས་འགོག་པ་ལྷུར་ལེན་གྱི། །རང་ཕྱོགས་གཞན་དུ་མེད་པའོ། །འཕྱེ་བོ་ཞེས་པ་རྐང་པ་གཉིས། །འཁུམས་ནས་བགྲོད་པ་མེད་པའི་མིང༌། །ཕྱ་ཞེས་བྱ་བ་འཇིག་རྟེན་གྱི། །བདེ་སྡུག་བྱེད་པོའི་མིང་དུ་འདོད། །སྒོ་འཕར་ཞེས་པ་སྒོ་གླེགས་མིང༌། །བྲུ་བ་ཙ་བ་ལྟོགས་པའི་མིང༌། །བྲིད་པ་ཞེས་བྱ་སྒྱུ་ཐབས་ཀྱིས། །རེ་ཞིག་སླུ་བར་བྱེད་པའི་མིང༌། །ནང་བྱན་ཞེས་པ་ཁྱིམ་ནང་གི །ཕྱག་ཚང་བྱེད་པའི་མིང་དུ་འདོད། །བྱུག་རིས་ཞེས་པ་གྲལ་གྱི་མིང༌། །ད་བྱིད་ཅེས་པ་རྩངས་པ་སྟེ། །འབྱངས་པ་ཞེས་པ་ཕྱིར་འབྱམས་པའོ། །དབུང་ཞེས་བྱ་བ་དབུས་ཀྱི་མིང༌། །དབལ་ཞེས་བྱ་བ་རྩེ་མོ་སྟེ། །དབྲེ་ཞེས་བྱ་བ་རྩོག་པའི་མིང༌། །དབྱིབ་མོ་ཞེས་བྱ་སྐབས་ཀྱི་ཡུལ། །ཐམས་ཅད་ཁེགས་པའི་མིང་དུ་འདོད། །དབྱིག་ཅེས་བྱ་བ་ནོར་གྱི་སྟེ། །དབྱེས་ཞེས་བྱ་བ་ཞེང་གི་མིང༌། །མེལ་ཙེ་ཞེས་པ་ཚོར་གསང་མིང༌། །མོལ་བ་ཞེས་པ་གཏམ་གྱི་མིང༌། །དམིགས་བུ་ཞེས་པ་ལོང་ཁྲིད་ཀྱི། །མིང་ཡིན་དམུས་ལོང་ཞེས་བྱ་བ། །མ་ཡི་ཁོང་ནས་ལོང་བའི་མིང༌། །དམུས་པ་ཞེས་པ་ཡང་ཡང་དུ། །ཉམ་ཉེས་གྱུར་པའི་མིང་དུ་འདོད། །དམུ་ཞེས་བྱ་བ་འབྱུང་པོ་ཡི། །བྱེ་བྲག་ཞིག་ལ་གྲགས་པ་ཡོད། །དམོད་པ་ཞེས་པ་དྲག་པོའི་ཚིག །རྨེ་བ་ཞེས་པ་ཟད་དཀའ་བའི། །མིང་སྟེ་རྨེལ་བ་ཞེས་བྱ་བ། །འཁལ་བའི་མིང་དུ་འདོད་པ་ཡིན། །རྨྱ་བ་ཞེས་བྱ་ཁམས་ཉོགས་པའི། །མིང་ཡིན་རྨུགས་པ་ཞེས་བྱ་བ། །བྱིང་བའི་མིང་ཡིན་ཁྱི་སོགས་ཀྱིས། །རྨུགས་པ་སོགས་དང་སྐབས་ཀྱིས་དབྱེ། །རྨེ་ཞེས་བྱ་བ་བཙོག་པའི་མིང༌། །རྨེག་ཅེས་བྱ་བ་ཉམས་དང་ནི། །འཁོས་ཀྱི་མིང་དུ་བཏགས་པ་སྟེ། །རྨེག་མེད་པ་ནི་དེ་མེད་པའོ། །སྨྱན་ཞེས་བྱ་བ་ཁྱེའུ་དང༌། །བུ་མོའི་ཁ་ལོ་བྱེད་པའི་མིང༌། །སྨག་ཅེས་བྱ་བ་མུན་པའི་མིང༌། །སྨྱུང་བ་ཞེས་པ་ལྟོགས་པ་དང༌། །སྐོམ་པར་བྱེད་པའི་མིང་དུ་འདོད། །སྨེད་པ་ཞེས་པ་གཏམ་འདྲི་བའི། །ཁྱད་པར་ཞིག་གི་མིང་ལ་འདོད། །སྨོན་འདྲིན་ཞེས་པ་གྲོགས་པོ་ཡི། །ཁྱད་པར་ཞིག་གི་མིང་དུ་བཤད། །ཙབ་ཧྲལ་ཞེས་པ་ཆགས་པ་ཡིས། །ཀུན་བསླངས་ཅ་ཅོ་འདོན་པའི་མིང༌། །ཙ་ཀོ་ར་དང་ཙུ་ཏ་དང༌། །ཙམ་པ་ཀ་དང་ཙནྡན་སོགས། །ལེགས་སྦྱར་སྐད་ཡིན་ཙ་ན་ཀ །སྲན་མའི་བྱེ་བྲག་ཞིག་ཏུ་བཤད། །གཙུག་ལག་ཅེས་པ་གསུང་རབ་ཀྱི། །མིང་ཡིན་གཙུག་ནི་རྩེ་མོའི་མིང༌། །གཙུབ་ཤིང་གཙུབ་སྟན་མེ་འབྱིན་པའི། །ཤིང་གི་སྦྱོར་བ་དག་ལ་འདོད། །ཙུམ་བ་ཞེས་བྱ་ལེགས་སྦྱར་གྱི། །སྐད་ཡིན་བོད་སྐད་ཁ་སྦྱོར་བ། །ཙ་ར་ཀ་ནི་སྨན་སྤྱད་པའོ། །སུམ་རྩེན་ཞེས་བྱ་ལྷ་ཡི་མིང༌། །རྩབ་མོ་ཞེས་པ་རབ་བྱུང་གི །བཏུང་བའི་ཁྱད་པར་ཞིག་ལ་འདོད། །རྩེ་རྒོད་ཅེས་པ་འཁོར་གཡོག་གི །མིང་ཡིན་རྩབས་ནི་རུ་མའི་མིང༌། །བརྩས་ཞེས་བྱ་བ་རྔན་པའི་མིང༌། །འཚག་ཅེས་བྱ་བ་མདངས་ཀྱི་མིང༌། །འཚའ་ཞེས་བྱ་བ་གཅན་གཟན་གྱི། །བྱེ་བྲག་ཞིག་ལ་འདོད་པ་སྟེ། །འཚའ་ལུ་ཞེས་པ་དམར་པོ་ལ། །དཀར་པོའི་ཐིག་ལེས་མཚན་པའོ། །འཚུན་ཞེས་བྱ་བ་ཕ་མེས་ཀྱི། །ལྷན་སྐྱེས་ལྷ་དང་འདྲེ་ཡི་མིང༌། །འཚལ་བ་ཞེས་པ་བྱེད་པ་དང༌། །ཤེས་པའི་མིང་དུ་སྐབས་ཀྱིས་ཕྱེ། །འཚིམ་ཞུ་ཞེས་པ་རྨོག་གི་མིང༌། །འཚལ་མ་ཞེས་པ་ཟ་མ་ཡི། །མིང་ཡིན་འཚལ་བ་ཟ་བ་དང༌། །ཚིམ་པའི་དོན་དུའང་བཤད་པ་ཡོད། །ཟག་པའི་མིང་ལ་འཛག་པ་དང༌། །ཟད་པའི་མིང་ལ་འཛད་པ་དང༌། །ནོར་བའི་མིང་ལ་འཛོལ་བ་དང༌། །འཇུག་པའི་མིང་ལ་འཛུད་པ་དང༌། །ཟེད་པའི་མིང་ལ་འཛེད་པ་སོགས། །གྲོང་པའི་སྐད་བཞིན་བསྟན་བཅོས་སུ། །ཐད་སོར་བཞག་པ་འགའ་ཞིག་ཡོད། །འཛབ་ཅེས་བྱ་བ་སྒྲུབ་པ་པོའི། །སྔགས་ཀྱི་བསྙེན་པ་བགྲང་བ་ཡི། །གྲོགས་བྱེད་པ་ལ་འདོད་ཅེས་ཟེར། །རྫི་ཞེས་བྱ་བ་རླུང་གི་མིང༌། །ཀྭ་ཞེས་བྱ་བ་འབོད་པའི་ཚིག །ཁྭ་ཞེས་བྱ་བ་ཁ་དའི་མིང༌། །གྲྭ་ཞེས་བྱ་བ་གྲྭ་ཟུར་གྱི། །མིང་ཡིན་ཉྭ་ཞེས་བྱ་བ་ནི། །རྐང་དག་ལག་པའི་ཉྭ་ལ་འཆད། །དྭ་བ་ཞེས་པ་སྔོ་ཞིག་དང༌། །ཕ་མ་ཤི་བའི་བུ་ཕྲུག་ལ། །འདོད་པ་གཉིས་པོ་སྐབས་ཀྱིས་དབྱེ། །ཙྭ་ཚྭ་ཞྭ་ཟྭ་རྭ་རྣམས་ལ། །ཝ་བཏགས་ཡོད་ཚེ་རང་རང་གི །སྐབས་ཀྱི་དོན་རྣམས་འཁྲུལ་མེད་གོ །ལྭ་ཞེས་བྱ་བ་དར་ཟབ་ཀྱི། །ཁྱད་པར་ཞིག་གི་མིང་དུ་འདོད། །ཧྭགས་ཞེས་བྱ་བ་བུ་རམ་གྱི། །ཁ་བུན་བཟང་ཤོས་འདྲིལ་བའི་མིང༌། །ཧྭ་ཞེས་བྱ་བ་ཁང་པ་དང༌། །གོས་ལ་སོགས་པའི་ཧར་མིག་གི །མིང་དུ་བཏགས་པ་དེ་དག་གོ །གཞོལ་བ་དོན་གཉེར་ཆེ་བའི་མིང༌། །གཞབས་པ་ལེགས་པར་བརྟགས་པའི་མིང༌། །གཞུང་པ་རབ་ཏུ་འགྲུས་པའི་མིང༌། །གཞིལ་བ་ཞེས་པ་བཅིལ་བའི་མིང༌། །གཞར་བ་ཞེས་པ་ཉེ་བའི་མིང༌། །གཞར་ཡང་ཞེས་པ་ནམ་ཡང་སྟེ། །གཞི་མཉམ་གཤང་བ་སྨིན་པའི་མིང༌། །བཞམས་བསྒོ་ཞེས་པ་དྲན་བསྐུལ་གྱི། །མིང་ཡིན་བཞིབ་པ་འཇིབ་པའི་མིང༌། །ཆེ་བཞི་དཔང་པོའི་མིང་དུ་བཤད། །ཞོ་ཤས་འཚོ་བ་གླ་རྔན་གྱིས། །འཚོ་བའི་མིང་དུ་བཤད་པ་ཡིན། །གཟས་དང་གཟོན་ཞེས་བྱ་བ་ནི། །ལུས་དང་ངག་གི་ཁྱད་པར་ཏེ། །རྡེག་པའི་སྟངས་ཀ་བྱེད་པ་ལ། །རྡེག་པར་གཟས་ཞེས་ཟེར་བ་དང༌། །རིགས་པར་བསྐུལ་བ་མི་ཉན་པར། །ལན་བཟློག་པ་ཡི་མིང་ལ་ནི། །བསྒོ་བ་རྣ་ལ་གཟོན་ཞེས་བཤད། །གཟུ་བོ་ཕྱོགས་ལྷུང་སྤངས་པ་སྟེ། །གཟེགས་མ་ཞེས་པ་ཆ་ཤས་ཀྱི། །མིང་ཡིན་གཟུ་ལུམ་ཅན་ཞེས་པ། །སྤྱི་བརྡོལ་ཅན་གྱི་མིང་དུ་འདོད། །ཟོལ་པ་གཡོ་སྒྱུ་ཅན་གྱི་མིང༌། །གཟོད་མ་ཞེས་པ་གདོད་མའི་མིང༌། །གཡེམ་པ་ཞེས་པ་ལོག་ཡེམ་གྱི། །མིང་ཡིན་གཡིགས་པ་སྐྱིགས་པུའི་མིང༌། །གཡར་ཚ་ཞེས་པ་ངོ་ཚ་ཡི། །ཞེ་ས་ཡིན་ཏེ་གཡར་དམ་དང༌། །གཡར་ཁྲལ་གཡར་ངོ་ལ་སོགས་བཞིན། །ཡ་མ་བརླ་ཞེས་བྱ་བ་ནི། །སྙིང་པོ་མེད་པའི་མིང་ཡིན་ལ། །ཡ་གད་ཅེས་པ་འཛེག་སྟེགས་ཀྱི། །མིང་ཡིན་ཡ་ལད་ཅེས་བྱ་བ། །གོ་ཆའི་མིང་ཡིན་ཡོལ་གོ་ནི། །གཞོང་པའི་མིང་དུ་འདོད་པ་ཡིན། །ཡས་དང་སྟགས་ཞེས་བྱ་བ་ནི། །དོན་གཅིག་མིང་གི་རྣམ་གྲངས་སོ། །ལ་གོར་ཞེས་བྱ་མྱུར་པོའི་མིང༌། །ལོངས་པ་ཞེས་དང་ལོངས་འཆོས་པ། །ཆགས་པས་ཀུན་བསླངས་སྒེག་བཅོས་མིང༌། །ལ་བ་ཆགས་སུ་མ་བཅགས་ཤིང༌། །སྤུ་མ་ཕྱུང་བའི་སྣམ་བུའི་མིང༌། །རླམ་ཞེས་བྱ་བ་ཧམ་སྐྱའི་མིང༌། །རླུགས་པ་ཞེས་པ་མ་ཞུ་བའི། །གྱེན་དུ་རླུགས་པའི་མིང་ཡིན་ཏེ། །བརླམས་ཞེས་བྱ་བ་མྱ་ངན་དང༌། །གདོན་ལ་སོགས་པས་དཀྲུགས་པའི་མིང༌། །རླང་པོ་ཞེས་བྱ་མི་སྙན་ཚིག །རློང་དུ་གྱུར་པ་ཞེས་བྱ་བ། །བརྟན་པ་ཐོབ་པའི་མིང་དུ་འདོད། །བླ་ཞེས་བྱ་བ་སྟེང་གི་མིང༌། །བློན་གདབ་ཅེས་པ་ཟུར་ནས་ནི། །གྲོས་འདེབས་བྱེད་པའི་མིང་དུ་འདོད། །བློ་གློང་ཞེས་པ་ཡི་ཆད་པའི། །རྫས་ཀྱི་བླ་དང་ལག་གི་བླ། །ནོར་དང་ཁང་ལས་གསར་པ་ཡི། །ཞལ་ཏ་པ་ཡི་མིང་དུ་འདོད། །བཟླུགས་པ་ཞེས་པ་ཕ་རོལ་པོའི། །སེམས་བཟུང་བ་ཡི་མིང་ཡིན་ནོ། །གཤོར་ཞེས་བྱ་བ་ཐོད་པ་ཡི། །མིང་དུ་མན་ངག་སྙེ་མར་བཤད། །བཤུལ་ཞེས་བྱ་བ་ལམ་གྱི་མིང༌། །གཤུང་ན་ཞེས་པ་རང་གཞན་གྱི། །སྐྱོན་ནས་དངོས་སུ་བརྗོད་པའི་མིང༌། །ཤིན་ཏེ་མ་ཞེས་བྱ་བ་ནི། །མཐུ་ཆུང་བ་ཡི་མིང་དུ་བཤད། །སྲ་བརྐྱང་ཞེས་པ་དགེ་འདུན་གྱི། །ཆོས་གོས་སུམ་ཕྲུགས་གཅིག་ཙམ་ལ། །མཚམས་ནང་དེ་ན་ཡོད་པ་ཡི། །དགེ་འདུན་ཀུན་གྱི་ཆོས་གོས་ཀྱི། །བྱིན་རླབས་ཆགས་པ་གཅིག་ལ་ཟེར། །སྲི་ཞུ་ཞེས་པ་དྲིན་བསམས་ནས། །བཀུར་སྟི་བྱེད་པའི་མིང་ལ་འདོད། །གསོག་དང་གསོབ་ཅེས་བྱ་བ་ནི། །སླུ་བའི་མིང་གི་རྣམ་གྲངས་ཡིན། །སྲོ་ཁང་ཞེས་པ་ཁྲུས་ལ་སོགས། །རེག་བྱ་རྣམ་པ་ལྔ་བསྟེན་པས། །བ་སྤུའི་བུ་ག་སྣུམ་གྱིས་ནི། །གང་བར་བྱེད་པའི་མིང་དུ་འདོད། །གསུད་པ་ཞེས་པ་སྦྲེགས་པའི་མིང༌། །ཁ་གསག་ཅེས་པ་རྙེད་པའི་ཕྱིར། །གཞན་ནོར་བསྔགས་པར་བྱེད་པའོ། །གསེག་ཤང་ཞེས་པ་མཁར་སིལ་གྱི། །མིང་ཡིན་གསོང་པོ་ཞེས་བྱ་བ། །དྲང་ཞིང་གསལ་བའི་མིང་དུ་འདོད། །བསོད་པ་ཞེས་པ་ཞིམ་པའི་མིང༌། །བསོད་ཉམས་ཞེས་བྱ་འདོད་པ་ལ། །ལྷག་པར་སྤྱོད་པའི་མིང་ཡིན་ཏེ། །བསེལ་བ་ཞེས་བྱ་འཇིགས་པ་ལས། །སྐྱོབ་པའི་སྐྱབས་ཀྱི་མིང་དུ་བཤད། །སྲི་ཞེས་བྱ་བ་མཐར་བྱེད་ཀྱི། །ཟ་བའི་ལམ་སྲོལ་བྱང་བའི་མིང༌། །སྲེལ་བ་འཛིན་ཞིང་སྐྱོང་བའི་མིང༌། །གསྭ་ཞེས་བྱ་བ་ལྷ་ཀླུ་སོགས། །འབྱུང་པོ་འབའ་ཞིག་འབོད་པའི་མིང༌། །དྲི་ཞིམ་མིང་ལའང་བསུང་ཞེས་ཟེར། །སྲུལ་པོ་ཞེས་པ་རུལ་བའི་མིང༌། །དེ་ལས་ལུས་སྲུལ་པོ་ཡང་གཏོགས། །དེ་ནས་ལེགས་པར་སྦྱར་བའི་སྐད། །བོད་ཀྱི་སྐད་ལའང་སོར་བཞག་དང༌། །ཟུར་ཆག་འགའ་ཞིག་བཤད་བྱ་བ། །པོ་ཏཱ་ལ་དང་ཤམྦྷ་ལ། །ཨོ་རེནྟྲ་དང་ན་ལེནྟྲ། །ཏིལ་དང་པདྨ་རཱ་ཀ་དང༌། །མཽ་གལ་དང་ཤཱ་རི་དང༌། །ཀེང་ཤུ་ཀ་དང་ཀ་དམ་པ། །མནྡ་ར་དང་མུ་ཏིག་དང༌། །ཏ་མ་ལ་དང་ཙནྡན་དང༌། །ག་པུར་གུ་གུལ་གུར་ཀུམ་དང༌། །དུ་རུ་ཀ་དང་ཨརྒ་དང༌། །ཀུ་མུ་ཏ་དང་ཙམྤ་ཀ །བ་རུ་ཤ་ཀ་མ་ལི་ཀ །མཉྫུ་ཛི་ཧྭ་པྲི་ཡངྐུ། །སུག་སྨེལ་དང་ནི་མ་ཤ་ཀ །བཻཌཱུརྻ་དང་མརྒད་དང༌། །ཀེ་ཀེ་རུ་རྣམས་ལེགས་སྦྱར་སྐད། །ཐད་སོར་བཞག་པ་ཡིན་ཞེས་བྱ། །ཨཎྜ་རྙིལ་ཞེས་བྱ་བ་ནི། །ཨིནྡྲ་ནཱི་ལའི་བོད་སྐད་དེ། །ལ་དུ་ཧྭགས་ཀྱི་ལེགས་སྦྱར་སྐད། །སཾཀྲི་ཏ་ནི་ལེགས་སྦྱར་རོ། །གེའུ་ཧང་ཞེས་བྱ་བ་ཡང༌། །གོ་རོ་ཙ་ནའི་བོད་སྐད་ཡིན། །ལི་ཁྲི་ཞེས་པ་སིནྡྷཱུ་རའི། །བོད་སྐད་དག་ཏུ་བཤད་པ་ཡིན། །པི་པི་ལིང་ནི་ལེགས་སྦྱར་སྐད། །ཡིན་ཡང་ན་ལེ་ཤམ་ཞེས་དང༌། །ཨ་བར་སྐྱུར་གསུམ་ཞེས་བྱ་བ། །ཞང་ཞུང་སྐད་ཡིན་ལེགས་སྦྱར་གྱི། །སྐད་དུ་ངེས་པར་འཁྲུལ་མི་བྱ། །ཤུ་དག་ལི་ཤི་ཤིང་ཀུན་ཡང༌། །རྒྱ་མིན་བོད་མིན་སྐད་ཞིག་སྟེ། །ལེགས་སྦྱར་སྐད་དུ་འཁྲུལ་མི་བྱ། །ནེ་རཉྫཱ་ན་ལེགས་སྦྱར་སྐད། །བོད་ཀྱི་སྐད་དོད་གང་ཡིན་བསམ། །ཝཱ་ར་ཎ་སི་ཞེས་བྱ་བ། །རལ་གྲི་ཕུབ་ཀྱི་གནས་དང་ནི། །བ་ལང་མགོ་ཡི་རི་སོགས་སུ། །འཆད་པ་ཡོད་ཀྱང་འདོད་རྒྱལ་སྐད། །ཡི་གེ་བསྣན་པའི་ངེས་ཚིག་གིས། །བཤད་ན་འཁྲུལ་པར་འགྱུར་སྙམ་བྱེད། །ཨོ་ཌི་ཡ་ནི་ལེགས་སྦྱར་གྱི། །སྐད་ཡིན་དེ་ཡི་ཟུར་བཅག་པ། །ཨུ་རྒྱན་ཞེས་པ་བོད་ཀྱི་སྐད། །ས་ལི་ཞེས་པ་ལེགས་སྦྱར་གྱི། །སྐད་ཡིན་དེ་ཡི་ཟུར་བཅག་ནས། །ས་ལུ་ཞེས་པ་བོད་ཀྱི་སྐད། །ཤ་ལོ་ཀ་ནི་ཚིགས་བཅད་ཀྱི། །ལེགས་སྦྱར་སྐད་ཡིན་བོད་སྐད་དུའང༌། །ཤྭ་ལོ་ཀ་ཞེས་བྱ་བ་ཡིན། །ལོ་ཙ་ཞེས་པ་མིག་གི་ནི། །སྐད་དོད་སོར་བཞག་ཡིན་མོད་ཀྱི། །ཡི་གེ་བསྣན་པའི་ངེས་ཚིག་གིས། །འཇིག་རྟེན་མིག་ཅེས་འདོད་པའང་ཡོད། །ཨ་ཏི་ཤ་ནི་ཕུལ་བྱུང་གི །སྐད་དོད་སོར་བཞག་ཡིན་མོད་ཀྱི། །དེ་ལ་ཡི་གེ་བསྣན་པ་ཡིས། །ཀུན་སྤངས་དགེ་སྦྱོང་སྣང་མཛད་ཅེས། །བྱ་བར་ཀློག་པའི་ལུགས་ཀྱང་སྣང༌། །བྷྲིང་གི་རི་ཊི་ཞེས་བྱ་བ། །ལེགས་སྦྱར་སྐད་ཡིན་ཟུར་བཅག་པ། །བོད་ཀྱི་སྐད་དུ་རྣམ་པར་བརྟག །གངྒཱ་སིནྡྷུ་པཀྵུ་དང༌། །སཱི་ཏཱ་ཞེས་པ་ལེགས་སྦྱར་སྐད། །ཐད་སོར་བཞག་པ་ཡིན་ཞེས་བྱ། །ཛམྦྷ་ལ་ནི་རྨུགས་འཛིན་གྱི། །ལེགས་སྦྱར་སྐད་ཡིན་ལྷ་ཞེས་འཁྲུལ། །ཉན་ཐོས་སེནྟ་བ་ཞེས་པ། །ཉན་ཐོས་སྡེ་པའི་ལེགས་སྦྱར་གྱི། །སྐད་ཡིན་ཉན་ཐོས་ཁྱད་པར་མིང༌། །མ་ག་དྷཱ་དང་ཀ་ལིང་ཀ །ལངྐ་ཨཥྨ་བ་རནྟ། །ལེགས་སྦྱར་ཐད་སོར་བཞག་པའི་སྐད། །ནྱ་གྲོ་ཏ་དང་ཀུ་ཤ་ཡང༌། །ལེགས་སྦྱར་ཐད་སོར་བཞག་པ་སྟེ། །བིཥྚི་ཞེས་པ་འཇུག་ཕོད་ཀྱི། །ལེགས་སྦྱར་སྐད་དུ་ངེས་པར་བཤད། །ཀརྐ་ཊ་ནི་སྦལ་པའི་མིང༌། །ཡིན་ཡང་ལེགས་སྦྱར་སྐད་མ་ཡིན། །ཨེ་ཀ་ཛཱ་ཊི་རལ་གཅིག་མའི། །ལེགས་སྦྱར་སྐད་ཡིན་རེ་མ་ཏི། །རི་ཡི་བུད་མེད་ཡིན་ནམ་བརྟག །ཤ་ན་ཀོ་ཏམ་དུ་ཀུ་ལ། །ཀ་ཤི་ཀ་རྣམས་ལེགས་སྦྱར་སྐད། །ཐད་སོར་བཞག་པ་ཡིན་ཞེས་བྱ། །གནྡྷོ་ལ་ནི་དྲི་འཛིན་གྱི། །སྐད་ཡིན་བི་ཧཱ་ར་ཞེས་པ། །གཙུག་ལག་ཁང་གི་ལེགས་སྦྱར་སྐད། །འདི་ཙམ་ཁོ་ན་ཤེས་པ་ཡིས། །ལེགས་སྦྱར་སོར་བཞག་ཡིན་མིན་དང༌། །བརྡའ་རྙིངས་པ་དང་བརྡའ་གསར་པའི། །བྱེ་བྲག་མང་ཞིག་ཤེས་གྱུར་ནས། །རྒྱལ་བའི་བཀའ་དང་རིག་པ་ཡི། །གནས་ལྔ་སྟོན་པའི་བསྟན་བཅོས་ཀྱི། །ཚིག་དོན་ངེས་པར་གོ་དཀའ་བ། །མང་ཞིག་ངང་གིས་གྲོལ་བར་འགྱུར། །མང་པོའི་དབུས་སུ་མཁས་པ་ཡི། །གྲགས་པའི་གདུགས་དཀར་གཡོ་འདོད་འགའ། །གཞུང་འདི་གཟུང་ལ་གཡོ་མེད་པར། །མཛངས་ཤིང་གསོང་པོ་དག་ཏུ་སྨྲོས། །ཞེས་བརྡའི་གནས་བྱེ་བྲག་ཏུ་རྟོགས་བྱེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཡས་རུ་གཙང་གི་སའི་ཐིག་ལེ། གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་སུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄༅། །རྒྱ་གར་སྐད་དུ། དྷརྨ་ཨ་ཝཱ་ཏ་ར་མུ་ཁཱ། བོད་སྐད་དུ། ཆོས་ལ་འཇུག་པའི་སྒོ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གངས་ཅན་ཨུཏྤལ་སྐྱོང་མཛད་པད་དཀར་གཉན། །སྤྱན་རས་གཟིགས་དབང་མཚན་མོའི་ཉི་མ་ཁྱོད། །ས་སྐྱོང་ཟླ་བའི་གཟུགས་སུ་ཤར་གྱུར་པ། །སྲོང་བཙན་ཐུགས་རྗེའི་ཕྱག་གིས་བདག་ཟུང་ཅིག །ངག་གི་དབང་ཕྱུག་མེས་པོ་ཉི་མ་ནི། །བོད་ལེགས་ཆ་ཤས་བསགས་པའི་ཟིལ་གྱིས་ནི། །བྱང་ཕྱོགས་བསོད་ནམས་རི་བོའི་ཕྲག་པར་ནི། །ལེགས་པར་འཆར་བ་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་རབ་དབང་པོ་རྒྱས་པའི་ལང་ཚོ་དང༌། །ཁེངས་བྲལ་ལྕེ་བདེ་ལྡན་པའི་མཛངས་པ་དེ། །བརྡ་སྤྲོད་གཞུང་ལུགས་འདོན་པའི་བརྗིད་ཆགས་ན། །མང་པོའི་དབུས་སུ་ཀུན་གྱིས་བསྔགས་པར་འོས། །བོད་ཀྱི་ཡི་གེའི་ཕྱི་མོ་ནི། །དབྱངས་དག་གསལ་བྱེད་གཉིས་སུ་བཤད། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་སུམ་ཅུ་ཐམ་པར་བསྡུས། །དབྱངས་དང་མོ་ཡི་ཡི་གེ་དང༌། །སྒྲ་ཡི་ཡི་གེ་རྣམ་གྲངས་ཏེ། །གསལ་བྱེད་ཕོ་ཡི་ཡི་གེ་དང༌། །གནས་ཀྱི་ཡི་གེ་རྣམ་གྲངས་སོ། །ཕོ་ཡི་ཡི་གེ་འབའ་ཞིག་ལའང༌། །སྡེ་པ་ཕྱེད་དང་བརྒྱད་ཡོད་པ། །རྟགས་ཀྱི་སྡེ་ཚན་ལྔ་རུ་བསྡུས། །ཨ་ནི་ཀུན་གྱི་སྲོག་ཡིན་ཕྱིར། །རྟགས་ཀྱི་དབྱེ་བ་ངེས་མ་བཤད། །ཀ་ཅ་ཙ་ཏ་པ་ལྔ་པོ། །ཕོ་ཡི་སྡེ་ཚན་དང་པོ་སྟེ། །ཁ་ཆ་ཚ་ཐ་ཕ་དང་ལྔ། །མ་ནིང་སྡེ་ཡིན་གཉིས་པར་བཤད། །ག་ཇ་ཛ་ད་བ་ཝ་དང༌། །ཞ་ཟ་འ་ཡ་ཤ་ས་སྟེ། །བཅུ་གཉིས་མོ་ཡི་སྡེ་སྟེ་གསུམ། །ང་ཉ་ན་མ་ཤིན་ཏུ་མོའི། །སྡེ་པ་ཡིན་ཏེ་བཞི་པར་བཤད། །ར་ལ་ཧ་གསུམ་མ་འདུས་པའི། །སྡེ་ཚན་ཞེས་བྱ་ལྔ་པ་ཡིན། །མོ་ཡི་ཡི་གེའི་ནང་ནས་ནི། །ག་ང་ད་ན་བ་མ་འ། །ར་ལ་ས་དང་བཅུ་པོ་ལ། །འཇུག་པའི་ཡི་གེ་ཞེས་བྱ་སྟེ། །རྗེས་སུ་འཇུག་པ་ཐམས་ཅད་ཡིན། །དེ་ལས་ག་ད་བ་མ་འ། །ལྔ་པོ་ཁོ་ན་སྔོན་དུའང་འཇུག །ལྔ་པོའང་རྟགས་ཀྱིས་ཕྱེ་བ་ཡིས། །མ་འདྲེས་སོ་སོར་དབྱེ་བར་བྱ། །བ་ནི་ཕོ་ཡི་རྟགས་ཅན་ཏེ། །ག་ད་གཉིས་པོ་མ་ནིང་གི །འ་ནི་མོ་ཡི་རྟགས་དང་ལྡན། །མ་ནི་ཤིན་ཏུ་མོ་རྟགས་ཅན། །དང་པོ་བཞི་ལ་ཟླས་དབྱེ་དང༌། །རང་བཞིན་གནས་པ་གཉིས་གཉིས་ཏེ། །ཐ་མ་རང་བཞིན་གནས་པར་ངེས། །རང་ནུས་མོ་རྟགས་ཅན་ཡིན་ཀྱང༌། །གང་ལ་འཇུག་པའི་ཡུལ་གྱི་ནི། །ནུས་པས་སོ་སོར་ཕྱེ་བ་ཡིན། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཡི་ཕྱིར། །སྔོན་དུ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཕོ་མོ་གཉིས་ཀ་ལ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཕོ་ནི་མ་ནིང་མོ་ནི་ཕོ། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མིན་ཞིང༌། །མོ་དང་མ་ནིང་ཡང་དེ་བཞིན། །དེ་དག་རིམ་བཞིན་བཤད་བྱ་བ། །དང་པོ་ཕོ་ཡི་འཇུག་ཡུལ་ནི། །སངས་རྒྱས་བཀུར་ནས་ཐེ་ཚོམ་བཅད། །བཙན་པོའི་ཞལ་ནས་འོད་ཟེར་བཏང༌། །ནོར་བགོས་བདམ་ཀ་ལེགས་པ་བཞེད། །བཟའ་བ་བཤམས་པ་བསམ་པ་ཆེ། །ཞེས་སྦྱར་ཕོ་མོ་བཅུ་ལ་འཇུག །ཆོས་གོས་བནབས་དང་ཤམ་ཐབས་བནབས། །ཞལ་ཟས་བནོབ་སོགས་འདོད་པ་ནི། །རྟགས་ཀྱི་འཇུག་པའི་གཞུང་དང་འགལ། །གཉིས་པ་མོ་ཡི་འཇུག་ཡུལ་ནི། །ཉོན་མོངས་འགགས་པ་འགའ་ཞིག་གིས། །འཇིག་རྟེན་གསུམ་པོ་སྐྱིད་དུ་འཇུག །དགེ་འདུན་འདུས་སར་འབེལ་གཏམ་བྱ། །འཛམ་བུ་གླིང་པ་དགེ་ལ་འཛུད། །འཁོན་མེད་པ་ལ་འཁང་མི་བྱ། །འཆི་བདག་འཆིང་བ་བཅད་ན་ལེགས། །མཐུན་པ་འཐོར་བ་བསྡུད་པ་འཐད། །འཕོ་ན་མདའ་འཕངས་ཇི་བཞིན་འཕོས། །ལུས་འཚོ་ནད་འཚོ་འཚང་རྒྱ་བྱེད། །ཅེས་སྦྱར་བས་ན་མོ་དང་ནི། །མ་ནིང་ཡི་གེ་བཅུ་ལ་འཇུག །གསུམ་པ་མ་ནིང་འཇུག་པའི་ཡུལ། །གཅོམ་སྐྱུངས་གཅེན་པོ་གཅུང་ལ་ནི། །གཏོང་ཕོད་གཏམ་སྙན་གཏན་ཚིགས་རྒྱུ། །ཕ་རོལ་མཆེ་བ་གཙིགས་ནས་གཙེས། །གཉའ་ཤིང་གཉིས་ཀྱིས་འདེགས་པ་མཛེས། །གདན་ལ་བཞུགས་ནས་གདམས་ངག་བྱིན། །གནའ་སྔོན་གནག་ལྷས་བུ་དང་ཕྲད། །གཞུང་ལུགས་བདུད་གཞོམ་དྲིན་གཟོའི་གཟུགས། །གཡུལ་ངོར་གཡོ་ན་གཤེད་མས་གཤེ །གསར་བུ་ནགས་ཀྱི་གསེབ་ཏུ་ཞོག །ཅེས་སྦྱར་ཡི་གེ་བཅུ་གཅིག་ལའོ། །མ་ནིང་གཉིས་པ་ད་ཡིག་ནི། །ཕོ་མོའི་ཡི་གེ་དྲུག་ལ་འཇུག །དཀྱེལ་པོ་ཆེ་དེ་དཀན་སྒྲ་ཏོག །དགུན་གྱི་དུས་སུ་སྐྱེ་དགུ་འཛོམ། །སྙན་དངགས་མཚར་དུ་དངར་བ་ཡིས། །དབེན་པར་དབང་པོ་དུལ་བ་ཡོད། །དཔའ་བོ་དཔང་པོར་བཞག་ན་ཡང༌། །བློ་གྲོས་དམན་རྣམས་དམུས་ལོང་འདྲ། །ཤིན་ཏུ་མོ་ཡི་འཇུག་ཡུལ་ནི། །མོ་དང་མ་ནིང་ཤིན་ཏུ་མོའི། །ཡི་གེ་བཅུ་གཅིག་ཁོ་ན་ལ། །འཇུག་པའི་དཔེར་བརྗོད་བཤད་པར་བྱ། །དཔེ་མཁྱུད་མེད་པར་མཁས་མཁྱེན་པས། །མཆོག་རྣམས་མཆན་ན་མཆིས་བཞིན་སྣང༌། །མཐང་གོས་མཐའ་མ་ལྷུང་མ་མཐོང༌། །མཚོ་ཆེན་དང་མཚུངས་ངོ་མཚར་ཆེ། །མགོན་གྱི་མགུལ་པ་མགལ་མེ་ལྟར། །མི་མཇེད་མཇུར་བུ་མཇལ་ནས་བཤིག །མདངས་བཟང་མདད་ཀྱང་མདད་སུམ་བཏང༌། །མཛའ་དང་མཛེས་པ་མཛད་པ་བཟང༌། །མངལ་ནས་མངའ་བདག་མངོན་སུམ་བྱོན། །མཉན་ཡོད་མཉན་པས་མཉན་བྱ་སྒྲོག །མནག་དཀའི་མནར་མེད་མནལ་ལམ་བཞིན། །འཇུག་བྱེད་དང་ནི་འཇུག་ཡུལ་གྱི། །རྟགས་ཀྱི་དབྱེ་བ་སྐབས་སྟོབས་ཀྱིས། །ཕྱེད་ན་མི་འཇུག་དབྱེ་བ་ཡང༌། །བདེ་བླག་ཉིད་དུ་ཤེས་པར་འགྱུར། །ཇི་ལྟར་འཇུག་པ་འདིར་བཤད་བྱ། །ཕོ་ཡིག་གིས་འཕུལ་དྲག་པར་འཇུག །མོ་ཡིག་གིས་འཕུལ་ཞན་པར་ཏེ། །མ་ནིང་གིས་འཕུལ་རན་པ་དང༌། །ཤིན་ཏུ་མོ་ཡིས་མཉམ་པ་ཡིན། །ཅི་ཕྱིར་སྔོན་དུ་འཇུག་ཅེས་པ། །རྟགས་ཀྱི་འཇུག་པར་འདི་སྐད་གསུངས། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མོ་ནི་བདག་དང་མ་འོངས་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །ཟླས་དབྱེ་བ་དང་རང་བཞིན་གྱིས། །དྲག་ཞན་གཉིས་ཚན་གཉིས་ཡོད་ཀྱང༌། །རྟགས་ཀྱི་འཇུག་པར་ཟླས་ཕྱེ་བའི། །དྲག་ཞན་འབྲིང་གསུམ་ཁོ་ན་བཤད། །བྱེད་པ་པོ་དང་བྱ་བ་གཉིས། །བྱེད་པོ་བདག་དང་མིང་ཡིན་ཏེ། །བྱ་བ་གཞན་དང་དུས་གསུམ་མོ། །མིང་དང་བྱེད་པོ་མ་ནིང་དང༌། །མོ་ཡི་སྒྲ་རུ་གྲགས་པ་ཡིན། །འདས་པ་དྲག་པོ་ཕོ་ཡི་སྒྲ། །ད་ལྟར་མ་ནིང་རན་པའི་སྒྲ། །མ་འོངས་ཞན་པ་མོ་ཡི་སྒྲ། །ཡང་ན་དུས་དང་དངོས་པོ་དང༌། །མིང་དང་བྱ་བ་སོ་སོར་དབྱེ། །དངོས་པོ་ལ་ཡང་བདག་དང་གཞན། །བདག་ནི་བྱེད་པ་གཞན་བྱ་བ། །སྔོན་འཇུག་ཕོ་མོ་མ་ནིང་གསུམ། །དོན་གཅིག་བརྗོད་ཚེའང་ཟླས་ཕྱེ་བས། །དུས་གསུམ་དབྱེ་བ་སྟོན་པ་དང༌། །དངོས་པོ་བདག་དང་གཞན་འཇུག་དང༌། །མིང་དང་བྱ་བ་དབྱེ་བའི་ཚུལ། །མ་འདྲེས་སོ་སོར་དཔེར་བརྗོད་བྱ། །མེ་ཏོག་བཀྲམ་ཟིན་ད་ལྟ་དགྲམ། །སང་ཉིན་འགྲེམས་པར་འགྱུར་བ་ཡིན། །ཉོན་མོངས་བཅོམ་ཟིན་ད་ལྟ་གཞོམ། །སང་ཉིན་འཇོམས་པར་འགྱུར་བ་ཡིན། །སྨོན་ལམ་བཏབ་ཟིན་ད་ལྟར་གདབ། །སང་ཉིན་འདེབས་པར་འགྱུར་བ་ཡིན། །མིང་མཐར་ཕོ་སྒྲ་མོ་སྒྲ་དག །གང་ཞིག་བྱུང་བའི་དབྱེ་བ་ཡིས། །སྔོན་འཇུག་ཡོད་མེད་རྟོགས་པར་བྱ། །ཕོ་སྒྲ་བྱས་དང་བྱ་བ་ཞེས། །མོ་སྒྲ་བྱེད་དང་བྱེད་འགྱུར་ཞེས། །བྱ་བའི་དབྱེ་བ་རྟོགས་དཀའ་བཤད། །རྟ་ལ་བསྐྱོན་ནས་བསྐུལ་བར་བྱས། །བག་བརྐྱང་བྱས་ནས་བསྐོལ་བར་བྱས། །བསྐྲུན་པར་བྱས་ནས་བསྐྱོད་བྱས་སོ། །རྟ་ལ་བསྐྱོན་བྱ་བསྐུལ་བར་བྱ། །བསྐོར་བ་བྱ་ཞིང་བསྐྱེད་པར་བྱ། །བག་བརྐྱང་བྱའོ་བསྐོལ་བར་བྱ། །བསྐྲུན་པར་བྱ་ཞིང་བསྐྱོད་བྱའོ། །རྟ་ལ་སྐྱོན་བྱེད་སྐུལ་བར་བྱེད། །སྐོར་བ་བྱེད་དོ་སྐྱེད་པར་བྱེད། །བག་རྐྱོང་བྱེད་དོ་སྐོལ་བར་བྱེད། །སྐྲུན་པར་བྱེད་དོ་སྐྱོད་པར་བྱེད། །རྟ་ལ་སྐྱོན་འགྱུར་སྐུལ་བར་འགྱུར། །སྐོར་བ་བྱེད་འགྱུར་སྐྱེད་པར་འགྱུར། །བག་རྐྱོང་བྱེད་འགྱུར་སྐོལ་བར་འགྱུར། །སྐྲུན་པར་འགྱུར་ཞིང་སྐྱོད་པར་འགྱུར། །རྗོད་པར་བྱེད་དང་རྗོད་པར་བྱ། །དེ་ནི་བདག་དང་མ་འོངས་པ། །བརྗོད་པའི་དཔེ་གང་མདོར་བསྡུས་པའོ། །མཉམ་གཞག་དྲན་པ་ཉེར་གཞག་དང༌། །མདོ་སྡེ་སྡུད་པ་དཔུང་རྒྱན་སོགས། །མིང་ཡིན་མཉམ་པར་བཞག་པར་བྱས། །རྟག་ཏུ་དྲན་པ་ཉེ་བར་བཞག །ནོར་རྣམས་བསྡུད་དང་དཔུང་པར་བརྒྱན། །གཅོད་དང་བཅད་ཅེས་བྱ་བའང༌། །མིང་དང་བྱ་བའི་ཁྱད་པར་དང༌། །འདས་དང་དུས་གཞན་ཁྱད་པར་གྱིས། །རྟགས་ཀྱི་ཁྱད་པར་སོ་སོར་ཕྱེ། །གཟུང་དང་འཛིན་པ་ཞེས་བྱ་བ། །མིང་ཡིན་སྔོན་དུས་ལེགས་པར་བཟུང༌། །བཟུང་ནས་ད་དུང་བཏང་བ་མེད། །དུས་དང་དངོས་པོའི་དབང་གིས་ཡིན། །ཨོ་ཡིག་སྦྱར་དང་མ་སྦྱར་ལས། །བྱ་བྱེད་ཁྱད་པར་འདི་འདྲ་ཡོད། །རྩོད་པ་བྱེད་དང་བརྩད་པར་བྱ། །ཀློག་པར་བྱེད་དོ་བཀླག་པར་བྱ། །རྟོད་པར་བྱེད་དོ་བརྟད་པར་བྱ། །རྟོན་པར་བྱེད་དོ་བརྟན་པ་ཡིན། །སྟོན་པའི་གསུང་བཞིན་བསྟན་པར་བྱ། །སྒྲུབ་པར་བྱེད་དོ་བསྒྲུབ་པར་བྱ། །བསྒྲུབ་པར་མི་བྱ་སྒྲུབ་མི་བྱེད། །བསྟོད་པར་མི་བྱ་སྟོད་མི་བྱེད། །དངོས་པོ་གཞན་དང་བྱེད་པ་པོའང༌། །ད་ལྟར་དུས་ཀྱི་དཔེར་བརྗོད་དོ། །མཉམ་གཞག་གིས་ནི་ཡིད་ལ་བཞག །སྒྲུབ་བྱ་བསྒྲུབ་པར་བྱ་བ་དང༌། །སྡུག་པའི་བུ་དེ་སྙིང་དུ་སྡུག །འདི་འདྲ་མིང་གི་བྱ་བྱེད་དཔེ། །སྔར་བཤད་དེ་དག་ཟླས་ཕྱེ་བ། །རང་བཞིན་སྒྲ་ལ་དེར་མ་ངེས། །བཀད་སར་ཕྱིན་དང་ལག་ཏུ་བཅངས། །ཞལ་ཟས་བཏར་ལ་སོགས་པ་དང༌། །གདོལ་པས་བཟུང་དང་གདོན་ཡང་བསྐྲད། །ཞལ་ཟས་གདའ་དང་དགོས་པའི་དོན། །དགེ་བ་རྣམས་ལ་དགའ་བཞིན་བསྒྲུབས། །འགའ་ཞིག་འགལ་ཡང་སྐྱོན་མི་འགོ །དེ་ལ་སོགས་པ་རང་བཞིན་སྒྲ། །ཞེས་འདི་གཞུང་གིས་མ་ཟིན་ཀྱང༌། །མཁས་པ་རྣམས་ཀྱིས་རིགས་པས་དཔྱད། །རྗེས་འཇུག་ཡི་གེ་བཅུ་པོ་ལས། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །ས་དང་བ་དང་ད་རྣམས་ཏེ། །སྒྲ་ཡི་དྲག་ཞན་དབང་གིས་ཕྱེ། །མོ་ལའང་མོ་དང་ཤིན་ཏུ་མོ། །ལ་དང་འ་ལ་རིམ་བཞིན་འདོད། །མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་པ་དང་གསུམ་དུ་བཤད། །ག་ང་ན་མ་ར་ལྔ་པོ། །གཞི་ཡི་དྲག་པོ་དང་ཕྲད་ན། །དྲག་པོར་འགྱུར་ཞིང་ཞན་པ་དང༌། །ཕྲད་ན་ཞན་པར་འགྱུར་བའི་ཕྱིར། །དེ་ཚེ་འགྱུར་བའི་མ་ནིང་ཡིན། །གཞི་དང་སྔོན་འཇུག་རིམ་པ་ཡིས། །ཕོ་མོ་གཉིས་ཀ་དང་ཕྲད་ན། །གཉིས་ཀར་འགྱུར་བས་མཚན་གཉིས་པ། །གཞི་ཡི་མ་ནིང་ཁོ་ན་དང༌། །ལྔ་པོ་ཕྲད་ཚེ་གང་དུ་ཡང༌། །མི་འགྱུར་བས་ན་མཚན་མེད་དང༌། །དེ་ཡི་དཔེར་བརྗོད་མདོར་བསྡུས་པ། །ཁོག་པར་ཆང་བཏང་ཐན་པ་ཞིག །ཕམ་པའི་རྒྱུ་རྣམས་ཚར་བཅད་དོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་དགོས་པ་ཅི་ཕྱིར་འཇུག །དང་པོ་ཡི་གེ་ཐམས་ཅད་ལ། །གཉིས་པ་ཡི་གེ་བཅུ་ཡིས་སོ། །གསུམ་པ་སྒྲ་ཡི་འཇུག་ཚུལ་དང༌། །དོན་གྱི་འཇུག་ཚུལ་གཉིས་ཀྱིས་འཆད། །དང་པོ་སྒྲ་ཡི་འཇུག་ཚུལ་ནི། །ཕོ་གསུམ་མོ་གཉིས་མ་ནིང་ལྔ། །དྲག་ཞན་བར་མའི་ཚུལ་གྱིས་འཇུག །ཚེག་བར་གཅིག་ཏུ་དྲག་པོ་གཉིས། །རྗེས་འཇུག་དྲག་པོས་མཐའ་བརྟེན་ན། །དྲག་པོའི་དྲག་པོའོ་བ་ད་ཡིས། །བརྟེན་ན་དྲག་པོའི་ཞན་པ་ཡིན། །ཚེག་ཁྱིམ་གཅིག་གི་ཞན་པ་གཉིས། །མོ་དང་ཤིན་ཏུ་མོས་བརྟེན་ན། །ཞན་པའི་དྲག་ཞན་རྣམ་པར་དབྱེ། །གཉིས་པ་དོན་གྱི་འཇུག་ཚུལ་ལ། །སྔ་མ་གང་ལྟར་འགྱུར་བ་དང༌། །ཕྱི་མ་གང་ལྟར་འགྱུར་བའོ། །སྔ་མ་སྔོན་འཇུག་ཇི་བཞིན་སྦྱར། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མོ་ནི་བདག་དང་མ་འོངས་ཕྱིར། །ངེས་པར་བསྒྲིབས་སོ་སྒྲིབ་པར་བྱ། །བསྐྲོད་པར་བྱས་སོ་སྐྲོད་པར་བྱ། །ཕ་རོལ་བྱིས་པ་བདག་ལ་རྒོལ། །བདག་ནི་སེམས་ཅན་ཀུན་ལ་དགའ། །ཞལ་ཟས་དྲངས་སོ་ཞལ་ཟས་དྲང༌། །མྱ་ངན་འདས་སོ་མྱ་ངན་འདའ། །ཞེས་སོགས་དྲག་ཞན་རིམ་པར་ཕྱེ། །མཐའ་བརྟེན་མ་ནིང་གཞན་གྱི་དབང༌། །ཡིན་ཕྱིར་འདིར་ནི་མ་བཤད་དོ། །འདི་ཡང་ཟླས་དབྱེ་བ་ལས་ཏེ། །རང་བཞིན་སྒྲ་ལ་དེར་མ་ངེས། །གནས་སྐབས་མཛེས་པའི་རྒྱན་རྣམས་མཛེས། །ཕྱོགས་མཚམས་ཐམས་ཅད་ལེགས་པར་སྙོམས། །འདས་དང་གཞན་མི་སྟོན་པའི་སྒྲ། །སེམས་དཔའ་དགའ་བས་བཀའ་སྩལ་སོགས། །བདག་དང་མ་འོངས་མི་སྟོན་པའི། །མོ་ཡི་སྒྲ་ཡང་ངེས་པར་སྣང༌། །ཞེས་པ་གཞུང་དུ་མ་བཤད་ཀྱང༌། །མཁས་པ་རྣམས་ཀྱིས་རིགས་པས་དཔྱད། །ཕྱི་མ་གང་ལྟར་འགྱུར་བ་ནི། །ཕོ་མོ་མ་ནིང་གསུམ་གྱིས་ནི། །རང་དང་མཐུན་པའི་མིང་མཐའ་དྲང༌། །ཐོས་སམ་བསལ་ལམ་སྐྲུན་ནམ་སོགས། །རིགས་པས་དཔྱད་པར་བྱ་བ་སླ། །མཐའ་བརྟེན་མཚམས་སུ་རྗེས་མཐུན་པའི། །ཚིག་ཕྲད་སྦྱར་བའི་སྟོབས་ཤུགས་ཀྱིས། །རྣམ་དབྱེ་བརྒྱད་དང་སླར་བསྡུ་དང༌། །ལྷག་བཅས་འབྱེད་བསྡུད་དགར་བརྣན་དང༌། །བདག་པོ་དགག་སྒྲུབ་རྒྱན་དང་ནི། །དུས་ཀྱི་ཁྱད་པར་འབྱུང་བ་ཡིན། །དང་པོ་ཚིག་ཕྲད་སྦྱོར་ལུགས་ནི། །ཨོ་སྦྱར་བ་ནི་ཐམས་ཅད་དེ། །ཨེ་སྦྱར་བ་ནི་ད་གཅིག་པུ། །ཡིན་ཀྱང་ཚིག་ཤུགས་མཐུན་པ་དང༌། །གྲོགས་པོའི་དབང་གིས་ཏ་ལའང་སྦྱར། །ད་དྲག་ཅན་དང་ས་དང་ན། །ར་དང་ལ་མཐར་ཏེ་རྐྱང་ཡིན། །ག་ང་བ་མ་འ་རྣམས་དང༌། །འདོགས་ཅན་མཐའ་བརྟེན་མེད་པ་དང༌། །ཡི་གེ་རྐྱང་པ་རྣམས་ཀྱི་མཐར། །ས་མགོ་ཅན་གྱི་སྟེ་སྦྱར་ཞིང༌། །ད་ཡི་རྗེས་སུ་དེ་བྲིའོ། །ཨི་སྦྱར་བ་ནི་ག་ན་འ། །གསུམ་པོར་ངེས་ཀྱང་ཚིག་གྲོགས་ཀྱིས། །རེས་འགའ་ཀ་དང་ཡ་ལའང་སྦྱར། །ད་བ་ས་ཀྱི་ཀུན་ལ་གྲགས། །འོན་ཀྱང་ཁྲུས་ཀྱིས་བག་ཡོད་གྱིས། །དོན་མེད་གྱི་ན་ལ་སོགས་པ། །དམིགས་བསལ་དོན་གཞན་སྟོན་པའང་ཡོད། །ག་ད་བ་སའི་རྗེས་སུ་ཀྱང༌། །མཐའ་བརྟེན་ལྷག་མའི་རྗེས་སུ་ཡང༌། །འང་ཡང་འི་ཡི་ཁ་སྐོང་དང༌། །ཁ་སྐོང་མིན་པ་རྣམ་པར་དབྱེ། །ཨུ་སྦྱར་བ་ནི་ས་ར་ད། །གསུམ་པོར་ངེས་ཀྱང་ཚིག་གྲོགས་ཀྱིས། །རེས་འགའ་ཏ་ལའང་སྦྱར་བ་ཡིན། །ག་བའི་རྗེས་སུ་ཏ་ལ་སྦྱར། །ས་མཐར་ས་དང་ལྷག་མར་ད། །མཐའ་བརྟེན་མེད་པར་ར་དང་སྦྱར། །རང་སོར་བཞག་པ་ན་དང་ལ། །ད་དང་ང་གཉིས་སྦྱར་བ་ང༌། །སྐབས་མཐུན་མ་དང་སྦྱར་བ་སྟེ། །འདི་རྣམས་ཚིག་ཕྲད་ངེས་པ་ཡིན། །ཞར་བྱུང་ག་ད་བ་མཐར་ཅེས། །ས་མཐར་ཤེས་དང་ལྷག་མར་ཞེས། །ཅེ་ན་ཅིག་སོགས་དེ་དང་འདྲ། །རྐྱང་པ་ཅིག་དང་འདོགས་ཅན་ཞིག །ད་དྲག་ཐོབ་བར་ཅེ་ན་ཅིག །ཨོ་སྦྱར་བ་ནི་སླར་བསྡུད་པ། །སྐབས་དོན་རྫོགས་པའི་ཚེ་ནའོ། །སྐབས་དོན་ལྷག་དང་བཅས་པ་ན། །ཨེ་སྦྱར་བ་ནི་ལྷག་བཅས་ཚིག །དང་དང་སམ་སོགས་འབྱེད་བསྡུད་པ། །སྐབས་ལས་རྟོགས་པར་བྱ་བ་སྟེ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །དེ་དང་དེ་ནི་སོགས་ལྟ་བུ། །ནི་ཞེས་དགར་དང་བརྣན་པའི་སྒྲ། །བརྣན་པ་ཞེས་བྱ་ངེས་བཟུང་སྒྲ། །ཡིན་གྱི་ཕྲི་བསྣན་ཟླས་དབྱེ་མིན། །མདོར་ན་ངོ་བོ་ངེས་བཟུང་དང༌། །གཞན་ལས་དགར་བ་གཉིས་ཡིན་ནོ། །ཆོས་པ་ཤིང་པ་ལྷོ་པ་སོགས། །པ་ཡི་སྒྲ་ནི་བདག་པོ་དང༌། ཕོ་ཡི་སྒྲ་དང་བྱེད་པའི་རྐྱེན། །དེ་ལ་ཕན་པའི་རྐྱེན་ཅན་ནོ། །དགེ་བ་བྱ་བ་དགའ་བ་སོགས། །ཝ་ཡི་སྒྲ་ནི་གཉིས་པ་དང༌། །མིང་ཉིད་སྟོན་པ་ཁོ་ནར་ངེས། །བདག་ལས་མ་ཡིན་ལྷ་མིན་སོགས། །མོ་སྒྲ་དགག་པ་མིང་ཉིད་སྟོན། །དོན་ལ་མི་སྙེག་རྒྱན་མིན་ཀྱང༌། །དོན་ལ་སྙེག་པའི་ཀྱང་ཡང་འང༌། །གི་གྱི་དུ་སུ་ན་ལ་རྣམས། །དོན་དང་མཐུན་ན་དོན་མཐུན་རྒྱན། །མི་མཐུན་དོན་མི་མཐུན་པའི་རྒྱན། །གཞན་དུ་འགལ་བའི་རྒྱན་ཞེས་གྲགས། །ཁ་སྐོང་བ་དང་ཚིག་ཟོལ་རྣམས། །དོན་ལ་མི་སྙེག་པ་ཡི་སྒྲ། །དུས་ལ་འཇུག་པ་སྔར་བཤད་ཟིན། །འབྲུ་མང་པོ་དང་ཚིག་བསྡུད་དང༌། །ཁྱད་པར་དག་དང་ཡན་ལག་དང༌། །གཞི་དང་གཞི་གཅིག་བསྡུ་བ་དང༌། །གཞི་མཐུན་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་ཕྱོགས་ཙམ་སྟེ། །བསྡུ་ན་རྣམ་པ་བཅུ་ཡིན་ཞེས། །སྨྲ་སྒོ་མཚོན་ཆར་དེ་བཤད་དོ། །རྣམ་དབྱེ་བརྒྱད་ཀྱི་འདྲེན་ཚུལ་ཡང༌། །ཆོས་ཞེས་བྱ་བ་དང་པོའི་སྒྲ། །ཆོས་ལ་འཇུག་ཅེས་བྱ་བ་གཉིས། །ཆོས་ཀྱིས་ཆོས་མིན་ཕམ་པ་གསུམ། །ཆོས་ལ་མཆོད་པར་བྱེད་པ་བཞི། །ཆོས་ལས་ཡོན་ཏན་འབྱུང་བ་ལྔ། །ཆོས་ཀྱི་ཕྱོགས་ལ་བཟང་བ་དྲུག །ཆོས་ལ་བརྟེན་པ་བདུན་པའི་སྒྲ། །ཀྱེ་མ་ཆོས་ཞེས་བྱ་བ་བརྒྱད། །བཞི་པ་ལ་ནི་སྦྱིན་པ་དང༌། །ལྔ་པར་བླངས་པ་ཞེས་བྱ་བའི། །ཐ་སྙད་བཏགས་པ་མང་དུ་སྣང༌། །ཀྱི་དང་གྱི་སོགས་དྲུག་པའི་སྒྲ། །ཁྲུས་ཀྱིས་བག་ཡོད་གྱིས་ལྟ་བུ། །གཉིས་པ་ལས་སུ་བྱ་བའང་ཡོད། །ན་དང་ལ་ཞེས་བྱ་བའི་སྒྲ། །གཉིས་པ་དང་ནི་བདུན་པའི་སྒྲ། །འདས་པའི་དུས་ན་མཁས་པ་ཡོད། །ཆོས་ལ་བརྩོན་དང་བརྟེན་པའོ། །ནས་དང་ལས་ཞེས་བྱ་བའི་སྒྲ། །ལྔ་པའི་སྒྲ་རུ་གྲགས་པ་སྟེ། །ཆོས་ནས་བྱུང་དང་ཆོས་ལས་བྱུང༌། །སྐབས་ཀྱིས་གང་བདེར་སྦྱར་བའོ། །སུ་དུ་རུ་གསུམ་ལ་དང་མཚུངས། །དུ་ཞེས་བྱ་བ་བཞི་པའི་སྒྲར། །འགྱུར་བའང་སྐབས་ཀྱིས་ཤེས་པར་བྱ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །མཐའ་བརྟེན་གྱིས་ནི་ཚིག་ཕྲད་འདྲེན། །ཚིག་གི་ཕྲད་ཀྱིས་རྣམ་དབྱེ་འདྲེན། །དེ་ནས་དོན་གང་རྫོགས་པར་སྟོན། །འདི་ནི་རང་གཟོ་མ་ཡིན་ཏེ། །བོད་ལེགས་ཞབས་ཀྱི་གཞུང་བཞིན་སྦྱར། །རྟགས་ཀྱི་འཇུག་པར་རྟགས་གསུམ་དང༌། །བྱ་བྱེད་སྔོན་རྗེས་འཇུག་པའི་ཚུལ། །ལེགས་པར་བཤད་དོ་སུམ་ཅུ་པར། །ཚིག་རྒྱན་རྣམ་དབྱེའི་འདྲེན་ཚུལ་བཤད། །དེ་དོན་གོ་བར་སླ་བ་ནི། །ཚིག་ལེགས་བྱས་འདིའི་དགོས་པའི་དོན། །ཡི་གེའི་བརྡ་ཡང་མ་བཀླགས་པར། །ཐེ་ཚོམ་མེད་པར་གཞུང་རྩོམ་བགྱིད། །གང་གི་མཁས་པའང་འདི་འདྲ་ན། །དེ་ཡི་བྱིས་པ་གང་སུ་ཞིག །བྱིས་པ་བས་ཀྱང་མཁས་པ་དག །མྱུར་དུ་འཇུག་པའི་སྒོ་འདི་ཡིན། །འདི་ཙམ་ཁོ་ན་ཤེས་པའི་བློ་བཟང་དེ། །མཁྱེན་ལྡན་བོད་ལེགས་ཞབས་ཀྱི་བཞུགས་པའི་ཁྲི། །མཐོན་པོའི་གོ་འཕང་དེ་ལ་འཛེག་པར་དབང༌། །མང་པོའི་དབུས་སུ་མཁས་པའི་གྲགས་དཀར་འཐོབ། །རྟགས་ཀྱི་རྣམ་གཞག་རྣམ་དབྱེའི་འདྲེན་ཚུལ་དང༌། །བྱ་བྱེད་ཙམ་གྱི་མིང་ཡང་མ་གསན་པར། །རྨོངས་པའི་ཁྲོད་དུ་པཎ་ཆེན་ཡིན་ནོ་ཞེས། །ཁས་ལེན་བགྱིད་པའི་སྙིང་སྟོབས་ཆེ་ལྡན་དག །བླུན་པོས་བཅོས་པའི་དུག་གི་ཆང་འཐུངས་པས། །འཛེམ་མེད་སྨྲ་བའི་གོམ་སྟབས་ཡོན་པོ་ཡིས། །གསུང་རབ་པདྨོའི་སྐྱེད་ཚལ་ཆུད་གསོན་གྱི། །ཀྱེ་མ་གྲོགས་དག་དུས་འདིར་བག་ཡོད་གྱིས། །ཞེས་བྱ་བ་འདི་ནི། སུམ་རྟགས་གཉིས་ཀྱི་དོན་རྒྱས་པར་བཀྲོལ་ནས་སྡེབས་སྙན་པའི་ངག་གིས། ཚིག་ཉུང་བར་བསྡུས་པ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བ་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མགྲིན་དབྱངས་རྔ་སྒྲའི་ལོ་ཞེས་པ། ལྕགས་མོ་ཡོས་ཀྱི་ལོ། ཁྲུམས་ཀྱིས་ཉ་བའི་ཕྱོགས་དང་པོ་ལ་གཙང་གཡས་རུའི་སའི་ཆ་ཉུག་རྒྱལ་གྱི་ལྷ་ཁང་དུ་སྦྱར་བ་ཡིན་ནོ།།  །།  ༄༅། །སྤྲིང་ཡིག་བདུད་རྩིའི་ཐིགས་པའི་རྣམ་བཤད་དཔག་བསམ་ཡོངས་འདུའི་ལྗོན་ཕྲེང་ཞེས་བྱ་བ་བཞུགས་སོ།། སྭསྟི། རྫོགས་སངས་རྒྱས་རྣམས་རྒྱལ་སྲས་སྐུར། །སྟོན་མཛད་ཐུབ་བསྟན་རིན་པོ་ཆེ། །གསལ་བར་བྱེད་དང་འཛིན་མཛད་དུ། །ལུང་བསྟན་ཐོབ་ཁྱོད་ལ་ཕྱག་འཚལ། །གང་གང་ཤིང་རྟའི་སྲོལ་འབྱེད་དུ། །རྒྱལ་བ་ཉིད་ཀྱིས་གསུང་གྱུར་པ། །དེ་དེའི་བསྟན་བཅོས་དཔྱིད་ཕྱིན་པ། །བཤད་པས་ལུས་ཡོངས་རྫོགས་འདིར་བསམ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གང་བཤད་པར་བྱ་བའི་ཆོས་ནི། གངས་ཅན་ལྗོངས་ཀྱི་མུན་པ་སེལ་བར་བྱེད་པའི་ཉིན་བྱེད། བདག་ཉིད་ཆེན་པོ་བློ་ལྡན་བཟང་པོས་བཤད་རྒྱུད་པ་རྣམས་ལ་སྤྲིངས་པའི་བསྟན་བཅོས་བདུད་རྩིའི་ཐིགས་པ་ཞེས་མཚན་དུ་གསོལ་བ་འདི་ལ་དོན་གསུམ་སྟེ། བཤད་པ་ལ་འཇུག་པའི་མཛད་པ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས་ལས། མཆོད་པར་བརྗོད་པ་ནི། འཇིག་རྟེན་དབང་ཕྱུག་སོགས་དང༌། གཉིས་པ་གདམ་བྱའི་ཡུལ་ལ་ཤིས་བརྗོད་མཛད་པ་ནི། དད་པའི་གཞི་བརྟན་སོགས་ཚིགས་སུ་བཅད་པ་གཉིས་སོ། །གཉིས་པ་ལ་གསུམ་སྟེ། ལམ་ཟབ་རྒྱས་ཀྱི་ངོས་འཛིན་གཏན་ལ་ཕབ་པ་དང༌། དེ་ཇི་ལྟར་ལམ་དུ་བྱེད་པའི་ཚུལ་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པར་བཞག་པའོ། །དང་པོ་ལ་གཉིས་ཏེ། རྒྱ་ཆེན་སྤྱོད་པའི་ཕྱོགས་ལ་འཇུག་ཚུལ་དང༌། ཟབ་མོ་ལྟ་བའི་ཕྱོགས་ལ་འཇུག་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་འཇུག་པའི་ཚུལ་དང༌། ཞུགས་ནས་བསླབ་པ་གསུམ་ཇི་ལྟར་སྦྱོང་བའི་ཚུལ་དང༌། སྦྱངས་ནས་གཞན་དོན་ཕུན་སུམ་ཚོགས་པར་སྒྲུབ་དགོས་པའོ། །དང་པོ་ལ་གསུམ་ལས། ཐོག་མར་ལས་རྒྱུ་འབྲས་བསམས་ནས་མངོན་པར་མཐོ་བའི་ལམ་ལ་འཇུག་པ་ནི། སྐྱེ་བའི་སོགས་ཚིགས་སུ་བཅད་པ་གཅིག་གོ །བར་དུ་འཁོར་བའི་ཉེས་དམིགས་བསམ་ནས་ཉོན་མོངས་པའི་ཚོགས་འཇོམས་པ་ལ་སློབ་ཚུལ་ནི། སྡུག་བསྔལ་མང་ལྡན་སོགས་ཚིགས་སུ་བཅད་པ་གཅིག་གོ །དུས་གསུམ་པར་སྐྱེས་བུ་ཆེན་པོའི་ལམ་དུ་འཇུག་ཚུལ་ལ་གསུམ་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། འཆི་བདག་བདུད་འཇོམས་སོགས་རྐང་པ་ཕྱེད་དང་གཉིས་སོ། །གཉིས་པ་སྨོན་སེམས་བསྐྱེད་པ་ནི། བདེ་བའི་སོགས་རྐང་པ་ཕྱེད་དང་གསུམ་མོ། །གསུམ་པ་འཇུག་སེམས་བསྐྱེད་པ་ནི། ཐར་པའི་སོགས་ཚིགས་སུ་བཅད་པ་གཅིག་གོ །གཉིས་པ་ནི། སྡུག་བསྔལ་སོགས་ཚིགས་སུ་བཅད་པ་གཅིག་གོ །གསུམ་པ་ལ་གཉིས་ལས། ཐོག་མར་གཞན་དད་པ་སྐྱེད་དུ་གཞུག་པ་ནི། ཆོས་སྤྱོད་སོགས་རྐང་པ་གཉིས་སོ། །གཉིས་པ་གཞན་ལ་ཕན་འདོགས་པ་ནི། བཤེས་གཉེན་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དེ་དག་ནི་ཕྱི་མའི་དུས་འདིར་ཡང་རྣམ་པར་དཔྱོད་པ་ཅན་དག་གི་གློ་བ་ལ་གཤིན་པར་སླ་བའི་ཕྱིར་རྒྱས་པར་མ་སྤྲོས་སོ། །གཉིས་པ་ལ་གསུམ་སྟེ། ཟབ་མོ་སྟོང་པ་ཉིད་གཏན་ལ་འབེབས་ཚུལ་ལུང་རིགས་ཁོ་ན་ལ་རག་ལས་པར་བསྟན། དེ་ལ་ཡང་གཞན་གྱི་འཆད་ལུགས་མི་འཐད་པར་བཤད། རང་གི་འཆད་ཚུལ་གཞུང་བཞིན་བཤད་པའོ། །དང་པོ་ལ་གཉིས་ཏེ། དབུ་མའི་རིགས་ཚོགས་ཀྱི་རིགས་པ་འཆད་ཚུལ་ཁྱད་པར་ཅན་ཞིག་དགོས་པར་བསྟན། དེ་འཆད་པའི་ལུང་ཡང་ཀླུ་སྒྲུབ་ཀྱི་ལུང་ལས་གཞན་ལ་ཡིད་རྟོན་མེད་པའོ། །དང་པོ་ནི། ཆོས་རྣམས་རང་བཞིན་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིགས་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩ་བཞིན་དོར། །ཞེས་གསུངས་ཏེ། འདི་ལྟར་འཆད་པའི་ཚིག་དོན་གཉིས་ཀ་གངས་ཅན་པ་ཕྱི་མ་དག་གི་གློ་བ་ལ་ཤིན་ཏུ་མི་འཚམས་པར་གྱུར་པ་ནི། འདི་སྙམ་དུ། དབུ་མ་རིགས་པའི་ཚོགས་ཀྱི་འཆད་ཚུལ་ནི་ཐལ་རང་དུ་གྲགས་པའི་སྲོལ་ལས་ཁྱད་པར་གཞན་དུ་སྟོན་པར་མི་ནུས་ཤིང༌། ཁྱད་པར་དུ་རྣམ་འགྲེལ་མཛད་པའི་གཞུང་ལས་འབྱུང་བའི་ངེས་དོན་མཐར་ཐུག་ནི་སེམས་ཙམ་དུ་གནས་པས་རིགས་ཚོགས་སེམས་ཙམ་དུ་ཐལ་བ་མ་ཡིན་ནམ་སྙམ་པའི་དོགས་པ་འདི་སེལ་བར་བྱ་སྟེ། འདི་ལ་སྤྱིར་བཤད་པ་དང༌། སྐབས་ཀྱི་དགོངས་དོན་བསམ་པའོ། །དང་པོ་ནི་བདག་ཉིད་ཆེན་པོ་འདིས་ནི་རྣམ་འགྲེལ་མཛད་པའི་གཞུང་ནས་འབྱུང་བའི་ངེས་དོན་གྱི་མཐར་ཐུག་ཚད་མ་རྒྱན་གྱིས་བཀྲལ་བ་ལྟར། གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་དབུ་མ་དེ་ཉིད་དུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །ཞེས་དང༌། ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པས། །ལྟ་བའི་ཆུ་བོ་ཟློག་པར་དཀའ་མོད་ཀྱི། །ཡང་དག་རིགས་པས་ལེགས་པར་བརྡའ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །ཞེས་པའི་ལུང་ལས་དང༌། རིགས་པས་བརྡ་སྤྲོད་པའི་ཚུལ་ཡང་གཞལ་བྱ་ལ་གཉིས་སུ་ངེས་ཤིང༌། སྤྱི་མཚན་ངོ་བོས་མ་གྲུབ་ཚུལ་རྒྱས་པར་གསུངས་པ་དང༌། རང་མཚན་ཡང་དོན་ཤེས་གཉིས་སུ་ངེས་ཤིང༌། དེ་གཉིས་ཀ་ཡང་གཅིག་དང་དུ་བྲལ་གྱི་རིགས་པས་རང་བཞིན་མ་གྲུབ་པ་ཉིད་དུ་གཏན་ལ་ཕབ་ཚུལ་བསམས་པ་ཉིད་ཀྱིས་ཤེས་པར་ནུས་ལ། རྣམ་འགྲེལ་མཛད་པས་གཞན་དབང་དང་ཡོངས་གྲུབ་བདེན་པར་བཤད་དོ་ཞེས་ཟེར་མོད། དེ་ལྟར་བཤད་པ་མི་བདེན་པའི་ཚུལ་ནི། གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་སུ་དོན་སྣང་གི་ཤེས་པ་རང་བཞིན་མེད་པ་ཉིད་དུ་བསྒྲུབས་པ་དང༌། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྒྱས་པར་གསུངས་པ་དང༌། ཡོངས་གྲུབ་ཀྱི་ངོས་འཛིན་ཀྱང༌། ལོ་ཙྪ་བ་ཆེན་པོ་འདིས་ནི་གཉིས་སྟོང་མེད་དགག་གི་ཆ་ལ་འཆད་ཅིང༌། དེ་ཡང་ནི་ཇི་སྐད་དུ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པས་ན་ངོ་བོ་ཉིད་དུ་འཁྲུལ་པའི་དོགས་པ་ག་ལ་ཡོད། གཉིས་སྟོང་ཡེ་ཤེས་ཀྱི་ཆ་ལ་འཆད་པ་རྒྱན་དང་ཞི་མཚོ་ལྟར་བཤད་ནའང་དབུ་མར་མི་འགལ་ཏེ། འཕགས་སེང་གིས་འཆད་པ་བཞིན་ནོ། །ཕྱ་བསྡུས་ཀྱིས་ཀྱང་རྣམ་འགྲེལ་ངེས་ནས་འབྱུང་བའི་མདོ་སེམས་ཀྱི་ལུགས་དེ་བཀག་ནས་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་རྟེན་གྱི་གྲགས་པ་བཞིན་དུ་ཁས་ལེན་པའི་དབུ་མ་ཞིག་ཏུ་བཀྲལ་ཏེ། སློབ་དཔོན་ཟླ་བའི་བཞེད་པ་དང་མཐུན་པ་དེ་ནི་མ་ཡིན་ནོ། །འདིར་རང་གིས་ཀྱང་རྣམ་པར་བརྟགས་པ་ནི། རྣམ་འགྲེལ་མཛད་པས་ཀླུ་སྒྲུབ་ཞབས་ཀྱིས་བཞེད་པའི་གཅིག་དང་དུ་བྲལ་གྱི་རིགས་པ་དེ་དོན་ཤེས་གཉིས་ཀ་ལ་སྦྱར་ནས་གསུངས་ལ། དེ་ལྟར་སྦྱོར་བ་ན་དེ་ལས་གཞན་པའི་ཆོས་གང་ཅི་ཞིག་ཡོད་ན་ཡང་སྦྱོར་དགོས་པ་ནི། ཇི་སྐད་དུ། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཉིད། །ཅེས་གསུངས་པ་ལས་གྲུབ་པ་དང༌། རང་དོན་རྗེས་དཔག་ཏུ་དངོས་པོ་མཐའ་དག་སྐད་ཅིག་མ་གཅིག་ཏུ་ཡང་གནས་པའི་གོ་སྐབས་མེད་པར་བཤད་པ་ལས་རང་སྟོང་དུ་ཡང་ངེས་པར་གྲུབ་པ་ཡིན་ནོ། །གཉིས་པ་ནི། སྤྱིར་དེ་ལྟར་བཤད་ནུས་མོད། འདིར་སྐབས་སུ་བབ་པའི་བཤད་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཤིན་ཏུ་ལྐོག་ཏུ་གྱུར་པ་ནི་གཏན་ལ་ཕེབས་པ་ཚད་མ་ཁོ་ན་ལ་རག་ལས་ཀྱི། གཞན་གྱིས་ནི་མ་ཡིན་ནོ། །ཚད་མ་དེ་ཡང་ལས་དང་པོ་པ་རྣམས་ཀྱི་ནི་རྗེས་སུ་དཔག་པས་ཡིན་ལ། དེ་ཡང་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ལ་བརྟེན་དགོས་ཀྱི། གཞན་དུ་ན་ཡིད་དཔྱོད་དམ་ཐེ་ཚོམ་ལས་མི་འདའ་ལ། རྟགས་དེའི་རྣམ་པར་བཞག་པ་ཡང་ལུགས་དེ་ལས་གཞན་ན་ཇི་ལྟ་བ་བཞིན་ཡོད་པ་མ་ཡིན་ཏེ། རྟགས་ཡང་དག་ཏུ་འགྲོ་བ་ནི་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་སྔོན་དུ་འགྲོ་བ་ལ་རག་ལས་ཤིང༌། ཆོས་ཐམས་ཅད་རང་སྟོང་དུ་སྨྲ་བས་ནི་གཞན་སེལ་གྱི་རྣམ་གཞག་མ་ཤེས་ན་རྟགས་ཆོས་དོན་གསུམ་ངེས་བྱེད་ཀྱི་ཚད་མ་རྙེད་དཀའ་བས་སོ། །ཞེས་དགོངས་པ་དང༌། ཡང་དགོངས་པ་གཅིག་ལ་སྤྱིར་ལུང་ཚད་མར་འགྲོ་བ་ལ། ལུང་དོན་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་ན་ལོག་ཕྱོགས་ཀྱི་དོན་ལ་གེགས་བྱེད་ཙམ་ལས་མི་འབྱུང་བས་ལུང་ལ་བརྟེན་པའི་ཚད་མ་བསྐྱེད་མི་ནུས་པ་དེའི་ཕྱིར། ཇི་སྐད་དུ། མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་དེ། །བཟུང་བར་བྱ་ཕྱིར་སྤྱོད་འཇུག་འགྱུར། །ཞེས་པ་ལྟར། དབུ་མ་རིགས་ཚོགས་ཀྱི་གཞུང་དོན་ངེས་པར་བྱ་བ་རྣམས་ཀྱི་ཐོག་མར་ལུང་དེ་དཔྱད་པ་གསུམ་གྱིས་དག་པར་བྱ་དགོས་སོ། །ཞེས་དགོངས་པ་གཅིག་དང༌། ཡང་དགོངས་པ་གཅིག་ནི། ཤིན་ལྐོག་གཏན་ལ་འབེབས་བྱེད་ཀྱི་རྗེས་དཔག་དེ་ཡང་སྒྲོ་འདོགས་གསར་དུ་བཅད་པ་དང་མཐུན་པའི་འཇུག་ཡུལ་གང་ལ་དམིགས་རྩེ་གཏད་པ་དེ་ལ་བརྒྱུད་ནས་འབྲེལ་པའི་རྒྱུ་མཚན་གྱིས་མི་བསླུ་བ་ཞིག་དགོས་ཀྱི། གཞན་ལ་སྒྲོ་འདོགས་བཅད་པ་ཙམ་གྱིས་མི་ཆོག་པའི་དོན་ནོ། །དེ་ལྟར་དབུ་མ་རིགས་ཚོགས་ཀྱི་རིགས་པས་མཐའ་གཉིས་སེལ་བའི་རིགས་ལམ་སྦྱོར་ཚུལ་རྣམ་འགྲེལ་མཛད་པའི་ལུགས་ལྟར་བཟང་ངོ་ཞེས་བཤད་ནས། དེ་ལས་གཞན་པའི་ལུགས་འདོར་དགོས་ཞེས་པའི་དགོངས་པ་ནི། སྤྱིར་ལོ་ཆེན་གྱི་དུས་ཡན་ལ་ཐལ་འགྱུར་བའི་གཞུང་འགྲེལ་བོད་དུ་མ་འགྱུར་ཡང་ལུགས་དེ་ལེགས་པར་མཁྱེན། རང་རྒྱུད་པའི་གཞུང་འགྲེལ་མང་པོ་ལ་རྣམ་པར་བཤད་པ་རྒྱས་བསྡུས་ཀྱང་མཛད། དེའི་ཚེ་ལུགས་དེ་གཉིས་ཀའི་ངེས་དོན་གྱི་ངོས་འཛིན་ཚུལ་གཙང་མ་དེ་ལ་སུན་འབྱིན་མི་མཛད་ཀྱང༌། དེ་གཏན་ལ་འབེབས་པའི་རིགས་པ་དང༌། དེ་ལ་བརྟེན་པའི་ཚད་མ་ཇི་ལྟ་བུ་ཞེས་འཆད་པའི་ཚུལ་ནི། ཐལ་འགྱུར་བས་དགག་བྱ་མཐར་འཛིན་གྱི་ལོག་རྟོག་སེལ་བར་ནུས་ན་རིགས་པ་དེས་ཆོག་པ་ཡིན་གྱི། སྒྲུབ་ཕྱོགས་ངེས་པའི་ཚད་མ་སྐྱེ་མི་དགོས། དེ་སེལ་བྱེད་ཀྱང་འགལ་བ་བརྗོད་པའི་ཐལ་འགྱུར་དང༌། གཞན་ལ་གྲགས་པའི་རྗེས་སུ་དཔག་པས་ཆོག་གི གཞི་རྟགས་ཚད་མས་ངེས་པ་དང༌། བཟློག་དོན་ལ་རང་རྒྱུད་ཀྱི་གཏན་ཚིགས་འཕེན་དགོས་པ་ནི་མ་ཡིན་ནོ། །ཞེས་འཆད་པ་དེ་ནི་ལུགས་བཟང་པོ་མ་ཡིན་ཏེ། སྤྱིར་ཚད་མ་ལ་མ་བརྟེན་པར་གཞལ་བྱ་གཏན་ལ་མི་ཕེབས། དེ་ལས་ཀྱང་གཞལ་བྱ་ལྐོག་གྱུར་ནི་གཏན་ལ་ཕེབས་པ་རྗེས་དཔག་ཁོ་ན་ལ་རག་ལས། དེ་ཡང་གཏན་ཚིགས་ཡང་དག་ལ་མ་བརྟེན་པར་མི་འབྱུང་བའི་ཕྱིར་དང༌། ལོག་རྟོག་བསལ་བ་ཙམ་ནི་ཡིད་དཔྱོད་དང་དོན་འགྱུར་གྱི་ཐེ་ཚོམ་ལ་ཡང་ཡོད་པའི་ཕྱིར་དང༌། སངས་རྒྱས་ཀྱི་གསུང་ལས་གཏན་ཚིགས་ཡང་དག་མང་དུ་གསུངས་པ་རྣམས་ཀྱང་ལྐོག་གྱུར་གཏན་ལ་འབེབས་བྱེད་དུ་དགོངས་པའི་ཕྱིར། རང་རྒྱུད་པས་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་བཞེད་ཀྱང༌། བརྗོད་བྱ་གཏན་ཚིགས་ཀྱི་ངོས་འཛིན་དང༌། རྗོད་བྱེད་སྒྲུབ་ངག་གི་སྦྱོར་ལུགས་དང༌། བསྒྲུབ་བྱ་ངེས་པའི་བློ་རིགས་ཤེས་སུ་འདོད་ན་ལྟ་བའི་དུག་གསོར་མི་རུང་བ་ཉིད་དུ་འདོད་པ་དང༌། སེལ་བའི་རྣམ་གཞག་མི་འཆད་པས་རང་སྟོང་ཁས་ལེན་པ་དང༌། ཆོས་ཅན་ཚད་གྲུབ་མི་འགལ་བའི་ཚུལ་མ་ཤེས་པས་ན་ལུགས་དེ་ཡང་བཟང་པོ་མ་ཡིན་ནོ། །ཞེས་དགོངས་པའོ། །གཉིས་པ་ནི། པཎྜི་ཏ་ཞེས་པ་རབ་གྲགས་འདིར་འོངས་ཕལ་ཆེར་ཡང༌། །གཞུང་ལུགས་མི་མཁས་རང་གི་ངན་རྟོག་གིས་ཁྲིད་ཅིང༌། །མཐའ་གཉིས་ལ་འཆེལ་ཡང་དག་ལམ་ལ་སུན་འབྱིན་པས། །དེ་དག་ཚིག་གིས་ཀླུ་སྒྲུབ་ཀྱིས་བཤད་ལམ་མི་དོར། །ཞེས་པ་འདིའི་དོན་བསམ་པ་ལ། སྤྱིར་བཏང་བ་དང༌། སྐབས་ཀྱི་དོན་གང་ཡིན་པའོ། །དང་པོ་ནི། བོད་འདིར་སྔོན་གྱི་བརྡའ་སྙིང་པ་ལ་ཐོས་བསམ་པས་སྟོང་ཉིད་རྗེས་དཔག་གི་ལམ་དུ་བྱེད་པ་དང༌། རྣལ་འབྱོར་པས་སྟོང་ཉིད་མངོན་སུམ་གྱི་ལམ་དུ་བྱེད་པ་ཞེས་བྱ་བའི་ཐ་སྙད་དང༌། ཡང་པཎྜི་ཏའི་དཔྱད་སྒོམ་དང༌། ཀུ་ས་ལའི་འཇོག་སྒོམ་ཞེས་བྱ་བའི་བརྡ་ཆད་དང༌། བྱམས་ཆོས་པ་ཉིད་ལའང༌། ཐོས་བསམ་པའི་ལུགས་ལྟར་བཤད་པ་དང༌། སྒོམ་ལུགས་ལྟར་འཆད་པ་ཞེས་བྱ་བའི་ཐ་སྙད་དང༌། ཡང་ཞི་བྱེད་པ་དང་ཕྱག་རྒྱ་བ་དག ལུང་རིགས་ལ་མ་ལྟོས་པར་མན་ངག་རྐྱང་པས་གནས་ལུགས་ཀྱི་དོན་རྟོགས་པར་བཞེད་པ་དག་སྟེ། གནས་ལུགས་ཀྱི་དོན་རྟོགས་པ་ལུང་རིགས་ལ་མི་ལྟོས་པར་བཞེད་པ་དག་བྱུང་སྟེ། དེ་དག་ལ་དགོངས་ནས་ཀླུ་སྒྲུབ་ཀྱི་གཞུང་ལུགས་དོར་བར་མི་བྱ་ཞེས་གསུངས་པ་ཡིན་ནམ་བརྟག་པར་བྱ་སྟེ། དེའི་ཚེ་གངས་ཅན་པ་ཕྱི་མ་དག་གི་བསམ་པ་ལ་ནི་ཤིན་ཏུ་འབབ་པར་འགྱུར་ཏེ། ཀླུ་སྒྲུབ་ཞབས་ཀྱི་རིགས་པས་ལྟ་བའི་ཕུ་ཐག་མ་བཅད་ན་ལུགས་གཞན་དེ་བླུན་བསྒོམ་དུ་སོང་ཞེས་འཆད་པར་སྣང་བས་སོ། །དེ་ལྟ་མོད་ཀྱི་རྡོ་རྗེ་ཐེག་པ་པ་དག་ལ་ཡང་ཀླུ་སྒྲུབ་ཞབས་ཀྱི་ལུང་རིགས་ལ་མ་ལྟོས་པའི་ལྟ་བ་རྟོགས་ལུགས་ཆེས་ཁྱད་པར་དུ་འཕགས་པ་དག་གསུངས་པས་ན། མཐའ་གཅིག་ཏུ་བརྟག་པར་དཀའོ། །གཉིས་པ་ནི། འདིར་ཕར་ཕྱིན་ཐེག་པ་པ་ཁོ་ནའི་དབང་དུ་བྱས་ནས་དེ་སྐད་གསུངས་པར་ངེས་ལ་དེའི་ཚེ་མཐའ་གཉིས་ལ་འཆེལ་ཞེས་སོགས་ཀྱི་ཉེས་པས་རེག་པའི་པཎྜི་ཏ་དང༌། དེས་བྱས་པའི་བསྟན་བཅོས་ནི་འདི་ཡིན་ཞེས་ངོས་བཟུང་བར་དཀའ་ལ། ཇི་སྐད་དུ། མངོན་སུམ་རྗེས་དཔག་དགོས་པ་མེད། །ཕ་རོལ་རྒོལ་བ་བཟློག་པའི་ཕྱིར། །ཞེས་བཤད་པ་དེས་ཀྱང་ཡིད་ཆེས་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་འགོག་ན་ནི་དེ་ལ་ཡང་ཟུར་གྱིས་འཕོག་པར་སོང་ཞིང༌། དབུ་མ་རིགས་ཚོགས་དང་མི་བསྟུན་པའི་ངེས་དོན་འཆད་ཚུལ་ཅན་གྱི་རྒྱ་གར་བའི་གཞུང་ཕྲན་དུ་མ་པཎྜི་ཏའི་མིང་ཅན་ཁ་ཅིག་གིས་བོད་དུ་ཁྱེར་ཏེ་འོངས་པ། འགྱུར་བྱེད་དག་གིས་བསྒྱུར་བ་ལ་གསུང་བ་ཡིན་ནམ་སྟེ། དཔེར་མཚོན་ན་དེ་ཁོ་ན་ཉིད་བཅུ་ཡིས་འགྲེལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་ལོ་ཆེན་དུས་སུ་འགྱུར་ཡོད་པ་དེའི་ནང་ན། དེ་བཞིན་ཉིད་ནི་ཤེས་འདོད་ན། །རྣམ་བཅས་མ་ཡིན་རྣམ་མེད་མིན། །ཞེས་ཀླུ་སྒྲུབ་ཀྱི་རྣམ་མེད་ཀྱིས་ཀྱང་དེ་བཞིན་ཉིད་ཀྱི་གོ་མི་ཆོད་པ་དང༌། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མ་འབྲི་བ་ཙམ་ཉིད་དེ། །ཞེས་རིགས་ཚོགས་ཀྱི་དབུ་མ་དེ་དབུ་མ་ཆེན་པོར་མ་བཤད་པ་དང༌། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་གྱི་གཞུང་དུས་དེར་འགྱུར་མ་ཟིན་ཀྱང༌། རྒྱ་དཔེ་ཡོད་པའི་ནང་ན། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཞེས་བཤད་པ་དེ་རྣམས་ལ་དགོངས་པ་ཡིན་ནམ་ཞེས་བསམ་པར་བྱ་སྟེ། ཉིད་ཀྱི་སློབ་མ་ལ་གདམས་པ་ན། ཁྱེད་ཀྱང་སྡེ་སྣོད་ཆོས་ལ་སྦྱོངས་ཤིག་རིགས་པ་ཡིས། །ཆོས་ཉིད་མཐོང་བ་ཚད་མའི་ངེས་པ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དགག་པ་མདོར་བསྟན་པ་དང༌། དེ་ཉིད་ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ནི། དོན་རྣམས་རིགས་པའི་སྟོབས་ཀྱིས་རྣམ་འགར་གནས་འདོད་དང༌། །འདུས་བྱས་ལམ་འདས་དེ་ཉིད་ཚད་མས་ངེས་འཛིན་པ། །གཉིས་ཀ་དངོས་འཛིན་མི་བཟད་གདོན་ཆེན་ཁར་སོང་ནས། །ལྟ་བའི་མཆེ་བ་རྣོན་པོས་དམ་དུ་བཟུང་བ་ཡིན། །ཞེས་བྱ་བ་འདི་ནི་དབུ་མ་ཐལ་རང་སོ་སོའི་རྗེས་སུ་འབྲང་ཞིང་དེ་དག་གི་ལུགས་དཔྱིས་མ་ཕྱིན་པ་དག་ལ་གསུངས་པ་ཡིན་ཏེ། སྔོན་གྱི་དུས་སུ་སྒྱུ་མ་རིགས་གྲུབ་པ་དང༌། མེད་དགག་ཚད་འཇལ་བའམ། སྟོང་པ་ལ་མཚན་མར་ལྟ་བའི་དབུ་མ་པ་ཞེས་གྲགས་པ་དེ་དག་གིས་དེ་དང་དེར་ཞེན་པའི་བློ་གནས་ཚུལ་ལ་ཞུགས་པར་ཁས་ལེན་པ་ནི་གསོར་མི་རུང་བའི་དུག་གིས་ཟིན་པར་སོང་བའི་ཕྱིར། དེ་ཡང་འདི་ལྟར། ཇི་ལྟ་བ་དང་ཇི་སྙེད་པའི་དོན་རྣམས་ལ་རིགས་ཚོགས་ནས་འབྱུང་བའི་རིགས་པའི་སྟོབས་ཀྱིས་རྣམ་པར་དཔྱད་པ་ན་རང་རྒྱུད་པར་ཁས་ལེན་པ་དག་ནི། བསྒྲུབ་བྱ་སྣང་བ་སྒྱུ་མ་ལྟ་བུ་མ་ཡིན་པར་དགག་པ་དེའམ། ཡང་ན་སྣང་བ་བདེན་མེད་ཅེས་བྱ་བ་མེད་པར་དགག་པའི་མིང་ཅན་དེ་རྟགས་དེ་དང་དེ་ལ་བརྟེན་པའི་རྗེས་དཔག་གི་རྟོགས་པས་ན་ངེས་དོན་མཐར་ཐུག་ཏུ་གནས་པ་ཡིན་ནོ། །ཞེས་ཟེར་བ་དང༌། ཐལ་བ་པར་ཁས་ལེན་པ་ལ་ལ་དག་གིས་ནི་འདུས་བྱས་མཐའ་དག་གི་ལམ་ལས་འདས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་མིང་ཅན་མེད་པར་དགག་པ་དེ་ཉིད་ཚད་མས་ངེས་པར་འཛིན་ཞིང་རྟོགས་དགོས་ཏེ། གཞན་དུ་ན་མོ་གཤམ་གྱི་བུ་དང་མཚུངས་པར་ཐལ་བའི་ཕྱིར། ཞེས་ཟེར་བ་འདི་ཡང་གངས་ཅན་པ་ཕྱི་མ་དག་གི་གློ་བ་ལ་ཤིན་ཏུ་འབབ་པ་ཡིན་ཏེ། དིང་སང་དབུ་མའི་ཆོས་སྐད་མཐར་ཐུག་པ་ནི་འདི་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །གཞུང་འདིའི་ལུགས་ཀྱིས་དེ་མི་འཐད་པ་ལ་གཉིས་ཏེ། ལུགས་སྔ་མ་རང་རྒྱུད་པའི་གཞུང་དང་འགལ་བ་དང༌། ལུགས་ཕྱི་མ་ཐལ་འགྱུར་བའི་གཞུང་དང་མ་མཐུན་པའོ། །དང་པོ་ནི་དགག་བྱ་བདེན་གྲུབ་རྣམ་པར་བསལ་ཙམ་ལ་བསྒྲུབ་བྱ་བདེན་མེད་ཀྱི་ཐ་སྙད་དང༌། རྗེས་སུ་དཔག་པས་རང་དབང་མེད་པར་ཞེན་པ་བྱུང་མ་བྱུང་ལ་རག་མོད། དེ་འདྲ་དེ་དབུ་མ་རང་རྒྱུད་པའི་གཞུང་གི་གྲུབ་མཐའ་མ་ཡིན་ཏེ། དགག་བྱ་བདེན་གྲུབ་ཡོད་པ་མ་ཡིན་པས་ན་དེ་བཀག་པའི་བདེན་མེད་དང༌། སྒྱུ་མ་ལྟ་བུ་ཡང་གནས་ལུགས་དང་དོན་དམ་པའི་བདེན་པ་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་གང་དུ་ཡོད་ན་ཀུན་རྫོབ་ཀྱི་བདེན་པར་རོ་ཞེས་འཆད་དགོས་པ་ཡིན་ཏེ། རྒྱན་དང་བདེན་གཉིས་ལས། བརྟགས་པའི་རང་གི་ངོ་བོ་ཡི། །བཀག་པ་བཏགས་མིན་ཇི་ལྟར་འགྱུར། །ཞེས་དང༌། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་གསུངས་པས་སོ། །གཉིས་པ་ནི། དེ་ལྟར་འདོད་པ་དེ་ཡང་ཐལ་འགྱུར་བ་ལྟ་ཅི་སྨོས། ངོ་བོ་ཉིད་མེད་པར་སྨྲ་བ་སུའི་ཡང་ལུགས་མ་ཡིན་ཏེ། རྩ་ཤེར་ཐ་སྙད་དུ་དོན་དམ་བདེན་པའི་ངོས་འཛིན་ཙམ་དུ་བཤད་པའི་ཟབ་མོ་ཁྱད་པར་ལྔ་ལྡན་ལྟ་བུ་དེ་ནི་ཚད་མ་གཉིས་པོ་གང་གིས་ཀྱང་མི་འཛིན་པའི་ཕྱིར། དེ་འཆད་པ་ལ་གཉིས་ལས། རིགས་པ་ནི་རང་མཚན་དུ་མེད་པས་མངོན་སུམ་གྱིས་མི་འཛིན་པ་དང༌། རྗེས་དཔག་གིས་བཟུང་ན་སྤྲོས་པར་སོང་བ་དང༌། དོན་དམ་པའི་བདེན་པར་འགལ་ལོ། །ཅི་སྟེ་རང་མཚན་དུ་མེད་ན་སྤྱི་མཚན་ལས་འོས་མེད་པས་རྗེས་དཔག་གིས་མི་འཇལ་བ་འགལ་ལོ། །ཞེ་ན། གཞལ་བྱར་ཁས་ལེན་ན་དེ་ལྟ་མོད་ཀྱི། ལོ་ཆེན་གྱིས་དེ་གཞལ་བྱར་མི་བཞེད་དེ། བློའི་ཡུལ་དུ་མི་བཞེད་པས་སོ། །ལུང་ནི་ཇོ་བོ་རྗེས། མངོན་སུམ་རྗེས་སུ་དཔག་པ་ཡི། །ཚད་མ་གཉིས་པོས་རྟོགས་སོ་ཞེས། །ཚུ་རོལ་མཐོང་བའི་རྨོངས་པ་སྨྲ། །ཞེས་སོགས་དང༌། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་པོས་མི་རྟོགས་ཞེས། །སློབ་དཔོན་མཁས་པ་བྷ་བྱ་གསུང༌། །ཞེས་བཤད་ནས། འོ་ན་གང་གིས་རྟོགས་ཤེ་ན། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་དང༌། རྟོགས་པའི་གོ་དོན་ཀྱང༌། དེ་ཉིད་ལས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་བཤད་པ་དང༌། དེ་སྐབས་ཀྱི་མན་ངག་ཇོ་བོས་མཛད་པ་དེ་ཉིད་ཀྱི་རྣམ་བཤད་ལོ་ཆེན་གྱིས་མཛད་པར་ཡང༌། དེ་སྐབས་ཀྱི་རིགས་པ་ནི་རྣམ་འགྲེལ་མཛད་པ་དང་མཐུན་པར་འཆད་དོ། །གལ་ཏེ་འོ་ན་ཟབ་མོ་སྤྲོས་བྲལ་གྱི་གཞན་སེལ་རྗེས་དཔག་གིས་གསལ་བར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཤིན་ཏུ་ཡང་དགོས་ལ། དེ་ལྟར་གཞལ་བ་དེས་རྣལ་འབྱོར་འོག་མའི་དོན་དམ་གྱི་འཛིན་སྟངས་ལ་གནོད་པ་ཉིད། ཇི་སྐད་དུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་གཞུང་དོན་དུ་ལོ་ཆེན་གྱི་བཤད་དོ། །དེ་ལྟ་ན་ཡང་གཞན་སེལ་དེ་ཀུན་རྫོབ་བདེན་པར་འཆད་པས་ཉེས་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ནི་ངོ་བོ་ཉིད་མེད་པའི་སྐབས་འདིར། ཤེས་བྱ་ཐམས་ཅད་རང་སྟོང་དུ་འཆད་དགོས་པ་དེའི་ཚེ་ན་རྟགས་ཀྱི་རྣམ་གཞག་དང་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་སོགས་ཇི་ལྟར་ཁས་ལེན་སྙམ་པ་ལ། དབུ་མ་རྣམ་མེད་པར་གྲགས་པའམ། ཐལ་བ་པའི་ཕྱོགས་འཛིན་གྱིས་ནི་འདུ་བྱེད་ཀྱི་ཚོགས་འདི་ཐམས་ཅད་ཚད་མས་གྲུབ་པ་མེད་དོ་ཞེས་ཐག་བཅད་ནས་གནས་ཚུལ་སེམས་བྱེད་ཀྱི་ཡིད་ལ་མི་གནས་པ་སྟེ་མི་སྣང་བར་བྱས་ནས་སྣང་དོན་ཉིད་རང་སྤྱི་ཙམ་ནས་འགོག་དགོས་པ་ཡིན་ཏེ། དེ་མ་བཀག་ན་སྣང་བའི་མཚན་མ་ཟིལ་གྱིས་མི་ནོན་པས་སྣང་མེད་དུ་གནས་པ་ལ་གེགས་བྱེད་པའི་ཕྱིར། ཞེས་ཟེར་བ་དང༌། སྣང་བཅས་པའམ། རང་རྒྱུད་པའི་རྗེས་འབྲང་དག་ནི་སྣང་ཙམ་བཀག་ན་ཆོས་ཅན་མེད་པས་རྟགས་ཀྱི་རྣམ་གཞག་ཉམས་པར་ཐལ་བས་དེ་མི་འགོག་ལ། དགག་བྱ་བདེན་པ་བཀག་ནས་བདེན་མེད་བསྒྲུབ་པའི་ཆོས་སུ་བྱེད་པ་དེའི་ཚེ་ཡང་རྟགས་ཆོས་ཀྱི་ལོག་ཕྱོགས་བདེན་པ་དང༌། དེའི་གཅིག་དང་དུ་མ་སོགས་ནི་གནས་ཚུལ་སེམས་བྱེད་ཀྱི་ཡིད་ལ་མི་གནས་པར་བྱེད་དགོས་ཏེ། གཞན་དུ་ན་བདེན་པའི་མཚན་མ་ཟིལ་གྱིས་མི་ནོན་པས་བདེན་མེད་དུ་འཇལ་བའི་བློ་ལ་གེགས་བྱེད་པའི་ཕྱིར་ཞེས་ཟེར་རོ། །དེ་སྐད་དུ་སྨྲ་བའི་མི་དེ་གཉིས་ཀྱང་རིགས་ཤེས་ཚད་མ་བསྐྱེད་པར་བྱེད་པའི་རིགས་པའི་ལམ་ཆེན་པོ་དེ་ལས་ཉམས་ནས་ལོག་པར་ལྟ་བའི་འབྲོག་མྱ་ངན་གྱི་ཐང་ཆེན་པོར་ལྷུང་བ་ཡིན་ནོ། །དེའི་ཤེས་བྱེད་ལ་གཉིས་ལས། སྤྱིར་མི་འཐད་པ་ནི། སྔ་རྒོལ་དབུ་མ་པས་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་ཕབ་ཟིན་ཀྱང༌། ཕྱི་རྒོལ་གྱི་ལོག་རྟོག་སེལ་བའི་ཚེ་རྟགས་ཀྱི་ཚུལ་གསུམ་རྒོལ་བ་གཉིས་ཀྱི་བློ་ཡུལ་དུ་སྣང་བར་བྱེད་དགོས་ཏེ། གཞན་དུ་ན་ཅིར་ཡང་ཡིད་ལ་མ་བྱས་པས་ཀུན་ཏུ་རྨོངས་པར་འགྱུར་བའི་ཕྱིར་དང༌། རྟགས་དང་རྟགས་ཅན་གྱི་རྣམ་གཞག་ཇི་སྙེད་པ་ཉམས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་ལུགས་དང་པོ་མི་འཐད་པ་དང༌། ཕྱི་མ་མི་འཐད་པའོ། །དང་པོ་ནི་གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ་ཆོས་གང་ཡང་མེད་པས་རྟགས་རྗེས་དཔག་ཚད་མའི་རྣམ་གཞག་ཁས་མི་ལེན་པ་འདི་ཡང་རྣམ་འགྲེལ་མཛད་པའི་ལུགས་བཟང་པོ་དེ་ཉིད་ཁོང་དུ་མ་ཆུད་པས་ནོངས་པ་ཡིན་ཏེ། ལུགས་དེར་འཆད་པ་ན་སྣང་ངོའི་རྟགས་ཆོས་དོན་གསུམ་མ་དམིགས་ཀྱང༌། སེལ་ངོའི་ཆོས་གསུམ་པོ་སོགས་དགག་བསྒྲུབ་ཀྱི་རྟེན་དུ་གཙོ་ཆེ་བ་ཡིན་ཏེ། ཇི་སྐད་དུ། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི། ཞེས་སོགས་དང༌། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཅེས་པ་ནས། དམ་པའི་དོན་ལ་འཇུག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་ཏེ། དཔེར་མཚོན་ན། ཕྱོགས་ཀྱི་གླང་པོས་གྲངས་ཅན་གྱི་ངོར། གཙོ་བོ་ཡོད་པ་མ་ཡིན་པར་སྒྲུབ་པའི་གཏན་ཚིགས་བཀོད་པ་ན། གནས་ཚོད་ཀྱི་ཆོས་གསུམ་མེད་ཀྱང༌། སེལ་ངོའི་ཆོས་གསུམ་ཁས་བླངས་ནས་ཚུལ་གསུམ་ཚང་ཚུལ་དང་བསྒྲུབ་བྱ་འགྲུབ་ཚུལ་རྒྱས་པར་ཁས་བླངས་པ་བཞིན་ནོ། །གཉིས་པ་ནི་མིག་ལ་སོགས་པའི་ཆོས་ཅན་སྤྱིར་ཚད་གྲུབ་ཏུ་ཁས་བླངས་ནས་བདེན་པ་འགོག་ཟེར་ན་ནི་ངོ་བོ་ཉིད་མེད་པ་པའི་ཕྱོགས་ལས་ཉམས་ཏེ། མིག་མིག་གིས་སྟོང་པ་སོགས་རང་སྟོང་གི་ཚུལ་དེ་བཤིག་པའི་ཕྱིར། ཀུན་རྫོབ་ཏུ་ཡོད་པ་དང་བདེན་པར་མེད་པའི་དོན་ནོ་ཞེ་ན། དེ་ནི་སྣང་མེད་པས་ཀྱང་ཁས་བླངས་ཏེ། དེས་ཀྱང་གནས་ཚུལ་སེམས་པའི་ངོར་མེད་ཀྱང་འཁྲུལ་ངོར་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར། དགག་བྱ་འགོག་པའི་གཏན་ཚིགས་འགོད་པ་ན་ཆོས་ལོག་དང་རྟགས་ལོག་གི་སྣང་བ་སེལ་དུ་མི་རུང་སྟེ། གཞན་དུ་ན་བཟློག་འབྲེལ་མི་འགྲུབ་པའི་ཕྱིར། བདེན་པའི་མཚན་མ་ཡིད་ལ་བྱེད་པས་བདེན་མེད་ཀྱི་མཚན་མ་འཇལ་བའི་རྗེས་དཔག་ལ་གནོད་པ་མ་ཡིན་ཏེ། གནས་ཚུལ་ལ་མ་ཞུགས་པའི་བློས་ཅིག་ཤོས་ལ་མི་གནོད་པའི་ཕྱིར། གཉིས་པ་ནི། སྒྱུ་མ་གཉིས་མེད་ཆོས་ཀུན་མི་གནས་དབུ་མ་པའི། །ལུགས་གཉིས་རྣམ་འབྱེད་འདི་ཡང་རྨོངས་པ་མཚར་སྐྱེད་ཡིན། །ཞེས་པ་ནི་སྔ་མ་དག་ཛྙཱ་ན་ཤྲཱིའི་དགོངས་པ་ལ་ཟུར་ཟ་བ་ཡིན་ཏེ། དེས་སྒྱུ་མ་རྣམ་དག་ཏུ་སྨྲ་བ་དང༌། རང་བཞིན་རྣམ་དག་ཏུ་སྨྲ་བའི་དབུ་མ་པ་གཉིས་སུ་ཕྱེ་བ་ཡིན་ཞེས་ཟེར་མོད། འདི་ནི་གོང་དུ་བཤད་ཟིན་པ་ལྟར། གཅིག་དུ་བྲལ་སོགས་དབུ་མ་པའི་གཏན་ཚིགས་དག་གི་བསྒྲུབ་བྱའི་ངོས་འཛིན་སྣང་བ་སྒྱུ་མ་ལྟ་བུ་ཞེས་བྱ་བ་མ་ཡིན་པར་དགག་པ་ཞིག་ལ་བཟུང་ནས་དེ་ཉིད་དོན་དམ་པའི་བདེན་པ་ཡིན་ངོ་ཤེས་པ་ཞིག་གི་ངོས་འཛིན་དང༌། སྐབས་དེའི་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ཉིད་དུ་ཁས་ལེན་དགོས་པ་དེ་དབུ་མ་རྒྱན་སྣང་བདེན་གསུམ་གྱི་བཞེད་པར་འཆད་པ་དག་དང༌། ཡང་ཆོས་ཅན་མཐའ་དག་གི་སྟེང་དུ་བདེན་པ་དང་རང་བཞིན་སོགས་བཀག་པ་ཙམ་གྱི་མེད་པར་དགག་པ་ཉིད་དེ་དང་དེར་འཆད་པ་རབ་ཏུ་མི་གནས་པའི་དབུ་མ་པ་དག་གི་བཞེད་པ་ཡིན་ནོ། །ཞེས་ཟེར་བ་དག་ཡོད་པ་དེ་ནི་རྨོངས་པ་མཚར་སྐྱེད་ཡིན་ཏེ། རང་རྒྱུད་པའི་སློབ་དཔོན་དེ་དག་གིས་ཀྱང་དེ་ལྟར་མི་འདོད་ཅིང༌། ཇི་སྐད་དུ། དེ་ཚེ་རྣམ་པར་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུང་མཁན་གྱི་རྒྱལ་སྲས་ཞི་བ་ལྷ་ལྟ་བུ་རབ་ཏུ་མི་གནས་པའི་དབུ་མ་པ་དག་གིས་ཀྱང༌། དེ་ལྟར་དུ་མི་བཞེད་པའི་ཕྱིར། དེའི་ཚུལ་ཡང་ཕྱོགས་ཙམ་མཚོན་ན། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་དང༌། དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་གཞན་དག་གིས་ངོས་བཟུང་མ་ཐག་པ་དེ་ཡང་དག་པའི་ཀུན་རྫོབ་དང་རྣམ་གྲངས་པའི་དོན་དམ་ཙམ་དུ་བཤད་པ་ལས་དང༌། རབ་ཏུ་མི་གནས་པ་དག་གིས་ནི་དོན་དམ་པའི་བདེན་པ་ལ་རྟགས་ཀྱི་བསྒྲུབ་བྱ་དང༌། རྗེས་དཔག་གི་གཞལ་བྱ་སོགས་ལྟ་ཅི་སྨོས། སྤྱིར་བློ་ཙམ་དང༌། བྱེ་བྲག་ཏུ་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་གཞལ་བྱ་ལས་ཀྱང་འདས་པ་ཡིན་ནོ། །ཞེས་བྱ་བ་འདི་ལོ་ཙྪ་བ་ཆེན་པོ་བཞེད་དོ། །གཉིས་པ་རང་ལུགས་ལ་གཉིས་ཏེ། རྗེས་དཔག་བསྐྱེད་པའི་ཚུལ་དང༌། རིགས་ཤེས་ཀྱིས་གཏན་ལ་འབེབས་པའི་ཚུལ་ལོ། །དང་པོ་ནི། དགག་པ་གཙོར་འཛིན་རྗེས་དཔག་ཤེས་ལ་སྣང་བ་ཡི། །དངོས་ཚོགས་དེ་དག་བློ་དེས་སྒྲུབ་དང་དགག་མེད་པར། །ཚད་མས་རྣམ་གནས། ཞེས་པ་ནི། དགག་བྱ་དགག་པ་གཙོ་བོར་འཛིན་པའི་རྗེས་དཔག་དང༌། དེའི་རྟེན་ཚུལ་གསུམ་འཇལ་བའི་ཤེས་པ་ལ་སྣང་བའི་ཆོས་ཅན་ལ་སོགས་པའི་དངོས་པོའི་ཚོགས་དེ་དག་ཡུལ་དུ་བྱས་པའི་བློ་དེས་ཡོད་ཅེས་བསྒྲུབས་པ་དང་མེད་ཅེས་དགག་པ་གང་ཡང་མེད་པར་བཏང་སྙོམས་སུ་བཞག་ནས་ཚད་མས་རྣམ་པར་གནས་པ་དེ་ཚད་མ་ལ་སྣང་ཙམ་མ་དོར་བའི་སྒོ་ནས་ཚུལ་གསུམ་གཏན་ལ་འབེབས་པ་དང༌། ཕེབས་ནས་སྒྲུབ་པའི་ངག་བཀོད་དེ་ཚུལ་གསུམ་ཀ་ཅིག་ཆར་དུ་དྲན་པས་རྗེས་དཔག་ངང་གིས་སྐྱེ་བར་བྱེད་དོ། །ཡེ་ཤེས་སྙིང་པོས་ཀྱང་དེ་ལྟར་བཞེད་དེ། ཇི་སྐད་དུ། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །ཞེས་དང༌། འགྲེལ་པར་ཚུལ་གསུམ་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཞེས་བཤད་དོ། །རྩོད་གཞིའི་ཆོས་ཅན་སོགས་གནས་ཚོད་ལ་མེད་ཀྱང༌། སྐབས་ཀྱི་རྒོལ་བའི་བློ་ལ་སྣང་ཙམ་ལ་བརྟེན་ནས་རྟགས་ཀྱི་ཚུལ་གསུམ་ཚང་བར་བྱེད་ནུས་ཏེ། ཇི་སྐད་དུ། སྣང་བ་དེ་ལྟར་ངེས་འབྲེལ་བའི། །བློ་ལ་བརྟེན་ནས་རྟོག་བྱེད་ན། །ཞེས་དང༌། སྣང་སྟེ་དེ་ལ་སྤྱི་དང་ནི། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། དེའི་རྣམ་གཞག་ལུང་དང་སྦྱར་བའོ། །དང་པོ་ནི། དོན་གྱི་ཆ་ལ་རྣམ་དཔྱོད་བློས། །དོན་དེ་བཀག་ནས་གཞན་བསྒྲུབ་མེད་ཅེས་ངེས་པར་བཟུང༌། ཞེས་པ་བོད་སྔ་མ་དག་དགག་བྱ་བཀག་པའི་ཆ་ནས་རིགས་ཤེས་དང༌། བསྒྲུབ་བྱར་ཞེན་པའི་ཆ་ནས་རྗེས་དཔག་ཅེས་ལྡོག་ཆ་སོ་སོར་འབྱེད་པ་དང༌། བོད་ཕྱི་མས་ཁྱད་པར་མི་འབྱེད་པ་དག་ཡོད་ཀྱང༌། འདིར་ནི་ཐོག་མར་རྗེས་དཔག་གི་སྤྲོས་པ་ཕྱོགས་གཅིག་བཀག་ནས། རྗེས་དཔག་དེས་དྲངས་པའི་རྣམ་དཔྱོད་ཕྱི་མ་ཞིག་གིས་སྤྲོས་པ་མཐའ་དག་འགོག་པའི་རིགས་པ་ལ་བློ་ཁ་ཕྱོགས་པར་བྱེད་པའོ། །དེ་ཡང་འདི་ལྟར་ཐོག་མའི་རྟགས་དང་རྗེས་དཔག་གིས་སྐྱེ་བ་དང་བདེན་གྲུབ་ལྟ་བུའི་དོན་དེ་བཀག་ནས། བཀག་ཙམ་དེ་ལས་གཞན་པའི་དོན་གང་ཡང་བསྒྲུབ་པ་མི་བྱེད་ཅེས་བཟུང་ངོ༌། །རྟགས་ཀྱི་བསྒྲུབ་བྱ་མི་སྒྲུབ་ཅེས་པ་ཐལ་བ་པ་དག་གི་བཞེད་པ་ཡང་ཡིན་མོད། འདིར་ནི་བདེན་མེད་དང་སྟོང་ཉིད་ལྟ་བུ་ལ་རྗེས་དཔག་གིས་རང་ཤུགས་སུ་ཞེན་པ་ནི་བྱུང་མོད། དབུ་མ་པས་སྒྲུབ་པར་ནི་མི་འདོད་དོ། །རྗེས་དཔག་གིས་གཞལ་བ་དེ་དག་རྫུན་པའི་དོན་ཅན་ཁོ་ན་ལས་མ་འདས་པས། དེ་ཡང་རིགས་པ་ཕྱི་མ་གཞན་གྱིས་དགག་དགོས་པའི་ཕྱིར། འོ་ན་རྗེས་དཔག་ཚད་མར་འགྲོ་ཚུལ་ཇི་ལྟ་བུ་ཞེ་ན། སྤྲོས་པ་ཕྱོགས་གཅིག་བཀག་པ་རྣམ་གྲངས་པའི་དོན་དམ་ལ་མི་བསླུ་ཞེས་པའམ། མཐར་རྣམ་གྲངས་པ་མ་ཡིན་པའི་དོན་དམ་ཉིད་ལ་རྒྱུད་ནས་འབྲེལ་བའོ། །སྤྱིར་ཡུལ་དང་འབྲེལ་བའི་ཡུལ་ཅན་གྱི་བློ་གང་བྱུང་ཡང༌། དོན་དམ་པ་ལ་ཚད་མར་མི་འཇོག་པ་ནི་བདག་ཉིད་ཆེན་པོ་འདིའི་ལུགས་ཏེ། དེ་མ་ཐག་ཏུ་འཆད་པར་ཡང་འགྱུར་རོ། །གཉིས་པ་ལ། སྤྱོད་འཇུག་གི་རིགས་པས་བཤད་པ་དང༌། ཀླུ་སྒྲུབ་ཀྱི་ལུང་དང་སྦྱར་ཏེ་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དཔེ་ནི། རྨི་ལམ་གྲོང་ཁྱེར་ཞིག་གོ་ཞེས། །འཛིན་པའི་རྣམ་རྟོག་གང་ཡིན་དེས། །བརྟགས་དོན་གྲོང་གི་ཞིག་པ་ཉིད། །གྲོང་ཉིད་མེད་ན་མེད་པ་ལྟར། །ཞེས་པ་སྟེ། སྤྱོད་འཇུག་ཏུ། དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་འཛིན་པའི་རྣམ་རྟོག་གི །གེགས་ཡིན་དེ་ཡང་རྫུན་པ་ཉིད། །ཅེས་པ་དེ་ཉིད་དོ། །གཉིས་པ་དོན་ནི། ཡང་དག་ཉིད་དུ་དངོས་མེད་ཅེས། །འཛིན་པའི་བློ་ཡིས་བརྟགས་པའི་དོན། །ཡང་དག་བཀག་པ་དེ་ཉིད་ཀྱང༌། །ཡང་དག་དངོས་པོ་མེད་པར་མིན། །ཞེས་ཏེ། ཇི་སྐད་དུ། གང་དག་རྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་དེ་གསལ་བར་རྫུན། །ཞེས་པ་དེ་ཉིད་དོ། །གཉིས་པ་ནི་གལ་ཏེ་བདེན་གྲུབ་མེད་ན་མེད་ཡོད་དགོས་པ་ཉིད་དུ་འཐད་པ་རྣམ་འགྲེལ་མཛད་པའི་གཞུང་དོན་ཡིན་པ་ལྟ་བུ་འདིར་དེ་སྐད་དུ་འཆད་པ་ཅི་ཞེ་ན། ཀླུ་སྒྲུབ་ཞབས་ཀྱི་ལུང་ལས་གསལ་བ་ཡིན་ཏེ། ཐ་སྙད་གྲུབ་པའི་ལུང་ཞི་མཚོས་དྲངས་པ་ལས། འདི་ལྟར་ཡུལ་མེད་པ་ལ་ནི། །དགག་པ་འཇུག་པ་སྲིད་མ་ཡིན། །ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། དེས་ན་མེད་ཅེས་ངེས་བྱ་བ། །དགག་བྱའི་དངོས་པོ་མ་གྲུབ་པ། །དེ་ཚེ་བཀག་པ་རྟེན་བྲལ་བ། །བློ་ཡི་མདུན་ན་གནས་མི་འགྱུར། །ཞེས་པ་སྟེ། ཇི་སྐད་དུ། གང་ཚེ་གང་ཞིག་མེད་དོ་ཞེས། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་པོ་དེ་ཉིད་ཀྱི་དོན་དང༌། ཡང༌། དེ་ལྟར་དངོས་པོ་ཡོད་མིན་ལ། །དེ་བཀག་པ་ཡང་མ་གྲུབ་ན། །དེ་གཉིས་ལས་འདས་དོན་འགའ་ཡང༌། །འཛིན་པའི་ཡུལ་དུ་འགྲོ་མི་སྲིད། །ཅེས་པ་ནི། ཇི་སྐད་དུ། གང་ཞིག་མེད་དོ་ཡོད་དོ་ཞེས། །བརྟག་བྱའི་དངོས་པོ་རྟེན་བྲལ་བ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དེ་ཉིད་ཡིན་ལ། ཚིགས་བཅད་གཉིས་པོ་འདིའི་གོང་འབྲེལ་ཆགས་ན། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་ལྡོག་པར་འགྱུར། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་གྱུར། །ཞེས་གསུངས་པས་ན་འདི་ལྟར་བཤད་དགོས་པ་ཡིན་ཏེ། སྟོང་པ་ཉིད་ལ་རྗེས་དཔག་ཇི་ལྟར་སྐྱེ་བའི་ཚུལ་སོགས་ཐོས་པས་སྒྲོ་འདོགས་བཅད་ཟིན་པའི་དེ་མ་ཐག་ཏུ་བསམ་བྱུང་གི་ངེས་པས་ཡིད་ལ་བྱ་བའི་རིམ་པ་དང༌། སྒོམ་བྱུང་གིས་དམིགས་མེད་དུ་འཇོག་པའི་ཚུལ་གཉིས་ལས་དང་པོ་ལ་རིམ་པ་གསུམ་སྟེ། སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས་ནོངས་འཛིན་ཟློག་པ། ཅི་ཡང་མེད་པའི་རྣལ་འབྱོར་གྱིས་སྒྱུར་འཛིན་སྤོང་བ། དམིགས་པ་མེད་པའི་རྣལ་འབྱོར་གྱིས་དངོས་མེད་ཀྱི་འཛིན་པ་སྤོང་བའོ། །དང་པོ་ནི། ཐོག་མའི་རྐང་པ་གཉིས་དང༌། གཉིས་པ་ནི་དེ་ནས་གཉིས་དང༌། གསུམ་པ་ནི་དེ་ནས་ཚིགས་བཅད་གཅིག་གིས་འཆད་ལ། དངོས་གཞི་ལ་མཉམ་པར་འཇོག་ཚུལ་ནི་ཚིགས་བཅད་གསུམ་པས་བསྟན་ནོ། །གཉིས་པ་ལམ་དེ་ཇི་ལྟར་གོམས་པའི་ཚུལ་ལ་ཐབས་ཀྱི་ཆ་ལ་སློབ་པའི་ཚུལ་ནི་ཐབས་ཆ་ཉིད་ངོས་འཛིན་པ་དང་ལྷན་ཅིག་པར་བཤད་ཟིན་ལ། འདིར་ཤེས་རབ་ཀྱི་ཆ་ལ་མཉམ་པར་འཇོག་ཚུལ་ནི། དེས་ན་ཤེས་བྱའི་མཚན་མ་ལས། །བློ་ཡི་གཡོ་བ་རྣམ་ཟློག་སྟེ། །སྤྲོས་ཚོགས་ཉེར་ཞི་བདག་མེད་པའི། །དོན་ལ་བློ་ནི་ལེགས་བཞག་བྱ། །ཞེས་པས་མཉམ་པར་འཇོག་ཚུལ་དང༌། དེ་ལྟར་སྟོང་ཉིད་གོམས་པ་ཡིས། །དངོས་འཛིན་རབ་ཏུ་ཞི་བ་དང༌། །བདག་མེད་ཉིད་ཀྱང་འཛིན་མེད་པ། །དེ་ཚེ་ཡང་དག་མཐོང་ཞེས་བྱ། །ཞེས་པ་ཚིགས་བཅད་དང་པོས་སྦྱོར་ལམ་དུ་མཉམ་པར་འཇོག་ཚུལ་དང༌། ཚིགས་བཅད་གཉིས་པས་མཐོང་ལམ་དུ་མངོན་སུམ་གྱིས་མཐོང་ཚུལ་དང༌། དེ་ལྟར་ལྟ་བའི་དྲི་མ་ཀུན། །ཞེས་སོགས་ཀྱིས་སྒོམ་ལམ་གྱི་མཉམ་གཞག་ཡན་ཆད་དུ་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པའི་ཚུལ་རྣམས་སྟོན་ནོ། །དེ་ཡང་འདི་ལྟར་སྦྱོར་ལམ་མཉམ་གཞག་ཏུ་ཤེས་བྱ་སྟོང་པ་ཉིད་ཀྱི་མཚན་མ་ལས་བློའི་གཡོ་བ་ཟློག་པར་བྱེད་ཀྱང༌། དེ་ཡུལ་དུ་བྱེད་པའི་བློ་ཡོད་པས། བློ་ནི་ལེགས་བཞག་བྱ། ཞེས་བྱ་ལ། མཐོང་ལམ་དུ་ནི་ཡུལ་དང་ཡུལ་ཅན་གྱི་བློ་གཉིས་ཀ་རང་གི་ངོ་བོས་སྟོང་པ་ཉིད་དུ་རོ་གཅིག་པས་ན་ཅི་ཡང་མཐོང་བ་མེད་པ་ལ་ཡང་དག་མཐོང་བ་ཞེས་བྱའོ། །མཉམ་གཞག་དེ་ནི་བློ་མེད་པར་ཁས་ལེན་ནུས་སམ་ཞེ་ན། དེའི་ཚེ་ན་ཡུལ་ཐམས་ཅད་རང་སྟོང་དུ་འཆད་ན། ཡུལ་ཅན་གྱི་བློ་གཅིག་པུ་སྟོང་པ་མ་ཡིན་པར་འཆད་ག་ལ་ནུས་ཏེ། བུམ་པ་རང་སྟོང་དུ་འཆད་པ་དེའི་ཚེ་དེ་དེ་མིན་དུ་བཤད་དགོས་པ་བཞིན་ནོ། །མཐོང་སྒོམ་གྱི་མཉམ་གཞག་ཏུ་རྣམ་གྲངས་པ་མ་ཡིན་པའི་དོན་དམ་ལ་མཉམ་པར་བཞག་པ་ན་དེའི་ཡུལ་ཅན་གྱི་བློ་ཡོད་པར་ཁས་མི་ལེན་ཀྱང༌། ཇི་སྲིད་ཉོན་མོངས་པ་ཅན་གྱི་ཡིད་མ་དག་པ་དེ་སྲིད་དུ་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་ཡིད་ལ་བྱེད་པ་སོགས་དང༌། དེ་དག་ནས་ཀྱང་ཇི་སྲིད་གཉིས་སྣང་གི་བག་ཆགས་མ་དག་པ་དེ་སྲིད་དུ་མཉམ་གཞག་ཏུ་ཡང་དག་པའི་ལྟ་རྟོག་དང་དྲན་པ་ཉེར་གཞག་སོགས་རྟོགས་པའི་ཡོན་ཏན་གཞན་ལ་འཇུག་པ་ནི་འགལ་བ་མེད་དོ། །གསུམ་པ་ལ་གཞུང་དོན་དངོས་དང༌། མཐའ་དཔྱད་པའོ། །དང་པོ་ལ་གསུམ་སྟེ། མཉམ་གཞག་ཆོས་སྐུའི་ངོས་འཛིན། རྗེས་ཐོབ་གཟུགས་སྐུའི་རྣམ་གཞག གཉིས་པོའི་ཁྱད་པར་ཕྱེ་ནས་ཕྲིན་ལས་ཀྱི་འཇུག་ཚུལ་བསྟན་པའོ། །དང་པོ་ནི། གང་ཚེ་ལྟ་བའི་དྲི་མ་ཀུན། །ཡེ་ཤེས་ཆུ་བོས་རྣམ་སྦྱངས་པ། །དེ་ཚེ་ཤེས་དང་ཤེས་བྱ་དག །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་རྒྱུན་མཐའི་དེ་མ་ཐག་ཏུ་ཡེ་ཤེས་ནི་ཆོས་དབྱིངས་སུ་ཐིམ་ནས་ཞི་བར་གྱུར་པ་སྟེ། དཔེར་ན་ཆུ་ལ་ཆུ་བཞག་དང༌། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང༌། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་སུ་བརྗོད། །ཅེས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ནི་སྤྲོས་བྲལ་གྱི་ངང་དུ་རོ་གཅིག་པས་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་ཐ་སྙད་དུ་དོན་དམ་བདེན་པའི་མིང་ཅན་འདི་ནི། བློའི་ཡུལ་དུ་མི་རུང་བས་དུས་དེར་ཡུལ་ཅན་གྱི་ཤེས་པ་དང་བྲལ་བའོ། །གཉིས་པ་ནི། དེ་རྗེས་ཤེས་བྱའི་རྗེས་འབྲང་ཅན། །རྫུན་སྣང་འཇིག་རྟེན་ཇི་སྲིད་པ། །རིག་མཛད་མེ་ལོང་ལྟ་བུ་ནི། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཡིན། །ཞེས་པ་འདིར་ནི་སངས་རྒྱས་ལ་མཉམ་རྗེས་སོ་སོར་མངའ་བའི་ལུགས་ཏེ། ཆོས་ཀྱི་སྐུའི་བདག་རྐྱེན་ལས་གནས་ཚོད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ། གདུལ་བྱའི་བློ་ལ་མཚན་དཔེ་འབར་བའི་སྐུར་སྣང་བ་དེའོ། །ལུགས་འདི་ལ་སྣང་བ་དེ་གདུལ་བྱ་གཞན་སེམས་ཀྱིས་བསྡུས་པར་ནི་མི་བཞེད་དེ། སེམས་ཀྱིས་སེམས་ཉིད་མཐོང་བ་འགོག་པའི་ལུགས་ཉིད་བཞེད་པས་སོ། །སངས་རྒྱས་ཀྱི་ཆོས་སྐུ་བཤད་མ་ཐག་པ་དེས་བསྡུས་པར་ཡང་མི་བཞེད་དེ། དེ་ནི་དོན་དམ་འབའ་ཞིག་པར་ངོས་བཟུང་ནས། འདི་ནི་ཡུལ་རྫུན་སྣང་དང་ཡུལ་ཅན་འཁྲུལ་པར་བཞེད་པས་སོ། །གསུམ་པ་ནི། སྔ་མ་ཇི་ལྟ་མཁྱེན་ཉིད་ནི། །འཁྲུལ་མེད་མཉམ་གཞག་བློ་འཇུག་མེད། །ཕྱི་མ་ཇི་སྲིད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། །ཞེས་པ་མཉམ་གཞག་མ་འཁྲུལ་ཀྱང་ཤེས་པར་ནི་མི་བཞེད་དེ། དེའི་ཚེ་ཤེས་བྱ་རབ་ཏུ་ཞི་བའི་ཕྱིར། གལ་ཏེ་ཆུ་ལ་ཆུ་ཡོད་པས་དཔེ་དོན་མི་མཚུངས་སོ་ཞེ་ན། ཤེས་བྱ་དང་ཤེས་བྱེད་གཉིས་ཀ་རང་སྟོང་དུ་འཆད་དགོས་པ་དེའི་ཚེ་གཉིས་ཀ་སྟོང་ཉིད་དུ་རོ་གཅིག་པའི་དཔེ་དོན་འགྲིག་པའོ། །སངས་རྒྱས་ལ་འཁྲུལ་པ་མངའ་འམ་ཞེ་ན་བོད་སྔ་མ་དག་ནི་དེ་མངའ་ཡང་སྒྱུ་མ་མཁན་བཞིན་དུ་འཁྲུལ་པ་ལ་འཁྲུལ་པར་མཁྱེན་པས་སྐྱོན་མེད་ཅེས་གསུང་མོད། གཉིས་སྣང་གི་བག་ཆགས་སྤངས་པས་ན་གཞན་ངོར་བསྟན་པ་ཙམ་ཡིན་ཞེས་བཤད་ན་ལེགས་སོ། །གཉིས་པ་ཆོས་སྐུའི་བདག་རྐྱེན་པས་ལོངས་སྐུ་དེའི་ཕྲིན་ལས་འཇུག་པའི་ཚུལ་ནི། ཇི་སྐད་དུ། དག་ལ་ཉེ་དང་རིང་རྣམས་ལ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །ཞེས་པ་ལྟར། སངས་རྒྱས་སྤྲུལ་པའི་སྐུ་ཚོགས་ནི། །གཞན་གྱི་རྣམ་རིགས་སྣང་བ་སྟེ། །བརྒྱ་བྱིན་གཟུགས་བརྙན་ལ་སོགས་དཔེས། །མདོ་ལས་ཇི་སྐད་གསུང་དེ་བཞིན། །ཞེས་པ་གཞན་གྱི་རྣམ་རིག་ལ་སྣང་བ་ནི་ལོངས་སྐུ་ལ་ཡང་ཡིན་མོད། དེ་ལས་ལོགས་སུ་བཀར་བ་ནི། ཇི་སྐད་དུ། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ཞེས་སོགས་ལྟར་སྐུ་གཉིས་པོ་འདི་ལ་སངས་རྒྱས་ཀྱི་ཡོན་ཏན་དངོས་བཏགས་ཀྱི་ཁྱད་པར་ཕྱེ་བའོ། །རྒྱུད་བླར་ནི། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །ཅེས་སོ་སྐྱེས་དེ་དེར་མི་ཤེས་པ་དང༌། འཕགས་པས་དེ་ལྟར་ཤེས་དགོས་པ་ཉིད་དུ་བཤད་ཀྱང༌། སྤྱོད་འཇུག་གི་སྐབས་སུ་ནི་དེ་མི་བཞེད་དེ། སངས་རྒྱས་ཀྱི་ལོངས་སྐུ་སེམས་ཅན་གྱིས་བསྡུས་པ་དང༌། རིགས་པས་དཔྱད་པའི་ཚེ་རང་རིག་ཁས་ལེན་པར་ཐལ་བས་སོ། །གཉིས་པ་མཐའ་དཔྱད་པ་ལ་གཉིས་ཏེ། བདག་ཉིད་ཆེན་པོའི་བཞེད་པ་རང་གི་འདོད་པས་བསྒྲུབ་པ་དང༌། གཞན་གྱིས་བརྟགས་པའི་མཐའ་འདོར་དགོས་པར་བསྟན་པའོ། །དང་པོ་ནི་འདི་སྙམ་དུ་སངས་རྒྱས་ཀྱི་མཉམ་གཞག་ཏུ་ཤེས་བྱ་དང་ཤེས་པ་ཅི་ཡང་མ་སྣང་ན་བྱང་ཆུབ་ཕྱོགས་མཐུན་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཟད་པ་དང༌། ཡེ་ཤེས་ཐམས་ཅད་རྒྱུན་ཆད་པས་དམན་པའི་ལྷག་མེད་མྱང་འདས་དང་ཁྱད་པར་མེད་པ་ཉིད་དུ་ཐལ་བ་མིན་ནམ་ཞེ་ན། མ་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཁྱད་པར་ལས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་ཁྱད་པར་གྱིས་ཕྱེའོ། །འོ་ན་སངས་རྒྱས་ལ་ཡེ་ཤེས་མི་མངའ་བ་དང༌། ཤེས་བྱ་མི་མཁྱེན་པར་འགལ་ལོ་ཞེ་ན། དེ་ལྟར་གསུངས་པ་མེད་དོ། །གསུངས་ཏེ། མཉམ་གཞག་ཆོས་ཀྱི་སྐུས་ནི་ཅི་ཡང་མི་མཁྱེན་ལ། སངས་རྒྱས་ལ་མཉམ་རྗེས་སོ་སོར་མི་མངའ་བས་ན་ཆོས་ཀྱི་སྐུས་མ་བསྡུས་པའི་ཡེ་ཤེས་ནི་དེ་ལ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མཉམ་རྗེས་དེ་ལྟར་མངའ་བ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་མངའ་བ་དང༌། དེས་ཡུལ་མཐའ་དག་མཁྱེན་པར་བཤད་ཟིན་པ་དེ་མ་ཡིན་ནམ། མཉམ་གཞག་ན་མེ་ལོང་ཡེ་ཤེས་མེད་ན་ནི་ཡེ་ཤེས་དེ་ཆོས་ཀྱི་སྐུར་འགལ་ལ། ཡོད་ན་ཆོས་ཀྱི་སྐུས་ཤེས་བྱ་མ་ལུས་པ་མཁྱེན་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། དེ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་བཤད་པ་དང༌། དེ་ཆོས་ཉིད་ལ་དངོས་སུ་མི་འཇུག་པ་དང༌། འཁྲུལ་སྣང་ཅན་དངོས་སུ་བཤད་ཟིན་པ་མ་ཡིན་ནམ། ཆོས་ཀྱི་སྐུ་མ་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་སུ་འགལ་ལོ་ཞེ་ན། མ་ཡིན་ཏེ། དེ་སྐབས་ཀྱི་མཉམ་རྗེས་གཉིས་པོ་ཚོགས་ཡོངས་རྫོགས་དང༌། སྤངས་པ་ཡོངས་རྫོགས་སུ་བྱེད་པའི་རྒྱུ་ཚོགས་གཅིག་གིས་གྲུབ་པའི་ཕྱིར། འོ་ན་ཕན་ཚུན་མི་འགལ་བར་ཐལ་ལོ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །ཞེས་བཤད་པ་ལྟ་བུ་དེ་འདྲ་འཁོར་འདས་ཀྱི་གནས་སྐབས་ཀུན་ན་མང་བའི་ཕྱིར། ཡེ་ཤེས་དེ་ཆོས་ཀྱི་སྐུ་མ་ཡིན་ན། ལོངས་སྐུ་ལ་མངའ་བར་གང་གིས་གྲུབ་ཅེ་ན། ཇི་སྐད་དུ། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོང་མཛད་པའོ། །ཞེས་དང༌། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །ཞེས་སོགས་ལྟར། བྱང་སེམས་ས་བཅུ་པ་བས་དེ་ལྟར་རྗེས་སུ་དཔོག་ནུས་པའོ། །དེ་གདུལ་བྱ་གཞན་སྣང་དུ་སོང་བས་སངས་རྒྱས་ལ་ཡོད་པར་མི་འགྲུབ་བོ། །ཞེ་ན། ཚོགས་གཉིས་ཡོངས་རྫོགས་ཀྱི་རྒྱུ་མཐུན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡེ་ཤེས་དེ་མངའ་བར་ས་བཅུ་པ་བས་གྲུབ་པ་ན་དེ་ཡོད་པར་གྲུབ་བོ། །དེ་ཀུན་རྫོབ་ཏུ་ཡོད་པ་ཡིན་པས་དེའི་གོ་མི་ཆོད་དོ་ཞེ་ན། ཁྱེད་ཀྱི་ཕྱོགས་ལའང་དོན་དམ་དུ་མེད་ལ་བྱིས་པ་མགུ་བྱེད་ཀྱི་ཐལ་བ་འཕེན་པ་ལ་ནི་བདེན་གཉིས་སོ་སོར་ཕྱེ་ནས་ལན་འདེབས་སོ། །གཉིས་པ་ནི། བོད་ཕྱི་མ་དག་ན་རེ། སྔོན་གྱི་དུས་སུ་རྔོག་ལོ་ལྟ་བུ་ལའང་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་དང༌། དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་འདོད་པའི་ལོག་རྟོག་ཁམ་པོ་ཆེ་བྱུང་ཞེས་ཟེར་རོ། །འདི་བརྟག་པར་བྱ་བ་ལ་གཉིས་ལས། དང་པོ་ཡེ་ཤེས་ཡོད་མེད་ཀྱི་རྩོད་ལན་ལ། རང་གི་འདོད་པ་ནི་བཏབ་ཟིན་ལ། སྤྱིར་ནི་བདག་ཉིད་ཆེན་པོ་དེ་ཁོ་ནས་མི་འཚམ་པར་མཛད་པ་མ་ཡིན་ཏེ། བོད་ཡུལ་དུའང་བྱང་ཆུབ་ལམ་གྱི་སྒྲོན་མར། ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་བཞིན། །ཤེས་རབ་དེ་ཉིད་རིགས་བཤད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །ཞེས་སངས་རྒྱས་ཀྱི་ས་ལྟ་ཅི་སྨོས། ཤེས་བྱ་ཐམས་ཅད་རང་སྟོང་འབའ་ཞིག་པར་གཏན་ལ་འབེབས་པའི་ཚེ་ལྷག་མར་ལུས་པ་འགའ་ཡང་མེད་པ་ཉིད་དུ་བཤད་ནས། བསྟན་རིམ་བྱེད་པ་ཀུན་གྱིས་དེ་ལྟར་བཤད་པ་དང༌། པ་ཚབ་ལོ་ཙྪ་བ་སློབ་མར་བཅས་པ་ནས་བཟུང་སྟེ། བླ་མ་རེད་འདའ་བའི་བར་ཐལ་འགྱུར་བར་ཁས་ལེན་པ་ཀུན་གྱིས་དེ་ལྟར་བཤད་པ་དང༌། ལོ་ཆེན་གྱི་རྗེས་འཇུག་གྲོ་ལུང་པ། ཞང་ཚེ། ཆོས་ཡེ་ཤེས་རྣམས་ཀྱིས་འདི་ཉིད་འཐད་པར་བཤད་པ་དང༌། ས་སྐྱ་པཎྜི་ཏས་སངས་རྒྱས་ཀྱི་སར་ཡེ་ཤེས་ཡོད་མེད་ལས་འདས་པར་གསུངས་པས་ཀྱང་དོན་འདི་ཉིད་བཤད་པ་ཡིན་ཏེ། སངས་རྒྱས་ཀྱི་སར་ནི་ཀུན་རྫོབ་ཁས་མི་ལེན་པས། དོན་དམ་པ་ནི་ཡོད་མེད་སོགས་ཀྱི་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར། རྗེ་བཙུན་གྲགས་པའི་གསུང་གིས། ཁ་ཅིག་སློབ་དཔོན་ཟླ་གྲགས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་དོ་ཞེས་ཟེར་བ་ནི། སངས་རྒྱས་དང་སློབ་དཔོན་གཉིས་ཀ་ལ་སྐུར་འདེབས་སོ། །ཞེས་གསུངས་ཏེ། སྔགས་ཀྱི་ལུགས་ལ་དེ་ཁོ་ནའོ། །བོད་ཕྱི་མ་ཕལ་ཆེར་དབུ་མའི་ལུགས་ལ། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཆོས་ཉིད་མེད་དགག་ཏུ་ཁས་བླངས་ནས། ཆོས་སྐུ་བློ་མེད་ལ་དགག་པ་མང་དུ་བྱེད་པ་ནི་རང་ཚིག་འགལ་བ་སྟེ། ངོ་བོ་ཉིད་སྐུ་ཡེ་ཤེས་མ་ཡིན་ཀྱང་ས་དེར་ཡེ་ཤེས་ཡོད་པ་མི་འགལ་ན། ཆོས་ཉིད་ལ་མཉམ་གཞག་བློ་མ་ཡིན་ཀྱང༌། ས་དེ་ན་མེ་ལོང་ལྟ་བུའི་ཡེ་ཤེས་འཇོག་པ་མི་འགལ་བས་སོ། །དེ་ལྟར་བཤད་པ་ན་སངས་རྒྱས་ཀྱི་སའི་མཉམ་གཞག་ན་བློ་མེད་པ་དང༌། སངས་རྒྱས་ལ་སྤྱི་ཙམ་ནས་ཡེ་ཤེས་ཡོད་པའི་ཤན་ཕྱེད་པར་བྱས་ནས། དོན་དེ་ཉིད་རྒྱལ་སྲས་ཞི་བ་ལྷའི་དགོངས་པ་སྟེ། དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དམིགས་བྱའི་ཡུལ་ཅི་ཡང་མེད་པ་ལ། དམིགས་བྱེད་ཀྱི་བློ་མི་འཇུག་པར་བཤད་པའི་དེ་མ་ཐག་ཏུ། ཡིད་བཞིན་ནོར་བུ་ཞེས་པ་ནས། རྒྱལ་བའི་སྐུར་སྣང་ངོ༌། །ཞེས་གསུངས་ཏེ། ལུགས་འདིར་སྣང་ཙམ་དེ་སྣང་མཁན་རང་གི་སེམས་ཡིན་པ་ནི་གོང་དུ་སེམས་ཙམ་པ་འགོག་པའི་སྐབས་དེར་བཀག་ཟིན་པས་སངས་རྒྱས་ཀྱི་སས་བསྡུས་པར་བཞེད་དགོས་པའི་ཕྱིར་རོ། །ཟླ་བའི་ཞབས་ཀྱི་བཞེད་པ་ཡང་འདི་ཁོ་ན་སྟེ། ཇི་སྐད་དུ། ཤེས་བྱའི་བུད་ཤིང་སྐམ་པོ་སོགས་ནས། སྤྲོས་དང་བྲལ་ལ་སྣང་བར་འགྱུར་གྱི་བར་གསུངས་ནས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ཡོང་མི་ནུས། །ཞེས་པའི་ལུང་འདྲེན་མཛད་པ་དང༌། དངོས་སུ་ན་འགའ་ཞིག་གིས་འགའ་ཞིག་རིག་པ་མ་ཡིན་ཞེས་དང༌། འོག་མིན་དུ་བླ་ན་མེད་པའི་ཡེ་ཤེས་བརྙེས་ཞེས་ཀྱང་གསུངས་པའི་ཕྱིར་རོ། །བདེན་གཉིས་ལས་ཀྱང་དོན་འདི་ཉིད་བཤད་དེ། ཇི་སྐད་དུ། དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང༌། བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་ཀྱང་བཤད་པའི་ཕྱིར་དང༌། རྟོག་གེ་འབར་བར། ཐོགས་མེད་སྐུ་མཆེད་ཀྱིས། སངས་རྒྱས་ཀྱི་སར་རང་རིག་ཁས་བླངས་པ་འགོག་པའི་སྐབས་དེར། བྱང་ཆུབ་དམིགས་པ་ཅན་དུ་ཐལ་བ་ལ་སོགས་པའི་སྐྱོན་བརྗོད་པར་མཛད་དེ། ཆོས་ཉིད་མེད་དགག་དངོས་ཡུལ་དུ་བྱེད་པའི་མངོན་སུམ་མི་སྲིད་པར་ནི་ངོ་བོ་ཉིད་མེད་པ་པ་མཐའ་དག་མཐུན་ནོ། །གཉིས་པ་ནི། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་སྒྲ་ཇི་བཞིན་པ་ཉིད་དུ་ཞལ་གྱིས་བཞེས་ཏེ། བློའི་ཡུལ་དུ་བྱ་རུང་བ་ལ་ཀུན་རྫོབ་བདེན་པས་ཁྱབ་པའི་ཕྱིར། དེའི་ཚེ་བློ་ཀུན་འཁྲུལ་པ་དང༌། ཡུལ་ཐམས་ཅད་རྫུན་པར་ཁས་བླངས་པས་འཕགས་པའི་མཉམ་གཞག་ཡེ་ཤེས་ཀུན་འཁྲུལ་ལམ་ཞེ་ན། མ་ཡིན་ཏེ། འཁྲུལ་པ་ནི་ཡུལ་ལ་ལྟོས་ནས་ཡིན་ལ། དེ་དག་གིས་ནི་ཡུལ་ཅི་ཡང་མ་གཟིགས་པའི་ཕྱིར་རོ། །འོ་ན་དོན་དམ་པའི་བདེན་པ་ཡང་རྫུན་ནམ་ཞེ་ན། རྣམ་གྲངས་པ་མ་ཡིན་པའི་དོན་དམ་ནི། བརྗོད་པར་བྱ་བ་བཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་བཤད་པས་མཚན་གཞི་ཇི་ལྟ་བུ་ཞིག་བཟུང་བྱུང་ཡང་དོན་དམ་པའི་བདེན་པར་མི་འགྲུབ་པས། དེ་ཡིན་ན་བློའི་ཡུལ་དང༌། དེས་རིག་བྱ་དང་ཤེས་བྱ་གཞལ་བྱ་སོགས་གང་དུ་ཡང་མི་རུང་སྟེ། དེ་ཡིན་ན་སྤྲོས་པ་མཐའ་དག་དང་བྲལ་དགོས་པས་སོ། །ཀུན་རྫོབ་མཐའ་དག་ནི་བློའི་ཡུལ་ལས་མ་འདས་པས་སྤྲོས་བཅས་སུ་ཁས་ལེན། ཡོད་པའི་གོ་དོན་ཚད་མས་དམིགས་པ་ལ་བྱས་ན་ཀུན་རྫོབ་ཀྱིས་ཁྱབ་ཅིང༌། བདེན་པ་ལ་བཤད་པ་དོན་དམ་དང་སྤྲོས་བྲལ་དུ་འཇོག་ཀྱང༌། དེ་དག་གི་མཚན་གཞི་འཛིན་པར་མ་ནུས་སོ། །འོ་ན་དོན་དམ་པའི་བདེན་པ་ཚད་མས་མ་དམིགས་པ་དེའི་ཚེ། དེ་ལ་ཚད་མར་སོང་བའི་བློ་མི་སྲིད་པ་དང༌། དོན་དམ་པ་འབའ་ཞིག་ཐུགས་སུ་ཆུད་པས་སངས་རྒྱས་སུ་འཇོག་པ་མ་ཡིན་པར་ཡང་འགྱུར་རོ། །ཞེ་ན། ཉེས་པ་མེད་དེ། རིགས་ཤེས་རྗེས་དཔག་དང༌། དེས་དྲངས་པའི་ཡེ་ཤེས་རྣམས་ནི་རང་འདྲེན་བྱེད་ཀྱི་བློ་སྔ་མས་སྤྲོས་པ་བཅད་ཟིན་པ་དང༌། མཐུན་པའི་ཟབ་མོ་སྤྲོས་བྲལ་ལ་མི་བསླུ་བ་དག་ཡོད་པས་སོ། །དོན་དམ་པ་ཞིག་ཡོད་པར་བྱས་ནས་གང་ཡོད་པ་དེ་སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ནི་མ་ཡིན་ཏེ། སྤྲོས་པའི་མཐའ་གང་དུ་ཡང་མ་གཟིགས་པ་ལ་དུས་རྟག་ཏུ་མཉམ་པར་འཇོག་ནུས་པ་ལ་ནི། དེ་བཞིན་ཉིད་འབའ་ཞིག་ཐུགས་སུ་ཆུད་པ་ཞེས་པའི་མིང་གིས་འདོགས་པ་དང༌། དེ་ལས་མ་གཡོས་བཞིན་དུ་མཁྱེན་པའི་སྐད་ཅིག་གིས་ཤེས་བྱའི་དཀྱིལ་འཁོར་ཀུན་ལ་ཁྱབ་པར་མཛད་ནས་འཁོར་བ་ཇི་སྲིད་པར་ཕྲིན་ལས་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ་པ་ནི་སྒྲིབ་པ་མ་ལུས་པར་སྤངས་པའི་བྲལ་བའི་འབྲས་བུ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པའི་རྒྱུ་མཐུན་གྱི་འབྲས་བུར་གྲུབ་པ་ཡིན་ནོ། །གསུམ་པ་མཐར་ཕྱིན་པའི་བྱ་བ་ནི། དེ་ལྟར་སོགས་གཞུང་ཇི་ལྟ་བ་བཞིན་ཏེ། འདིར་སེམས་བསྐྱེད་ཀྱི་ཆོ་ག་གསར་དུ་བསྒྱུར་ནས་སྤྲིངས་པ་དེ་ནི་སྤྱོད་འཇུག་གི་ལུགས་ཇི་ལྟ་བ་བཞིན་མཛད་པ། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་ཚུལ་ཡི་དམ་བླང་ཆོག་ཏུ་གྲགས་པ་ཡིན་ལ། དེ་ལ་ས་སྐྱ་པཎྜི་ཏའི་ལུགས་ཀྱིས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཅེས་གསུང་ངོ༌། །སྨྲས་པ། བྱེད་པོས་མཁའ་ལྡིང་གཟུགས་སྤྲུལ་ནས། །རྩིའི་ཆུ་གཏེར་ནས་ཕྱུང་བ། །སུམ་རྩེན་སྐྱེད་ཚལ་རྭ་བར་ལྷུང༌། །འཆི་མེད་ཟས་ལ་ཅི་ཡང་སྤྱོད། །བདུད་རྩིའི་ཐིགས་པ་གྱེན་འདྲེན་པའི། །རྐང་འཐུང་དཔག་བསམ་ཡོངས་འདུའི་དཔལ། །སླར་ཡང་བྱེད་པོ་ཉིད་ལ་དབུལ། །དགོངས་ཟབ་ཆུ་གཏེར་གང་བར་ཤོག །ངོ་བོ་ཉིད་མེད་སྨྲ་གཞུང་དང༌། །སྔགས་དང་རྣལ་འབྱོར་སྤྱོད་གཞུང་གི །དབུ་མ་རྣམ་གསུམ་ཤན་ཕྱེད་ནས། །སྦྱར་འདིས་ཐུབ་བསྟན་རྒྱས་པར་ཤོག །ཅེས་བདག་ཉིད་ཆེན་པ་ལོ་ཙྪ་བས་མཛད་པའི་སྤྲིང་ཡིག་བདུད་རྩིའི་ཐིགས་པའི་རྒྱ་ཆེར་བཤད་པ་དཔག་བསམ་ཡོངས་འདུའི་ལྗོན་ཕྲེང་ཞེས་བྱ་བ་འདི་ནི། དཔལ་གསང་ཕུ་ནེའུ་ཐོག་གི་སྡེ་སྣོད་འཛིན་པ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་གསོལ་བ་བཏབ་པའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དྲག་པོའི་ལོ་ས་གས་ཉ་བའི་སྔ་དྲོའི་ཆ་ལ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*