ལས་བརྒྱ་རྩ་གཅིག་གི་དཀའ་གནས་སོ་སོའི་དོན་གསལ་བར་བྱེད་པའི་བསྟན་བཅོས། ཁ ༽

ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལ་ཡང་མི་སྐྱེའོ་ཞེས་སོགས་དེའི་ཚེ་བར་མ་རབ་བྱུང་གི་ངོ་བོ་ལ་སོགས་པར་མེད་པས། དེས་བསྙེན་རྫོགས་ཕུལ་ལམ་ཉམས་པའི་ཚེ་དེ་ལ་རབ་བྱུང་མ་ཉམས་པར་ཡོད་པ་ཁས་མི་ལེན་ནོ། །ཅི་སྟེ་རབ་བྱུང་ཟུར་དུ་མ་བླངས་ཀྱང་བསྙེན་རྫོགས་ཀྱི་ཞར་ལ་ཐོབ་པར་སྨྲ་མི་ནུས་ཏེ། སྔོན་ཆོག་གི་ཚེ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྔགས་ཆོག་སོ་སོ་ཕྱེ་ནས་གསུངས་པའི་ཕྱིར་རོ། །གཉིས་པ་དགེ་ཚུལ་དངོས་གཞིའི་ཆོ་ག་ལ། སྔགས་ཆོག་དང་དེ་རྣམ་པར་བཤད་པའོ། །དང་པོ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆི་ནས། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་བཟུང་དུ་གསོལ། ལན་གསུམ་བརྗོད། གསུམ་པ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །གཉིས་པ་ལ། དགོས་པའི་དོན་ནི། མཐར་ཐུག་མྱ་ངན་ལས་འདས་པ་ཐོབ་པ་དང༌། གནས་སྐབས་བསྟན་པ་ལ་རིམ་གྱིས་གཞུག་པའི་དོན་དུའོ། །བསྡུས་པའི་དོན་ནི། སྔར་བསྟན་ཟིན་ཏོ། །ཚིག་གི་དོན་ལ་ཡུལ་ནི། བསྙེན་པར་རྫོགས་པའི་སྡོམ་པ་དང༌། ལྡན་པ། ལྟ་མཚན་མཐུན་པ་ཐ་སྙད་གསུམ་དང་ལྡན་པ། ས་རང་བཞིན་གྱི་གནས་པ། བྱེ་བ་ན་གཞན་གྱི་ཕྱོགས་སུ་མ་སོང་བ། གཟུགས་གཞན་དུ་བསྒྱུར་ཞིང་མི་སྣང་བར་བྱས་པ་མ་ཡིན་པ། འཚམས་གཞན་ན་གནས་པ་མ་ཡིན་པ་སྟེ། དགེ་སློང་ཆོས་བདུན་ལྡན་གཅིག་དགོས་ལ། བསམ་པའི་ཁྱད་པར་ནི། རྒྱུ་དུས་ཀྱི་ཀུན་སློང་ངེས་འབྱུང་གི་བསམ་པ་དང་ལྡན་ན་མཆོག་ཡིན་ལ། དེ་དུས་ཀྱི་ཀུན་སློང་ནི་ངེས་འབྱུང་གི་བསམ་པ་དང་མི་ལྡན་པ་མི་སྲིད་དེ། སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པའི་ཕྱིར། འདིར་ཁ་ཅིག འདུལ་བ་ནས་བཤད་པའི་སོ་ཐར་གྱི་སྡོམ་པ་ལ། དམན་པའི་མྱང་འདས་ཐོབ་འདོད་ཀྱི་བསམ་པ་ཁོ་ན་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། འདུལ་བ་ལས། སྤྱིར་ངེས་འབྱུང་གི་བསམ་པ་སྔོན་དུ་འགྲོ་དགོས་པར་བཤད་ཀྱི་དམན་པའི་བསམ་པ་ཁོ་ན་སྔོན་དུ་འགྲོ་དགོས་པར་མ་བཤད་པའི་ཕྱིར་དང༌། ལུང་ལས་ཀྱང༌། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རབ་ཏུ་བྱུང་ངོ་ཞེས་དང༌། སུམ་བརྒྱ་པར་དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་རྩིག་པ་དང༌། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་པས་ལུང་དང་འགལ་བའི་ཕྱིར། རིགས་པ་དང་ཡང་འགལ་བ་ཡིན་ཏེ། འདུལ་བའི་སྡེ་སྣོད་ཐེག་པ་ཐུན་མོང་གི་སྡེ་སྣོད་ཡིན་པ་མ་ཤེས་པས་ཀུན་ནས་བསླང་བའི་ངག་ཡིན་པའི་ཕྱིར། ཁས་བླངས་པ་དང་འགལ་བ་ཡིན་ཏེ། ཁྱེད་རང་ཉིད་ཀྱང་སྡོམ་པ་འབོགས་པའི་ཆོ་ག་བྱེད་པའི་ཚེ་དམན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་མི་འཇུག་པའི་ཕྱིར། ལྕང་ར་བ་ནི། དགེ་ཚུལ་དང༌། བསྙེན་རྫོགས་གང་ཡིན་ཀྱང་ངེས་པ་ལྔ་དང་བྲལ་བ་གཅིག་དགོས་སོ། །ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། མཛོད་ཀྱི་འགྲེལ་པར། དགེ་སློང་ལ་ངེས་པ་ལྔ་བྲལ་དགོས་པར་བཤད་ཀྱི་དགེ་ཚུལ་ལ་མ་བཤད་པའི་ཕྱིར་དང༌། རྩ་བར་ཡན་ལག་རྒྱུ་ལ་དབྱེ་བ་ཡོད། ཞེས་དགེ་ཚུལ་གྱི་སྡོམ་པའི་ཡན་ལག་ངེས་པར་བཤད་པའི་ཕྱིར། བུ་སྟོན་ཐམས་ཅད་མཁྱེན་པ། རྒྱུད་ཚོགས་སུ་མ་ལོངས་པ་དགོས་སོ། །ཞེས་གསུང་པ་དེའི་དགོངས་པ་བརྟག་དགོས་ལ། ཚོགས་ཀྱིས་ཚོགས་ལ་ལས་མི་འཆགས་པ་ལ་དགོངས་ན་ནི། རིགས་པ་མ་ཡིན་ཏེ། འདི་དགེ་འདུན་གྱི་ལས་མ་ཡིན་པའི་ཕྱིར། བརྒལ་ལན་ནི། དགེ་ཚུལ་གྱི་སློབ་དཔོན་མཁན་པོས་བསྐོས་པ་གཅིག་དགོས་ཟེར་བ་མི་འཐད་དེ། མཁན་པོ་མེད་པར་དགེ་ཚུལ་མི་སྐྱེ་བར་ཐལ་བའི་ཕྱིར་དང༌། རབ་བྱུང་གི་མཁན་པོ་ཉིད་ཀྱིས་དགེ་ཚུལ་གྱི་སྡོམ་པ་ཕོག་ན་ཡང་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །ཡང་ཁ་ཅིག དགེ་ཚུལ་ཟིན་མ་ཐག་ཏུ་ཡོ་བྱད་བཞི་བྱིན་གྱིས་རློབ་པར་བྱེད་པ་ནི་མི་འཐད་དེ། ལུང་དང་གཞུང་འགྲེལ་གང་ལས་ཀྱང་མི་འབྱུང་བའི་ཕྱིར་དང༌། དེ་ལྟ་ན་དགེ་ཚུལ་ལ་འཆད་འབྲལ་གྱི་ཉེས་པ་འབྱུང་བར་ཐལ་བའི་ཕྱིར། འོ་ན་ཞུ་བ་མང་ཤོས་སུ། དགེ་ཚུལ་ཕས་ནི་དགེ་སློང་དང་དགེ་ཚུལ་ཕའི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུང་བ་མ་ཡིན་ནམ་ཞེ་ན། དེ་ནི་ལུང་མ་དག་པར་མངོན་ཏེ། དགེ་ལེགས་བཤེས་གཉེན་གྱིས་གཏན་ལ་ཕབ་པའི་ཞུ་བ་ཁ་ཆེ་བ་ལས་མི་འབྱུང་བའི་ཕྱིར། ཞེས་བུ་གསུང་ངོ༌། །གཉིས་པ་ཚིགས་ཕྱི་མ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི་གཉིས། དང་པོ་ལ། མཁན་པོའི་བྱ་བ་དང༌། ལས་བྱེད་པའི་བྱ་བའོ། །དང་པོ་ནི། མཁན་པོ་ཡོད་པའི་དབང་དུ་བྱས་ན། མཁན་པོ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་དང༌། ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་ལྡན་པ་དང༌། ས་གཞན་ན་གནས་པ་མ་ཡིན་པ་གཅིག་དགོས་ཏེ་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་ཞེས་སོགས་དང༌། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་པ་དང༌། གནས་སྦྱིན་པ་དང༌། དགེ་ཚུལ་ཉེ་བར་བཞག་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ་གཅིག་དགོས་ཏེ། ཇི་སྐད་དུ། བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཡང་དེ་དང་འདྲའོ་ཞེས་གནས་ཕྱུང་དང་འདྲ་བར་གསུངས་པའི་ཕྱིར། ཤེས་པ་རང་བཞིན་དུ་མི་གནས་པ་དང༌། འགྲོ་བ་གཞན་དུ་གཟུགས་བསྒྱུར་བ་དང༌། མཚན་གྱུར་པ་རྣམས་ལ་ནི་སྐྱེ་ལ་ཉེས་བྱས་སུ་ལུང་ཞུ་བར་གསུངས་སོ། །བསྒྲུབ་བྱའི་ངོས་ན་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་པ་གཅིག་དགོས་ཏེ། ཇི་སྐད་དུ། དེ་དགེ་སློང་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ། །ཞེས་གསུངས་པའི་ཕྱིར། མཁན་པོ་ལ་ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ་མི་དགོས་ཤིང༌། མཁན་པོ་དང༌། གསང་སྟོན་གཉིས་ཀ་ཡོད་པའི་ཚེ་ཡང་དེ་གཉིས་ཁ་སྐོང་དུ་ངེས་པར་དགོས་པའི་བཤད་པ་མེད་དོ། །མཁན་པོ་དེའི་ལས་སུ་བྱ་བ་ནི། ལས་བྱེད་པ་དང༌། གསང་སྟེ་སྟོན་པ་དང༌། ལས་དེའི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་གསོལ་བ་བཏབ་པར་བྱ། དེ་དག་གིས་ཀྱང༌། རང་རྒྱུད་ལ་སོ་སོར་བརྟགས་ཏེ། ལྟུང་བ་ཡོད་ན་བཤགས་པ་དང༌། བསྡམས་པ་དང༌། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །དིང་སང་ཕྱག་ལེན་ལ། མཁན་པོ་ཉིད་དུ་ཕྱོགས་པ་དེས་དགེ་འདུན་རྣམས་ལས་གྲལ་ལ་འདུས་པའི་ཚེ་གསོལ་བ་འདེབས་པར་བྱེད་པ་ནི། བསྟན་པའི་རྣམ་གཞག་མ་ཉམས་ཙམ་ཡིན་གྱི་གཞུང་ཇི་ལྟ་བ་བཞིན་མ་ཡིན་ཏེ། དེ་ལྟར་བྱེད་པ་དེ་ལ་ནི། མདོ་དང་ལས་བརྒྱ་རྩ་ནས་གསུངས་པའི་དོན་སྤྱི་འཆར་ལུགས་གང་ཡང་མི་སྣང་བའི་ཕྱིར་རོ། །དེའི་འོག་ཏུ་མཁན་པོ་ཉིད་དུ་ཕྱོགས་པའི་དགེ་སློང་དེས་གསོལ་བ་བཏབ་པའི་དགེ་སློང་དེ་དག་ཐམས་ཅད་གནས་གཅིག་ཏུ་བསྡུ་བར་བྱ་ཞིང༌། བསྒྲུབ་བྱ་དེ་རང་ཉིད་ལ་མཁན་པོར་གསོལ་བ་འདེབས་སུ་བཅུག་ནས་དེའི་ཆོས་གོས་བྱིན་གྱིས་བརླབ་ཅིང༌། ལྷུང་བཟེད་ཀྱང་དགེ་འདུན་ལ་བསྟན་ནས་བྱིན་གྱིས་བརླབ་པར་བྱའོ། །འདིར་ལྷུང་བཟེད་མཁན་པོ་རང་ཉིད་ལ་བསྟན་མི་དགོས་ཏེ། ལྷུང་བཟེད་བསྟན་པ་མཁན་པོའི་ལས་ཡིན་པའི་ཕྱིར། འོན་ཀྱང་མཁན་པོ་རང་ཉིད་ཀྱིས་བསྟན་མི་དགོས་ཏེ། དེ་གཞན་ལ་བཅོལ་བས་འགྲུབ་པར་གསུངས་པའི་ཕྱིར། བྱིན་གྱིས་བརླབ་པ་ནི་གཞན་ལ་བཅོལ་བས་མི་འགྲུབ་སྟེ། རང་ཉིད་ཀྱིས་བྱ་དགོས་པར་གསུངས་པའི་ཕྱིར། ཆོས་གོས་གསུམ་དང་ལྷུང་བཟེད་བྱིན་བརླབས་བྱེད་ཚུལ་འོག་ཏུ་སྟོན་ནོ། །དེ་ཡང་མཁན་པོ་ཡོད་པའི་དབང་དུ་བྱས་ཀྱིས་མེད་པ་ལ་ནི། ལས་ཀྱི་སློབ་དཔོན་ལྟ་བུ་གང་ཡང་རུང་བ་ཞིག་གིས་བྱ་བར་དོན་གྱིས་ཐོབ་བོ། །གཉིས་པ་ལས་བྱེད་པའི་སློབ་དཔོན་གྱི་བྱ་བ་ལ། གསང་སྟོན་བསྐོས་ཏེ་བར་ཆད་དྲིར་གཞུག་པ་དང༌། རང་ཉིད་ཀྱིས་བར་ཆད་དྲི་བའོ། །དང་པོ་ལ། སྔགས་ཆོག་ནི་གྲགས་ཆེ་བས་མ་བྲིས་ལ། དེའི་དོན་བཤད་པ་ལ། དགོས་པ་ནི། ལྐོག་ཏུ་དྲིས་པས་བར་ཆད་ཀྱི་ཆོས་ཡོད་མེད་བདེན་པར་སྨྲ་བ་དང༌། སློབ་དཔོན་མང་པོ་དང་ལྡན་པས་བདེ་བ་ལ་རེག་པའི་ཆེད་ཡིན་ནོ། །བསྡུས་པའི་དོན་ནི། གསང་དང་ཞེས་པས་ཏེ་བསྟན་ཟིན་ཏོ། །ཚིག་དོན་བརྒལ་ལན་དང་བཅས་པ་ལ། འདིར་གསང་སྟེ་སྟོན་པ་མེད་མི་རུང་གི་ཡན་ལག་མ་ཡིན་ཏེ། ཇི་སྐད་དུ། བར་ཆད་མ་དྲིས་པ་ལ་ཡང་ངོ་ཞེས་གསུངས་པའི་ཕྱིར། ཁ་ཅིག་ཁྱིམ་པས་ཀྱང་གསང་སྟོན་རུང་ཞེས་ཟེར་བ་ནི་མི་འཐད་དེ། དགེ་འདུན་གྱི་ལས་ཀྱི་མ་བསྐོས་པར་གསང་སྟོན་དུ་མི་འགྱུར་བའི་ཕྱིར་དང་ནང་དུ་འོང་བ་ཞུ་མཁན་དགེ་སློང་ཞིག་ངེས་པར་དགོས་པའི་ཕྱིར། གསང་སྟོན་གྱིས་ལྐོག་ཏུ་བར་ཆད་དྲི་བའི་ཚེ། དཀྱིལ་འཁོར་པའི་ཕྱི་རོལ་དུ་སོང་སྟེ་དྲི་བར་བཤད་པས། དགེ་འདུན་ལ་ཞུས་ནས་འགྲོ་དགོས་ཏེ། གཞན་དུ་ན་ལས་གྲལ་ནས་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར། ཞེས་ཟེར་བ་ནི་མ་ཡིན་ཏེ། དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་གནང་བ་བྱིན་ནས་ཕྱི་རོལ་དུ་བཏང་བ་ལ་མ་སྨྲས་པར་འགྲོ་བའི་ལྟུང་བྱེད་ཀྱི་དོན་མེད་པའི་ཕྱིར། དེ་ལྟར་གསང་སྟོན་གྱིས་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུས་པའི་འོག་རོལ་དུ། བསྒྲུབ་བྱ་དེས་དགེ་འདུན་ལ་གསོལ་བ་ལན་གསུམ་གྱི་བར་དུ་འདེབས་དགོས་ཏེ། སྦྱིན་པའི་ལས་ཡིན་པའི་ཕྱིར། འདི་ནི་བསྙེན་རྫོགས་དངོས་གཞིའི་ལས་ཆགས་པ་ལ་མེད་མི་རུང་དུ་དགོས་ཏེ། སྦྱིན་པའི་ལས་ལ་གསོལ་བ་འདེབས་པ་དང༌། བསྐོ་བའི་ལས་ལ་གསོལ་བ་འདེབས་པ་དང༌། བསྐོ་བའི་ལས་ལ་སྤྲོ་བ་དྲི་བ་མེད་མི་རུང་གི་ཡན་ལག་ཏུ་བཤད་པའི་ཕྱིར་དང༌། དངོས་གཞིའི་ཆོ་གའི་ཚིག་ཟུར་ལས་ཀྱང༌། མིང་འདི་ཞེས་བགྱི་བ་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན་ཞེས་འབྱུང་བའི་ཕྱིར་དང༌། འདི་ལ་དམིགས་གསལ་ཀྱང་མི་འབྱུང་བའི་ཕྱིར། འདིར་སྔགས་ཆོག་དེ་ཉིད་བྲི་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་སོ། །གཉིས་པ་ལས་བྱེད་པ་རང་ཉིད་ཀྱིས་བར་ཆད་དྲི་བ་ལ། དགེ་འདུན་ལ་གནང་བ་ཞུ་བ་དང༌། བར་ཆད་དྲི་བ་དངོས་སོ། །དང་པོ་ནི། ནང་དུ་དྲི་ཕྱིར་དང་ཞེས་པའི་སྡོམ་གྱིས་བསྟན་པའི་གསོལ་བ་འབའ་ཞིག་པའི་ལས་དེའོ། །སྔགས་ཆོག་ནི་གྲགས་ཆེ་བས་མ་བྲིས་སོ། །བར་ཆད་དྲི་བ་དངོས་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཞིག་ཞེས་སོགས་ཏེ། གྲགས་ཆེ་བས་མ་བྲིས་སོ། །འདི་ཡན་ཆད་དུ་བསྒྲུབ་བྱ་ཚོགས་སུ་མ་ལོངས་པ་ཉིད་མི་དགོས་ཏེ། འདི་ཡན་ཆད་དུ། བསྒྲུབ་བྱ་ལ་བྱ་བའི་ལས་ཐབས་ཐམས་ཅད་དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་ཡིན་གྱི་དགེ་འདུན་གྱི་ལས་དངོས་མ་ཡིན་པའི་ཕྱིར་རོ། །འདིར་བར་ཆད་ཀྱི་ངོ་བོ་རྟོགས་དཀའ་བ་འགའ་ཞིག་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་བདེན་པའི་དུས་ཞེས་པ་བདེན་པར་སྨྲ་བའི་དུས་ཡིན་པའོ། །བྱུང་བའི་དུས་ཞེས་པ། གཞི་འགྲེལ་ལས། ཡང་དག་པའི་མཐའ་སྨྲ་བའི་དུས་ཡིན་ཞེས་པ་ལ་བཤད། ཕྲན་ཚེགས་འགྲེལ་པ་ལས། བྱུང་བ་ནི་འདུས་པ་ཡིན་ལ། དེའི་ཚིག་གི་དུས་ཡིན་ནོ། །ཡང་ན་དོར་བར་བྱ་བ་ནི་བྱུང་ཞེས་བྱ་ལ། དེའི་དུས་ཡིན་པའོ་ཞེས་གསུངས་སོ། །རྐུས་པ་ནི་གཞན་གྱི་རྒྱལ་སྲིད་ལས་མཐུས་བཀུག་པའོ། །རྙེད་བརྩོན་ནི་གཏའ་མར་བཞག་པའོ། །རྩོད་པ་ཅན་ནི། སྐྱིན་པོ་ལ་སོགས་པ་བླངས་ནས། དེའི་སྐྱིན་པ་གསོབ་མ་ནུས་པས་རྩོད་པ་དང་བཅས་པའོ། །བཙོངས་པ་ནི་གཞན་ལ་ནོར་གྱི་ཆེད་དུ་བཙོངས་པའོ། །རྒྱལ་པོ་ལ་བསྡིགས་པ་ནི། རྒྱལ་པོའི་དགྲ་བོའི་དངོས་པོར་གནས་ཀྱང་གནོད་པའི་ལས་མི་རྩོམ་པའོ། །རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་ནི། དེ་རྩོམ་པའོ། །སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་པ་བར་ཆད་དངོས་མ་ཡིན་ཀྱང་དྲི་བ་འོག་མ་དྲང་བའི་ཆེད་དུ་སྨོས་པ་ཡིན་ཏེ། སྐྱེས་པ་ལ་རབ་ཏུ་བྱུང་བ་ལན་བདུན་ལེན་དུ་གནང་བའི་ཕྱིར་བསླབ་པ་ལེགས་པར་ཕུལ་ལམ་ཞེས་བྱ་བའི་ཚིག་འབྱུང་བ་ལ་བརྟེན་ནས། ཕམ་པ་འཆབ་བཅས་ཀྱིས་ཉམས་པ་བསླབ་པ་ཕུལ་ནས་སླར་ཡང་སྡོམ་པ་ལེན་པའི་ཕྱག་ལེན་བྱེད་པ་ནི། འདུལ་བ་དང་མཐུན་པ་མ་ཡིན་ཏེ། ཕམ་པར་འགྱུར་བའི་ལྟུང་བ་བཞི་ལས་གང་ཡང་རུང་བ་འཆབ་བཅས་བྱུང་བ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་གསུངས་པའི་ཕྱིར། ཕམ་པ་འཆབ་མེད་དུ་བྱུང་བ་ལ་ནི་ཕུལ་ནས་སླར་ཡང་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། མི་དཔྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་བཤད་པས་སོ། །ད་ལྟ་རབ་ཏུ་བྱུང་བ་ཞེས་སོགས་ནི། ཚིགས་སྔ་མ་མེད་པའི་ཉེས་བྱས་ཁེགས་པའི་ཕྱིར་ཡིན་གྱི་སྐྱེ་བའི་བར་ཆད་མ་ཡིན་ནོ། །མཁན་པོའི་མིང་ཅི་ཞེས་པའི་ལན་དུ་རབ་བྱུང་སྒྲུབ་མཁན་གྱི་མཁན་པོ་དེའི་མིང་སྨོས་དགོས་པ་མིན་གྱི་བསྙེན་རྫོགས་ཀྱི་མཁན་པོའི་མིང་ནས་བརྗོད་དགོས་པ་ཡིན་ཏེ། གསང་སྟོན་གྱིས་དགེ་འདུན་ལ་མཁན་པོའི་མིང་བརྗོད་དགོས་པ་དེ་དང༌། ལས་ཀྱི་སློབ་དཔོན་དེས་ལས་བྱེད་པའི་ཚེ་མཁན་པོའི་མིང་བརྗོད་དགོས་པས་དེ་ཤེས་པར་བྱ་བའི་ཆེད་ཡིན་པས་སོ། །བར་ཆད་ཀྱི་ཆོས་གོ་དཀའ་བ་གཞན་ཡང་བཤད་པར་བྱ་སྟེ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་རེག་པས་སུན་ཕྱུང་བ་ནི་སྐྱེ་བའི་བར་ཆད་མ་ཡིན་ཏེ། ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་མི་ཚངས་པར་སྤྱོད་པ་ཉམས་སུ་མྱོང་བ་དག་སུན་ཕྱུང་བ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །རྐུ་ཐབས་སུ་གནས་པ་ནི། ཇི་སྐད་དུ། བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་དེ་ཉིད་ཡིན་ནོ། །ཞེས་གསུངས་ཤིང༌། འགྲེལ་པར། ལས་ཞེས་སྨོས་པ་མཚོན་པ་ཁོ་ནའི་ཕྱིར་ཡིན་ཏེ་བསྙེན་པར་མ་རྫོགས་པས་བྱ་བ་མ་ཡིན་པ་དགེ་འདུན་ལ་རག་ལས་པ་དཔེར་ན་རབ་ཏུ་བྱུང་བའི་ཞུ་བ་ལ་སོགས་པ་གང་ཡིན་པ་དེ་ཉམས་སུ་མྱོང་བར་གྱུར་ན་ཡང་རྐུ་ཐབས་སུ་གནས་པ་ཉིད་ཡིན་ནོ། །ལ་ལ་ནི་འདི་སྐད་ཅེས་ལས་ཉམས་སུ་མྱོང་བས་རྐུ་ཐབས་སུ་གནས་པ་ཉིད་ཡིན་གྱི་འཕྲལ་བྱ་བ་ཉམས་སུ་མྱོང་བས་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཞེས་ལུགས་གཉིས་གསུངས་པ་ལས། ཕྱི་མ་འདི་སློབ་དཔོན་ཤེས་རབ་བྱེད་པའི་ལུགས་ཡིན་པར་བོད་རྣམས་འཆད་ཅིང༌། སྔ་མ་དེ་ཉིད་རང་ལུགས་སུ་འཆད་དགོས་པ་ཡིན་ཏེ། ཉིད་ཀྱི་རྣམ་པར་བཤད་པ་ལས། རབ་ཏུ་བྱུང་བར་ཞུ་བ་དང་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་དང༌། གསང་སྟེ་སྟོན་པ་དང༌། ཡོངས་སུ་དག་པ་དང༌། བསྡུ་བ་དང༌། སྤོ་བ་ལ་སོགས་པ་ཞུ་བ་དང༌། རྗེས་སུ་ཐོབ་པ་རྣམས་ཀྱང་སོ་སོར་ཉམས་སུ་མྱོང་བ་ལ་རྐུ་ཐབས་སུ་གནས་པ་ཉིད་རྣམ་པར་གནས་པ་ཡིན་ནོ། །ཞེས་གསུངས་པས་སོ། །འགྲེལ་ཆུང་ལས། དགེ་ཚུལ་རྐུ་ཐབས་སུ་གནས་པར་གྱུར་ན་སྔར་གྱི་སྡོམ་པ་བཏང་ཞིང་ཕྱིས་སྐྱེར་མི་རུང་བར་འགྱུར་རོ་ཞེས་གསུངས་ལ། བུ་སྟོན་རིན་པོ་ཆེས། རྐུ་ཐབས་སུ་གནས་པ་སྡོམ་པའི་གཏོང་རྒྱུར་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར་དང༌། དབྱེན་དང༌། ངན་སེམས་ཀྱིས་ཁྲག་ཕྱུང་བ་གཉིས་ཀྱིས་ཀྱང་དེར་ཐལ་བའི་ཕྱིར་མི་རིགས་སོ། །ཞེས་གསུང་ངོ༌། །མདོར་ན་དགེ་ཚུལ་གྱིས་རབ་བྱུང་གི་ཞུ་བ་བྱེད་པའི་ལས་ཉམས་སུ་མྱོང་བ་དང༌། གཞན་རབ་ཏུ་བྱུང་བའི་མཁན་པོ་དང༌། གཞན་ལ་དགེ་ཚུལ་གྱི་སྡོམ་པ་བྱིན་ལ། རྐུ་ཐབས་སུ་གནས་པར་གསུངས་པས་འདི་ནི་འབྱུང་ཉེ་བར་སྣང་ངོ༌། །ཐ་དད་དུ་གནས་པ་ནི་གནས་ནས་ཕྱུང་བའི་ལས་བྱས་པའམ། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་ལྟ་བུའོ། །གནས་པར་མི་བྱ་བ་ནི་ཉམས་པའོ། །འདི་ཕམ་པར་འགྱུར་བའི་ལྟུང་བ་བཞི་ལས་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཞེས་པ་མི་ཟློས་པའི་ཚུལ་དཔྱད་དགོས་སོ། །ཟ་མ་དང་མ་ནིང་གི་ཁྱད་པར་ལ། ཟ་མ་ནི་དགེ་ལེགས་བཤེས་གཉེན། འབྲས་བུ་ཕྱུང་བ་ཉེས་པས་མཐུ་ཉམས་པ་ལ་འདོད། དུལ་བ་ལྷ་དབང་པོ་ལས་སུ་མི་རུང་བ་ལ་ཟེར། ཚིག་ལེར། གང་ཞིག་གྲོང་པའི་ཆོས་དག་གི །ནུས་མེད་དེ་ནི་ཟ་མའོ། །ཞེས་བཤད། ཞུ་འགྲེལ་དུ། ཕོ་དབང་མེད་པས་ཟ་མ་དང༌། །མོ་དབང་མེད་པས་མ་ནིང་ངོ༌། །ཞེས་གསུང༌། རྒྱལ་པོ་སྲས་སུ། དང་པོ་ནས་ཕོ་མོའི་དབང་པོ་མེད་པས་ཟ་མ། གནོད་པས་ཉམས་པ་མ་ནིང་ཞེས་བཤད། མདོ་རྩ་བར། ཕ་ཆོག་གི་སྐབས་སུ། ཕོ་མ་ནིང་ལྔ་དང༌། མ་ཆོག་གི་སྐབས་སུ་མོ་མ་ནིང་ལྔ་བཤད་པ་ནི། རྟོགས་པར་སླའོ། །མུ་སྟེགས་ཅན་ཞུགས་པ་ནི། ཇི་སྐད་དུ། རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ལྟ་བ་དེ་དང་ལྡན་པ་ཆོས་གོས་འདི་བོར་ཏེ་རྒྱལ་མཚན་དེས་དེར་སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ། །ཞེས་གསུངས་དོན་ནི། རབ་ཏུ་བྱུང་རྗེས་སུ་ལྟ་བ་དེ་སྐྱེས་པ་ལ་དགོངས་པ་བླངས་དགོས་པའམ། ཡང་ན་མུ་སྟེགས་ཀྱི་ལྟ་བ་དང་ལྡན་པ་རྐྱང་པས་ཉམས་པའི་བར་ཆད་མི་བྱེད་པར་གསལ་བས་མུ་སྟེགས་ཅན་གྱི་སྤྱོད་པ་བོར་ཞིང་ལྟ་བ་མ་བོར་བར་རབ་བྱུང་གི་སྡོམ་པ་སྐྱེས་པ་གང་རུང་ལ་དགོངས་པ་ལེན་དགོས་སོ། །འདི་ལ་བསླབ་པ་ཕུལ་ནས་ཆོས་གོས་བོར་སོགས་བྱས་ན་སྡོམ་པ་སླར་ཡང་སྐྱེ་ལ། མ་ཕུལ་བར་བྱས་ན་མི་སྐྱེ་བར་ལུང་ཞུ་བ་ལས་གསུངས་སོ། །དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་གསུངས་པའི་དོན་ནི། ལྟ་བ་དེ་དང་ལྡན་པས་དགེ་འདུན་དང་ལྷན་ཅིག་ལས་ལན་གཉིས་ཉམས་སུ་མྱོང་བར་གྱུར་ན། ཆོས་གོས་བོར་སོགས་མ་བྱས་ཀྱང་མུ་སྟེགས་ཅན་ཞུགས་པ་ཡིན་ཞེས་པའི་དོན་ཡིན་ནོ། །འདི་ལ་གཞི་འགྲེལ་དུ། མུ་སྟེགས་ཅན་དགེ་འདུན་གྱི་ནང་དུ་ཞུགས་པ་ཞེས་བཤད་ལ། གཞུང་དམ་པ་ལས། མུ་སྟེགས་ཅན་དུ་སོང་བ་ཞེས་བཤད་ཀྱང་སྔ་མ་ལེགས་སོ། །དགེ་འདུན་གྱི་དབྱེན་ལ་ཆས་སུ་འདུ་ཤེས་པས་བྱས་ན་ནི་མཚམས་མེད་དུ་མི་འགྱུར་ཞིང༌། ཆོས་མིན་དུ་འདུ་ཤེས་པས་དགེ་འདུན་ཕྱེ་ན་མཚམས་མེད་དུ་འགྱུར་བ་དང༌། ཁྲག་ཕྱུང་བ་ལ་མཚམས་མེད་དུ་འགྱུར་བ་ལ་བསད་སེམས་དགོས་པར་ལུང་ཞུ་བ་ལས་གསུངས་སོ། །དེ་ལྟར་ན་མཚམས་མེད་འདི་ཉིད་དང་ལྡན་པའི་དགེ་སློང་དེ་དགེ་སློང་ཉམས་པ་མ་ཡིན་ཀྱང༌། བསླབ་པ་ཕུལ་ནས། སླར་ཡང་མི་སྐྱེ་བར་བསྟན་པ་ཡིན་ནོ། །ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ་ཞེས་པ་འཆབ་བཅས་ལ་དགོངས་པ་ཡིན་ཏེ། ཕམ་པ་འཆབ་མེད་ཅན་གྱི་དགེ་སློང་བསླབ་པ་ཕུལ་ནས་སླར་ཡང་ལེན་ན་སྐྱེ་བའི་ཕྱིར་ཏེ། ཞུ་བར། བཙུན་པ་བསླབ་པ་བཙལ་བས་བསླབ་པ་ཕུལ་ཏེ་ཁྱིམ་པའི་དངོས་པོར་མཆིས་པ་ལས་དེ་སླར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དེ་དགེ་སློང་གི་དངོས་པོར་འཚལ་བ་དང༌། དེ་དགེ་སློང་གིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཨུད་པ་ལི་བསྙེན་པར་རྫོགས་ཞེས་བྱ་སྟེ། རྫོགས་པར་བྱེད་པ་ནི་འདས་པའོ། །ཞེས་གསུངས་པས་སོ། །བཞི་ཞེས་སྨོས་པ་ནི། དགེ་སློང་མའི་ཐུན་མོང་མ་ཡིན་པའི་ཕམ་པ་བཞི་པོ་འཆབ་པ་དང་བཅས་པ་བྱུང་བ་སྐྱེས་པར་མཚན་གྱུར་ན། དེས་བསླབ་པ་ཕུལ་ཏེ་སླར་ཡང་བླངས་ན་མི་སྐྱེའམ་སྙམ་པའི་དོགས་པ་སེལ་བ་ཡིན་ཏེ། ཇི་སྐད་དུ། བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པར་རུང་བ་ཉིད་དོ། །ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཅན་ཡང་ངོ༌། །ཞེས་གསུངས་པས་སོ། །རྒྱུ་ལས་ལྡོག་པ་ཞེས་སོགས་ཀྱི་དོན་ནི། བསྡིགས་པ་ནན་ཏུར་གྱི་རྒྱུ་འཐབ་དཀྲོལ་བྱེད་པ་ལྟ་བུ་ལས་ལྡོག་ཅིང་ཆད་པ་ཁས་མི་ལེན་པ་སྟེ། འཐབ་དཀྲོལ་མི་བྱེད་པར་ཁས་ལེན་པའོ། །དེས་བསླབ་པ་ཕུལ་ཏེ་སླར་རྫོགས་ན་སྐྱེ་ལ་ཉེས་བྱས་ཡིན་ལ་ཁས་མི་ལེན་པ་དེ་གནས་ནས་ཕྱུང་བ་ཡིན་ན་ནི་སྐྱེ་བ་མ་ཡིན་ཏེ། ཇི་སྐད་དུ། ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ། །རྒྱལ་པོས་བཀྲབས་པ་ནི། ཕྲན་ཚེགས་འགྲེལ་པ་ལས། བློའི་གྲོགས་བྱེད་པ་ལ་གཙོ་བོར་གྱུར་པའི་ཕྱིར་རྒྱལ་སྲིད་བསྐྱང་བའི་གྲོགས་སུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །སྡོམ་པ་སྐྱེ་བ་ལ་བར་ཆད་དྲི་དགོས་པས་ཁྱབ་པ་མ་ཡིན་ཏེ། བར་ཆད་མ་དྲིས་པར་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། དྲིས་པའི་ཚེ། བར་ཆད་མེད་བཞིན་དུ་ཡོད་པར་ཁས་ལེན་པ་ལ་སྡོམ་པ་སྦྱིན་ན་མི་སྐྱེ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་མེད་པར་ཁས་ལེན་པ་ལ་སྦྱིན་ན་ཡང་ངོ༌། །ཞེས་གསུངས་སོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་སྔགས་ཆོག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ན་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན་ལོ་ཉི་ཤུ་ཡང་ལོན་འདིའི་ཆོས་གོས་གསུམ་དང༌། ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱིས་ཀྱང་ཡོངས་སུ་དག་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ། མཁན་པོ་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ན། མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱིས་ཀྱང་ཡོངས་སུ་དག་གོ །ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག མི་བཟོད་པ་དེ་དག་ནི་གསུངས་ཤིག འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། འཇུག་བསྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏེ། གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། བསྟན་པ་ལ་ཞུགས་ཤིང་རྫོགས་པས་འདུལ་བར་གཏོགས་པའི་ལས་མཐའ་དག་ལ་དབང་ཞིང༌། དེའི་རྒྱུ་མཚན་གྱིས་བསྟན་པའི་བདག་པོར་འགྱུར་བའོ། །བསྡུས་པའི་དོན་ནི། བསྙེན་པར་རྫོགས་པར་བྱ་བ་དང་ཞེས་གསོལ་བ་དང་བཞིའི་ལས་སུ་བསྟན་ཏོ། །གསུམ་པ་ཚིག་གི་དོན་ལ། ལུང་གཅིག་ལས་འཕྲོས་པའི་བཅུ་པ་ལས། མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་མངོན་དུ་གྱུར་པ་དང༌། སངས་རྒྱས་མངོན་དུ་གྱུར་པ་དང༌། ཆོས་མངོན་དུ་གྱུར་པ་དང༌། མཁན་པོ་མངོན་དུ་གྱུར་པ་དང༌། སློབ་དཔོན་མངོན་དུ་གྱུར་པ་དང༌། བསྙེན་པར་རྫོགས་འདོད་མངོན་དུ་གྱུར་པ་དང༌། ཡོ་བྱད་མངོན་དུ་གྱུར་པ་དང༌། ཡོངས་སུ་དག་པ་མངོན་དུ་གྱུར་པ་དང༌། གསོལ་བ་མངོན་དུ་གྱུར་པ་དང༌། ལས་མངོན་དུ་གྱུར་པ་རྣམས་སོ། །ཞེས་གསུངས་སོ། །འདི་ལ་དགེ་འདུན་མངོན་དུ་གྱུར་པ་ཚིག་ཟིན་ལ་མ་བྱུང་ཡང་སྟོན་པ་དང་སངས་རྒྱས་ཟློས་པས་སྟོན་པ་ནི་དགེ་འདུན་མངོན་དུ་གྱུར་པ་ཡིན་པར་སྔ་རབས་པ་རྣམས་འཆད་དོ། །དོན་དམ་པའི་དཀོན་མཆོག་གསུམ་མངོན་དུ་གྱུར་པ་ནི། སྐྱབས་འགྲོའི་ཡུལ་གྱི་དཀོན་མཆོག་གསུམ་པོ་དེ་ཉིད་ཡིན་ལ། བརྡར་བཏགས་པའི་སངས་རྒྱས་ནི་སངས་རྒྱས་ཀྱི་སྐུ་གཟུགས་སྟེ། ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་བགྲེས་པའི་མཐའ་ལོགས་ན་བཞུགས་པའི་ཚེ་བགྲེས་པའི་མཐའ་བརྗིད་ཅིང༌། མི་བཞུགས་པའི་ཚེ་མི་བརྗིད་པར་མཐོང་ནས་གནང་ན་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་བགྱིའོ། །གནང་གི་གྱིས་ཤིག དེའི་སྐུ་གཟུགས་བྱས་ནས་རྒན་པའི་མཐའ་ལོགས་སུ་བཞག་གོ །བརྡར་བཏགས་པའི་ཆོས་ནི། ལས་ཀྱི་ཆོ་ག་ནན་ཏན་བྱེད་པ་པོའི་རྒྱུད་ལ་བཞུགས་པའོ། །བརྡར་བཏགས་པའི་དགེ་འདུན་ནི་དབུས་དང་མཐའ་འཁོབ་ཀྱི་ཁྱད་པར་ལས། སྤྱིར་བཏང་དུ་བཅུ་ཚོགས་དང༌། གཞན་མེད་ན་འདུལ་བ་འཛིན་པ་དང་ལྔ་ཚོགས་དང༌། དམིགས་བསལ་ལ་བཞི་ཚོགས་ཀྱང་གསུངས་སོ། །འདིར་བརྡར་བཏགས་པའི་ཆོས་དང་དགེ་འདུན་གཉིས་གཙོ་ཆེ་བ་ཡིན་ཏེ། དོན་དམ་པའི་དེ་གཉིས་ཡོད་ཀྱང་བརྡར་བཏགས་པའི་དེ་གཉིས་མངོན་དུ་མ་གྱུར་ན། སྡོམ་པ་མི་སྐྱེ་བའི་ཕྱིར་རོ། །འདིར་རྒྱ་འདུལ་བ་འཛིན་པའི་ཞལ་མངའ་ནས། བཞིས་ཀྱང་བསྙེན་པར་རྫོགས་པར་འགྱུར་ཏེ། ཁ་སྐོང་བར་འོས་པ་བཞིར་ཚང་ན་དགེ་འདུན་དུ་ལོངས་པས་ལས་ཐམས་ཅད་ལ་དབང་བའི་ཕྱིར་དང༌། ཞུ་བ་ལས། མཐའ་འཁོབ་ཏུ་ལྔས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་ན་ལྔ་ལས་ལྷག་པར་མཆི་བཞིན་དུ་བཞིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། རྫོགས་ཞེས་བྱ་ལ་འདས་པ་དང་བཅས་པར་རོ། །ཞེས་བཤད་པས་སོ། །ཞེས་གསུང་ངོ༌། །འདི་ལ་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་ནས། དེ་ནི་ཞུ་བའི་ཡི་གེ་ཉམས་པ་ཡིན་ཏེ། རྒྱ་ཆེར་འགྲེལ་པ་མཁན་པོས་ལུང་དྲངས་པར། ལྔ་ལས་ལྷག་པར་མཆི་བཞིན་དུ་ལྔས་བསྙེན་པར་རྫོགས་པར་བགྱི་ན་རྫོགས་ཞེས་བགྱིའམ། བཀའ་སྩལ་པ་རྫོགས་པ་ཞེས་བྱ་ལ་འདས་པ་དང་བཅས་པའོ། །ཞེས་དྲངས་པའི་ཕྱིར་དང༌། བཞིར་ཚང་བས་ལས་ཐམས་ཅད་འགྲུབ་ན། ལས་སོ་སོ་ལ་དགེ་འདུན་གྲངས་ཚང་ཐ་དད་དུ་གསུངས་པ་དོན་མེད་པར་འགྱུར་རོ། །ཞེས་གསུང་མོད། ལུང་གི་ཡི་གེ་མ་དག་པ་མ་ཡིན་ཏེ། འདུལ་བ་ཚིག་ལེའུར་བྱས་པ་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་བཤད་པའི་ཕྱིར། འགྲེལ་པར་དྲངས་པའི་ལུང་དེས། ལུང་སྔ་མ་དག་པར་འགྲུབ་པ་ཡིན་ཏེ། ལྔ་ལས་ལྷག་པར་མཆི་བཞིན་དུ་ལྔས་བསྙེན་པར་རྫོགས་ན་འདས་པ་དང་བཅས་པར་འགྱུར་བ་དང༌། བཞི་ལས་ལྷག་པར་མཆི་བཞིན་དུ་བཞིས་བསྙེན་པར་རྫོགས་ན་འདས་པ་དང་བཅས་པར་གསུངས་པ་གཉིས་ཕན་ཚུན་གནོད་བྱེད་མ་ཡིན་གྱི་སྒྲུབ་བྱེད་དུ་འབྲེལ་བའི་ཕྱིར། གྲངས་ཚད་ཐ་དད་དུ་གསུངས་པ་རྣམས་ཀྱང༌། དེ་ཁོ་ན་ལྟར་མ་ངེས་ཏེ། དགེ་སློང་ཕའི་དགེ་འདུན་ལྔ་ཚོགས་བརྐྱང་པས་བུད་མེད་བསྙེན་པར་རྫོགས་སུ་རུང་བའི་ཕྱིར། དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་ནི་མི་འཆགས་པ་མ་ཡིན་ནོ། །ཞེས་བཤད་པས་སོ། །ལྕང་ར་བ་ན་རེ། ཕྱིས་ཀྱི་བོད་ཁ་ཅིག མེ་ཏོག་ཕྲེང་རྒྱུད་ལ་བརྟེན་ནས། དགེ་སློང་བཞི་ཁོ་ནས་བསྙེན་པར་རྫོགས་པར་བྱེད་པ་ནི། བསྟན་པ་ལ་གནོད་པའི་ཆོ་ག་ཡིན་ཏེ། དགེ་སློང་བཞི་ལས་མེད་ན་གཅིག་གསང་སྟོན་དུ་བསྐོས་དགོས་ཤིང༌། གསུམ་གྱིས་གསང་སྟོན་བསྐོ་བའི་ལས་བྱས་ཀྱང་དགེ་འདུན་དུ་མ་ལོངས་པས། མི་འཆགས་པའི་ཕྱིར། ཕྲེང་རྒྱུད་ལས་བཞི་ཞེས་འབྱུང་བ་ནི། ལས་བྱེད་པ་མ་གཏོགས་པའི་ཁ་སྐོང་བཞིའི་དབང་དུ་བྱས་པར་གདོན་མི་ཟའོ། །ཞེས་ཟེར་རོ། །དེ་ནི་ཆེས་རིགས་པ་མིན་ཏེ། བཞི་ལས་མེད་ན་གཅིག་གསང་སྟོན་དུ་བསྐོ་དགོས་པར་འགལ་བའི་ཕྱིར་དང༌། གསང་སྟེ་སྟོན་པས་བར་ཆད་མ་དྲིས་པ་ལ། བསྙེན་རྫོགས་མི་སྐྱེ་བ་མ་ཡིན་པའི་ཕྱིར་དང༌། བར་ཆད་དྲིས་ནས་ཀྱང་ནང་དུ་འོང་བ་ཞུ་ཟིན་ནས་གསང་སྟོན་ལས་གྲལ་དུ་མ་འདུས་ན་ལས་མི་འཆགས་པ་མ་ཡིན་པའི་ཕྱིར་དང༌། དེ་ལྟར་ཡིན་པར་ཡང༌། ཇི་སྐད་དུ་བྱེད་པ་ཉིད་ན་སོང་ན་མ་རྫོགས་པ་རྣམ་པར་འཁྲུག་པ་ཉིད་དོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལོངས་པ་རྣམས་མ་ལུས་པ་ཉིད་ན་རྫོགས་པའོ། །ལུས་པ་ཉིད་ན་མི་འགྱུར་རོ། །ཞེས་པའི་ལུང་གིས་གྲུབ་པའི་ཕྱིར་དང༌། དགེ་སློང་བཞི་ལས་མེད་པའི་ཚེ་བཞི་ལས་གང་ཡང་རུང་བ་གཅིག་གི་ལྐོག་ཏུ་བར་ཆད་དྲིས་དེ་ནང་དུ་འོང་བ་ཞུ་བ་ལ་འགལ་བ་མེད་པའི་ཕྱིར་རོ། །མདོར་ན་བསྙེན་རྫོགས་མི་འཆགས་པའི་ཤེས་བྱེད་དུ་གསང་སྟེ་སྟོན་པ་མི་འཆགས་པའི་ཕྱིར་ཞེས་ཟེར་བ་ནི། ཇི་སྐད་དུ། བར་ཆད་མ་དྲིས་པར་ཡང་ངོ༌། །ཞེས་པའི་གཞུང་རྣ་ལམ་དུ་མ་གྲགས་པར་ཟད་དོ། །ལུང་གི་འཆད་ཚུལ་དེ་ལྟར་ཡང་མི་འཐད་དེ། བཞི་ནི་ལས་བརྗོད་མཁས། ཞེས་པའི་ངེས་བཟུང་གི་ཚིག་ལ་ནུས་པ་མཐོན་པའི་ཕྱིར་ཏེ། ལས་བྱེད་མཁན་མ་གཏོགས་པའི་བཞི་པོ་དེ་ལས་བརྗོད་པ་ལ་མཁས་ཞེས་པའི་དོན་ཡིན་ན་བཞི་པོ་དེའི་ནང་དུ་ལས་བྱེད་པ་ཡང་གཏོགས་དགོས་པས་རང་ཚིག་འགལ་བའི་ཕྱིར། བཞི་པ་མཁན་པོ་མངོན་དུ་གྱུར་པ་ནི། མཁན་པོར་གསོལ་བ་བཏབ་ཅིང་ཁས་བླངས་པ་དང་ལྡན་པ། སྔར་བཤད་ཟིན་པའི་ཆོས་གཞན་རྣམས་དང་ལྡན་པའོ། །ད་ལྟར་ཆོ་ག་ལ་བརྟེན་ནས་བསྙེན་པར་རྫོགས་པ་ལ་ཡང༌། འདི་མེད་མི་རུང་གི་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། ཇི་སྐད་དུ། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་བཤད་པས་སོ། །འདི་ནི་སྐྱེ་ལ་ཉེས་བྱས་ཀྱི་བཤད་པ་ཡང་མེད་དོ། །མཁན་པོའི་དོན་ཚང་ཡང་མཁན་པོར་མི་འགྱུར་བ་ཡང་ཡོད་དེ། ཇི་སྐད་དུ། མཁན་པོར་མ་གསོལ་བ་ལ་ཡང་ངོ༌། །ཞེས་གསུངས་པས་སོ། །ལྔ་པ་སློབ་དཔོན་མངོན་དུ་གྱུར་པ་ལས་ཀྱི་སློབ་དཔོན་མངོན་དུ་གྱུར་པ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་མངོན་དུ་གྱུར་པའོ། །དང་པོ་ནི། ཁ་སྐོང་གི་ཆོས་དང་ལྡན་པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་ནུས་པའོ། །སློབ་དཔོན་འདི་ནི་ད་ལྟར་གྱི་ཆོ་ག་ལ་མེད་མི་རུང་གི་ཡན་ལག་ཏུ་དགོས་པ་ཡིན་ནོ། །འདི་དང་གསང་སྟོན་གཉིས་ལ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་ངེས་པར་དགོས་པའི་བཤད་པ་མེད་ཅིང༌། རིགས་པས་ཀྱང་དེ་ལྟར་དུ་འགྲུབ་བོ། །བུ་སྟོན་རིན་པོ་ཆེས་མཁན་པོ་ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ་དགོས་པར་བཤད་ཀྱང༌། མཁན་པོ་ལ་ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ་ངེས་པར་དགོས་པའི་བཤད་པ་མེད་ཅིང༌། དེ་ལྟར་ཡིན་པར་རིགས་པས་ཀྱང་མི་འཐད་དེ། སྟོན་པ་སངས་རྒྱས་ནི་མཁན་པོར་རུང་བའི་ཕྱིར་དང༌། མཁན་པོའི་བྱ་བ་རྣམས་མི་འདུག་པར་འགྲེང་སྟེ་བྱས་པས་ཆོག་པའི་ཕྱིར་དང༌། མཁན་པོ་འཚམས་གཞན་ན་གནས་པ་ལ་མཁན་པོར་གསོལ་བ་བཏབ་ཀྱང་ཆགས་པའི་ཕྱིར་དང་མཁན་པོ་སྨྱོན་པས་བྱས་ཀྱང་འགྲུབ་པའི་ཕྱིར་དང༌། མཚན་མི་མཐུན་པ་ཡང་མཁན་པོར་རུང་བའི་ཕྱིར་དང༌། ས་གཞན་ན་གནས་པ་མ་ཡིན་ན་བསླབ་པ་འཁྲུལ་བཅས་ཀྱང་མཁན་པོར་རུང་བ་གཅིག་སྲིད་པའི་ཕྱིར། བསྒྲུབ་བྱ་དེའི་བསྙེན་པར་རྫོགས་པའི་མཁན་པོ་དེ། བསྒྲུབ་བྱ་དེ་བསྙེན་པར་རྫོགས་པའི་ལས་གྲལ་དུ་འདུག་དགོས་པ་ཁྱབ་པ་ཡང་མེད་པའི་ཕྱིར། གཉིས་པ་ནི། དགེ་སློང་ཆོས་བདུན་ལྡན་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ་བ་ལ་མཁས་པ། དགེ་འདུན་གྱི་ལས་ཀྱིས་བསྐོས་པ་གཅིག་སྤྱིར་བཏང་དུ་དགོས་ལ། གསང་སྟོན་གྱི་དོན་ཚང་ཡང༌། གསང་སྟེ་སྟོན་པའི་སློབ་དཔོན་དུ་མི་འགྱུར་བ་ཡང་ཡོད་པ་ནི། མཁན་པོར་མ་གསོལ་བ་ལ་ཡང་ངོ༌། །ཞེས་པའི་རིགས་པས་གྲུབ་བོ། །ད་ལྟར་གྱི་ཆོ་ག་ལ་ཡང་འདི་མེད་མི་རུང་གི་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། དགེ་ཚུལ་ལམ་དགེ་བསྙེན་སྡེ་སྣོད་འཛིན་པ་ཆེན་པོ་ལྟ་བུ་བར་ཆད་མ་དྲིས་པར་བསྙེན་པར་རྫོགས་པ་དེའི་ཚེ་འདི་མི་དགོས་པའི་ཕྱིར། དྲུག་པ་བསྒྲུབ་བྱ་མངོན་དུ་གྱུར་པ་ནི། བསམ་པ་ཐག་པ་ནས་ནོད་པར་འདོད་པ། ངེས་འབྱུང་གི་བསམ་པ་བརྟན་པོ་དང་ལྡན་པ། དོན་གོ་ཞིང་ངེས་པ་ལྔ་དང་བྲལ་བ་གཅིག་དགོས། འདིར་རྒྱུད་ཚོགས་སུ་མ་ལོངས་པ་གཅིག་དགོས་ཏེ། ཇི་སྐད་དུ། ཚོགས་ཀྱི་མི་བྱའོ་ཞེས་དང༌། དེའི་འགྲེལ་པར། ཚོགས་ཀྱི་ཚོགས་ལ་ལས་བྱས་ན་དགེ་འདུན་གྱི་དབྱེན་ཉིད་དུ་འགྱུར་བར་གསུངས་པས་སོ། །གང་ཟག་གིས་ཚོགས་ལ་བྱས་པ་ལས་ནི་དགག་བྱ་དེ་མེད་དོ། །བདུན་པ་ཡོ་བྱད་མངོན་དུ་གྱུར་པ་ནི། ཆོས་གོས་གསུམ། ལྷུང་བཟེད་རུང་ཚད་ལྡན། མཁན་པོས་བྱིན་གྱིས་བརླབས་ཏེ་གནང་བ་གཅིག་དགོས་ལ། གདིང་བ་དང༌། ཆུ་ཚགས་སྟེར་བའི་ཕྱག་ལེན་བྱེད་མོད། ཚིགས་སྔ་མ་སྔོན་དུ་སོང་བ་ལ་འདི་ལྟར་མི་དགོས་ཤིང༌། ཚིགས་སྔ་མ་ལ་ཡང་འདི་དགོས་པའི་བཤད་པ་མེད་དོ། །འདིར་གདིང་བ་མཁན་པོས་བྱིན་གྱིས་བརླབ་དགོས་པའང་མ་ཡིན་ཏེ། གཞན་དུ་ན་ཡོ་བྱད་ལྷག་མ་རྣམས་ཀྱང་སྐབས་འདི་ཉིད་དུ་བྱིན་གྱིས་བརླབ་དགོས་པར་ཧ་ཅང་ཐལ་བའི་ཕྱིར་རོ། །མདོར་ན་ཡོ་བྱད་ལྷག་མ་རྣམས་བྱིན་གྱིས་བརླབ་པ་ནི། བསྒྲུབ་བྱ་བསྙེན་པར་རྫོགས་ཟིན་ནས་དགེ་སློང་གང་ཡང་རུང་བ་ཞིག་གིས་བྱིན་གྱིས་བརླབ་པས་ཆོག་པ་ཡིན་ནོ། །འདིར་ཡོ་བྱད་བྱིན་གྱིས་བརླབ་པའི་ཚུལ་ལ། སྔགས་ཀྱི་ཆོ་ག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ནི། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །གཞན་གཉིས་ལ་ཡང་འདོན་པར་བསྒྱུར་རོ། །ལྷུང་བཟེད་བྱིན་གྱིས་བརླབ་པ་ནི། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ། དྲང་སྲོང་གི་སྣོད་འདི། བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། དགེ་སྦྱོང་གི་དྲན་པ་གསོ་བ་དང༌། འཆང་འབྲལ་གྱི་ཉེས་པ་ཁེགས་པ་ལ་སོགས་པའོ། །བསྡུས་པའི་དོན་ནི། བྱིན་གྱིས་བརླབ་པ་དང་ཞེས་གང་ཟག་གི་ལས་སུ་བསྟན་པའོ། །གསུམ་པ་ཚིག་གི་དོན་ལ། བགྱིས་པ་ཞེས་པ་ནི། ཐ་ག་པས་བགྱིས་པའོ། །ལགས་པ་ཞེས་པ་ནི་ཟིན་པ་སྟེ། བཀྲུ་བ་དང༌། བཙེམ་པ་དང༌། ཁ་བསྒྱུར་བ་སོགས་ཟིན་པའོ། །འདིར་ལགས་པ་དང་ཟིན་པ་གཉིས་སྐད་དོད་གཅིག་པ་ཡིན་ནོ་ཞེས་བུ་སྟོན་རིན་པོ་ཆེ་གསུང་ངོ༌། །རུང་བ་ཞེས་སྨོས་པ་ནི། རྒྱུ་དང༌། དབྱིབས་དང༌། ཁ་དོག་མི་རུང་བ་རྣམས་སྤངས་པའོ། །སྤྱད་པར་འོས་པ་ཞེས་པ་ནི། ལོངས་སྤྱད་བཟོད་དུ་ཡོད་པའོ། །བྱིན་གྱིས་བརླབས་པ་ཞེས་པ་ནི། སྔགས་སྔོན་དུ་བཏང་ནས་བདག་གིར་བྱ་བའོ། །དྲས་ཤིང་སྣམ་པ་སྦྱར་ཏེ་དྲུབས་པའི་དོན་གྱིས་ན་སྣམ་སྦྱར། བླ་ནི་སྟོད་ཡིན་ལ་དེ་གཡོགས་པའི་དོན་གྱིས་ན་བླ་གོས། མཐང་ཞེས་པ་ལ་ནང་གི་སྐད་དོད་ཡོད་ལ། དེའི་གོས་ཡིན་པའི་དོན་གྱིས་ན་མཐང་གོས་སོ། །ཚད་ནི་ཆོས་གོས་གསུམ་པོ་སྤྱིར་བཏང་དུ་མཚུངས་པ་ཡིན་ཏེ། ཇི་སྐད་དུ། བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ །ཞེས་སོགས་གསུང༌། དམིགས་བསལ་དུ། མཐང་གོས་ལ་འཁོར་གསུམ་ཁེབས་པས་ཆོག་པར་ཡང་བཤད་དོ། །ལྷུང་བཟེད་བྱིན་གྱིས་བརླབ་པའི་སྔགས་ཆོག་ཏུ། བགྱིས་ལགས་པ་རུང་བ་ཞེས་པ་མི་འབྱུང་བ་ནི། རྒྱུའི་བྱིན་བརླབས་མི་འཆགས་ཤིང༌། དགེ་འདུན་ལ་བསྟན་པ་སྔོན་དུ་སོང་བས་ཡིན་ལ། ལྷུང་བཟེད་སྟོན་ལ་ཆོས་གོས་མི་སྟོན་པའི་རྒྱུ་མཚན་ཡང་རྒྱུའི་བྱིན་བརླབས་ཆགས་མི་འཆགས་ལ་ཐུག་པ་ཡིན་ནོ་ཞེས་གསུང་ངོ༌། །འདིའི་རིགས་པས། སྔར་བསྟན་མ་ཟིན་པའི་ལྷུང་བཟེད་ཞིག་དུས་གཞན་གྱི་ཚེ་བྱིན་གྱིས་རློབ་པ་ན། དགེ་འདུན་ལ་བསྟན་པ་སྔོན་དུ་འགྲོ་དགོས་པར་གསལ་ལོ། །ལྷུང་བཟེད་ཀྱི་ཚད་ལ་བུ་སྟོན་རིན་པོ་ཆེ། འབྲས་འཐུག་པོ་ཆེ་མ་གྷ་ཏའི་བྲེའུ་ཆུང་ལ་བོད་སྲང་སོ་གཉིས་ཡོད་པར་བཤད་ལ་བོད་སྲང་གི་ཚད་ནི་ཚོང་འདུས་འགུར་མོའི་གསེར་ཞོ་བརྒྱད་ཡིན་ལ། དེ་ལྟར་རྩིས་པས་བྲེའུ་ཆུང་གང་ལ། ཚོང་འདུས་འགུར་མོའི་གསེར་བྲེ་གང་དང་སུམ་གཉིས་བྱུང༌། དེ་གསུམ་འགྱུར་དུ་སྒྲེས་པས་གསེར་བྲེ་བདུན་དང་ལྔ་ཕུལ་དོ་ཤོང་བ་དེ་ཐ་ཚད་དོ། །ཞེས་གསུངས་པ་དེ་ཤིན་ཏུ་ལེགས་པར་སྣང་ངོ༌། །ཆོས་གོས་ཀྱི་རྒྱུ་བྱིན་གྱིས་བརླབ་པའི་ཚུལ་ལ། སྔགས་ཀྱི་ཆོ་ག་དང་དེ་རྣམ་པར་བཤད་པ་དང༌། རྒྱུ་ཡང་མ་ཡིན་དངོས་ཀྱང་མ་ཡིན་པ་བྱིན་གྱིས་བརླབ་པའི་མན་ངག་གོ །དང་པོ་ནི། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ༌། །དྲའོ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ལན་གསུམ་བཟླས་ལ། ཐབས་ལེགས་བྱའོ། །གཞན་གཉིས་ཀྱང་དེ་དང་འདྲ་ལ། ཁྱད་པར་དུ་སྣམ་ཕྲན་བདུན་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །ཞེས་དང༌། མཐང་གོས་ལ། སྣམ་ཕྲན་ལྔ་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །ཞེས་བརྗོད་དོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། དང་པོར་ཡོ་བྱད་བཙལ་སླ་བ་དང༌། ཕྱིས་འཆང་འབྲལ་སོགས་ཁེགས་པའི་དགོས་པ་ཡོད་དོ། །བསྡུས་པའི་དོན་ནི་བྱིན་གྱིས་བརླབ་པ་དང་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། དེ་དང་དེའི་རྒྱུ་མ་ཡིན་པར་ངེས་པ་དང༌། རྒྱུར་མི་རུང་བ་ལ་རྒྱུའི་བྱིན་བརླབས་མི་འཆགས་ཤིང༌། རྒྱུར་བྱིན་གྱིས་བརླབ་པ་དེ་ཁོ་ན་ལ་ཆོས་གོས་བགྱི་དགོས་པའི་ཁྱབ་པའང་མེད་དེ། འཚལ་ན་ཞེས་འབྱུང་ལ། དེ་ཡང་འདོད་ན་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །འདི་ལ་བགྱིས་ལགས་པ། རུང་བ་ཞེས་སོགས་ཀྱི་སྔགས་ཚིག་འབྱུང་བའི་དོན་མེད་དོ། །ཆོས་གོས་འདི་ནི་ཞེས་པ་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །སྣམ་ཕྲན་ཞེས་པ་ནི་སྣམ་པ་ཚང་མ་རེ་ལ་བྱ་བ་ཡིན་གྱི་གླེགས་བུ་དང་གློགས་བུ་ཕྱེད་པ་ལ་མི་བྱའོ། །ཆོས་གོས་ཕྱི་མ་གཉིས་ཀྱི་སྣམ་ཕྲན་དང་གླེགས་བུའི་ཚད་དང་གྲངས། གཞུང་འདི་ལ་བརྟེན་ནས་ཐོན་པ་མ་གཏོགས། སྣམ་སྦྱར་ལྟར་གཞུང་གཞན་ནས་ཐོན་པ་མེད་དོ་ཞེས་གསུང་ངོ༌། །དེའི་ཕྱིར་དགེ་ཚུལ་གྱི་ཆོས་གོས་གཉིས་ལ་སྣམ་ཕྲན་བྱ་བར་གནང་བ་མེད་དོ། །འདི་དང་གོང་མ་གཉིས་ཀྱི་བརྒལ་ལན་ཕྱོགས་གཅིག་ཏུ་བརྗོད་པར་བྱ་སྟེ། འོ་ན་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་ཡོད་དེ། ཇི་སྐད་དུ། བཙུན་པ་ཆོས་གོས་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་རུང་ངམ་ཉེ་བ་འཁོར་མི་རུང་སྟེ། རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་ངོ༌། །ཞེས་གསུངས་པས་སོ། །དེ་ཡང་སྣམ་སྦྱར་ལ་དགོངས་པ་ཡིན་གྱི་བླ་གོས་དང་མཐང་གོས་ནི་རྐྱེན་དེ་ལྟ་བུ་དག་ཡོད་ཀྱང་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་རུང་སྟེ། ཇི་སྐད་དུ། སྣམ་སྦྱར་མ་ཡིན་པ་དག་ལ་དྲས་དེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ། །ཞེས་གསུངས་པས་སོ། །འོ་ན་ཡོ་བྱད་བཞི་པོ་མེད་པ་ལ་བསྙེན་པར་རྫོགས་པ་མི་སྐྱེའམ་ཞེ་ན། མདོ་རྩ་བ་དང༌། ལས་བརྒྱ་རྩ་གཅིག་པར་ནི། བརྙན་པོ་ཚུན་ཆད་ཀྱིས་མེད་ན་མི་སྐྱེ་བ་ལྟ་བུར་གསུངས་ལ། ཞུ་བར་ཆོས་གོས་དང་ལྷུང་བཟེད་མེད་པར་བསྙེན་པར་རྫོགས་ན་རྫོགས་ཞེས་བྱ་ལ་འདས་པར་རོ། །ཞེས་གསུངས་པར་བུ་སྟོན་རིན་པོ་ཆེ་འཆད་དོ། །གསུམ་པ་ནི་ཁྱིམ་པའི་གོས་ལ་སོགས་པའམ། ཆོས་གོས་སུ་ཟིན་པ་ཡིན་ཀྱང་ཚད་ལས་ཆེ་ཆུང་དུ་གྱུར་པ་དང༌། རྒྱུ་དང་ཁ་དོག་གི་སྒོ་ནས་མི་རུང་བ་རྣམས་ལ། དངོས་དང་རྒྱུའི་བྱིན་བརླབས་མི་འཆགས་ཀྱང་རང་མིང་གིས་བྱིན་གྱིས་བརླབ་པ་འཆགས་ཏེ། ཇི་སྐད་དུ། གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབ་པ་འཆགས་སོ། །མ་དྲས་པ་ལ་ཡང་ངོ༌། །ཁྱིམ་དུ་རུང་བ་རྣམ་པ་ལ་ཡང་ངོ༌། །ཞེས་པས་སོ། །བརྙན་པོ་ལ་ཡང་འཆགས་ཏེ། ཇི་སྐད་དུ། བརྙན་པོ་ཡང་ཡོད་ཅིང་བདོག་ནའོ། །དེ་དག་བཞག་སྟེ་སྐྱ་རེངས་འཆར་བ་འདའ་བར་མི་བྱའོ། །ཞེས་གསུངས་པས་སོ། །དེ་ལྟར་བྱིན་གྱིས་བརླབས་པའི་དགོས་པ་ནི། འབྲལ་བ་ཁེགས་པ་དང༌། མཁན་པོས་བྱིན་གྱིས་བརླབ་པའི་ཆོས་གོས་ཀྱི་རྒྱུན་བརྟན་པ་ལ་སོགས་པའོ། །དེའི་སྔགས་ཆོག་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་པ་ལྟ་བུ། ལན་གསུམ་བརྗོད་ནས། འཇུག་ཐབས་ལེགས་བརྗོད་པའོ། །འདི་ནི་ལུང་ལས་དངོས་སུ་མ་གསུངས་ཀྱང༌། རུང་མཐུན་སྦྱར་བར་སློབ་དཔོན་གྱིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་ཕྱུང་སྟེ་གཞན་ལ་བྱིན་གྱིས་བརླབ་པ་ནི། ཆོ་གའི་རྣམ་པའོ་ཞེས་དང༌། དེའི་འགྲེལ་པར་ཁྱིམ་པ་མན་ཆད་ཀྱི་གོས་སམ་གཞན་ལས་བརྙས་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེ་ནི་ཆོ་གའི་རྣམ་པ་སྟེ་ཐབས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པས་སོ། །དེའི་ཕྱིར་དིང་སང་ཕྱག་ལེན་ལ་རས་ཁ་གང་ལ་སྣམ་སྦྱར་གྱི་རྒྱུའི་བྱིན་བརླབས་མཛད་པ་ནི། མ་དག་པ་ཡིན་ཅིང༌། བུ་སྟོན་རིན་པོ་ཆེ། རྒྱུ་དང་དབྱིབས་དང་ཁ་དོག་གི་སྒོ་ནས་མི་རུང་བ་རྣམས་ལ་རྒྱུའི་བྱིན་བརླབས་མི་འཆགས་ཤིང༌། དངོས་ཀྱི་བྱིན་བརླབས་ཀྱང་མི་འཆགས་པས་ཆོས་གོས་ཀྱི་བྱིན་བརླབས་མི་འཆགས་པར་བཞེད་པ་ནི། ཅུང་ཟད་དཔྱད་པས་རྣམ་པར་མ་དག་པར་སྣང་ཞིང༌། ཆོས་གོས་དྲུབས་ཟིན་ཚད་ལས་ལྷག་པ་ལ་རྒྱུའི་བྱིན་བརླབས་བྱེད་པ་ཡིན་ཞེས་གསུང་བ་ཡང་རྣམ་པར་མ་བརྟགས་པའོ། །འདི་དག་གི་གནས་སྐབས་སུ། འཁོར་གསུམ་ཁེབས་པ་མཐའི་ཚད་དུ་ཆོག་པ་གཅིག་དགོས་སོ་ཞེས་སྔ་རབས་པ་རྣམས་འཆད་དོ། །ཆོས་གོས་བྱིན་གྱིས་བརླབ་པ་དང༌། དབྱུང་བ་གཉིས་ཀ་ལ་དགེ་སློང་གཞན་ཉེ་བར་མི་གནས་ན་རང་གི་ཡིད་ཀྱིས་བརྟགས་པས་རུང་ལ། དབྱུང་བ་ནི་ཆོས་གོས་ཉེ་བར་མི་གནས་ཀྱང་འགྲུབ། བྱིན་གྱིས་བརླབས་པ་ལ་ནི་ཉེ་བར་མི་གནས་ན་མི་འགྲུབ་པར་གསུངས་སོ། །དེ་དག་ནི་ཡོ་བྱད་མངོན་དུ་གྱུར་པ་ལ་དོགས་པ་དཔྱད་པ་སྟེ། མདོར་ན། ཁྱིམ་པ་དང༌། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་ལ་མི་སྐྱེ་ཞེས་པའི་དོན་ནོ། །གསོལ་བཞིའི་ལས་ཀྱི་སྔོན་རོལ་དུ་ཡོ་བྱད་བཞི་པོ་བྱིན་གྱིས་བརླབས་པ་སྔོན་དུ་མ་སོང་ན་སྡོམ་པ་མི་སྐྱེ་བའི་ཁྱབ་པ་མེད་དོ། །བརྒྱད་པ་ཡོངས་སུ་དག་པ་མངོན་དུ་གྱུར་པ་ནི། སྡོམ་པ་སྐྱེ་བའི་བར་ཆད་ཀྱི་ཆོས་སུ་བཤད་པ་དེ་དག་དང་མི་ལྡན་པ་ལ་ཡུལ་རྟེན་གཉིས་ཀའི་ངོས་ནས་དོན་ཤེས་ལྔར་བཤད་པའི་ཚུལ་གྱིས་མཐུན་པ་ཙམ་གྱི་ཆོག་གི་དོན་ལ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་དགོས་པའི་ཁྱབ་པ་མེད་དེ། ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་པ་བཞིན་ནོ། །གསོལ་བ་མངོན་དུ་གྱུར་པ་ནི། སྨད་འདུལ་བ་རྣམས་གསོལ་བ་ལན་གསུམ་བཏབ་པ་ལ་འཆད་སྟོད་འདུལ་བ་རྣམས་གསོལ་བ་མངོན་དུ་གྱུར་པ་གསོལ་བ་དང༌། བརྗོད་པ་མངོན་དུ་གྱུར་པ་བརྗོད་པ་གསུམ་ལ་འཆད། བུ་སྟོན་རིན་པོ་ཆེ། གསོལ་བ་འདེབས་པའི་གསོལ་བ་ལ། ཡཱ་ཙཱ་ཞེས་སློང་བའི་སྐད་དོད་ཡོད། གསོལ་བ་ལ། ཨཱ་ཛྙ་པ་ཏི། ཞེས་པ་གོ་བར་བྱེད་པའི་སྐད་དོད་ཡོད་པས། རྒྱ་དཔེ་མཐོང་ན་ཤེས་པར་འགྱུར་རོ། །ཞེས་གསུང་ངོ༌། །དེ་ལྟར་མངོན་དུ་གྱུར་པ་རྣམ་པ་བཅུས། རྒྱུའི་རྐྱེན། རང་རྒྱུད་ཀྱི་འབྱུང་བ་བཞི། བདག་པོའི་རྐྱེན་གཞན་གྱི་རྣམ་པར་རིག་བྱེད་ལ་བརྟེན་ནས། བྱེད་རྒྱུའི་ལྷན་ཅིག་འབྱུང་བའི་རྒྱུ་སྐལ་མཉམ་གྱི་རྒྱུ་གསུམ་གྱིས་དགེ་སློང་གི་ཚུལ་ཁྲིམས་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀྱི་ངོ་བོར་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རང་གི་འདོད་པའོ། །འདི་ན་མཁས་པ་མ་ཡིན་པ་ཁ་ཅིག ཆོས་ཀྱི་རྗེས་ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེ་བར་འདོད། །སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང༌། །ཞེས་གསུངས་པ་ནི། གཙོ་ཆེ་བ་ལ་དགོངས་པ་ཡིན་གྱི། སོ་ཐར་གྱི་སྡོམ་པ་ལ་རིག་བྱེད་མིན་པའི་གཟུགས་ཀྱིས་མ་ཁྱབ་བོ་ཞེས་དང༌། གཏོང་ཚུལ་སྒྲ་ཇི་བཞིན་པ་འདི། ཐམས་ཅད་ཡོད་པར་སྨྲ་བའི་འདོད་པར་འཆད་པ་ནི་རིགས་པ་མིན་ཏེ། ཇི་སྐད་དུ། མི་དགེ་དྲུག་ནི་རྣམ་རིག་མིན། །གཅིག་རྣམ་གཉིས་སོ་དེ་དག་ཀྱང༌། །བྱེད་ནའོ་ཞེས་དང༌། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་དང༌། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །སངས་རྒྱས་ཀྱི་ནི་བཅད་པ་ཡང༌། །ཅེས་དང༌། དགེ་བ་བདུན་རྣམ་གཉིས་ཞེས་གསུངས་པའི་གཞུང་ལ་འཁྲུལ་པ་ཡིན་མོད། དེ་ལྟ་ནའང༌། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་བྱ་བའི་གཞུང་དང་འགལ་བའི་ཕྱིར་དང༌། གཟུགས་ཅན་ཡིན་པ་ཙམ་གྱིས་ཚེ་འཕོས་པས་གཏོང་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལའང་དེར་ཐལ་བས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དེ་ཉིད་མ་མཐོང་བར་ཟད་པའི་ཕྱིར་དང༌། གཞུང་དེའི་དགོངས་པ་ནི་རིག་བྱེད་མ་ཡིན་པའི་ངོ་བོར་གྱུར་པའི་སོ་སོ་ཐར་པའི་སྡོམ་པ་ཁོ་ནའི་གཏོང་ཚུལ་དང་སྐྱེ་ཚུལ་འཆད་པ་ཡིན་པའི་ཕྱིར། མདོ་སྡེ་པ་ཡན་ཆད་ཀྱི། ཉེར་ལེན་གྱི་རྒྱུ་ངེས་འབྱུང་གི་བསམ་པ། ལྷན་ཅིག་བྱེད་པའི་རྐྱེན་མངོན་དུ་གྱུར་པ་བཅུས་སྡོམ་པའི་ངོ་བོ་སེམས་དཔར་སྐྱེ་བ་ཡིན་ནོ། །དངོས་གཞིའི་སྐབས་སུ། འཚལ་ནས་ཞེས་པས་འདོད་ནས་ཞེས་པ་སྟེ། བསྒྲུབ་བྱ་མངོན་དུ་གྱུར་པ་དེ་བསྟན། མཁན་པོ་ཞེས་པས་མཁན་པོ་མངོན་དུ་གྱུར་པ་དེ་བསྟན། གསོལ་ཏེ་ཞེས་པས་གསོལ་བ་མངོན་དུ་གྱུར་པ་བསྟན། ཆོས་གོས་གསུམ་དང་ཞེས་སོགས་ཀྱིས་ཡོ་བྱད་མངོན་དུ་གྱུར་པ་དེ་བསྟན། བར་ཆད་ཀྱི་ཆོས་རྣམས་ཀྱིས་ཀྱང་ཞེས་པས་ཡོངས་སུ་དག་པ་མངོན་དུ་གྱུར་པ་བསྟན། སློབ་དཔོན་མངོན་དུ་གྱུར་པ་ནི་ཆོ་གའི་ཚིག་ཟུར་ལ་མ་བྱུང་ཀྱང་འགྲུབ་ལ། དཀོན་མཆོག་གསུམ་མངོན་དུ་གྱུར་པ་ཡང་དོན་གྱིས་འགྲུབ་པ་ཡིན་ནོ། །དེ་ལྟར་བཅུའི་ནང་ནས་མཁན་པོ་མངོན་དུ་གྱུར་པ་ལ་དམིགས་བསལ་བྱུང་ཞིང༌། དོན་ལ་བར་ཆད་ཀྱིས་དག་པ་གཅིག་དགོས་ཀྱང༌། དྲི་མི་དགོས་པ་གཅིག་བཤད་ལ། གཞན་བརྒྱད་པོ་ལ་དམིགས་བསལ་གསུངས་པ་མེད་དོ། །ལས་བརྗོད་གསུམ་པ་ལ། མཆི་སྟེ་ཞེས་པ་ཡན་ཆད་ལ་ངོ་བོ་བརྗོད་པ་ཞེས་བྱ་སྟེ། མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་མེད་པས་བསྙེན་རྫོགས་བྱ་རིགས་པའི་ངོ་བོར་བརྗོད་པའི་ཕྱིར། དེའི་འོག་ནས་གསོལ་ན་ཞེས་པའི་བར་གྱིས་བྱ་བ་བརྗོད་པ་ཡིན་ཏེ། བསྙེན་པར་རྫོགས་པར་བྱ་བ་བརྗོད་པའི་ཕྱིར། དེའི་སླད་དུ་ཞེས་པ་མན་ཆད་ཀྱིས། བྱེད་པ་བརྗོད་པ་ཡིན་ཏེ། བྱེད་པོ་དགེ་འདུན་བརྗོད་པའི་ཕྱིར། དུས་དེར་སྡོམ་པ་སྐྱེས་པ་ཡིན་ཏེ། ཇི་སྐད་དུ། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས་སོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སྤོང་བ་བདུན་པོ་རྫས་ཐ་དད་དུ་སྐྱེ་བར་འདོད་ལ། མདོ་སྡེ་པ་ལྟར་ན་རྫས་གཅིག་པར་འདོད་དོ། །འདིར་གསོལ་བའི་སྐབས་སུ། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ་ཞེས་དང༌། བརྗོད་པའི་སྐབས་སུ་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན་ཞེས་དང༌། དགེ་འདུན་ལས་བསྙེན་པར་རྫོགས་པར་བཟོད་པ་དེ་དག་ཞེས་དང༌། མཇུག་བསྡུད་དུ། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ལགས་ཏེ་ཞེས། དགེ་འདུན་ལས་ཞེས་པ་བཞི། ལྷག་པོར་འདོན་པ་ནི་མ་དག་པ་ཡིན་ཏེ། རྒྱ་ཆེར་འགྲེལ་དུ། བརྗོད་པ་ནོར་བའི་དཔེ་བརྗོད་དུ་བཤད་པའི་ཕྱིར་རོ། །དུས་སྒོའི་སྐབས་སུ་ལོ་བརྗོད་པ་གཞུང་འགྲེལ་ཕལ་ཆེ་བ་ན་མི་འབྱུང་ཡང༌། དགེ་ཚུལ་གྱི་ལོ་དྲི་བ་ལས། རྒྱལ་པོ་ཤག་བྱུང་བའི་དུས་ལས་ལོ་བཞི་བཅུ་རྩ་ལྔ་ལོན་པའི་འོག དཔལ་ལྡན་ས་སྐྱོང་ལྷ་ལས་རྣམ་པར་རྒྱལ་བས། རྒྱལ་སྲིད་མཛད་ནས་ལོ་བཅུ་དགུ་འདས་པ་ནས། དབྱར་ཟླ་རྭ་བའི་མར་ངོའི་ཚེས་གསུམ་ལ། ཡུལ་མ་ག་དྷའི་དཔལ་སེང་གེ་གོ་ཆ་འབྱུང་བའི་གཙུག་ལག་ཁང་ཆེན་པོར། རབ་ཏུ་བྱུང་བ་བདག་ཉིད་ནི། ཤཱཀྱའི་དགེ་ཚུལ་མཐའ་ཡས་དཔལ་སྐྱོང་ངོ་ཞེས་གསུངས་པའི་ཕྱིར། ལོ་བརྗོད་དགོས་པར་གྲུབ་བོ་ཞེས་བུ་གསུང་ངོ༌། །ལོ་འགོ་ནི་སྟོན་ཉིན་མཉམ་མཚན་མཉམ་གང་ལ་བྱུང་བའི་ཟླ་བ་དེ། སྟོན་ཟླ་ཐ་ཆུང་དུ་བྱས་ནས་དེའི་ཚེ་བཅུ་དྲུག་ནས་འཛིན་པ་ཡིན་ནོ། །འོ་ན་སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་དགུན་ནོ་ཞེས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འཇིག་རྟེན་པའི་ལུགས་ཀྱི་སྟོན་ཟླ་ཐ་མའི་ཕྱོགས་ཕྱི་མ་དང༌། བསྟན་བཅོས་པའི་ལུགས་ཀྱི་དགུན་ཟླ་དང་པོའི་ཕྱོགས་དང་པོ་གཉིས་དོན་གཅིག་ལ་འདུ་བའི་ཕྱིར་རོ། །སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག་བཤད་ཟིན་ནོ། །གཉིས་པ་ཐོབ་ཟིན་མི་ཉམས་པར་བསྲུང་བའི་ཆོ་ག་ལ། སྤང་བྱ་ལྡོག་པའི་ཚུལ་ཁྲིམས་ཀྱི་ཆོ་ག་དང༌། ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཀྱི་ཆོ་གའོ། །དང་པོ་བསྲུང་བར་མ་ནུས་པ་ལ་བསླབ་པ་འབུལ་བའི་ཆོ་ག་དང༌། ནུས་པ་ལ་ཇི་ལྟར་བསྲུང་བའི་ཆོ་གའོ། །དང་པོ་ལ། སྔགས་ཀྱི་ཆོ་ག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ལ། སྡོམ་པ་རང་གི་ངོ་བོ་འབུལ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་བསླབ་པ་འབུལ་ལོ། །ཞེས་པའོ། །སྡོམ་པའི་རྩ་བ་འབུལ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི། སངས་རྒྱས་སམ། ཆོས་སམ། དགེ་འདུན་འབུལ་ལོ་ཞེས་པའོ། །རྒྱུ་འབུལ་བ་ནི་དེ་བཞིན་དུ་སྦྱར་ནས་འདུལ་བའམ། མདོ་སྡེའམ། མ་མོ་འབུལ་ལོ་ཞེས་པའོ། །ཉེ་བར་སྦྱོར་བྱེད་འབུལ་བ་ནི། དེ་བཞིན་དུ་སྦྱར་ནས། སློབ་དཔོན་ནམ། མཁན་པོ་འབུལ་ལོ་ཞེས་པའོ། །བསླབ་པའི་ས་བཏང་བ་ནི། དེ་བཞིན་དུ་སྦྱར་ནས། བདག་ཁྱིམ་པའམ། དགེ་ཚུལ་ལམ་ཞེས་པ་ནས། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་བར་བཟུང་དུ་གསོལ་ཞེས་པའི་བར་རོ། །དེ་ཡང་ཚིགས་སྔ་ཕྱི་གང་རུང་རེ་རེ་འབུལ་བར་འདོད་ན། དགེ་སློང་གི་སྡོམ་པ་འབུལ་ལོ་ཞེས་པའམ། བདག་དགེ་ཚུལ་དུ་བཟུང་དུ་གསོལ་ཞེས་པ་ལྟ་བུའི་ཚིག་བརྗོད་དོ། །གྲོགས་སྤངས་པ་ནི། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་ལྷན་ཅིག་གནས་པའམ་ལོངས་སྤྱད་པས་ཆོག་གོ་ཞེས་པ་ལྟ་བུའོ། །དེ་ལྟ་བུའི་ཚིག་གིས་ནི་བསླབ་པ་ཕུལ་བ་ཡིན་གྱི་ཉམས་པར་བྱས་པ་མིན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའ་བ་སོགས་བསླབ་པ་འབུལ་བའི་རྒྱུ་མ་བསྟན་པའི་ཕྱིར། བསླབ་པ་ཉམས་པར་བྱས་པ་ནི། ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ལ་མངོན་པར་དགའ་བ་དཀའོ། །གནས་མལ་དགོན་པ་དང༌། ནགས་ཁྲོད་དང༌། རི་ཁྲོད་དང༌། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུར་དཀོན་པར་གནས་པ་སྡུག་བསྔལ་ལོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་པ་ལྟ་བུའོ། །འདི་ནི་བསླབ་པ་འབུལ་བའི་རྒྱུ་བསྟན་པས་བསླབ་པ་ཉམས་པར་བྱས་པ་ཡིན་གྱི་ཕུལ་བ་ནི་མ་ཡིན་ཏེ་འབྲས་བུ་བསླབ་པ་འབུལ་ལོ་ཞེས་མ་སྨྲས་པའི་ཕྱིར། དེ་གཉིས་ཀ་བྱས་ན་ཕུལ་བ་དང་ཉམས་པ་གཉིས་ཀ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་ཀ་བསྟན་པའི་ཕྱིར། མདོར་ན་བསླབ་པ་མ་ཕུལ་ཡང་ཉམས་པར་བྱས་ན་སྡོམ་པ་བཏང་བས། མུ་དེ་གསུམ་ཀ་ལ་དགེ་སློང་གི་དངོས་པོ་མེད་དོ། །དོན་དེ་ལ་དགོངས་ནས། ལུང་ལས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་བྱས་པར། ཞེས་གསུངས་སོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། སྡོམ་པ་སླར་ཡང་བླང་དུ་ཡོད་པ་དང༌། རྒྱུད་གསོར་མི་རུང་དུ་མི་འགྱུར་བའི་ཆེད་ཡིན་ཏེ། ཇི་སྐད་དུ། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཆང་བ་བས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་པ་བཟང༌། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བསྡུས་པའི་དོན་ནི། འདི་ལས་ཀྱི་རྣམ་གྲངས་སུ་བཤད་པ་མེད་ཀྱང་ཆོ་གར་བཤད་པ་ཡིན་ནོ། །ཚིག་གི་དོན་ནི། གང་གིས་འབུལ་བར་བྱེད་པ། སྨྱོ་བ་དང༌། སེམས་རྣམ་པར་གཡེངས་པ་དང༌། ཚོར་བས་གཟིར་བ་ལྟ་བུས་ཕུལ་ན། ཕུལ་བར་མི་འགྱུར་ཏེ། ཇི་སྐད་དུ། རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །ཞེས་གསུངས་པས་སོ། །གང་ལ་འབུལ་བའི་ཡུལ་ཡང༌། མིའི་འགྲོ་བ་པ་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང༌། མཚན་གཉིས་པ་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པའོ། །འབུལ་བའི་གནས་ནི། དབེན་པ་མ་ཡིན་པ། གང་འབུལ་རྒྱུ་ནི་བདག་ཉིད་ཀྱི་བསླབ་པ་སྟེ། དེ་རྣམས་གཞིའི་ཡན་ལག་གོ །བསམ་པ་ནི། མི་དབེན་པ་ལ་དབེན་པར་འདུ་ཤེས་པ་མ་ཡིན་པ། ཀུན་སློང་ནི་འབུལ་བར་འདོད་པ། སྦྱོར་བ་ནི་ལུས་ངག་གང་ཡང་རུང་བའི་རིག་བྱེད་ཀྱིས་ཆོག་པར། ཆོས་ཀྱི་བཤེས་གཉེན་གྱིས་བཞེད་ལ། དུལ་བ་ལྷ། ངག་གི་རྣམ་པར་རིག་བྱེད་དགོས་པར་བཞེད་དོ། །བརྒལ་ལན་ནི་ཕམ་པ་འཆབ་བཅས་ཅན་ལ་སྡོམ་པ་ཡོད་པས། འབུལ་དུ་རུང་ལ། སླར་སྐྱེ་བ་ནི་མ་ཡིན་ལ། རྒྱུད་གསོར་མི་རུང་ཉམས་པའི་ཕྱིར། འོན་ཀྱང་རབ་ཏུ་བྱུང་བ་བར་མ་ལེན་དུ་རུང་ངོ༌། །གཉིས་པ་བསྲུང་ནུས་པ་ལ་ཇི་ལྟར་བསྲུང་བའི་ཆོ་ག་ལ། སྡོམ་ནི། ཁང་པ་དང་ནི་གཙུག་ལག་ཁང༌། །དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །སུན་འབྱིན་བཀའ་བློ་མི་བདེ་དང༌། །སྣམ་སྦྱར་སྟན་དང་རུང་བ་དང༌། །སྦྲེལ་མེད་གཅིག་པུ་གཙུག་ལག་ཁང༌། །གོ་བྱེད་གསོལ་བ་ཆོས་གོས་དང༌། །ངོར་དང་གཞོག་འཕྱས་བསྐོ་བ་དང༌། །ཅང་མི་སྨྲ་དང་སྟོན་པ་དང༌། །ལྷག་པོར་དགེ་སློང་སྨད་པ་དང༌། །དགེ་ཚུལ་བསྙིལ་དང་བསླབ་པ་དང༌། །གཞིག་དང་བཤེག་དང་ནགས་རྣམས་ཀྱི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་སློབ་དཔོན་ཉིད་ཀྱིས་ལས་བརྒྱར་གསུངས་སོ། །དགེ་སློང་ཕའི་རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བའི་ལས་ཀྱི་ཆོ་ག་ནི། འདི་ཙམ་ཞིག་ཏུ་ཟད་ལ། དེ་དག་གི་ནང་ནས་གལ་ཆེ་བ་དང༌། སྒྲུབ་སླ་བ་འགའ་ཞིག་བརྗོད་པར་བྱའོ། །འདིར་ཁང་པ་དང༌། ཁང་ཆེན་གྱི་བསྟན་པ་སྦྱིན་པ་ལ་དགེ་སློང་གི་གསོལ་བ་བཏབ་པ་དང༌། དགེ་འདུན་གྱིས་སྦྱིན་པའོ། །དང་པོ་ནི། བསྟན་པ་གསོལ་བའི་དགེ་སློང་དེས། གཙུག་ལག་ཁང་དུ་སོང་སྟེ། གཎྜི་བརྡུང༌། གནས་མལ་བཤམས། དྲིས་པའི་ཚིག་གིས་ལན་གོ་བར་བྱས་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། མཆིལ་ལྷྭམ་ཕུད་དེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམ་བཞིན་དུ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཅོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ། ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ་ཞིག་བརྩམས་ཏེ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ། དགེ་འདུན་ལས་ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ། བསྟན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ། བསྟན་པ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་པའོ། །གཉིས་པ་སྦྱིན་པ་ལ། དང་པོར་བྱ་བ་དང༌། སྦྱིན་པ་དངོས་སོ། །དང་པོ་ནི། དགེ་འདུན་ཐམས་ཅད་དམ་བསྐོས་པས། ས་གཞི་དེ་དག་ལ་དག་པར་བྱའོ། །དེ་ལྟར་བརྟག་ནས་བསྐོས་པ་དེས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གནས་བརྟན་དག་གཞི་དེ་རུང་བ་དང༌། རྩོད་པ་མ་མཆིས་པ་དང༌། བརྩམ་དུ་རུང་བ་དག་ལགས་ཀྱི། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག་ཅེས་བརྗོད་དོ། །དེ་ནི་དང་པོར་བྱའོ། །དེའི་འོག་ཏུ་དགེ་སློང་ཞིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདིས། ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ་བསྟན་པ་གསོལ་ཏེ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་ཞེས་པ་ནས། བསྩལ་ཏེ། དགེ་སློང་ནས་བསྟན་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་ནས་རུང་བ་བསྟན་པ་གསོལ་ན། ཚེ་དང་ལྡན་པ་གང་དག དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ་བསྟན་པ་སྩལ་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་རུང་བ། རྩོད་པ་མ་མཆིས་པ། བརྩམ་དུ་རུང་བ་བསྟན་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་ཁང་པའི་བསྟན་པ་སྦྱིན་པའོ། །ཁང་ཆེན་གྱི་བསྟན་པ་གསོལ་བ་དང༌། སྦྱིན་པ་ལ། ཁང་པའི་གཞི་ཞེས་པའི་ཚབ་ཏུ། གཙུག་ལག་ཁང་གི་གཞི་ཞེས་སྦྱར་བ་མ་གཏོགས་འདོན་པ་བསྒྱུར་རོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། ཁང་པ་དང་ཁང་ཆེན་གྱི་དགེ་འདུན་ལྷག་མ་མི་འབྱུང་བའི་ཆེད་དུའོ། །བསྡུས་པའི་དོན་ནི་ཁང་པ་ཁང་ཆེན་བསྟན་པ་དང༌། ཞེས་གསོལ་གཉིས་ཀྱི་ལས་སུ་བཤད་དོ། །གསུམ་པ་ཚིག་གི་དོན་ལ། འདིར་དགེ་སློང་ལག་གི་བླ་གཞན་ཞིག་བསྐོས་པའི་དབང་དུ་བྱས་པ་ཡིན་གྱི། བསྐོས་པ་མེད་ན་དགེ་སློང་དེ་ཉིད་ཀྱི་མིང་གིས་བྱའོ། །འདིར་ཁང་པ་ཁང་ཆེན་གྱི་ལྷག་མ་སྐྱེད་པ་ལ་བསྐོས་པ་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། ཇི་སྐད་དུ། བསྐོས་པ་དང་མ་སྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ། །བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་གསུངས་པའི་ཕྱིར། དགེ་སློང་གཅིག་གིས། དགེ་སློང་གཉིས་པ་བསྐོས་པའི་ཚེ་ནི། གཉིས་ཀ་ལ་བསྟན་པ་མ་ཐོབ་པར་ཡན་ལག་གཞན་ཚང་ན་ལྷག་མར་འགྱུར་ཏེ་གཅིག་གི་དོན་དུའོ་ཞེས་དང༌། བསྐོས་པ་ནི་རང་ཉིད་དང་ཞེས་པའི་འགྲེལ་པར་མདོ་སྔ་མས་ནི་བསྐོས་པའི་ལྟུང་བ་རྣམ་པར་བཞག་གོ །འདིས་ནི་བསྐོ་བར་བྱེད་པའི་ལྟུང་བ་རྣམ་པར་བཞག་པར་བྱས་སོ་ཞེས་དེ་སྐད་དུ་གསུངས་པའི་ཕྱིར། ལྷག་མར་འགྱུར་བ་ལ་ཡུལ་དགེ་སློང་གི་ཆེད་དུ་ཁང་པ་དང་ཁང་ཆེན་བརྩིགས་པ་མི་དགོས་ཏེ། ཡུལ་ཁྱིམ་པའམ་རབ་ཏུ་བྱུང་བ་གཅིག་གམ་བཞིར་ལོངས་ཡན་གྱི་དོན་དུ་བྱས་པས་ལྷག་མར་འགྱུར་སྲིད་པའི་ཕྱིར་ཏེ། འགྲེལ་པར་བདག་ཉིད་གཅིག་པུའམ་དགེ་སློང་གཞན་ཞིག་གམ། ཁྱིམ་པ་གཅིག་གི་དོན་དུ་བྱེད་དུ་བཅུག་ན་དགེ་འདུན་ལྷག་མའོ་ཞེས་དང༌། ཁང་ཆེན་གྱི་འགྲེལ་པར། ཚོགས་ཀྱི་དོན་དུའོ་ཞེས་བྱ་བ་ནི་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་མ་བྱུང་བ་ཡང་རུང་སྟེ་གང་ཟག་བཞི་ཡན་ཆད་ལ་ཚོགས་ཞེས་བྱ་བར་དགོངས་སོ་ཞེས་དང༌། རྣམ་འབྱེད་ལས་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དེ་ནི་གླེང་གཞིའི་དབང་གིས་དཔེ་ཙམ་དུ་ཟད་པས་འདི་ལ་ཉེས་པ་མེད་དོ། །ཞེས་གསུངས་པས་སོ། །ཡུལ་དང་གསུམ་གྱི་དོན་དུ་བྱས་པ་ལ་ནི་སྦོམ་པོར་གསུངས་སོ། །ཁང་པའི་ལྷག་མ་བསྐྱེད་པ་ལ། ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་དགོས་ལ། དེའི་ཁྱད་པར་ཡང་ལྟུང་བ་འབྱིན་པ་པོ་རང་ཉིད་ཀྱིས་བཙལ་བའམ་ཚོལ་དུ་བཅུག་པའོ། །ས་གཞི་དེ་ཡང་མ་དག་པ་དང༌། མ་བསྟན་པ་དེར་ཁང་པ་ཚད་ལས་ལྷག་པའི་ཚེ་ཡིན་ལ། ཁང་ཆེན་ལས་བཙལ་བ་ཡན་ལག་ཏུ་ངེས་པར་མི་དགོས་ཤིང༌། འགྲེལ་པར་གཙུག་ལག་ཁང་ལ་ནི་ཚད་ངེས་པ་མེད་དོ་ཞེས་གསུངས་པས། བསྟན་པས་ཀྱང་ཁང་པ་ལ་ཚད་ངེས་པར་བྱེད་དགོས་ལ། ཁང་ཆེན་ལ་ཡ་མཐའི་ཚད་མ་གསུངས་སོ། །ཁང་ཆེན་དུ་མ་ཟད་ཀྱི་ཁང་པའི་བསྟན་པ་གསོལ་བ་ལ་ཡང༌། གཞི་དེ་མ་བཙལ་བ་དགོས་པ་ནི་མ་ཡིན་ཏེ། བཙལ་བ་ལ་ལྟུང་བ་བསྐྱེད་པར་གསུངས་པ་དེ་གཞི་མ་དག་པ་དེ་འདྲ་བ་བཙལ་བ་ལ་འཆད་དགོས་པའི་ཕྱིར་དང༌། དགེ་སློང་གིས། ཁང་པའི་ས་གཞི་གཞན་ནས་མི་ཚོལ་ན། ཁང་པའི་གནང་བ་གསོལ་བའི་གཞི་དེ་གང་ཡིན་མི་རྙེད་པའི་ཕྱིར། དེས་ན་ས་གཞི་མ་དག་པ་བཙལ་བ་དེར། ཡོ་བྱད་སོགས་ཀྱང་བཙལ། བསྟན་པ་ཡང་མ་ཐོབ་པར་བྱས་ན་ལྷག་མ་སྐྱེད་པའི་དོན་ཡིན་ནོ། །བཞི་པ་བརྒལ་ལན་ནི། འབྲི་ཁུང་འདུལ་འཛིན་ན་རེ། ཁང་པ་དང་ཁང་ཆེན་གྱི་བསྟན་པ་ལ་གསོལ་བའི་སྔ་རོལ་དུ། ལག་གི་བླ་བསྐོ་དགོས་པ་ཡིན་ཏེ། ཁང་པ་སོགས་རྩིགས་པ་ལ་ལག་གི་བླ་དགོས་པའི་ཕྱིར། ཞེས་གསུངས་པ་ནི་མ་ཡིན་ཏེ། འགྲེལ་པར་མ་སྐོས་པ་ཞེས་བྱ་བ་ནི་རང་གིས་བྱེད་པ་ཉིད་དོ། །ཞེས་མ་སྐོས་པའི་དགེ་སློང་ལྟུང་བ་སྐྱེད་པའི་རྟེན་དུ་བཤད་ལ། བསྟན་པ་གསོལ་བ། གསོལ་བ་པོ་ལག་གི་བླར་བསྐོས་པ་ཁོ་ན་ཡིན་ན་ལྟུང་བའི་རྟེན་སྔ་མ་དེ་ཁོ་ན་ཡིན་དགོས་པའི་ཕྱིར། སྤྱིར་བཏང་དུ་དགེ་འདུན་གྱིས་བསྐོས་པའི་ལག་གི་བླས། གཅིག་གམ་ཚོགས་ཀྱི་དོན་དུ་གནས་ཁང་བརྩིགས་པའི་ཚེ་ལག་གི་བླ་དེ་ཉིད་ཀྱིས་དགེ་འདུན་ལ་བསྟན་པ་གསོལ་དགོས་པ་ཡིན་ཀྱང༌། སྤྱིར་བསྟན་པ་གསོལ་བ་ཐམས་ཅད་ལ་དེར་མ་ངེས་པའི་ཕྱིར་དང༌། ལག་གི་བླ་མ་ཡིན་པའི་དགེ་སློང་གིས་གཞན་གྱི་དོན་དུ་བསྟན་པ་གསོལ་བ་ཡོད་པའི་ཕྱིར་དང༌། དེ་ལྟ་མ་ཡིན་ན་ལག་གི་བླར་མི་སྤྲོ་བའི་དགེ་སློང་རྒན་པོ་དེས་རང་གི་དོན་དུ་ཁང་པའི་བསྟན་པ་གསོལ་བ་མི་འཆགས་པར་ཐལ་བའི་ཕྱིར་དང༌། དེ་ལ་ཡང་དགེ་སློང་ལག་གི་བླ་ཞིག་བསྐོ་དགོས་ན། ལག་གི་བླ་མ་ཡིན་པའི་དགེ་སློང་རྒན་པོས་ཁྱིམ་པའམ་དགེ་ཚུལ་ལྟ་བུ་ཁང་པ་རུང་ཚད་ལྡན་བརྩིག་ཏུ་འཇུག་པ་དེའི་ཚེ་བསྟན་པ་མི་འཆགས་པར་ཐལ་བའི་ཕྱིར། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མ་བསྐོས་པར་ནི་ཁང་པ་བརྩིག་ཏུ་རུང་བ་མ་ཡིན་ཏེ། དེ་ལྟ་ན་ས་རྐོ་བའི་ལྟུང་བ་འབྱུང་བའི་ཕྱིར་དང༌། དགེ་འདུན་གྱིས་དགེ་འདུན་ལ་བསྟན་པ་སྦྱིན་པ་མི་འཆགས་པའི་ཕྱིར། གང་ཟག་ལ་ནི་མི་མཚུངས་ཏེ། ཁང་པའི་བསྟན་པ་ཐོབ་པས་བརྐོ་བའི་ལྟུང་བ་ཁེགས་པའི་ཕྱིར་རོ། །ཡང་འབྲི་ཁུང་པ་ན་རེ། གཙུག་ལག་ནི་གཞི་དག་པ་གསུམ་ལྡན་ཡིན་ན། ཡོ་བྱད་བཙལ་མ་བཙལ་གང་ཡང་རུང་བས་བརྩིག་ཏུ་རུང་ལ། ཁང་པ་ནི། གཞི་དག་པ་གསུམ་དང་ལྡན་ཡང༌། རང་ལས་ནོར་ཐ་དད་པ་གཞན་ལ་བླངས་པའི་སྒོ་ནས་བཙལ་བ་རྣམས་ལ་མི་རུང་ངོ༌། །ཞེས་གསུངས་པ་ནི་མི་རིགས་ཏེ། རང་ལས་ནོར་ཐ་དད་པ་གཞན་ལ་བླངས་པའི་སྒོ་ནས་ས་གཞི་བཙལ་བ་རྣམས་ལ་བསྟན་པ་གསོལ་དུ་རུང་བའི་ཕྱིར་ཏེ། ཇི་སྐད་དུ། ལས་བརྒྱ་རྩ་གཅིག་པ་ལས། དགེ་སློང་གིས་བདག་གིས་བླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་བརྩིག་ཏུ་འཇུག་ན་དགེ་སློང་དེས་གཞི་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩིག་དུ་རུང་བ་བཙལ་ཏེ་དགེ་འདུན་ལ་བསྟན་པ་གསོལ་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་འབྲིང་ཁུང་པ་གཞི་མ་དག་པ་ལ་ཁང་པ་དང་གཙུག་ལག་ཁང་གི་བསྟན་པ་གསོལ་དུ་མི་རུང་ཞིང༌། དགེ་འདུན་གྱིས་གནང་བ་བྱིན་ཀྱང་མི་འཆགས་སོ། །ཞེས་ཟེར་རོ། །མི་རུང་བ་བདེན་མོད་ཀྱང་མི་འཆགས་པ་མི་བདེན་ཏེ། དེ་ལྟ་ན་གཞི་མ་དག་པར་གནང་བ་གསོལ་ནས་བྱིན་པ་དེ་ལ་ཡན་ལག་གཞན་རྣམས་ཚང་ན་དགེ་འདུན་ལྷག་མ་དངོས་གཞི་སྐྱེད་པར་འགྱུར་ཏེ། དེ་བསྐྱེད་པའི་ཡན་ལག་གཞན་རྣམས་ཚང་ཞིང་བསྟན་པ་མ་ཐོབ་པའི་ཕྱིར། འདོད་པར་མི་ནུས་སྟེ། ཇི་སྐད་དུ། གཞི་མ་དག་པ་ལའོ། །ཞེས་དང༌། མ་བསྟན་པ་ལའོ་ཞེས་པའི་མདོ་གཉིས་ལ་རྣམ་བཅད་སོ་སོ་བ་ཡོད་དགོས་པའི་ཕྱིར་རོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའི་སྐབས་ནས། ལྡོག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུང་བ་ལ། བཞམ་སྒོ་དང༌། བཟློག་ཚུལ་གཉིས། འདི་ན་དགེ་སློང་འགའ་ཞིག་ལ། དགེ་སློང་གཞན་རྣམས་ཀྱིས་འདུལ་བ་དང་མཐུན་པར་སྨྲས་པ་ནི། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅང་མ་སྨྲ་ཞིག བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཞེས་ཟེར་བ་དེ་ལ་འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱི་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པ་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག འདི་ལྟ་སྟེ་གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག དེ་ནི་དུས་དང་པོར་བྱ་བའོ། །གཉིས་པ་ལས་དངོས་ལ། གསོལ་བ་དང་བརྗོད་པའོ། །དང་པོ་ནི། དགེ་བསྐོས་ཀྱི་གཎྜི་བརྡུང་བ་སོགས་བྱས་ནས། དགེ་སློང་གཅིག་གིས་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ནི་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོངས་ཤིག ཁྱོད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ། ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་པ་འདི་ལ། དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ནས་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་དགེ་སློང་འདུན་པ་ལ། ཚེ་དང་ལྡན་པ་འདུན་པ་ཁྱོད། དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པ་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག འདི་ལྟ་སྟེ་གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས་ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་ཐོང་ཞིག ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་ནས་རྗེས་སུ་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཞེས་སྦྱར། གཞན་རྣམས་སྔ་མ་དང་འདྲ་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་གསོལ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་པའོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མི་འབྱུང་བ་དང༌། དགེ་འདུན་ལྷག་མའི་དངོས་གཞི་བསྐྱེད་པ་ལ། ལྡོག་ཚུལ་ལྔ་པོ་འདི་སྔོན་དུ་འགྲོ་དགོས་པའོ། །བསྡུས་པའི་དོན་ནི། བསྒོ་བར་བྱ་བ་རྣམས་དང་ནི་ཞེས་གསོལ་བ་དང་བཞིའི་ལས་སུ་བཤད་དོ། །གསུམ་པ་ཚིག་གི་དོན་ནི། བསྒོ་བ་ལས་གྱུར་པ་རྣམ་པ་བཅུ་དང༌། དགེ་ཚུལ་བསྙིལ་བ་རྣམས་ལ་ལྡོག་ཚུལ་ལྔ་པོ་འདི་ཐུན་མོང་དུ་རྗེས་སུ་འགྲོ་བ་ཡིན་ནོ། །བཅུ་པོའི་ནང་གི་སྡིག་ལྟ་མི་གཏོང་བ་ལ་བྱ་བ་ལ་ཡང་གཉིས་ཏེ། དགེ་སློང་སྡིག་ལྟ་ཅན་ལ་ལྟུང་བྱེད་ཀྱི་རྒྱུར་བྱ་བའི་སྒོ་གྱུར་གྱི་ལས་དང༌། དགེ་ཚུལ་སྡིག་ལྟ་ཅན་ལ་བསྙིལ་བའི་རྒྱུར་བྱ་བའི་སྒོ་གྱུར་གྱི་ལས་སོ། །འདི་དག་གི་སྐབས་སུ་བཞམ་བསྒོ་མ་བྱས་པར་གསོལ་བཞིའི་ལས་མི་འཆགས་པ་དང༌། ཁྱིམ་སུན་འབྱིན་པ་ལ་བསྐྲད་པ་སྔོན་དུ་འགྲོ་དགོས། བཀའ་བློ་མི་བདེ་བ་ལ་གླེང་དྲན་སྔོན་དུ་འགྲོ་དགོས་སོ། །འདི་དག་དང་གྲངས་སུ་གཞུག་པ་བཞི་པོ་རྣམས་ནི་མི་མཐུན་པའི་ལས་ཡིན་ཀྱང་ཆད་ལས་མ་ཡིན་ཏེ། བྱ་བ་ངན་པ་ལས་ལྡོག་པའི་ཆེད་དུ་གྲོས་འདེབས་པ་ཙམ་ཡིན་པའི་ཕྱིར། བཞི་པ་བརྒལ་ལན་ནི། འདིར་དགེ་འདུན་དབྱེན་གྱི་ལྷག་མའི་གླེང་གཞི་དབྱེན་གྱིས་འཚམས་མེད་བྱས་པ་ལས་བྱུང་བ་ཡིན་ཀྱང༌། དབྱེན་གྱིས་འཚམས་མེད་ཡིན་ན་ལྷག་མ་ཡིན་པས་མ་ཁྱབ་སྟེ། དགེ་སློང་ལྷ་སྦྱིན་གྱི་རྒྱུད་ཀྱི་དབྱེན་གྱི་མཚམས་མེད་བཞིན་ནོ། །དབྱེན་གྱི་ལྷག་མ་ཡིན་ན་འཚམས་མེད་ཡིན་མི་དགོས་ཏེ། དགེ་སློང་མའི་རྒྱུད་ཀྱི་དབྱེན་གྱི་ལྷག་མ་བཞིན་ནོ། །དེ་གཉིས་འགལ་བ་ཡང་མ་ཡིན་ཏེ། བཅས་པ་མཛད་པའི་རྗེས། ཐུབ་པ་མྱ་ངན་ལས་མ་འདས་པའི་གོང་དེར་དགེ་སློང་འགའ་ཞིག་གིས་བྱ་བ་མ་ཡིན་པ་དེ་བྱས་ན་ལྷག་མ་དང་འཚམས་མེད་གཉིས་ཀར་འགྱུར་བ་ལ་འགལ་བ་མེད་པའི་ཕྱིར། མི་མཐུན་པའི་ལས་འདི་དག་གི་སྐབས་སུ་གང་ལ་བྱ་བའི་བསྒྲུབ་བྱ་དེ། ལས་གྲལ་དེར་འདུག་དགོས་པ་མ་ཡིན་ཏེ། མ་འདུག་ཀྱང་ལས་མི་འཆགས་པའི་ཉེས་པ་མི་མཐུན་པ་བསྐྱེད་པ་ཡང་མེད་ཅིང༌། བསྒྲུབ་བྱ་དེ་མངོན་དུ་གྱུར་དགོས་པ་ཡང་མ་ཡིན་པའི་ཕྱིར། ལས་གྲལ་དེ་ཉིད་དུ་མི་འདུག་དགོས་པའི་ཁྱབ་པ་ཡང་མེད་དེ། མངོན་སུམ་དུ་མ་གྱུར་པའི་ལས་སུ་མ་བཤད་པའི་ཕྱིར། འོན་ཀྱང་འཚམས་ཀྱི་ནང་དེ་ན་གནས་པ་གཅིག་དགོས་ཏེ། ལུང་ཞུ་བ་ལ། འཚམས་ཀྱི་སླད་རོལ་ན་མཆིས་པས་འཚམས་ནང་ན་མཆིས་པ་རྣམས་ལ་བསྒོ་ནས་བསྒོ་ཞེས་བགྱིའམ། ཨུད་པ་ལི་མ་ཡིན་ནོ། །བཙུན་པ་འཚམས་ཀྱི་ནང་ན་མཆིས་པས་འཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་བསྒོ་ན་བསྒོ་ཞེས་བགྱིའམ། ཨུད་པ་ལི་མ་ཡིན་ནོ། །འོན་ཀྱང་གང་ལ་བྱ་བ་དེ་མངོན་སུམ་དུ་མི་འདུག་པའི་ཚེ། ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བརྗོད་པའི་ལས་བྱས་སོ་ཞེས་རེ་རེ་ནས་བསྒྲགས་དགོས་པ་ཡིན་ཏེ། མ་སྒྲགས་ན་དེས་མི་མཐུན་པའི་ལས་བྱས་པར་མི་ཤེས་པས། ཉེས་པ་ལས་ལྡོག་པའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །འཚམས་ཀྱི་ཕྱི་རོལ་དུ་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ་ལ། ཆོ་ག་ནི། གནང་བ་དེས་གཎྜི་བརྡུང་བ་སོགས་བྱས་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས། རྒན་རིམ་ལ་ཕྱག་འཚལ། རྒན་པའི་མཐའ་ལོགས་སུ་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་རྒོག་ཏུ་གྱུར་པའམ། བདག་དང་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལགས་ལ་བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མ་ཐོག་ན། བདག་དགེ་སློང་འོད་སྲུང་ནས། རླུང་ནད་ཅན་དགེ་འདུན་ལས་མི་འབྲལ་བའི་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན། དགེ་འདུན་བཙུན་པ་རྣམས་ཀྱིས་བརྩེ་བའི་སླད་དུ། བདག་དགེ་སློང་ནས་རླུང་ནད་ཅན་ལ་རྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་བཟླས། དེའི་འོག་ཏུ་དགེ་སློང་ཞིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུངས་ནས། ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ། འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོགས་ན། དགེ་སློང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་གཅིག་དང༌། དགེ་སློང་འདི་ཞེས་བགྱི་བ་ལ་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི། དགེ་འདུན་ནས་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདི་ཞེས་བགྱི་བ་ལ། སྣམ་སྦྱར་དང་མི་འབྲལ་བའི་གནང་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་སྣམ་སྦྱར་དང་མི་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ཞེས་པ་ནས་འཇུག་བསྡུད་ཀྱང་བརྗོད་དོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། འབྲལ་བའི་སྤང་པ་ཁེགས་པའོ། །བསྡུས་པའི་དོན་ནི། མི་འབྲལ་ཞེས་སོགས་གཉིས་ཀྱི་ལས་སུ་བསྟན་ཟིན་ཏོ། །ཚིག་གི་དོན་ནི། མདོ་རྩ་བར་སྣམ་སྦྱར་ལ་གསུངས་ཀྱི་གཞན་གཉིས་ལ་མ་བཤད། ལས་བརྒྱ་རྩར། ཆོས་གོས་གསུམ་ལས་གང་ཡང་རུང་བ་དང་འཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་དགེ་འདུན་གྱི་གནང་བ་མ་གཏོགས་ཏེ། ལྟུང་བྱེད་དོ། །ཞེས་གསུངས་པས། གཞན་གཉིས་ལ་ཡང་སྦྱར་དུ་རུང་བར་གསུངས་སོ། །བརྒལ་ལན་ནི། འཚམས་ནང་དུ་མི་འབྲལ་བའི་གནང་བ་སྦྱིན་པའི་སྐབས་སུ་བརྗོད་ཟིན་ཏོ། །ལོ་དྲུག་གི་ནང་དུ་སྟན་གྱི་གནང་བ་སྦྱིན་པ་ལ། གསོལ་བ་བཏབ་པ་དང་ལས་དངོས་སོ། །དང་པོ་ནི། དགེ་སློང་གང་ལ་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པ་དེས། གཎྜི་བརྡུང་བ་ནས་ཙོག་པུར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚན་ཆད་དུ་སྟན་གྱི་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་བཟླས། དེ་ལྟར་གསོལ་བ་བཏབ་པ་ན་དགེ་འདུན་ཐམས་ཅད་དང༌། གཞན་ན་བསྐོས་པའི་དགེ་སློང་གིས་སྟན་དེ་མིག་སྔར་བབ་པར་བྱ། དེའི་ཚེ་སྟན་དེ་ཧ་ཅང་རིང་བ་ཡིན་ན་བཅད་པར་བྱ། ཐུང་བ་དང་དོག་པ་ཡིན་ན་བསྣན་པར་བྱ། བུག་རྡོལ་དུ་གྱུར་པ་དང་ཤ་ཟད་པ་དག་ནི་སྦྱར་བར་བྱ། བཅོས་དཀའ་བ་ཉིད་ཡིན་ན་གནང་བ་སྦྱིན་བར་བྱའོ། །གཉིས་པ་ལས་དངོས་ནི། དགེ་སློང་ཞིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདུག་ལ་འདི་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི། ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩོལ་ཏེ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་ནས་སྩོལ་ཏེ། དེའི་སླད་དུ་ནས། སྩོལ་ན་ཚེ་དང་ལྡན་པ་གང་དག་ཞེས་སོགས་སྦྱོར་རོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། ལོ་དྲུག་གི་ནང་དུ་སྟན་གསར་པ་གཉིས་བྱས་པའི་སྤང་བ་ཁེགས་པའོ། །བསྡུས་པའི་དོན་ནི། སྟན་དང་ཞེས་གསོལ་བ་དང་གཉིས་ཀྱི་ལས་སུ་བསྟན་ནོ། །ཚིག་གི་དོན་ནི། འདིར་ལག་གི་བླ་ཞེས་གསུངས་པ་ནི་མཚོན་པ་ཙམ་སྟེ། ཇི་སྐད་དུ། འགྲེལ་པ་ལས། འདི་ལྟར་ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞིའི་དབང་གི་ཕྱིར་ཡིན་གྱི་གཞན་ལ་ཡང་ཉེ་བར་སྦྱར་དུ་རུང་བའི་ཕྱིར། སྤྱིར་མདོར་བྲིས། ཞེས་གསུངས་སོ། །རིན་པོ་ཆེའི་རུང་བ་བྱ་བ་ལ་ཆོ་ག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ནི། ལུང་ལས། ངའི་ཉན་ཐོས་རྣམས་ཀྱང་གོས་ཀྱི་རིན་དག་འདོད་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཀྱང་གོས་ཀྱི་རིན་དག་སྦྱིན་པར་བྱེད་པས་ངས་ཉན་ཐོས་རྣམས་ལ་རུང་བར་བྱ་བ་ཅུང་ཞིག་གནང་བར་བྱའོ་སྙམ་དུ་དགོངས་ནས་བཀའ་སྩལ་པ་བླང་བར་བྱ་ཞིང་བླངས་ནས་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་གནང་བ་དགེ་སློང་གིས་བླང་བར་བྱ་ཞིང་བླངས་ནས་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་རུང་བ་གསུམ་བཀའ་སྩལ་ཏོ། །དེ་ལ་རུང་བ་དང་པོའི་ཆོ་ག་ནི། དགེ་སློང་གིས་ཆོས་གོས་ཀྱི་རིན་དག་རྙེད་པ་ན་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །རུང་བ་གཉིས་པའི་ཆོ་ག་ནི། དགེ་སློང་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རུང་བ་མ་ཡིན་པའི་དངོས་པོ་གང་ཅུང་ཟད་ཅི་རྙེད་པ་ཐམས་ཅད་སྦྱིན་བདག་ཞལ་ཏ་བྱེད་པ་ཀུན་དགའ་རྭ་བ་པའམ། དགེ་བསྙེན་སྤྲོ་བར་བྱ་ཞིང་དེའི་མིང་གིས་བཅང་བར་བྱའོ། །རུང་བ་གསུམ་པའི་ཆོ་ག་ནི། མི་བཟུང་བར་བྱ་བ་མདུན་དུ་བཞག་ནས་བྱའོ། །དགེ་སློང་གི་མདུན་དུ་འགྲེང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་རུང་བ་གྲུབ་པར་བགྱིའོ། །ཞེས་ལན་གསུམ་བཟླས། མཇུག་ཐབས་ལེགས་བརྗོད་དོ། །རུང་བ་དེ་གསུམ་གང་བྱས་ཀྱང་འདྲ་སྟེ་བདག་གིར་བྱ་བ་མེད་པས་དེ་ལ་རེག་གམ། རེག་ཏུ་བཅུག་ན་ཡང་འགྱོད་པར་མི་བྱའོ། །དེ་ནི་དངོས་པོ་རུང་བ་མ་ཡིན་པ་རུང་བར་བྱ་བའི་ཆོ་ག་དང་སྔགས་སོ། །གཉིས་པ་དེ་རྣམ་པར་བཤད་པ་ལ། དགོས་པའི་དོན་ནི། རིན་པོ་ཆེ་ལ་རེག་པའི་སྤང་བ་ཁེགས་པ་དང༌། ཆོས་གོས་ཀྱི་རིན་གྱིས་འཕོངས་པ་སེལ་བའི་དོན་དུའོ། །བསྡུས་པའི་དོན་ནི། བྱིན་གྱིས་བརླབས་པ་དང་ཞེས་གང་ཟག་གི་ལས་སུ་བསྟན་པ་ཡིན་ནོ། །གསུམ་པ་ཚིག་གི་དོན་ནི། དགེ་འདུན་གྱི་རིན་པོ་ཆེ་ལ་རུང་བ་ནི་མ་གསུང་ལ། གང་ཟག་དགེ་སློང་རང་གི་དབང་བའི་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་ན་རེག་པའི་སྤང་བ་དང༌། གཞན་གྱི་ལ་རེག་ན་ལྟུང་བྱེད་འབའ་ཞིག་པར་གསུངས་པ་ལས། རུང་བ་འདི་ཉེས་པ་གཉིས་པ་ཁེགས་པའི་དོན་དུ་གསུངས་པ་མ་ཡིན་ཏེ། གཞན་དབང་བའི་རིན་པོ་ཆེ་ལ་རུང་བ་འདི་མི་འཆགས་པའི་ཕྱིར། ཇི་སྐད་དུ་འགྲེལ་པར། བཅོམ་ལྡན་འདས་ཀྱིས་གཞན་གྱི་རྫས་ལ་ནི་རུང་བ་རྣམ་པ་གསུམ་མ་བསྟན་ཏེ། ཞེས་གསུངས་པས་སོ། །རིན་པོ་ཆེ་བདག་གིར་བྱས་པ་ཙམ་ལ་ནི་སྤང་བར་འགྱུར་བ་མ་ཡིན་ཏེ། སྤང་བར་འགྱུར་བ་ལ་རེག་པ་དང་གཉིས་ཚོགས་དགོས་པར་གསུངས་པས་སོ། །དོན་ལ་རང་དབང་བ་ཡིན་ཀྱང་རང་གིའོ་སྙམ་པའི་རྗེས་ཞུགས་དེ་དང་མ་བྲལ་བ་ལ་རུང་བ་མི་འཆགས་ཏེ། འགྲེལ་པར། གང་ལ་བདག་ཉིད་ཀྱིས་བདག་གིར་བྱེད་པ་དག་ལ་རང་གིས་ཀྱང་རེག་པར་མི་བྱ་ལ་གཞན་ཡང་རེག་ཏུ་གཞུག་པར་མི་བྱ་སྟེ་དེ་ལ་རུང་བ་གསུམ་ཆར་མི་འཆགས་པའི་ཕྱིར་རོ། །འདི་ལྟར་བདག་གིར་བྱེད་པ་དང་བྲལ་བའི་ཕྱིར་དུ་རུང་བར་བྱེད་པའི་ཕྱིར་ཞེས་གསུངས་སོ། །དེ་ལྟར་རུང་བར་བྱས་པ་ལ་རེག་ཀྱང་ལྟུང་བར་མི་འགྱུར་ཏེ། ཆོ་ག་ལས་ཀྱང་གསལ་བ་དང༌། འགྲེལ་པར་དེ་ལྟར་དངོས་པོ་རུང་བ་མ་ཡིན་པ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བ་མེད་དོ་ཞེས་པས་སོ། །འོ་ན་འདི་རང་གིར་བྱ་བ་དང་མ་འབྲེལ་བ་ལ་རེག་པས་ལོངས་པར་མི་འགྱུར་རམ་ཅེ་ན་མི་འགྱུར་ཏེ། དངོས་པོ་ལ་རང་དབང་བའི་ཕྱིར། དེས་འདིར་རིན་པོ་ཆེ་བདག་གིར་བྱས་པ་རྐྱང་པ་ལ་ཉེས་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་ན། བླང་བར་བྱ་ཞིང་ཞེས་དང༌། གོས་ཀྱི་རིན་དག་འདོད་ཀྱི་ཞེས་པ་དང་འགལ་བའི་ཕྱིར། བདག་གིར་བྱ་བ་སྔོན་དུ་མ་སོང་བ་ལ་ཡང་མི་འཆགས་པའི་ཕྱིར། རུང་བ་བྱ་བ་དེའི་དུས་ཀྱི་ཀུན་སློང་བདག་གིར་བྱ་བའི་རྗེས་ཞུགས་དེ་དང་བྲལ་བ་གཅིག་དགོས་པ་ཡིན་ནོ། །བརྒལ་ལན་ནི། འབྲི་ཁུང་པ། རུང་བ་དང་པོའི་སྐབས་སུ། སྦྱིན་བདག་དེ་ཉིད་ཀྱི་ལྷུང་བཟེད་དང་ཆོས་གོས་ཡིན་ནོ་སྙམ་པས་བཅང་བ་ཡིན་ནོ། །ཞེས་ཟེར་བ་ནི། གྱི་ན་སྟེ། འདིར་ནི་རྒྱུ་རིན་པོ་ཆེའི་རུང་བ་འཆད་པ་ཡིན་གྱི་འབྲས་བུ་ཆོས་ཀྱི་མ་ཡིན་པས། རུང་བ་གང་གི་ཡིན་ཤན་མ་ཕྱེད་པར་སྣང་བའི་ཕྱིར་དང༌། རྒྱུ་རིན་པོ་ཆེ་འདི་མི་རུང༌། འདི་ལས་བྱུང་བ་རུང་སྙམ་པའི་ཀུན་སློང་སྔོན་དུ་བཏང་དགོས་པར་བཤད་པ་དང་ཡང་འགལ་བའི་ཕྱིར། འབྲི་ཁུང་པ་རུང་བ་བྱེད་པའི་ཚེ་རེག་ཏུ་རུང་བར་མངོན་ཏེ། འགྲེལ་པར། རུང་བ་བརྗོད་པའི་ཕྱིར་རེག་ན་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པས་སོ། །ཞེས་ཟེར་བ་ནི། སྔགས་ཆོག་ནས་བཟུང་བར་མི་བྱ་བ་མདུན་དུ་བཞག་ནས་ཞེས་པ་དང་འགལ་ཞིང༌། འགྲེལ་པ་དེའི་དོན་ནི། བརྗོད་པའི་ཕྱིར་ཞེས་པ་གཏན་ཚིགས་སུ་བཀོད་ནས་རེག་ཏུ་རུང་བར་བསྟན་པ་ཡིན་པས་མི་འཐད་དོ། །དངོས་བསྒྱུར་གྱི་སྤང་བའི་སྐབས་སུ། བྲམ་ཟེའི་བུ་མོས་ཞུས་པ་ལས། གང་ན་དགེ་སློང་གཅིག་པོ་ཞིག་གནས་པ་དེར་སྦྱིན་བདག་གིས་དགེ་འདུན་གྱི་ཕྱིར་རྙེད་པ་འབུལ་བར་བྱེད་ན། དགེ་སློང་དེ་གཅིག་པུས་རྙེད་པ་བྱིན་གྱིས་བརླབས་པར་བྱའོ་བྱིན་གྱིས་མ་བརླབ་པར་བདག་གིར་བྱེད་ན་ཉེས་སུ་འགྱུར་རོ་ཞེས་གསུངས་པ་ལ། ཆོ་ག་དང༌། སྔགས་ནི། ལྷ་རྣམས་དགོངས་སུ་གསོལ། བདག་གནས་འདི་ན་གཅིག་པུར་གནས་ཏེ། དགེ་འདུན་ལ་གོས་ཀྱི་རྙེད་པ་འདི་བྱུང་བས། བདག་གིས་གོས་འདི་ཉམས་སུ་བླང་ངོ༌། །དུས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ནི་གཅིག་པུས་རྙེད་པ་བྱིན་གྱིས་བརླབས་པའི་ཆོ་ག་དང་སྔགས་སོ། །འདིའི་དགོས་པའི་དོན་ནི། དངོས་བསྒྱུར་གྱི་ཉེས་པ་ཁེགས་པས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །གྱ་ཚོམ་དུ་གཙུག་ལག་ཁང་དོར་བར་མི་བྱའོ་ཞེས་པའི་སྐབས་སུ། རྙེད་པ་ཐུན་མོང་ལ་གསོ་སྦྱོང་ཐ་དད་པ་བྱ་བའི་ཆོ་ག་དང་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདི་གཙུག་ལག་ཁང་གི་བདག་པོ་བཅོམ་མམ། བཅིངས་སམ། གུམ་མམ། བཅུགས་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་གཙུག་ལག་ཁང་འདི་དང༌། ཕ་གི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ཐ་དད་པར་མཛོད། འདི་ནི་གསོལ་བའོ། །ལས་འཇུག་བསྡུད་དང་བཅས་པ་ཡང་བརྗོད་དོ། །འདིའི་དགོས་པའི་དོན་ནི། རྙེད་པ་ཐུན་མོང་དུ་བགྱིས་པས་འཚོ་བ་བཙལ་སླ་བ་དང༌། གསོ་སྦྱོང་ཐ་དད་དུ་བགྱིས་པས་གཙུག་ལག་ཁང་སོ་སོའི་བྱ་བ་མི་ཉམས་པའི་དགོས་པ་ཡོད་དོ། །བསྡུས་པའི་དོན་ནི། རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །ཞེས་གསོལ་བ་དང་གཉིས་ཀྱི་ལས་སུ་བཤད་དོ། །ཚིག་གི་དོན་ནི། གཙུག་ལག་ཁང་གི་བདག་པོ་སྦྱིན་བདག་དེ། གཞན་གྱིས་བཙོན་ར་ལ་སོགས་པར་བཅུག་ན། གཙུག་ལག་ཁང་དེར་གནས་པའི་དགེ་སློང་གིས། ལོ་ལྔ་ནི་བསོད་ནམས་ཀྱིས་འདའ་བར་བྱ། ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་རྙེད་པ་ཐུན་མོང་དུ་བྱ་བའོ། །གསོ་སྦྱོང་ཐ་དད་དུ་བྱེད་པའི་ཚེ། དགེ་སློང་མང་པོ་ཡོད་པའི་ཉེ་འཁོར་གྱི་གཙུག་ལག་ཁང་དེ་ནས་དགེ་སློང་གཅིག་པུ་ལས་མེད་པའི་གཙུག་ལག་ཁང་དེར། དགེ་སློང་འགའ་ཞིག་ཁ་སྐོང་ལ་འགྲོ་བའམ། ཡང་ན་དགེ་སློང་གཅིག་པུ་དེ། གསོ་སྦྱོང་གི་ཚེ་ཉེ་འཁོར་གྱི་གཙུག་ལག་ཁང་དེར་མ་འདུས་ཀྱང་ཉེས་པ་མེད་ལ། གཅིག་པུས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱ་བའོ། །གསོ་སྦྱོང་གཅིག་ཏུ་བྱས་ན་གནས་གཅིག་ཏུ་གྱུར་ལ། དེའི་ཚེ་གསོ་སྦྱོང་གཅིག་པའི་གནས་གཉིས་པོ་གཅིག་ཏུ་དབྱར་ཁས་བླངས་ནས་ཅིག་ཏུ་གནས་ཀྱང་དབྱར་རལ་བའི་ཉེས་པ་མེད་ལ། གསོ་སྦྱོང་ཐ་དད་ན་ཉེས་པ་དེ་ཡོད་པས། གསོ་སྦྱོང་ཐ་དད་དུ་བྱས་སོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་སྐབས་སུ། མི་སྤྲོ་ན་གསོལ་བར་བྱའོ་ཞེས་པའོ། །ཆོ་ག་ནི། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་ཞིག་གིས་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདི་ཞེས་བགྱི་བ་འདི། ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས། མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱི་སྟེ། དགེ་སློང་འདི་ཞེས་བགྱི་བ་སྐྱེ་བོ་ཕལ་པོ་ཆེའི་ཚོགས། མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ཀྱང༌། དགེ་སློང་འདི་ཞེས་བགྱི་བ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་སློང་འདི་ཞེས་བགྱི་བ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་པར་གང་གིས་མཐོང་ཞིང༌། གང་དུ་མཐོང་བ་དེས་ཁྱིམ་དེར། དགེ་སློང་འདི་དང༌། དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག དགེ་སློང་མ་འདིས་ནི་ཡོས་ཚིག་པ་བཞིན་དུ། ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་རྣམས་ལ་ལྟོས་ཤིག ཅེས་སོ་སོར་གོ་བར་བགྱིད་དུ་སྩལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་ཀྱང་སོ་སོ་རིག་པའི་ཁྱིམ་དག་ཏུ་གོ་བར་བྱའི་མ་རིག་པའི་ཁྱིམ་དུ་གོ་བར་མི་བྱའོ། །དགོས་པའི་དོན་ནི། དགེ་འདུན་ཐམས་ཅད་ལ་མ་གུས་པ་སྤང་བའོ། །བསྡུས་པའི་དོན་ནི། གནས་ངན་ལེན་ནི་བརྗོད་པ་དང༌། ཞེས་གསོལ་བ་འབའ་ཞིག་པའི་ལས་སུ་བསྟན་ནོ། །འདི་ནི་དགེ་འདུན་གྱི་ནང་ཁྲིམས་ཡིན་གྱི་བསྐོ་བའི་ལས་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ཚོགས་ཀྱིས་ཚོགས་ལ་ལས་འཆགས་པར་ཐལ་བའི་ཕྱིར། ཚིག་གི་དོན་ནི། སྔགས་ཆོག་ཏུ། དགེ་སློང་འཕྲལ་བ་འདི་དང༌། དགེ་སློང་མ་གསལ་མ་ཞེས་འབྱུང་བ་ནི་གླེང་གཞིའི་དབང་གིས་ཡིན་གྱི། སྐབས་སུ་བབ་པའི་མིང་གིས་བརྗོད་པར་བྱའོ། །ཡོས་ཚིག་པ་བཞིན་དུ་ཞེས་པ་ནི། ཕམ་པ་འཆབ་པ་དང་བཅས་པ་བྱུང་བའི་དོན་ཡིན་ནོ། །སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་སྐབས་སུ། གལ་ཏེ་བརྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བཏང་བའི་དོན་བྱའོ་ཞེས་པར། དགེ་འདུན་གྱི་ཞལ་ཏ་ཆོས་བཞིན་དུ་བགྱིད་པའི་དགེ་སློང་ཆོས་གོས་ངན་པར་གྱུར་པ་ལ་རས་ཡུག་སྦྱིན་པའི་གནང་བ་ནི། འདི་ལྟར། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་གྱད་བུ་ནོར་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ་དགེ་འདུན་ལ་ཡང་ཆོས་ཀྱི་ཞལ་ཏ་བགྱིད་པའི་ལས་བརྩོན་པ་ལགས་ལ་དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནི་ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའི་ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ་དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་གསུམ་ངན་ཞིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ལ། དགེ་འདུན་ལ་ནི་རས་ཡུག་ཆེན་གྱི་འབྱོར་པ་མངའ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་རས་ཡུག་ཆེན་སྩོལ་ཏོ་འདི་ནི་གསོལ་བའོ། །དགོས་པའི་དོན་ནི། དགེ་འདུན་གྱི་རྙེད་པ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས་ཟེར་བ་ཁེགས་པའོ། །བསྡུས་པའི་དོན་ནི། ཆོས་གོས་སྦྱིན་པར་བྱ་བ་དང༌། །ཞེས་བསྟན་པའི་ཆོས་གོས་སྦྱིན་པ་དེའོ། །འཕགས་པའི་ལྟུང་བྱེད་ཀྱི་སྐབས་སུ་གྲངས་སུ་གཞུག་པ་བཞིའི་ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཛའ་བོ་དང་ས་ལ་སྐྱེས་འདི་གཉིས་འཚལ་བཞིན་དུ། དགེ་སློང་གང་མཐུན་པས་གནས་མལ་འབོགས་པ་དང་ཟས་ལ་བསྐོ་བར་བསྐོས་པ་ཚེ་དང་ལྡན་པ་གྱད་བུ་ནོར་དེ་ལ་ངོར་འཕྱ་ན་གལ་ཏེ་ནས་གཅིག་དང༌། དགེ་འདུན་གྱིས་དགེ་སློང་འཛའ་བོ་དང༌། ས་ལ་སྐྱེས་ངོར་འཕྱ་བའི་གྲངས་སུ་སྩོལ་ཏོ། །འདི་ནི་གསོལ་བའོ། །གཞོག་འཕྱ་བྱེད་པ་དང༌། བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་གསུམ་ལ་དེ་བཞིན་དུ་སྦྱར་རོ། །དགོས་པ་ནི། དགེ་འདུན་གྱིས་གང་ཟག་བཅུ་གཉིས་དང༌། གླེང་བྱེད་ལ་མི་སྤྲོ་བ་དགག་པའི་དོན་དུའོ། །བསྡུས་པའི་དོན་ནི། གྲངས་སུ་གཞུག་པ་བཞི་དག་དང་ཞེས་པའོ། །འདི་ནི་ཤིན་ཏུ་གལ་ཆེ་བར་སྣང་སྟེ། དགེ་འདུན་གྱི་ལས་ཆོས་དང་ལྡན་པར་བགྱིས་ཀྱང་རྣམ་གྲངས་དུ་མས་སྨོད་པ་མང་བ་དང༌། ལྟུང་བ་གླེང་དྲན་བྱས་པ་ན་བརྒོལ་བས་ལན་ངན་པར་བཏབ་པའི་སྒོ་ནས་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པ་ཤིན་ཏུ་མང་ལ་འདུལ་བ་གཏོགས་པའི་རྣམས་འདིས་ཤིན་ཏུ་གླེང་བར་བྱེད་པའི་ཕྱིར་རོ། །དགེ་སློང་མའི་སྟོན་པ་བསྐོ་བ་ནི། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ། དགེ་སློང་མའི་སྟོན་པར་སྤྲོ་ན། གལ་ཏེ་ནས་གཅིག་དང༌། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ། དགེ་སློང་མའི་སྟོན་པར་བསྐོ་སྟེ་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མ་ལ་སྟོན་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་ནས་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ། དགེ་སློང་མའི་སྟོན་པར་སྤྲོ་ན། དེའི་སླད་དུ་དགེ་སློང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོ་སྟེ། ཚེ་དང་ལྡན་པ་གང་དག་ཞེས་སོགས་ཀྱི་རིགས་པས་བརྟགས་ནས་བརྗོད་པར་བྱའོ། །དགོས་པ་ནི། མ་བསྐོས་ཆོས་སྟོན་གྱི་ཉེས་པ་ཁེགས་པ་ཡིན་ནོ། །བསྡུས་པའི་དོན་ནི། སྟོན་པ་དང་ནི་ཞེས་གསོལ་བ་དང་གཉིས་ཀྱི་ལས་སུ་བསྟན་པའོ། །ཚིག་གི་དོན་ནི། དགེ་སློང་ཆོས་ལྔ་དང་ལྡན་པ་དགེ་སློང་མའི་སྟོན་པར་བསྐོ་བར་བྱ་སྟེ་ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་མང་དུ་ཐོས་པ་དང་གནས་བརྟན་རྒྱལ་ཚབ་ལྟ་བུ་དང༌། གྲོང་ཁྱེར་བའི་སྐད་དང་ལྡན་པ། དགེ་སློང་མ་ལ་ལུས་ཀྱི་རེག་པས་སུན་མ་ཕྱུང་ཞིང་ཕྱུང་ན་ཡང་ཕྱིར་བཅོས་བྱས་པའོ། །ལྔ་པོ་དེ་ལ་བཞི་ནི་ངེས་པ་ཡིན་ནོ། །མང་དུ་ཐོས་པ་མེད་ན་སོ་སོར་ཐར་པའི་མདོ་ཐོན་པ་བསྐོའོ། །དེ་ཡང་མེད་ན་ཕམ་པ་བརྒྱད་དང་ལྕི་བའི་ཆོས་བརྒྱད་སྟོན་ནུས་པའོ། །དེ་ཡང་མེད་ན། ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ་ཞེས་སོགས་སྟོན་ནུས་པའོ། །དུས་ནི་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་བསྐོའོ། །སྟན་གཅིག་པའི་ལྟུང་བྱེད་པའི་སྐབས་སུ། ལྷག་པོར་བྱ་བའི་ཆོ་ག་བྱ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས་བཅའ་བ་དང་བཟའ་བ་རྙེད་དེ་འཚལ་བར་འཚལ་ན་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ་ཞེས་ལན་གཅིག་བརྗོད། ལྷག་པོར་བྱེད་པའི་དགེ་སློང་ཟས་ཟོས་ཟིན་ཅིང༌། མ་སྤངས་པ་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་ནས་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པར་བྱའོ། །དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བཟའ་བར་མི་བྱ་བར་ལག་པར་བྱིན་ནས་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་བརྗོད་པས་ལྷག་པོར་བྱའོ། །དེ་ནི་བྱ་བའི་ཆོ་ག་དང་སྔགས་སོ། །དགོས་པ་ནི་སྤངས་པ་ཟ་བའི་ཉེས་པ་ཁེགས་པའོ། །བསྡུས་པའི་དོན་ནི། གསོལ་གདབ་དང༌། གང་ཟག་གི་ལས་སུ་བསྟན་པ་དེར་གཏོགས་སོ། །ཚིག་གི་དོན་ནི། གང་ལ་ལྷག་པོར་བྱ་བའི་ཡུལ་དེས་ལྷག་མར་བྱས་ཤིང་བོར་བའི་དོན་གྱིས་ན་ལྷག་བོར་ཞེས་བྱ། ཡུལ་ནི་ཟས་ཀྱི་གནས་མ་བཏང་བ་གཅིག་དགོས་ལ། ཟས་སྤངས་མ་སྤངས་ལ་ཁྱད་པར་མེད་དོ། །ཡུལ་དེས་ལྷག་བོར་བྱ་རྒྱུའི་རྫས་དེ་ལག་ཏུ་བླངས་ནས་བྱེད་དགོས་ལ། རྟེན་ནི་འཚམས་ཀྱི་ཕྱི་རོལ་དང༌། མི་ཐོག་པའི་ཕྱོགས་ན་འདུག་པ་དང་མདུན་མ་ཡིན་པ་ན་འདུག་པ་ལས་ལྷག་པོར་བྱ་བ་མི་འབྱུང་ངོ༌། །རྫས་དེ་ཡང་མི་རུང་བ་དང་མ་འདྲེས་པ་གཅིག་དགོས། སྤངས་པའི་ཁྱད་པར་ཡང་བྱིན་ཏེ་སྟོབས་པ་པོ་མཚན་ཉིད་དང་ལྡན་པས་སྟབས་པ་དེ་སྤངས་ཤིང༌། ཟས་བརྩམས་པའི་གནས་བཏང་བ་ཡིན་པ་གཅིག་དགོས་ཀྱི་ཟས་ཙམ་ལྡང་ཙམ་གྱིས་སྤངས་པར་མི་འགྲོ་བས་ལྷག་པོར་མི་དགོས་ཤིང་ཞུས་ཀྱང་མི་འཆགས་སོ། །དེ་ཡང་ལྡང་བ་དང་ཐུག་པ་ལ་ནི་སྤངས་ཀྱང༌། ལྷག་པོར་བྱ་མི་དགོས་པས་སྤངས་ཟའི་ཉེས་པ་མེད་པར་གསུངས་སོ། །བརྒལ་ལན་ནི། འདིར་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཅེས་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་སྟན་ཅིག་གི་བརྟུལ་ཞུགས་ལ་འཆད་པ་ནི་མིན་ཏེ། བརྟུལ་ཞུགས་དེ་དང་ལྡན་པས་ལྷག་པོར་བྱས་ནས་ཀྱང་ཟ་བར་མ་གནང་བའི་ཕྱིར་དང༌། རང་དོན་དུ་བརྗོད་པའི་སྔགས་ཐམས་ཅད་ལ་ལན་གསུམ་དགོས་པ་ལ་གཅིག་གིས་ཆོག་པ་ནི་དམིགས་བསལ་ན། སྤྱིར་དགེ་སློང་ཡིན་ཙམ་གྱིས་ཉེས་པ་འདི་བསྲུང་དགོས་པའི་ཕྱིར་དང༌། དེས་སྟན་ཅིག་པ་སོགས་སྦྱངས་པའི་ཡོན་ཏན་གྱི་འགལ་ཟླ་བསྲུང་མི་དགོས་པའི་ཕྱིར་དང༌། དགོས་ན་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་འགལ་བའི་ཉེས་པ་ཐམས་ཅད་ལ་ལྟུང་བྱེད་སོགས་སྡེ་ལྔ་གང་རུང་གི་ཉེས་པ་འབྱུང་བར་ཧ་ཅང་ཐལ་བའི་ཕྱིར་དང༌། དེ་ལ་འདོད་མི་ནུས་པ་ནི་འདུལ་བའི་གཞུང་ཡི་གེ་གང་ནས་ཀྱང་དེ་ལྟ་བུའི་བཤད་པ་མེད་པའི་ཕྱིར་རོ། །བཅའ་བ་སྤངས་པ་ཙམ་གྱིས་ནི་བཟའ་བར་བྱ་བ་རྣམ་པ་ལྔ་སྤངས་པར་མི་འགྱུར་ལ། བཟའ་བར་བྱ་བ་རྣམ་པ་ལྔ་སྤངས་པ་ན་ཟས་ཐམས་ཅད་སྤངས་པར་འགྱུར་བས། འོ་ན་མདོར་ཟས་ཙམ་པོ་ཞེས་གསུངས་པས། བཅའ་བར་བྱ་བ་ལ་ལྷག་བོར་མི་དགོས་པར་སྒྲུབ་པ་མིན་ནམ་ཞེ་ན། མ་ཡིན་ཏེ། འགྲེལ་པར་ཟས་ཙམ་པོ་ཞེས་བྱ་བར་སྨྲས་ཏེ། བཅའ་བར་བྱ་བ་ཙམ་ཡང་ཞེས་བྱ་བའི་ཐ་ཚིག་གོ །ཟས་ཙམ་མོ་ཞེས་སྨྲས་པས་ཤ་ཀ་ར་ལ་སོགས་པ་ལ་ཐལ་བར་མི་འགྱུར་ཏེ་ཞེས་གསུངས་པས་སོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་ཆོ་ག་དང་སྔགས་ནི། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གསོལ་བ་འདི་ལྟར་བྱ་སྟེ། དགེ་འདུན་ནས་གསོལ། དམག་དཔོན་སེང་གེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ་ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ་དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་སྟབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་ཐུག་ན་གལ་ཏེ་དགེ་འདུན་གྱི་ནས་ཅིག་དང༌། དགེ་འདུན་གྱིས་དམག་དཔོན་སེང་གེ་ལས་བསླབ་པའི་སྡོམ་པ་སྩལ་ཏོ། །དེ་གཞིག་པའི་སྔགས་ནི། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་སྦྱིན་བདག་དེས་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་ནས་གསོལ་བདག་དམག་དཔོན་སེང་གེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ་བདག་གིས་འདི་ལྟ་སྟེ། སངས་རྒྱས་ནས་ཡོངས་སུ་མ་བཏང་བ་མ་མཆིས་ཏེ། བདག་གིས་དེ་ལྟར་ཕུལ་ཞིང་དེ་ལྟར་བཏང་བས་ལོངས་སྤྱོད་སྟབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ནས་དགེ་འདུན་དོན་བཞེད་པ་ཕན་པ་བཞེད་པས། བདག་ལ་བསླབ་པའི་སྡོམ་པ་སྩལ་བ་ལས་བདག་དམག་དཔོན་སེང་གེ་ཡང་ལོངས་སྤྱོད་འཕེལ་ནས་བདག་དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་བསླབ་པའི་སྡོམ་པ་གཞིག་པར་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་པ་སྩལ་དུ་གསོལ་ཞེས་ལན་གསུམ་བཟླས་དེའི་འོག་སྟེ་སྦྱིན་བདག་དེ་ཐོས་པའི་ཉེ་སྐོར་བཀར་ཏེ་མཐོང་བའི་ཉེ་སྐོར་དུ་བཞག་སྟེ་དེས་དགེ་སློང་གང་རུང་གཅིག་གིས་གསོལ་བ་འབའ་ཞིག་གིས་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེང་གེ་དེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཡིད་དུ་འཐད་པའི་དགེ་སློང་ལ་མ་ཕུལ་བའམ་ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྟབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ནས། དེ་ལ་དགེ་འདུན་དོན་བཞེད་པ་ཕན་པ་བཞེད་པས་བསླབ་པའི་སྡོམ་པ་སྩལ་བ་ལས་དམག་དཔོན་སེང་གེ་དེ་ཡང་ལོངས་སྤྱོད་འཕེལ་ཏེ་དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་དགེ་འདུན་ལས་སྡོམ་པ་གཞིག་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་གཞིག་པར་མཛད་དོ། །འདི་ནི་གསོལ་བའོ། །དགོས་པ་ནི། སྦྱིན་བདག་གི་ལོངས་སྤྱོད་འཕེལ་བའི་ཆེད་དུའོ། །བསྡུས་པའི་དོན་ནི། ཁྱིམ་གྱི་སྡོམ་དང་དེ་ཞིག་དང༌། །ཞེས་གསོལ་བ་འབའ་ཞིག་པའི་ལས་སུ་བསྟན་པ་དེའོ། །ཚིག་གི་དོན་ནི། བསླབ་པ་སྦྱིན་པའི་ཁྱིམ་དེར་དགེ་སློང་རྣམས་ཀྱིས་འགྲོ་བ་དང་སྟན་ལ་འདུག་པ་དང་ཆོས་བསྟན་པར་བྱ་ལ། བསོད་སྙོམས་བླང་བར་མི་བྱ། ལྷུང་བཟེད་སྟོང་པས་འཇུག་པར་མི་བྱ། དེའི་བྱིས་པ་སློང་བ་དག་ལ་བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་ཏེ་སྦྱིན་པར་བྱའོ། །ག་གོན་ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་བྱུང་བ་སླང་བར་བྱའོ། །གཉིས་པ་ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་བཤད་པ་ལ། ཕྱི་རོལ་གྱི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཆོ་ག་དང༌། བསླབ་པ་ཡོངས་སུ་སྦྱོང་བའི་ཆོ་ག་དང༌། བདེ་བར་གནས་པའི་རྐྱེན་བརྟེན་པའི་ཆོ་གའོ། །དང་པོ་ལ་རྟེན་ནི། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པའམ། ལོན་ཀྱང་འདུལ་བ་མི་ཤེས་པའོ། །ཡུལ་ནི་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ས་རང་བཞིན་དུ་གནས་པ། ཐ་མལ་པའི་གཟུགས་སུ་འདུག་པ། བརྟན་མཁས་གཉིས་དང་ལྡན་པ། བརྩེ་བ་དང་ལྡན་པ། བཟོད་པ་དང་ལྡན་པ། འཁོར་དག་པ་ལ་ཕན་འདོགས་བརྩོན་པ། སྔར་གནས་སུ་མ་གྲུབ་པ་ལ། གསོལ་བ་བྱས་ལ། དགེ་ཚུལ་དུས་ཀྱི་གནས་ཡིན་ཡང་ཆོ་ག་བྱ་དགོས་ཏེ་མཁན་པོ་བཞིན་ནོ། །དེ་ལྟ་བུ་ལ་བརྟེན་ན་མཚོ་ཆེན་པོ་ལ་གནས་པའི་རླབས་ལྟར་ཡོན་ཏན་ངང་གིས་འཕེལ་བར་འགྱུར་ཏེ། སྐྱེས་པའི་རབས་ལས། དམ་པའི་སྐྱེ་བོ་སུས་ཀྱང་མི་སྲིད་དེ། །དུལ་བའི་ཚུལ་གྱིས་དེ་ལ་བརྟེན་པར་བྱ། །དེ་དང་ཉེ་ན་དེའི་ཡོན་ཏན་ཀུན། །ཆེད་དུ་མ་བགོས་པར་ཡང་བགོས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལས་གཞན་ལ་བརྟེན་པར་མི་བྱ་སྟེ། ཞིང་ཚྭ་སྒོ་ཅན་ལ་ས་བོན་བཏབ་པ་ལྟར་འགྱུར་བའི་ཕྱིར་རོ། །བླ་མས་ཀྱང་ཡོངས་སུ་བརྟགས་ནས་གནས་སྦྱིན་དགོས་ཏེ། སུམ་བརྒྱ་པར། སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡོངས་དག་དང༌། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང༌། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་པའི་མཚན་ཉིད་དང་ལྡན་མི་ལྡན་བརྟག་དགོས་པའི་ཕྱིར་རོ། །ཆོ་ག་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བཙུན་པ་ལ་གནས་འཆའ་བར་གསོལ་ན། བཙུན་པ་བདག་ལ་གནས་སྩོལ་ཤིག བདག་བཙུན་པ་ལ་གནས་འཆའ་ཞིང་མཆིས་སོ་ཞེས་ལན་གསུམ་བརྗོད་ལ་འཇུག་ཐབས་ལེགས་སོ། །འདིར་བཙུན་པ་ལས་ཞེས་དང་བདག་ལ་གནས་པ་སྩོལ་ཤིག་འབྱུང་ཁུངས་དང༌། བྱེད་པ་པོའི་སྒྲ་ཕྱིས་འབྱུང་བ་ནི། མ་དག་པར་མངོན་ནོ། །སྔགས་ཆོག་འདི་ནི་ལས་བརྒྱ་རྩ་ན་མེད་ཅིང་ལུང་མ་མོར་གསུངས་པ་ཡིན་པར་སྣང་ངོ༌། །གནས་མེད་ཀྱང་འདུག་ཏུ་རུང་བའི་དམིགས་གསལ་ནི། དབྱར་ཕྱི་མ་ཟླ་བ་གཉིས་ཀྱི་དུས་ལ་དབབ་པ་དང༌། གནས་ཚོལ་བའི་དུས་དང༌། གློ་བུར་བ་ངལ་གསོ་བའི་དུས་དང༌། ཉི་མ་གཅིག་གི་ཕྱིར་དང༌། ལོ་ལྔ་ལོན་པ་ལྗོངས་རྒྱུའི་དུས་དང༌། བདག་ཉིད་གནས་ཕྱུང་བའི་དུས་དང༌། ཆད་པ་ལྔས་བཅད་པའི་དུས་དང༌། དེ་དག་དང་རྒྱུ་མཚན་མཚུངས་པ་རྣམས་སོ། །འདིར་རེ་ཤིག་དུས་ཉིད་ཀྱིས་སོ། །ཞེས་གསུངས་པ་ལ་བརྟེན་ནས། ཁ་ཅིག་གནས་ཀྱི་སློབ་དཔོན་སྤོ་བ་དང་མགུ་བ་སྤྱོད་པའི་ཚེ། གནས་ལ་བརྟེན་མི་དགོས་པར་འདོད་པ་ནི་མི་འཐད་དེ། དེའི་ཚེ་གནས་དེའི་སློབ་དཔོན་གཞན་ལ་གཏད་དགོས་པའི་ཕྱིར་ཏེ། རེ་ཤིག་གི་གནས་འཆར་འཇུག་ནུས་པ་ཞེས་གསུངས་པ་དེ་སྐབས་འདི་འདྲ་ལ་དགོངས་པ་ཡིན་པའི་ཕྱིར། གནས་འཇིག་པའི་རྒྱུ་ནི། གཉིས་ཀ་ལ་མི་ལྟོས་པའི་འདུ་ཤེས་བྱུང་བའོ། །རང་གི་བསྙེན་རྫོགས་ཀྱི་མཁན་པོ་ཡིན་ན། གནས་བཅའ་བའི་ཆོ་ག་ལོགས་པ་བྱ་མི་དགོས་ལ། གནས་བཅའ་བའི་སློབ་དཔོན་དང༌། མཁན་པོ་གཉིས་ཀ་ཚོགས་ན། བྱ་བ་མཁན་པོ་ལ་ཞུས་པས་ཆོག་པར་དོན་གྱི་ཐོབ་ཅིང༌། མཁན་པོ་དང་གནས་གཉིས་ཀ་ལ་ལྟོས་མེད་ཀྱི་འདུ་ཤེས་སྐྱེས་ན་གནས་སུ་བཅས་པ་དེ་ཉིད་ལ་ཞུ་དགོས་སོ། །འདིར་གནས་དེ་རང་ལས་བསླབ་པ་གཞོན་ན་ཕྱག་བྱ་མི་དགོས་ལ། ཀློག་པའི་སློབ་དཔོན་ཡང་རང་ལས་བསླབ་པ་གཞོན་ན་ཕྱག་བྱ་མི་དགོས་ཤིང་ཆོས་ལ་གུས་པ་བསྐྱེད་པའི་ཡན་ལག་ཏུ་ཕྱག་བྱས་ཀྱང་བཟང་ལ། སློབ་དཔོན་དེས་ནི་ཚུར་བསླབ་ཕྱག་ངེས་པར་དགོས་ཀྱི་མི་དགོས་པའི་དམིགས་བསལ་མེད་དོ། །ལུང་གཞིར། རྒན་པའམ་འོན་ཏེ་གཞོན་ཀྱང་རུང༌། །གང་ལ་ཆོས་ནི་ཐོས་གྱུར་པ། །དེ་ལ་ཐོག་མར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །ཞེས་པའི་དོན་རང་ལས་བསླབ་པ་རྒན་པ་ལ་ཕྱག་བྱེད་པ་ན། ཆོས་ཐོས་མ་ཐོས་ཀྱི་རིམ་པས་ཕྱག་འཚལ་བའི་གོ་རིམ་སྟོན་པ་ཡིན་གྱི་སྤྱིར་ཆོས་ཐོས་པའི་སློབ་དཔོན་ཡིན་ཚད་ལ་ཕྱག་བྱ་བའི་ཤེས་བྱེད་དུ་བྱེད་པ་ནི་སྐབས་དེའི་གླེང་གཞི་དང་ཡང་མི་འགྲིག་གོ །གཉིས་པ་བསླབ་པ་ཡོངས་སུ་སྦྱོང་བའི་ཆོ་ག་ལ། གསོ་སྦྱོང་དང༌། དབྱར་དང་དགག་དབྱེའི་ཆོ་གའོ། །དང་པོ་ལ་ཆོ་ག་ལུང་བཞིན་བཤད། མཐའ་གཞན་དུ་དོགས་པ་བཅད་པའོ། །དང་པོ་ལ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བ། དང་པོ་ལ། སྦྱོར་བའི་ཆོ་ག་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ལ། ལས་གྲལ་དུ་མ་འདུས་གོང་གི་བྱ་བ་དང་འདུས་ནས་བྱ་བའོ། །དང་པོ་ནི་གསོ་སྦྱོང་གི་ནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་རང་རྒྱུད་ཀྱི་ལྟུང་བ་ལ་སོ་སོར་བརྟག་པར་བྱ་སྟེ། ལྟུང་བ་ཤེས་པ་བཤགས་པའམ་བསྡམ་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་ལས་ཀྱི་གནས་སུ་འདུ་བར་བྱ་དགོས་ཏེ། ཇི་སྐད་དུ། འདི་ལ་ཟླ་བ་ཕྱེད་འདས་པའི་སོ་སོར་བརྟག་པར་བྱའོ། །འདུ་བར་འགྱུར་བ་དེར་རོ། །ཤེས་པ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ། །འདུག་པ་ན་དྲན་ནམ་ཡིད་གཉིས་ཟ་ན། དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །ལས་བྱེད་པས་ནི་སེམས་ཀྱིས་སོ་ཞེས་གསུངས་པས་སོ། །དེའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། ལྟུང་བྱེད་འབའ་ཞིག་པའམ། སོ་སོར་བཤགས་པའམ། བཤགས་པར་བྱས་པའི་ཉེས་བྱས་ལས་གང་ཡང་རུང་བ་ཞིག་ཤེས་ན། དེས་མཆིལ་ལྷྭམ་ཕུད་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། དགེ་སློང་ལྟུང་བ་མི་མཐུན་པ་གཅིག་གི་དྲུང་དུ་རྒན་ན་ཕྱག་བྱས་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བར་བཏུད་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ་བདག་དགེ་སློང་མིང་འདི་ཞེས་བགྱི་བ། ལྟུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་ནས་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ་མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ལེན་པས་ལྟུང་བ་མཐོང་ངམ་ཞེས་བརྗོད་པར་བྱའོ། །འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱའོ། །ལེན་པས་ཕྱིན་ཆད་སྡོམ་མམ་ཞེས་བརྗོད་པར་བྱའོ། །ཞེས་ལན་གསུམ་བཟླས། ཐབས་ལེགས་བརྗོད། གལ་ཏེ་དོགས་པ་དང་ཡིད་གཉིས་ཟ་བར་གྱུར་ན། དགེ་སློང་སྡེ་སྣོད་འཛིན་པ་ལ་དྲིས་ཏེ། ཆོས་བཞིན་དུ་ཕྱིར་བཅོས་བྱའོ། །བསྡམ་བྱར་ཤེས་ན་སེམས་ཀྱིས་བསྡམ་པར་བྱའོ། །དགེ་འདུན་ལྷག་མ་དང་ཉེས་པ་སྦོམ་པོ་དང༌། སྤང་བ་ལྟུང་བྱེད་ཀྱི་ལྟུང་བ་གང་ཡང་རུང་བ་གཅིག་ཤེས་ན། དེ་སྔ་མ་བཞིན་བྱ་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེ་དང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་འདི་གསོ་སྦྱོང་གི་སྦྱོར་བའི་ཆོ་ག་གལ་ཆེ་ཤོས་དང༌། གནད་དམ་པ་ཡིན་ཀྱང་ལག་ལེན་བགྱིད་པར་རློམ་པའི་ལྟ་བ་དང་ཚུལ་ཁྲིམས་མཆོག་འཛིན་ཅན་རྣམས་ཀྱི་ལག་ལེན་ལ་མི་སྣང་ལ། འདི་མེད་ན་གསོ་སྦྱོང་གི་དགོས་པ་དམ་པ་དེ་ཉིད་རྒྱང་རིང་དུ་དོར་བས་གསོ་སྦྱོང་གི་གོ་བ་ཟུར་ཙམ་ཡང་མ་ཆགས་པར་སྣང་ཞིང༌། གནས་བརྟན་གྱིས་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཤས་ཆེ་བས། གསོ་སྦྱོང་གི་ཕན་ཡོན་མེད་ཀྱི་སྟེང་དུ་ཤེས་བཞིན་དུ་སྨྲ་བའི་ཉེས་པས་གོས་པ་ཤས་ཆེ་བ་ཡིན་ནོ། །ཅི་སྟེ་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་གསུངས་པས་ཤེས་བཞིན་དུ་སྨྲ་བའི་ཉེས་པ་མི་འབྱུང་ངོ་ཞེ་ན་དེ་ཡང་དེ་ལྟ་མིན་ཏེ། ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པས་དག་པར་འཇོག་ཀྱང་ཐུན་མོང་མ་ཡིན་པ་ལ་དེ་མི་རུང་བའི་ཕྱིར་རོ། །གཉིས་པ་ལས་གྲལ་ལ་འདུས་ནས་ཇི་ལྟར་བྱ་བ་ལ་རྒྱུད་དག་པར་སྒྲུབ་པ་དང༌། གནས་ལ་བློ་མཐུན་བྱ་བ་དང༌། དགེ་འདུན་འདུན་པ་དང་འདུ་བར་མི་ནུས་པས་གསོ་སྦྱོང་ཉམས་སུ་མྱོང་བར་སྒྲུབ་པའོ། །དང་པོ་ནི། དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དྲུང་ན་མོ་ལ་བྱིན་གྱིས་རློབ་པའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་ལྟ་བུ་ཞིག་དྲན་ཏེ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེ་དང་ལྟུང་བ་འདི་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིས་སོ་ཞེས་ལན་ཅིག་བརྗོད་པར་བྱའོ། །ལས་བྱེད་པས་དྲན་ན་སེམས་ཀྱིས་བྱིན་གྱིས་བརླབ་པ་ནི། སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། ཞེས་པ་ནས། ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ཅིག་བརྗོད་པར་བྱའོ། །འདི་ཡན་ཆད་ནི་ལྟུང་བ་ཅན་དགེ་འདུན་གྱི་ལས་ལ་འཇུག་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། ཇི་སྐད་དུ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་ནུས་པ་ཉིད་ཡིན་ན་མི་འགྱུར་རོ། །དེའི་ཚེ་ལེན་པ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་དང་སོ་སོར་བཤགས་པ་དང་ཕྱིར་བཅོས་པར་བྱ་བའི་ཉེས་བྱས་ནི་ནུས་པ་ཡིན་ཏེ་བཤགས་པར་བྱ་བ་ཙམ་ཡིན་པའི་ཕྱིར། ཞེས་གསུངས་པས་སོ། །དེ་ལྟར་ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་དྲུང་ན་མོ་ལ་བྱིན་གྱིས་བརླབས་པ་ཡིན་གྱིས་དག་པར་བགྱིས་ནས་ཡུལ་དུས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པ་བཞི་སྟེ། ལྟུང་བ་མཐུན་པ་དང་བཅས་པ་དང༌། ཡིད་གཉིས་སུ་གྱུར་པ་དང༌། དགེ་འདུན་རྣམས་ལྟུང་བ་ཐུན་མོང་བ་དེ་རྩོད་པར་གྱུར་པ་དང༌། ངེས་པ་ཉིད་མིན་པ་བྱིན་གྱིས་བརླབས་པའོ། །དེ་ཡང་ཐོག་མར་དགེ་སློང་འགའ་ཞིག་འཚམས་ནང་གཅིག་ཏུ་བཏང་སྟེ་དེས་དེར་ལྟུང་བ་ཕྱིར་བཅོས་ཏེ་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ཕྱིར་བཅོས་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གིས་བྱིན་གྱིས་བརླབ་པར་བྱའོ། །སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བའི་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ་སླད་ཀྱིས་ལྟུང་བ་དེ་དགེ་སློང་གི་མདུན་དུ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་བརྗོད། གཞན་གསུམ་ལ། དགེ་འདུན་ཐམས་ཅད་ལྟུང་བ་ཡིད་གཉིས་དང་བཅས་པར་གྱུར་ན། ཞེས་སོགས་ཅི་རིགས་པར་བརྗོད་དོ། །གཉིས་པ་གནས་ལ་བློ་མཐུན་པར་བྱ་བ་ནི། སྔར་བཤད་ཟིན་པའི་གནས་ཀྱི་བློ་མཐུན་ནམ། འཚམས་ཆེ་ཆུང་གང་རུང་བཅད་པའི་བྱ་བའོ། །གསུམ་པ་དགེ་འདུན་མཐུན་པ་པོས་སྒྲུབ་པ་ལ། ཐོག་མར་གནས་བརྟན་སོ་སོར་ཐར་པའི་མདོའི་སྟོད་ར་འདོན་པར་བྱ་སྟེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །ཞེས་པ་ནས། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག དྲིས་ནས་ཀྱང་བརྗོད་པར་བྱའོ། །ཞེས་པའི་བར་འདོན་ནོ། །དེ་ལྟར་བརྗོད་མ་ཐག་ཏུ་དགེ་བསྐོས་ཀྱི་ཚུལ་ཤིང་བྲིམ་པས་དགེ་འདུན་བགྲང་བར་བྱ་སྟེ་འོངས་པ་དང་མ་འོངས་པའི་བྱེ་བྲག་རྟོགས་པར་བྱ་བའི་ཕྱིར་དུའོ། །དེ་ལྟར་བགྲངས་པས་མ་ལྷགས་པ་དངོས་སུ་ཡོད་དམ། གློ་བུར་དུ་འོངས་པ་ལ་སོགས་པ་ཡོད་པར་འཕྲིགས་ན། དགེ་འདུན་ལས་ཀྱི་གནས་སུ་ཚོགས་པ་དེས་འདུན་པ་དང་ཡོངས་སུ་དག་པ་ལེན་པའི་དགེ་སློང་ཆོས་ལྔ་ལྡན་གཅིག་གམ་གཉིས་སམ་གསུམ་ཚིག་གིས་བསྐོར་བར་བྱ་ཞིང༌། བསྐོས་པ་དེས། ཕྱོགས་བཞིར་བལྟ་བ་དང༌། འབོད་པ་ལ་སོགས་པ་དག་གིས་བསམ་པ་ཐག་པ་ནས་བཙལ་ཏེ། མ་ལྷགས་པ་རྣམས་ལ། དེང་དགེ་འདུན་གསོ་སྦྱོང་མཛད་ན་ཚེ་དང་ལྡན་པ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། དེང་དགེ་འདུན་གསོ་སྦྱོང་མཛད་པ་ལ། ཚེ་དང་ལྡན་པ་འདུན་པ་འབུལ་ལམ་ཞེས་འདྲི་བར་བྱའོ། །དགེ་སློང་དག་འདུན་པ་འབུལ་བར་བྱེད་པས་མཆིལ་ལྷྭམ་ཕུད། བླ་གོས་ཕྲག་པ་གཅིག་ཏུ་བྱས་རྒན་པ་ལ་ཕྱག་འཚལ་ནས་ཙོག་ཙོག་པུར་འདུག ཐལ་མོ་སྦྱར་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ་བདག་དགེ་སློང་ནས། བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་ཡོངས་སུ་དག་པ་དང་འདུན་པ་བརྗོད་ཅིག་ཅེས་སྨྲས་པའི་ཚེ། དེས་དགེ་སློང་ངམ་དགེ་འདུན་ལ་ཡོངས་སུ་དག་པ་དང་འདུན་པ་གཅིག་ཆར་འབུལ་བར་བྱ་སྟེ། ཚེ་དང་ལྡན་པའམ། དགེ་འདུན་བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་གནས་ག་གེ་མོ་ཞིག་ན། དགེ་སློང་བྲོ་འཚལ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན། དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་མཛད་པ་ལ་འདུན་པ་འབུལ་དེའི་གསོ་སྦྱོང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། འདུན་པ་ནི་དགེ་འདུན་གྱི་ལས་ཐམས་ཅད་ལ་འབུལ་དུ་རུང་ལ། ཡོངས་དག་ནི་གསོ་སྦྱོང་དང་དགག་དབྱེ་གཉིས་ཁོ་ནའི་དབང་དུ་བྱས་སོ། །འདུན་པ་ལ་དགེ་འདུན་གྱི་ལས་དེ་ལ་མི་མཐུན་པ་མི་སྐྱེད་པའི་དགོས་པ་དང༌། ཡོངས་སུ་དག་པས་ནི། གསོ་དགག་ཉམས་སུ་མྱོང་བའི་དགོས་པ་འབྱུང་བར་བཤད་དོ། །སྐབས་འདིར་མདོ་རྩ་བ་དང༌། ལས་བརྒྱ་རྩ་གཅིག་པར། དགེ་ཚུལ་གྱི་གསོ་སྦྱོང་བྱེད་པ་བཤད་པ་མེད་ལ། ལུང་ལས། རབ་ཏུ་བྱུང་བ་རྣམ་པ་གསུམ་གྱིས་གསོ་སྦྱོང་ལ་ཡོངས་དག་འབུལ་བར་བཤད་པའི་སྔགས་ཆོག་རྒྱ་ཆེ་བར་དྲངས་པས། དགེ་ཚུལ་རྣམས་ཀྱིས་ཡོངས་སུ་དག་པ་ཡང༌། སྐབས་འདིར་ཡོངས་སུ་དག་པ་ལེན་པ་ལ་བསྐོས་པའི་དགེ་སློང་དེའི་མདུན་དུ་བརྗོད་པར་བྱ་སྟེ། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ངམ་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་ངམ་དགག་དབྱེ་བཅོ་ལྔ་པ་ལགས་ན་བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ། བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་མཆིའོ། །བདག་བར་ཆད་ཀྱི་ཆོས་ཀྱི་དག་པར་གནས་བརྟན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད། འདི་དགེ་འདུན་ལ་བརྗོད་དགོས་པ་མིན་ཏེ་དགེ་ཚུལ་རྣམས་གནས་བརྟན་གྱིས་ཅི་ཡོངས་སུ་དག་གམ་ཞེས་དྲི་བའི་ཡུལ་མིན་པའི་ཕྱིར་སྙམ་ཏེ་བརྟག་པར་བྱའོ། །འདི་ཙམ་ལ་དགེ་ཚུལ་གྱི་གསོ་སྦྱོང་ཞེས་བཏགས་པར་ཟད་ཀྱི། དགེ་ཚུལ་གྱི་དབྱར་ཁས་ལེན་དང༌། དགག་དབྱེ་བཞིན་དུ། དགེ་ཚུལ་དང་དགེ་སློབ་མའི་གསོ་སྦྱོང་མཚན་ཉིད་པ་མེད་དོ། །ཡོངས་དག་དེ་ལྟར་འབུལ་བའི་དོན་ཡང་དགེ་ཚུལ་བཤགས་བྱའི་ཉེས་བྱས་ཅན་རྣམས་ཀྱིས་དགེ་སློང་གི་དྲུང་དུ་བཤགས་པ་སྔོན་དུ་སོང་བའི་དབང་དུ་བྱས་ལ། དགེ་ཚུལ་གྱི་བཤགས་པ་དགེ་སློང་ཁོ་ནའི་དྲུང་དུ་བྱེད་དགོས་པར་དགེ་ཚུལ་གྱི་དགག་དབྱེའི་སྔགས་ཆོག་ལས་ཤེས་སོ། །དགེ་ཚུལ་ལ་བསླབ་པ་བྱིན་པ་ནི་ཡོད་ཅིང་སྤོ་མགུ་སྟེར་བ་དང་སྤྱོད་པ་མེད་པར་གསུངས་སོ། །མདོར་ན་དགེ་བསྙེན་དང་དགེ་སློང་གི་གསོ་སྦྱོང་ནི་སྒྲུབ་པའི་སྒོ་ནས་ཉམས་སུ་མྱོང་བར་བྱེད་རྒྱུ་དང་གསོ་སྦྱོང་གི་ཐ་སྙད་བྱས་པར་ཡོད་ལ། དགེ་ཚུལ་ལ་ནི་ལྟུང་བ་བཤགས་བསྡམ་དང༌། ཡོངས་དག་འབུལ་བ་ཙམ་ལས། གསོ་སྦྱོང་མཚན་ཉིད་པ་མི་སྣང་ངོ༌། །དགེ་སློང་བཞིན་དུ་ཡོངས་དག་ཕུལ་བ་ཙམ་གྱིས་གསོ་སྦྱོང་ཉམས་སུ་མྱོང་བར་མི་བཞག་སྟེ། འདིའི་ཡོངས་དག་དགེ་འདུན་ལ་བརྗོད་པ་མ་བཤད་ཅིང༌། དགེ་ཚུལ་ལས་དེ་ལ་དབང་བ་ཡང་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་དགེ་འདུན་གྱི་གསོ་སྦྱོང་གི་དུས་སུ་དགེ་སློང་གི་དགེ་འདུན་ལ་ཡོངས་དག་འབུལ་དགོས་པ་ནི། ཟླ་བ་ཕྱེད་ཕྱེད་ཅིང་ཕྱིར་བཅོས་ཡོངས་སུ་རྫོགས་པ་ལ་སྐུལ་བའི་ཆེད་ཡིན་ནོ། །དེའི་ཕྱིར་དིང་སང་གངས་ཅན་པ་དག དགེ་ཚུལ་རྣམས་དགེ་སློང་གི་གསོ་སྦྱོང་གི་གནས་སུ་འདུས་ཏེ་དགེ་སློང་རེ་རེའི་མདུན་དུ་དགེ་ཚུལ་གསུམ་གསུམ་འཁོད་དེ་ཡོངས་དག་འབུལ་བའི་ཚིག་ལན་གསུམ་བརྗོད་པ་ལ་དགེ་ཚུལ་གྱི་གསོ་སྦྱོང་ཞེས་མིང་འདོགས་པ་འདི་ལ་ཡིད་ཆེས་པའི་ཁུངས་མི་སྣང་བས་ཕྱིན་ཆད་ཤེས་རབ་ཅན་དག་གིས་བཙལ་བར་བྱའོ། །དེ་ཡན་ཆོད་ནི་སྦྱོར་བའི་ཆོ་ག་ཡིན་ནོ། །གངས་ཅན་པ་རྣམས་སྙན་པའི་བ་དན་སོགས་ནས་དངོས་གཞིར་འདོད་པ་མིན་ཏེ། ཇི་སྐད་དུ། ལས་བརྒྱ་རྩར། མདོ་འདོན་པ་སེང་གེའི་ཁྲི་ལ་འདུག་ནས་སོ་སོར་ཐར་པའི་མདོའི་བསྟོད་ར་དང་དུས་དང་པོར་བྱ་བ་དང༌། ཇེ་བཏོན་ནས་དེའི་འོག་ཏུ་གསོལ་བ་འབའ་ཞིག་གི་ལས་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་དངོས་གཞི་ལ། གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་སྔར་བྱ་བ་དང་ཡོངས་སུ་དག་པ་དྲི་ཞིང་མདོ་གདོན་པ་དངོས་སོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །རྣམ་པར་བཞག་པ་འཛིན་དུ་གཞུག་པ་ལྔར་བྱ་བ་ནི། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱས་ཏེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཅིག་ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བགྱིའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གི་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་ཤེས་བཞིན་རྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་དག་པར་འདོད་པས་ལྟུང་བ་ཡོད་པ་ལ་དྲན་ཞིང་མཐོལ་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བར་འགྱུར་རོ། །མ་མཐོལ་མ་བཤགས་ན་མི་འགྱུར་རོ། །ཞེས་གསུངས་པ་དེ་བརྗོད་པའོ། །གཉིས་པ་ལ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་དང༌། རེ་རེའི་རྗེས་ལ་ཡོངས་སུ་དག་པ་ལན་གསུམ་དྲི་བའོ། །དང་པོ་ནི། དེ་ལྟར་གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་སྔར་བཏང་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་འདི་ལྟ་སྟེ། གླེང་གཞི་གདོན་པ་དང༌། ཕམ་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་དང་རིལ་གྱིས་གདོན་པའོ། །དང་པོ་ནི་མདོའི་བསྟོད་ར་ནས་རྣམ་པར་བཞག་པ་འཛིན་དུ་གཞུག་པའི་བར་ཁོ་ནར་ངེས་ཀྱི་གཞན་མེད་པས། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་འདྲིའོ། །ཞེས་ལན་གསུམ་གྱི་བར་དུ་འདྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་པར་བྱའོ། །ལྷག་མ་རྣམས་ཐོས་པ་བསྒྲགས་པ་རུང་བར་གསུངས་སོ། །ཡང་ན་སྦྱོར་བ་ནི་རྣམ་པར་བཞག་པ་འཛིན་དུ་གཞུག་པ་ཡན་ཆད་ཡིན་ལ། དངོས་གཞི་ནི་མདོ་འདོན་པ་ལྔ་པོ་ཉིད་ཡིན་ཏེ། ཇི་སྐད་དུ་གསོ་སྦྱོང་བྱའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ། །ཞེས་དང༌། གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་ལྔར་བྱ་ཞིང་དེ་དག་དོན་ཏོ། །ཞེས་གསུངས་པས་སོ། །དེ་ཡང་གླེང་གཞི་ཙམ་ལས་མི་འདོན་ན། གླེང་གཞིའི་མཇུག་བསྡུད་བརྗོད་ནས་ཡོངས་དག་འདྲི་བ་ལན་གསུམ་པོ་ཉིད་དངོས་གཞི་ཡིན་ནོ། །གཉིས་པ་དམིགས་བསལ་ནི། གང་ན་དགེ་སློང་བཞི་ཁོ་ན་ཡོད་པ་དེས་ནི་གསོལ་བ་བྱ་སྟེ་གསོ་སྦྱོང་བྱ་ཞིང༌། ནད་པའི་ཡོངས་སུ་དག་པ་ནི་བླང་བར་མི་བྱའོ། །གསུམ་མན་ཆད་ལས་མེད་ན་དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན། གཅིག་གི་མདུན་དུ་གཞན་ཙོག་པུར་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་ཡོངས་སུ་དག་པར་ཚེ་དང་ལྡན་པས་བཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ་གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ། དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བགྱིད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བགྱིའོ། །ཞེས་ལན་གསུམ་བཟླས། རང་གཅིག་པུས་བྱིན་གྱིས་རློབ་ན། འདི་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། ཞེས་སོགས་དང༌། བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ་ཞེས་སོགས་དང༌། ལན་གསུམ་བཟླས། འདི་ལ་ཡང་དགེ་སློང་ལྟུང་བ་ཅན་ཡིན་ན། རང་གིས་ཇི་ལྟར་ནུས་པའི་བཤགས་སྡོམ་སྔོན་དུ་འགྲོ་དགོས་ཤིང༌། རང་གཅིག་པུས་ལྟུང་བ་བྱིན་གྱིས་བརླབས་པར་བྱ་བ་ཡང་རིགས་པ་ཡིན་ཏེ། གསོ་སྦྱོང་གི་དགོས་པའི་གཙོ་བོ་འདི་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ལ། སྤྱིར་གསོ་སྦྱོང་གི་བྱ་བ། གཞན་གྱི་ལག་ལེན་ལ་རྣམ་པར་དཔྱད་པ། རང་གི་ལག་ལེན་མདོ་དང་ལུང་བཞིན་དུ་བགྱིད་དགོས་པར་བསྟན་པའོ། །དང་པོ་ལ། སྤྱིར་གསོ་སྦྱོང་ནི་གཉིས་ཏེ། ཁྱིམ་པའི་སྡོམ་པ་ལ་གནས་པ་རྣམས་ཀྱི་དང༌། རབ་ཏུ་བྱུང་བའི་སྡོམ་ལྡན་རྣམས་ཀྱི་གསོ་སྦྱོང་ངོ༌། །དང་པོ་ནི་བསྙེན་གནས་ཡན་ལག་བརྒྱད་པ་སྟེ། བཤེས་སྤྲིང་དང་མཛོད་ཀྱི་འགྲེལ་པར་དེ་དགེ་བསྙེན་གྱི་གསོ་སྦྱོང་དུ་བཤད་ཟིན་པ་ལྟར་བཟུང་ངོ༌། །གཉིས་པ་ལ། དགེ་ཚུལ་གྱི་གསོ་སྦྱོང་ཇི་ལྟར་ཡིན་པ་དང༌། དགེ་སློང་གི་གསོ་སྦྱོང་ངོ༌། །དང་པོ་ནི། རྒྱ་ཆེར་འགྲེལ་པར། མི་སྦྱོང་བའི་གཞི་ལས་བྱུང་བའི་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་མི་བྱེད་པ་དང༌། མི་གནས་པར་འདུག་པ་ལ་སོགས་པས་བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པར་མི་བྱེད་པ་སྟེ་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་ཡང་གསོ་སྦྱོང་དང་དགག་དབྱེ་དང་གནས་བཅའ་བ་ལ་སོགས་པ་ཡོད་དེ་དེ་དག་པའི་སྔགས་ཀྱང་ཆེ་གེ་མོ་ཞིག་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ་བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ན་བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་པ་བདག་མཆིའོ་ཞེས་བྱ་བ་ལ་སོགས་པ་ཡོད་པའི་ཕྱིར། ཞེས་དང༌། སློབ་དཔོན་ཤཱཀྱ་འོད་ཀྱིས། དགག་དབྱེ་གསུངས་ཕྱིར་གསོ་སྦྱོང་འདི་ན་ཡོད་ཅེས་གསུངས་ལ། དགོངས་པ་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་དགེ་སློང་གི་དྲུང་དུ་བཤགས་བསྡམ་བྱེད་དགོས་ཤིང༌། དགེ་འདུན་གྱི་གསོ་སྦྱོང་བྱེད་པའི་ཚེ་དེ་རྣམས་ཀྱང་རང་རྒྱུད་ལ་ཉེས་པས་མ་གོས་པ་གཅིག་བྱུང་ན་དེ་ཉིད་དགེ་ཚུལ་སོགས་ཀྱི་གསོ་སྦྱོང་ཡིན་ཞེས་པའི་དོན་གྱི་གསོ་སྦྱོང་མཚན་ཉིད་པ་ནི་དེ་རྣམས་ལ་ཡོད་པ་མ་ཡིན་ཏེ། གསོ་སྦྱོང་གི་གཞིར་གསུངས་པའི་གསོ་སྦྱོང་རང་གི་ངོ་བོ་ནི། གསོལ་བ་བགྱིས་ནས་སོ་ཐར་གྱི་མདོ་གདོན་པ་ཉམས་སུ་མྱོང་བ་ཉིད་ཡིན་ལ། དེ་ནི་བསྙེན་པར་མ་རྫོགས་པ་ལ་བྱ་བར་མ་གསུངས་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་རྣམས་ཀྱི་ལྟུང་བ་བཤགས་པ་ཡུལ་དགེ་སློང་ཁོ་ན་ལ་བྱེད་དགོས་པ་དང༌། བསྙེན་པར་རྫོགས་པས་མ་རྫོགས་པ་རྣམས་ལ་གླེང་དྲན་བྱེད་དགོས་པའི་རྒྱུ་མཚན་གྱིས། དགེ་སློང་གི་གསོ་སྦྱོང་གི་ཚེ། བསྙེན་པར་མ་རྫོགས་པས་ཡོངས་དག་འབུལ་དགོས་པ་ཡིན་ཏེ། ཇི་སྐད་དུ། རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་ཞེས་གསུངས་པས་སོ། །གཉིས་པ་ལ། ཞི་གནས་ཀྱི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་ངོ༌། །དང་པོ་ནི། ལྷག་པ་སེམས་ཤེས་རབ་ཀྱི་དབང་དུ་བྱས་པའི་གསོ་སྦྱོང་ཡིན་ལ། གཉིས་པ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་གསོ་སྦྱོང་སྟེ། བསླབ་པ་གསོ་ཞིང་སྦྱོང་བ་ནི་གསོ་སྦྱོང་ངོ༌། །གཉིས་པ་ལ་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་བཅོ་ལྔ་པ་དང༌། བཀྲ་ཤིས་པའི་གསོ་སྦྱོང་དང༌། གནོད་པ་སྤོང་བའི་གསོ་སྦྱོང་དང༌། བསྡུམ་པའི་གསོ་སྦྱོང་དང་ལྔའོ། །གསོ་སྦྱོང་དང་པོ་གཉིས་ནི། ཚེས་བཅོ་ལྔ་ཁོ་ན་ལ་བྱེད་པར་ངེས་ལ་དེ་དག་བརྩི་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ངོ་རེ་རེ་ཞིང་སྨིག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་རེ་རེ་ཞིང་བགྲང་ཞིང་དགེ་བསྐོས་ཀྱིས་དེ་ལ་བརྟགས་ཏེ་དགེ་འདུན་ལ་བརྗོད་ཅིང་གཙུག་ལག་གི་ཚིགས་སུ་བཅད་པ་རེ་བཀླག་པར་ཡང་གསོལ་བ་ཡིན་ནོ། །ཕྱི་མ་གསུམ་ནི་གང་གི་ཚེ་དེ་དག་བྱ་དགོས་པ་དེའི་ཚེ་ཁོ་ན་བྱ་བར་ཟད་ཀྱི་དུས་ངེས་པ་མེད་དོ། །གཉིས་པ་གཞན་གྱི་ལག་ལེན་ལ་འཁྲུལ་མ་འཁྲུལ་གྱི་རྣམ་དབྱེ་དཔྱད་པ་ལ། གསོ་སྦྱོང་གི་མེད་དུ་མི་རུང་བའི་ཡན་ལག་མིན་པ་རྣམས་དེར་ངེས་པར་སྦྱོར་བ་ལ་དཔྱད། མེད་དུ་མི་རུང་བའི་ཡན་ལག་འགའ་ཞིག་དེར་མི་སྦྱོར་བ་ལ་དཔྱད། ལོ་འགོ་དང་བཅུ་བཞི་པའི་རྣམ་གཞག་ལ་འཁྲུལ་པ་དགག་པའོ། །དང་པོ་ནི། གངས་ཅན་པ་དག གསོ་སྦྱོང་གི་ཚེ་ཁོ་ན་བསྙེན་པར་མ་རྫོགས་པ་གཅིག་ངེས་པར་བཙལ་ནས་ཚེས་གྲངས་བརྗོད་པ་དང༌། གཙུག་ལག་ཁང་གི་བདག་པོ་དང་དེའི་ལྷ་རྣམས་ཀྱི་ཆེད་དུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་འདོན་པ་བསྐུལ་བ་དང༌། དེའི་རྗེས་སུ་མདོ་འདོན་པ་དང༌། བསྐུལ་བ་པོ་དེ་ཉིད་ཀྱིས་དགེ་འདུན་ལ་སྙུན་གསོལ་བ་དང༌། གཏོར་མ་ཆ་བཞིའི་བྱིན་བརླབས་བསྐུལ་བ་དང༌། སོ་སོ་ཐར་པའི་མདོ་དང་ཆོས་བསྒྲགས་ཀྱི་མདོ་གསུང་བར་བསྐུལ་བ་དང༌། དེའི་རྗེས་སུ་གནས་བརྟན་གྱིས་དགེ་འདུན་ཐམས་ཅད་སྟོན་པ་ལ་ཕྱག་བྱེད་པར་བསྐུལ་བ་དང༌། ཐམས་ཅད་ཕྱག་བྱེད་པ་དང༌། ཆོས་བསྒྲགས་ཀྱི་ཚིགས་བཅད་འགའ་ཞིག་དང༌། སྟོབས་བཅུའི་ཏིང་འཛིན་ཡེ་ཤེས་མཆེ་བ་ཅན། ཞེས་སོགས་བསྟན་བཅོས་མཁན་པོ་རྣམས་ཀྱིས་མཛད་པའི་ཤླཽ་ཀ་འགའ་ཞིག་འདོན་པ་དང༌། དེ་ནས་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་འདོན་པ་རྣམས་གསོ་སྦྱོང་གི་མེད་མི་རུང་གི་ཡན་ལག་ཡིན་པ་སྐད་དུ་མཛད་པར་སྣང་ངོ༌། །འདི་དག་ནི་དེའི་ཡན་ལག་ཏུ་ངེས་པར་བྱེད་དགོས་པ་མིན་ཅིང༌། བྱེད་པའི་ཚེ་ནའང༌། ཁྱེད་བཞེད་པ་ལྟར་མ་ངེས་ཏེ། འདི་ལྟར་དེ་དག་གསོ་སྦྱོང་གི་ཡན་ལག་ཏུ་དགོས་པར་འདུལ་བའི་ལུང་དང༌། ཚད་ལྡན་གྱི་བསྟན་བཅོས་གང་ནས་ཀྱང་མ་བཤད་པའི་ཕྱིར་དང༌། གསོ་སྦྱོང་གི་གཞིར་ཆོས་ཉན་བཤད་དགོས་པར་བཤད་པ་དེ་དག་ནི་དུས་བཟང་པོ་ཐམས་ཅད་ཀྱི་ཚེ་བྱ་དགོས་པའི་བསླབ་བྱ་ཡིན་གྱི་དེའི་ཡན་ལག་ཉིད་དུ་དགོས་པར་མ་བཤད་པའི་ཕྱིར་དང༌། ཚེས་གྲངས་བརྗོད་པ་དང་ཚིགས་སུ་བཅད་པ་བཀླག་པར་གསོལ་བ་ནི་ཉི་མ་རེ་རེ་ཞིང་ཡིན་གྱི་དེའི་ཚེ་ཁོ་ནར་མ་ངེས་ཤིང་བརྗོད་པ་དེ་ཡང་དགེ་བསྐོས་ཀྱི་ལས་ཡིན་གྱི་བསྙེན་པར་མ་རྫོགས་པའི་ལས་མིན་པའི་ཕྱིར་དང༌། དགེ་བསྐོས་ཞེས་པའང་གཙུག་ལག་ཁང་སྐྱོང་དུ་གྱུར་པའི་དགེ་སློང་ཞིག་ཡིན་པར་བཤད་ལ་ཁྱེད་ཅག་ནི་མཛེས་ཆོས་པ་ལ་དགེ་བསྐོས་ཀྱི་ཐ་སྙད་བྱེད་པར་སྣང་བ་འདི་ཡང་འདུལ་བའི་བརྡ་ཆད་མིན་པ་ཞར་ལ་ཤེས་དགོས་པའི་ཕྱིར་དང༌། བསྐུལ་བའི་རྗེས་སུ་མདོ་འདོན་པའང༌། ཉི་མ་རེ་རེ་ཞིང་ཡིན་གྱི་གསོ་སྦྱོང་གི་ཚེ་ཁོ་ནར་མ་ངེས་པའི་ཕྱིར་དང༌། སྙུན་གསོལ་བའང༌། མཁན་སློབ་དང་མཇལ་མ་ཐག་གི་དུས་ཡིན་གྱི་ཚེས་གྲངས་བརྗོད་པ་སོགས་ཟིན་པའི་འོག་ཏུ་བྱ་བ་ཚུལ་མིན་པའི་ཕྱིར་དང༌། དགེ་འདུན་ལ་བསྙུན་གསོལ་བ་མ་བཤད་པའི་ཕྱིར་དང༌། གསོ་སྦྱོང་གི་ཚེ་གཏོར་མ་བྱིན་གྱིས་རློབ་དགོས་པར་བཤད་པ་མེད་ཅིང༌། གལ་ཏེ་ཡོད་ན་ཆ་བཞིའི་ཐ་སྙད་མི་འབྱུང་བའི་ཕྱིར་དང༌། སྨན་གཞིར་གཉུག་མར་གནས་པ་ལ་གཏོར་མ་སྦྱིན་དགོས་པ་ཅིག་བཤད་ཀྱང༌། དེ་གསོ་སྦྱོང་དང་དགག་དབྱེ་སོགས་ལས་ཀྱི་སྔོན་དུ་བྱེད་དགོས་པའི་བཤད་པ་མེད་པའི་ཕྱིར་དང༌། མ་བཤད་ཀྱང་སྐྱོན་མེད་ཅིང་ཡོན་ཏན་དང་བཅས་པ་ཙམ་གྱིས་བྱེད་དགོས་ན་ཐུག་པ་མེད་པ་མཐའ་དག་སྒྲུབ་དགོས་པས་སྐབས་ཀྱི་དོན་བྱེད་དགོས་པ་རྣམས་སྟོར་བའི་ཉེས་དམིགས་ཡོད་པའི་ཕྱིར་དང༌། སོ་སོར་ཐར་པའི་མདོ་འདོན་དགོས་པ་ནི་གནས་བརྟན་གྱི་ལས་ངེས་པ་ཅན་ཡིན་པས་དེ་གསོལ་མི་དགོས་ཤིང༌། དེས་མི་ནུས་པའི་ཚེ་དགེ་འདུན་གྱིས་གཞན་ལ་བཅོལ་དགོས་པ་དེ་ལ་ནི་ཁྱེད་ཀྱི་དེ་མིན་པའི་ཕྱིར་དང༌། གསོ་སྦྱོང་གི་ཚེ་མདོ་གཞན་འདོན་པར་གསོལ་ན། གདོན་པར་བྱ་བ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བའི་ཉེས་པར་འགྱུར་བའི་ཕྱིར་དང༌། དུས་བཟང་ལ་ཆོས་ཉན་བཤད་བྱེད་པར་བཤད་ལ་དེའི་ཚེ་ཆོས་སྨྲ་བ་པོ་ལ་གསོལ་བ་འདེབས་པ་ནི་གནས་བརྟན་གཙོ་བོ་དེས་བྱེད་པར་བཤད་པའི་ཕྱིར་དང༌། ཁྱད་པར་བསྙེན་པར་མ་རྫོགས་པས་བདག་ཅག་འདིར་ཚོགས་པ་ལ། སོ་སོར་ཐར་པའི་མདོ་བཀའ་སྩལ་དུ་གསོལ་ཞེས་ཟེར་བ་འདུལ་བ་དག་གི་ལུགས་མིན་པའི་ཕྱིར། གལ་ཏེ་གནས་བརྟན་ལ་དེར་གསོལ་བ་གཅིག་སྐབས་སུ་བབ་པའི་ཚེ་ནའང༌། སོ་ཐར་གྱི་མདོ་འདོན་པར་གསོལ་བ་དང་ལྷན་ཅིག་བརྗོད་པ་ལ་རྒྱུ་མཚན་དང་དགོས་པ་གང་ཡང་མེད་པའི་ཕྱིར། ཚེས་བཅོ་ལྔའི་ནུབ་མོ་ཆོས་ཉན་བཤད་བྱེད་པ་ལ་གསོ་སྦྱོང་གི་སྦྱོར་བའི་ཆོ་ག་ཞེས་ཐ་སྙད་བཏགས་པ་འདི་ཡང་མི་རིགས་ཏེ་དེ་ལྟར་འདུལ་བའི་མདོ་ལུང་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར་དང༌། གསོ་སྦྱོང་ཚེས་བཅོ་ལྔའི་ཉིན་མོར་མི་བྱེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་དང༌། ཚུལ་ཁྲིམས་ལྡན་པས་མདོ་འདོན་པ་དང༌། ཆོས་བསྒྲགས་ཀྱི་མདོ་འདོན་པ་དང་ཆོས་ཉན་བཤད་ཉམས་སུ་མྱོང་བར་བྱ་བའི་ཆེད་ཡིན་ཟེར་བ་དེའི་ལྟར་ན། དུས་བཟང་ཐམས་ཅད་ལ་དེའི་ལག་ལེན་བྱེད་དགོས་ཤིང་གསོ་སྦྱོང་གི་ཚེ་སོ་ཐར་གྱི་མདོའི་འོག་ཏུ་དེ་དག་བརྗོད་ཀྱང་ཆོག་པར་འགྱུར་ཏེ། དེ་དག་ཆོས་ཉན་བཤད་ཉམས་སུ་མྱོང་དགོས་པར་བཤད་པ་དེའི་ཆེད་ཡིན་ལ། དེ་ནི་གསོ་སྦྱོང་མཛད་ཟིན་པའི་ཚེ་མཚན་མོ་བྱ་བར་བཤད་པའི་ཕྱིར་དང༌། དགག་དབྱེ་ལ་ཆོས་ཉན་བཤད་སྔོན་དུ་གཏོང་བར་བཤད་པ་ཡོད་ལ་དེ་འདྲའི་ངེས་པ་མ་བཤད་པའི་ཕྱིར་དང༌། སྟོན་པ་ལ་ཕྱག་བྱ་བ་ལ་ཡང་རྒྱུན་ཆགས་གསུམ་པ་འགྲུབ་པའི་ཕྱིར་བྱེད་པ་ཡིན་ནོ་ཟེར་བ་དེ་ཡང་བརྟག་དགོས་ཏེ། སྤྱིར་གསོ་སྦྱོང་གི་སྔོན་འགྲོར་ཕྱག་འབུམ་ཕྲག་བྱས་ཀྱང་ཉེས་པ་མེད་ཀྱི་སྟེང་ཡོན་ཏན་དང་བཅས་མོད། གསོ་སྦྱོང་ལ་རྒྱུན་ཆགས་གསུམ་ཚང་དགོས་པར་བཤད་པ་མེད་པའི་ཕྱིར་དང༌། དེ་ལྟར་ན་སྟོན་པ་ལ་ཕྱག་བྱ་བ་དང་ཚུལ་ཁྲིམས་ལྡན་པའི་མདོ་འདོན་པ་སོགས་གསོ་སྦྱོང་གི་རྗེས་སུ་བྱས་ཀྱང་རུང་གསོ་སྦྱོང་གི་སྔོན་རོལ་དུ་དེ་དང་མ་འབྲེལ་བར་བྱས་ཀྱང་རུང་འབྲེལ་ཆགས་སུ་བྱས་ཀྱང་རུང༌། ཕྱག་སོགས་མ་བྱས་ཀྱང་གསོ་སྦྱོང་གི་ཡན་ལག་མ་ཚང་བའི་ཉེས་པ་མེད་དོ། །གཉིས་པ་མེད་མི་རུང་གི་ཡན་ལག་ལ་འཁྲུལ་པ་དགག་པ་ལ། གངས་ཅན་པ་དག་བསྙེན་རྫོགས་དང་གསོ་སྦྱོང་ལ་སོགས་པའི་ལས་གྲལ་དུ་འདུས་ཟིན་པའི་འོག་ཏུ། ཨུ་ཧཱུྃ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་བཤགས་པ་བྱས་ཏེ་དེའི་རྗེས་སུ་ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པར་བྱེད་དོ། །འདི་ནི་སོ་སོར་ཐར་པའི་བསྟན་པའི་རྩ་བ་འཇིག་པར་བྱེད་པ་ཡིན་ཏེ། འདི་འདུལ་བ་ནས་བཤད་པའི་བཤགས་པ་གོ་ཆོད་པོ་གཅིག་ཡིན་ན་ནི། ལས་ཀྱི་གྲལ་དུ་འདུས་ནས་བྱེད་པར་མི་རུང་བ་ཡིན་པའི་ཕྱིར་དང༌། གོ་མི་ཆོད་ན་བྱས་ཀྱང་དགོས་པ་མེད་པའི་ཕྱིར་རོ། །དིང་སང་སྡེ་སྣོད་པ་ཕལ་ཆེར་འདི་བཤགས་པ་གོ་ཆོད་པོར་འདོད་པ་སྣང་བས་དེ་ཡང་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འདི་འདྲའི་རིགས་ཅན་གྱི་བཤགས་པ་གཅིག་བཤད་ཀྱང་དམ་པའི་ཆོས་འདུལ་བའི་སྡེ་སྣོད་ཀྱི་ལུགས་ལ་འདི་འདྲའི་ལྟུང་བ་བཤགས་ཚུལ་མི་རུང་སྟེ། གང་ལ་བཤགས་པའི་ཡུལ་མི་འཐད། གང་བཤགས་པའི་ཉེས་པ་ངོས་འཛིན་ལྟ་བུ་ལ་མི་འཐད། ཇི་ལྟར་བཤགས་པའི་ཚུལ་མི་འཐད་པའི་ཕྱིར་རོ། །དང་པོ་ནི། ཡུལ་རྡོ་རྗེ་འཛིན་པ་དོན་ལ་ཡིན་དེའི་མིང་གིས་སྨོས་པ་འདུལ་བའི་ལུགས་མིན་པའི་ཕྱིར་དང༌། སངས་རྒྱས་དང་བྱང་སེམས་བཞུགས་པར་མོས་པ་ཙམ་ལྟུང་བ་བཤགས་ཡུལ་དུ་རུང་བ་མ་བཤད་པའི་ཕྱིར་དང༌། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་པ་ལ་རྣམ་བཅད་ཡོད་པར་རློམ་མོད། དགེ་འདུན་ལ་ངེས་པར་བཤགས་དགོས་པའི་ཉེས་པ་རྣམས་ལ་ནི་དགེ་འདུན་གྱི་གྲངས་ཀྱི་དབྱེ་བ་ངེས་པ་ཅན་བཤད་པས་དགེ་འདུན་ཚང་ཙམ་གྱིས་མི་ཆོག་དགེ་འདུན་ལ་བཤགས་མི་དགོས་པའི་ཉེས་པ་རྣམས་ལ་ནི་དགེ་འདུན་བཤགས་ཡུལ་དུ་མི་དགོས་པའི་ཕྱིར། གཉིས་པ་ནི། ཚེ་རབས་ཐོག་མེད་ཀྱི་བཤགས་པ་དང་ཕྱིར་བཅོས་འདུལ་བའི་ལུགས་འདིར་བཤད་པ་མེད་ཅིང་ཁྱད་པར་ཚེ་སྔ་མའི་མཚམས་མེད་སོགས་ཀྱིས་ཚེ་འདིའི་གསོ་སྦྱོང་ལ་སོགས་པའི་ལས་ལ་སྒྲིབ་པ་དང་དེ་བཤགས་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། སྡོམ་པ་གསུམ་ཀའི་ཉེས་པ་འདིར་བཤགས་དགོས་པ་མིན་པའི་ཕྱིར་ཏེ། སོ་ཐར་གྱི་ཉེས་པར་བཤད་པ་རྣམས་ཀྱིས་མ་གོས་ན་བྱང་ཆུབ་ཀྱི་སེམས་བཏང་ཡང་སྐབས་འདིའི་བསླབ་པ་འཁྲུལ་བཅས་སུ་མི་འགྱུར་བའི་ཕྱིར། གཞན་ཡང༌། ལྟུང་བ་གང་བྱུང་བ་དེའི་མིང་དང་རིགས་སྨོས་དགོས་པར་བཤད་ཀྱི་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་ཞེས་སྤྱིར་བཟུང་བ་ཙམ་གྱིས་ཕྱིར་བཅོས་ཀྱི་གོ་ཆོད་པར་འདོད་པ་འདུལ་བའི་ཡི་གེ་ཙམ་ཡང་མ་ལགས་པར་མཚོན་པའི་ཕྱིར་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བའི་ཉེས་པ་ཙམ་བཤགས་པ་དེ་ཙམ་གྱིས་དག་པ་ཡང་མིན་པའི་ཕྱིར་དང༌། དེ་ཡང་ཕམ་པ་འཆབ་བཅས་ལ་ཕྱིར་བཅོས་མ་བཤད། འཆབ་མེད་ལ་བསླབ་པ་སྤྱོད་དགོས། དགེ་འདུན་ལྷག་མ་ལའང་སྤོ་བ་དང་མགུ་བ་སྤྱོད་དགོས་སོ། །དེ་ལྟར་སྤྱད་ནས་དབྱུང་བ་དགེ་འདུན་གྱིས་མཛད་དགོས། སྤང་ལྟུང་ལའང་སྤང་བྲལ་སྔོན་དུ་འགྲོ་དགོས། དེའི་རྒྱུ་མཚན་ལྷག་མ་ལ་སོགས་པའི་ཉེས་པ་འགའ་ཞིག་བྱིན་གྱིས་བརླབས་ནས་ལས་དེ་དང་དེ་དག་བྱེད་དགོས་ཀྱི་ཁྱེད་འདོད་པའི་བཤགས་པ་དེ་འདྲས་མི་ཆོག་པའི་ཕྱིར་དང༌། གཞན་ཡང་བཤགས་པའི་ཚིག་དེ་འདྲ་སྤྱིར་ཚད་ལྡན་གྱི་གཞུང་ནས་མི་འབྱུང༌། ཁྱད་པར་འདུལ་བའི་ལུང་ཡི་གེ་གང་ནས་ཀྱང་བཤགས་པའི་ཆོ་ག་དེ་འདྲ་མི་འབྱུང་བའི་ཕྱིར་དང༌། གསོ་སྦྱོང་གི་སྔ་རོལ་དེར་ལྟུང་བཤགས་གཅིག་བྱེད་མི་དགོས་ན་ནི་དེ་འདྲའི་བཤགས་ཆོག་དང་རྗེས་སུ་མཐོང་སྡོམ་དྲི་བ་དང་ལན་འདེབས་པ་སོགས་བྱེད་པའི་རྒྱུ་མཚན་དང་དགོས་པ་མེད་ལ། གལ་ཏེ་བྱེད་དགོས་ན། འདུལ་བ་ལས་ཇི་ལྟར་གསུངས་པའི་ལྟུང་བ་བཤགས་པའི་སྔགས་ཆོག་དེ་ཉིད་ཀྱིས་བྱེད་རིགས་པའི་ཕྱིར་དང༌། འདུལ་བ་ནས། སྤྱིར་ཡང་ལྟུང་བ་སྡེ་ལྔ་ལ། སྤྱི་བཤགས་ཉེས་པ་གང་ཡིན་ངོ་མི་ཤེས་པ་དེ་འདྲ་བཤད་པ་མེད་པའི་ཕྱིར་དང་རང་རྒྱུད་ལ་ཉེས་པ་གང་ཡོད་མ་ངེས་པར་ཐེ་ཚོམ་ཟ་བ་ཡིན་ན། བྱིན་གྱིས་བརླབས་ནས་ལས་བྱེད་པར་གསུངས་ཀྱི་བཤགས་པ་བྱེད་པར་མ་གསུངས་པའི་ཕྱིར་རོ། །དེ་ལྟར་ན། དིང་སང་གངས་ཅན་འདི་ན་འདུལ་བ་ནས་གསུངས་པའི་ལྟུང་བ་ཕྱིར་བཅོས་ཀྱི་ལག་ལེན་ཅུང་ཟད་ཙམ་ལ་བློ་ཁ་ཕྱོགས་ཤིང་ལག་ལེན་དུ་མི་མཛད་པར། གསོ་སྦྱོང་གི་དགོས་པའི་གཙོ་བོ་བོར་ཞིང་ཁྱད་དུ་བསད་དེ། མདོའི་གླེང་གཞི་ཙམ་རེ་འདོན་པའི་ལག་ལེན་གྱིས་མངོན་པར་རྒྱལ་ཏེ་གཞན་སྡེ་སྣོད་འཛིན་པའི་དགེ་སློང་ཆེན་པོ་གནང་བཀག་རྒྱ་མཚོའི་ཕ་རོལ་དུ་སོན་བས་ལྟུང་བ་མི་འབྱུང་བའི་ཐབས་ལ་རང་གི་ངང་གིས་མཁས་ཤིང༌། ཉེས་པ་དང་ཞག་ཏུ་མི་འགྲོགས་པ་དག་ལ་དེ་དག་ནི་བསླབ་པ་ལ་གཅེས་སྤྲས་སུ་མི་བྱེད་པའོ་ཞེས་གསལ་བར་སྒྲོགས་ཤིང་རང་གི་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་དེ་དག་གིས་ནི་གསོ་སྦྱོང་གི་དགོས་པའི་གཙོ་བོ་བོར་ཏེ། ཤེས་རྫུན་དུ་སྨྲ་བའི་ལྟུང་བ་འབྱུང་ཉེ་བའི་ལག་ལེན་འཁྲུལ་པ་ལ་གསོ་སྦྱོང་ཞེས་བྱ་བའི་མིང་གིས་བཏགས་པ་ཡིན་ནོ། །དེའི་ཕྱིར་འདུལ་བའི་མདོ་ལུང་དང༌། ཀརྨ་ཤ་ཏཾ་དུ་གསོ་སྦྱོང་གི་སྦྱོར་བའི་ཆོ་གར་མེད་མི་རུང་དུ་གསལ་བར་བཤད་པའི་ལྟུང་བ་ཐུན་མོང་མིན་པའི་ཕྱིར་བཅོས་བྱ་ཚུལ་འདི་ངེས་པར་ལག་ཏུ་བླང་བར་བྱ་དགོས་ཏེ། དེ་ལྟར་མ་བྱས་ན་བཤགས་བྱའི་ཉེས་བྱས་ཡན་ཆད་ཀྱིས་མ་གོས་པའི་གང་ཟག་ཁྱད་པར་ཅན་འགའ་ཞིག་མ་གཏོགས། གསོ་སྦྱོང་གི་དགོས་པ་མེད་ཀྱི་སྟེང་དུ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བྱེད་རེ་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་རོ། །གསུམ་པ་ལོ་འགོ་དང་བཅུ་བཞི་པའི་རྣམ་གཞག་ལ་འཁྲུལ་པ་དགག་པ་ལ། དང་པོ་ལ་ལོ་འགོ་འཛིན་ཚུལ་ལ་འཁྲུལ་པ་དགག བཅུ་བཞི་པ་ལ་འཁྲུལ་པ་དགག དང་པོ་ནི། བར་གྱི་འདུལ་བ་འཛིན་པ་མང་པོ་དག་ཞལ་འཆམ་པར་འདུལ་བའི་ལུགས་ཀྱི་སྨིན་དྲུག་ཟླ་བའི་ཡར་ངོ་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔས་ལོ་སྔ་མ་རྫོགས་པ་ཡིན་པས་དེའི་ཚེས་བཅུ་དྲུག་ནས་ལོ་གསར་པས་ལོ་འགོ་དེ་ནས་འཛིན་པ་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་པོ་ལ། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཅེས་སོགས་གསུངས་པའི་ཕྱིར་ཞེས་གསུང་ངོ༌། །དེ་ནི་རིགས་པ་མ་ཡིན་ཏེ། བསྒྲུབ་བྱ་དེ་དོན་ལ་གནས་སུ་ཆུག་ཀྱང་དེའི་ཤེས་བྱེད་དུ་འདུལ་བའི་བཀའ་བསྟན་བཅོས་གང་ནས་ཀྱང་ཁྱེད་ཀྱིས་ལུང་མ་འགྲོངས་པའི་ཕྱིར་དང༌། མདོ་སྡེའི་ལུང་དེའི་དོན་སྨིན་དྲུག་གིས་ཉ་བའི་ཕྱི་ཉིན་ནས་ལོ་འགོ་འཛིན་པ་མིན་པར་མདོ་དེ་ཉིད་ནས་གསལ་བར་ཡོད་པ་ལ་ཁྱེད་ཅག་གིས་ནི་ཚིག་ཕྱིར་འགྲངས་པ་ཙམ་དུ་སྣང་གི་མདོ་དེ་ཉིད་ཇི་བཞིན་མ་གཟིགས་པར་སྣང་བའི་ཕྱིར་དང༌། མདོ་དེའི་དོན་ཁྱེད་ཀྱིས་བཤད་པ་ལྟར་ཡིན་དུ་ཆུག་ཀྱང་འདུལ་བའི་ལུགས་ཀྱི་དམ་བཅའ་དེའི་ཤེས་བྱེད་དུ་འབྲེལ་པ་གང་ཡང་མེད་པའི་ཕྱིར་དང་གཞན་དུ་ན།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*