གནས་ལྔ་པ་ཕྲ་རྒྱས་བསྟན་པ་ནས་གནས་དགུ་པ་གང་ཟག་བསྟན་པའི་མཛོད། ང ༽

འདིར་བཏང་སྙོམས་བཞག་པ་ནི། བསམ་གཏན་ཁྱད་པར་ཅན་ནམ། ཉེར་བསྡོགས་ཀྱི་ཚོར་བའི་དབང་དུ་བྱས་སོ། །ཡང་སྐྱེ་བའི་བསམ་གཏན་གཉིས་པ་ན་ཡིད་བདེ་བ་དང་བཏང་སྙོམས་སོ། །འདི་ནི་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པས་ལུས་བདེ་ནི་མ་བཞག ཡིད་ཀྱི་ས་པའི་བཏང་སྙོམས་ནི་རྣམ་པར་སྨིན་པའི་ངོ་བོའོ། །སྐྱེ་བའི་བསམ་གཏན་གསུམ་པ་ན་ནི་ཡིད་ཀྱི་ས་པའི་བདེ་བ་དང་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་བཞི་པ་ན་ནི་བཏང་སྙོམས་ཁོ་ན་ཡོད་དོ། །རྒྱུ་འབྲས་ཀྱི་བཏང་སྙོམས་གཉིས་པོའི་ཁྱད་པར་ནི། སྦྱོར་བྱུང་དང༌། སྐྱེས་ཐོབ་ལས་དང༌། རྣམ་སྨིན་གྱི་རྒྱུ་དང༌། འབྲས་བུ་རྣམ་སྨིན་དངོས་སོ། །འོ་ན་བསམ་གཏན་གཉིས་པ་ཡན་ཆོད་ན། རྣམ་ལྕེ་གཉིས་སུ་མ་ཟད། རྣམ་པར་ཤེས་པའི་ཚོགས་གཞན་གསུམ་ཡང་མེད་ཅིང༌། རྟོག་དཔྱོད་གཉིས་ཀྱང་མེད་ན། མིག་གིས་གཟུགས་དང༌། སྣ་བས་སྒྲ་དང༌། ལུས་ཀྱིས་རེག་བྱ་ཇི་ལྟར་ཡུལ་དུ་བྱེད། རྣམ་པར་རིག་བྱེད་ཀྱང་གང་གི་སློང་བར་བྱེད། ཅེ་ན། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་པ། འགྲེལ་པར། སྤྲུལ་པའི་སེམས་བཞིན། ཞེས་བཤད་པ་དེའི་དོན་ནི། རྟེན་གྱི་གང་ཟག་ཁམས་གོང་མ་པས། འོག་མའི་སྤྲུལ་པར་འདོད་པ་ན། འོག་མའི་སྤྲུལ་སེམས་མངོན་དུ་བྱེད་པ་བཞིན་དུ། བསམ་གཏན་གཉིས་པ་ལ་སོགས་པའི་རྟེན་ཅན་གྱིས། གཟུགས་སོགས་ལ་བལྟ་བ་དང༌། ལུས་ངག་གི་རིག་བྱེད་ལ་འཇུག་པ་ན་བསམ་གཏན་དང་པོའི་རྟོག་དཔྱོད་མངོན་དུ་བྱེད་པའོ། །དེ་འདྲ་དེ་གོང་མའི་རྟེན་ལ་བླངས་པ་ན་ལུང་དུ་མ་བསྟན་པ་ཁོ་ན་ཡིན་གྱི། དེའི་བཞི་མ་ཡིན་ཏེ། དེའི་ཚེ་རྟོག་དཔྱོད་ལ་དགོས་པ་ཡོད་ནས་བླངས་པ་ཡིན་གྱི། དགེ་བ་ལ་གུས་པའི་ཆ་ནས་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། འོག་མའི་དགེ་བ་ཟག་བཅས་ནི་ས་དེ་དང་དེའི་རྣམ་པར་སྨིན་པའི་འབྲས་བུ་ཅན་ཡིན་ལ། ས་གོང་མ་ནི། རྣམ་སྨིན་དེ་དོན་དུ་མི་གཉེར་བའི་ཕྱིར། བསམ་གཏན་གཉིས་པའི་མིག་སོགས་ལ་བརྟེན་པའི་རྣམ་པར་ཤེས་པ་དེ་བསམ་གཏན་དང་པོའི་སས་བསྡུས་པར་འཆད་ཀྱང༌། བསམ་གཏན་དང་པོའི་དབང་ཤེས་ནི་མ་ཡིན་ཏེ། རང་གི་བདག་རྐྱེན་བསམ་གཏན་དང་པོའི་མིག་སོགས་ལ་མི་བརྟེན་པའི་ཕྱིར། བསམ་གཏན་དང་པོའི་ཡིད་ཀྱི་ཤེས་པ་ཡང་མ་ཡིན་ཏེ། ས་དེའི་ཡིད་ལ་བརྟེན་པ་མ་ཡིན་པའི་ཕྱིར། དེས་ན་བསམ་གཏན་དང་པོའི་གཙོ་བོ་སེམས་ཤིག་མངོན་དུ་བྱས་པ་ཡང་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་རུང་ཡང་མི་རུང་བ་དེ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་གཉིས་པའི་གཙོ་སེམས་ཀྱིས་དང་པོའི་རྟོག་དཔྱོད་མངོན་དུ་བྱས་པ་དེའི་ཚེ། རྟོག་དཔྱོད་དང་བཅས་པའི་གཙོ་སེམས་དེ་ཉིད་འོག་མའི་སེམས་སུ་བྱས་པ་ཡིན་ཏེ། རྟོག་དཔྱོད་དང་མཚུངས་པར་ལྡན་པའི་ཕྱིར། དེ་ལྟ་མ་ཡིན་ན་གང་ཟག་གཞན་གྱི་སེམས་ཤིག་མངོན་དུ་བྱས་པར་འགྱུར་རོ། །དེ་ལྟར་བཤད་པ་ན། གོང་མའི་སེམས་ཉིད་འོག་མའི་སེམས་སུ་བྱས་པ་ལ། འོག་མའི་སེམས་གོང་མ་ལ་བརྟེན་པ་ཞེས་པའི་མིང་གིས་བཏགས་སོ། །བཞི་པ་འཐོབ་པའི་ཚུལ་ལ། ཚིག་དོན་དངོས་དང༌། དེ་ལས་སྤྲོས་པའོ། །དང་པོ་ལ། དག་པ་པ་དང༌། ཟག་མེད་དང༌། ཉོན་མོངས་ཅན་གྱི་འཐོབ་ཚུལ་གསུམ་ལས། དང་པོ་ནི། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་འཐོབ། །ཅེས་པ། བསམ་གཏན་དང་གཟུགས་མེད་ཀྱི་སེམས་དག་པ་བ་དང་མི་ལྡན་པའི་གང་ཟག་གིས་ནི། དེ་འདྲ་དེ་གསར་དུ་རྙེད་པའི་དུས་གཉིས་ཏེ། ས་འོག་མ་ལ་འདོད་ཆགས་དང་བྲལ་བའི་ཚེ་དང༌། གོང་མ་ནས་འོག་མར་སྐྱེས་པའི་ཚེའོ། །དཔེར་ན་འདོད་པ་ལ་འདོད་ཆགས་དང་བྲལ་ཙམ་གྱི་ཚེ་ན་བསམ་གཏན་དང་པོའི་དངོས་གཞི་དག་པ་བ་གསར་དུ་རྙེད་པ་དང༌། བསམ་གཏན་གཉིས་པ་ནས་དང་པོར་སྐྱེས་པའི་ཚེ་དེ་གསར་དུ་རྙེད་པ་ལྟ་བུའོ། །དེ་བཞིན་དུ་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་པ་སོགས་གོང་མ་རྣམས་ལའང་བརྗོད་པར་བྱ་ཞིང༌། སྲིད་རྩེ་མ་གཏོགས་གོང་མ་ནས། འོང་མར་སྐྱེས་པ་ཐམས་ཅད་ཀྱི་ཚེ་ཡང་དེ་བཞིན་ནོ། །དེ་ལྟར་རྙེད་པ་དེ་ཡང༌། ཉམས་པ་དང༌། གནས་པ་དང༌། ཁྱད་པར་ཆ་མཐུན་གསུམ་ཡིན་ལ། ངེས་འབྱེད་ཆ་མཐུན་ནི་མ་ཡིན་ཏེ། དེ་ནི་ངེས་པར་སྦྱོར་བས་ཐོབ་དགོས་པའི་ཕྱིར། དེ་ཡང་ཆགས་བྲལ་གྱི་ཚེ་ཐོབ་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་ལ། གོང་མ་ནས་སྐྱེས་པའི་ཚེ་ཐོབ་པ་ནི་སྐྱེས་ཐོབ་ཁོ་ནའོ། །དེ་དང་མི་ལྡན། ཞེས་པའི་ཚིག་གི་ནུས་པས་སྔར་ལྡན་པ་ལས་གསར་དུ་རྙེད་པ་ཞིག་དང༌། དེ་ཡང་ཆགས་པ་དང་བྲལ་བ་ལས་མ་ཡིན་པ་ཞིག་ཡོད་པར་བསྟན་ནོ། །གང་ཞེ་ན། བསམ་གཏན་དང་པོའི་དངོས་གཞི་དང་ལྡན་པའི་སོ་སོ་སྐྱེ་བོས་ངེས་འབྱེད་ཆ་མཐུན་པ་དེ་ཉིད་ཀྱིས་བསྡུས་པ་ཡང་སྦྱོར་བའི་སྟོབས་ཀྱིས་བསྒྲུབ་པར་བྱ་དགོས་པ་ལྟ་བུའོ། །སྤྱིར་བསམ་གཏན་གྱི་བདེ་བ་དང་ལྡན་པ་ལ་ཆགས་བྲལ་གྱིས་ཐོབ་པར་མི་སྲིད་པར་སྟོན་པ་ལྟ་བུ་ནི་མ་ཡིན་ཏེ། བསམ་གཏན་དང་པོ་ལ་ཆགས་པ་དང་བྲལ་བ་ཙམ་གྱིས་གཉིས་པའི་དངོས་གཞི་ཐོབ་པ་ལ་སོགས་པར་འཇོག་པ་ཉིད་ཀྱི་ཕྱིར་རོ། །འདིར་བཤད་པའི་འཐོབ་བྱེད་གཉིས་ཀྱིས་འཐོབ་རྒྱུ་དེ་ཡང་མཉམ་གཞག་དངོས་གཞི་ལ་དགོངས་པ་ཡིན་གྱི། མཉམ་གཞག་གི་དགེ་བ་ཙམ་ལ་བསམ་པ་མ་ཡིན་ཏེ། དེ་ཙམ་ཞིག་ནི་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་དང་པོའི་ཚེ་ཉིད་ནས་ཐོབ་པའི་ཕྱིར། དགེ་བ་དག་པ་བའི་འཐོབ་རྒྱུ་དངོས་སུ་བསྟན་པ་འདི་གཉིས་ལས་གཞན་མེད་དམ་ཞེ་ན། གསུམ་པ་ཞིག་ཤུགས་ལ་མཚོན་པ་ཡིན་ཏེ། ཆགས་བྲལ་གྱི་གང་འཐོབ་པར་བཤད་པ་དེ་ཉིད་ཀྱིས་ཆགས་བྲལ་ལས་ཉམས་པའི་ཚེ་གོང་མ་དེ་གཏོང་བར་གྲུབ་ལ། དེ་ཉིད་ཀྱིས་འོག་མ་དེ་གསར་དུ་འཐོབ་པར་ཤུགས་ལ་འཕངས་པའི་ཕྱིར། དཔེར་ན། འདོད་པའི་ཆགས་བྲལ་ལས་ཉམས་པའི་ཚེ་བསམ་གཏན་དང་པོའི་ཆ་མཐུན་སྔ་མ་གསུམ་གཏོང་བ་དང༌། འདོད་པའི་ཉོན་མོངས་ཐོབ་པ་ལས་འོས་མེད་པ་དེ་ཉིད་ཀྱིས་ན། བསམ་གཏན་དང་པོའི་ཆགས་བྲལ་ལས་ཉམས་པའི་ཚེ་བསམ་གཏན་གཉིས་པའི་ཆ་མཐུན་སྔ་མ་གསུམ་གཏོང་བ་དང༌། བསམ་གཏན་དང་པོའི་ཆ་མཐུན་གསུམ་ཐོབ་པར་རིགས་པས་གྲུབ་པ་བཞིན་ནོ། །འདི་ཡང་འདོད་པའི་རྟེན་གྱི་དབང་དུ་བྱེད་དགོས་པ་ཡིན་ཏེ། རྟེན་དེ་ལ་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་པ་ཉིད་ཀྱིས་བསམ་གཏན་དང་པོའི་ས་འཕོས་པར་འཇོག་དགོས་པ་ཉིད་ཀྱི་ཕྱིར། འདི་ཉིད་ཀྱི་ཐད་དུ་བསྟན་བཅོས་ཀྱི་ལུང་དྲངས་པ་ལས། བསམ་གཏན་དག་པ་བ་འདོད་ཆགས་དང་བྲལ་བས་ཐོབ་པར་འགྱུར་ལ། འདོད་ཆགས་དང་བྲལ་བས་འདོར་བར་འགྱུར་བ་དང༌། དེ་བཞིན་དུ་ཡོངས་སུ་ཉམས་པ་དང་སྐྱེ་བ་ལས་འཐོབ་པ་དང་འདོར་བར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ་བསམ་གཏན་དང་པོའི་ཉམས་པའི་ཆ་དང་མཐུན་པའོ། །དེ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བས་འཐོབ་ལ། ཚངས་པའི་འཇིག་རྟེན་ལ་འདོད་ཆགས་དང་བྲལ་བས་འདོར་རོ། །ཚངས་པའི་འཇིག་རྟེན་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་འཐོབ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་འཐོབ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་འདོར་རོ། །གོང་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ན་འཐོབ་ལ། དེ་ནས་འདོད་པའི་ཁམས་སུ་སྐྱེ་བ་ན་འདོར་རོ། །ཞེས་འབྱུང་ངོ༌། །ཞེས་དྲངས་སོ། །དེར་ཉམས་པ་ཆ་མཐུན་ནི་མཚོན་པ་ཙམ་སྟེ། ཆ་མཐུན་སྔ་མ་གསུམ་གྱི་གཏོང་རྒྱུ་དང་འཐོབ་རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ཟག་མེད་ཀྱི་འཐོབ་ཚུལ་ནི། ཟག་མེད་འདོད་ཆགས་བྲལ་བ་ཡིས། །ཞེས་པ། དེ་དང་མི་ལྡན་པ། ཞེས་སྦྱར་ནས། འདོད་ཆགས་དང་བྲལ་བ་ཡིས་འཐོབ་པ་ཡོད་དེ། དཔེར་ན། འདོད་པ་ལ་ཆགས་བྲལ་སྔོན་སོང་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་པ་ལ་ཞུགས་པ་ན། མཐོང་ལམ་གྱི་ཚེ་ཟག་མེད་ཀྱི་དངོས་གཞི་ཐོབ་པ་ཡིན་ཏེ། དེར་མི་ཤེས་པ་ཀུན་ཤེས་པའི་དབང་པོ་འཐོབ་པའི་ཕྱིར། ངེས་པ་ལ་འཇུག་པ་ན། དེར་ངེས་སམ་ཞེ་ན། འཕགས་པ་ཡིན་ཀྱང༌། འདོད་པ་ལ་འདོད་ཆགས་དང་མ་བྲལ་ན་ངེས་པ་ལ་ཞུགས་པ་ཙམ་གྱིས་ཟག་མེད་ཀྱི་དངོས་གཞི་འཐོབ་པར་མ་ངེས་ཏེ། ཆགས་བྲལ་སྔོན་དུ་མ་སོང་བ་ཉེར་བསྡོགས་ལ་བརྟེན་ནས་ངེས་པ་ལ་འཇུག་པ་དེའི་ཚེ་ཟག་མེད་ཀྱི་དངོས་གཞི་མི་འཐོབ་པའི་ཕྱིར། མཐོང་ལམ་གྱི་ཚེ་ཉེར་བསྡོགས་ཟག་མེད་སྐྱེ་ཡང༌། མི་ལྡན་པ་ལས་རྙེད་པའི་ཕྱིར་འདིར་མ་སྨོས་སོ། །དེས་ན་གཞུང་རྩ་བར། འདོད་ཆགས་དང་བྲལ་བས་འཐོབ། །ཅེས་བཤད་ཀྱི། ངེས་པ་ལ་འཇུག་པས་ཐོབ་ཅེས་མི་འཆད་དོ། །དེ་དང་མི་ལྡན་ཞེས་སྦྱར་བའི་ཚིག་གི་ནུས་པས། སྔར་ཟག་མེད་དང་ལྡན་པ་ནི་སྦྱོར་བའི་སྟོབས་ཀྱིས་འཐོབ་པ་ཡང་ཡོད་དེ། ཟད་པ་ཤེས་པ་ལས་མི་སློབ་པ་དངོས་གཞིས་བསྡུས་པ་འཐོབ་པ་དང༌། དབང་པོ་རྟུལ་པོ་རྣོན་པོར་འཕོས་པ་ན་རྣོན་པོས་བསྡུས་པའི་སློབ་པ་དང་མི་སློབ་པ་འཐོབ་པ་དག་སྲིད་པས་སོ། །ཟག་མེད་ཀྱི་འཐོབ་རྒྱུ་ལ་གཉིས་པོ་དེ་ཙམ་དུ་ངེས་པ་ཡིན་གྱི། ཉམས་པས་འཐོབ་པ་ནི་མེད་དེ། དཔེར་ན་མི་སློབ་པ་ཉམས་པ་ན། སློབ་པས་བསྡུས་པའི་དངོས་གཞི་འཐོབ་ཀྱང༌། སྙོམས་འཇུག་ཟག་མེད་ཀྱི་རིགས་ཙམ་སྔར་ནས་ལྡན་པའི་གསར་དུ་རྙེད་པ་མ་ཡིན་པའི་ཕྱིར། ཞེས་སྔ་མ་དག་གསུང་ཡང༌། འདི་མི་ལྡན་པ་ལས་རྙེད་པའི་རྒྱུར་མི་འགྲོ་མོད། སྤྱིར་ཉམས་པས་གཏོང་བའི་རྒྱུར་བཤད་པའི་ཕྱིར་འཐོབ་པའི་རྒྱུར་འགྲོ་བ་ཡང་སྲིད་དོ། །ཞེས་ཁས་བླངས་ན་ལེགས་པར་མངོན་ནོ། །རྒྱུ་བཞི་པ་སྐྱེ་བས་འཐོབ་པ་ནི་ཡེ་མི་སྲིད་དེ། སྤྱིར་འཆི་འཕོ་བ་ཟག་མེད་ཀྱི་གཏོང་རྒྱུར་བཤད་པ་མེད་པའི་ཕྱིར་དང༌། སྐྱེས་པ་ཙམ་གྱིས་ཟག་མེད་ཐོབ་པ་སྲིད་ན། སོ་སོ་སྐྱེ་བོ་ཟག་མེད་དང་ལྡན་པ་དག་ཀྱང་སྲིད་པར་ཐལ་བས་སོ། །གསུམ་པ་ཉོན་མོངས་ཅན་གྱི་འཐོབ་ཚུལ་ནི། ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །ཞེས་པ། འདིར་ཡང་སྔར་དེ་དང་མི་ལྡན་པ་ལས་ཞེས་སྦྱར་ནས། ཉམས་པས་འཐོབ་པ་ནི་བསམ་གཏན་དང་པོའི་ཆགས་བྲལ་ལས་ཡོངས་སུ་ཉམས་པའི་ཚེ་བསམ་གཏན་དང་པོའི་སྙོམས་འཇུག་ཉོན་མོངས་ཅན་ཐོབ་པ་ལྟ་བུའོ། །སྐྱེ་བས་འཐོབ་པ་ནི། ས་གོང་མ་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ་ལྟ་བུའོ། །ཐོབ་ཚུལ་གཉིས་པོ་དེ་སྲིད་རྩེ་མ་གཏོགས་པའི་གོང་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །འདི་ལ་འདོད་ཆགས་དང་བྲལ་བས་འཐོབ་པ་དང༌། སྦྱོར་བས་ཐོབ་པ་གཉིས་ནི་མི་འཆད་དོ། །དཔེར་ན་འདོད་པ་ལ་ཆགས་བྲལ་མ་བྱས་གོང་དུ་བསམ་གཏན་གྱི་ཉོན་མོངས་ཡེ་ནས་ལྡན་པར་འཆད་པའི་ཆགས་བྲལ་གྱི་ཚེ་གསར་དུ་རྙེད་པར་མི་འཇོག་པའི་ཕྱིར་དང༌། ཉོན་མོངས་ཅན་ལ་སྦྱོར་བས་འཇུག་པ་ཡོད་ཀྱང་ཉམས་པའི་ནང་དུ་འདུས་པའི་ཕྱིར། ཉོན་མོངས་ཅན་ས་འོག་མ་པ་དེ་དེ་ཉིད་ཀྱི་ཆགས་བྲལ་ལས་ཉམས་པས་ཐོབ་པར་བཤད་པ་འདི་ཡང་མཚོན་བྱེད་ཙམ་ཡིན་ཏེ། དགེ་བ་དག་པ་བ་སྤངས་པ་དེ་ལ་ཆགས་བྲལ་ཉམས་པས་ས་དེའི་དག་པ་གསར་དུ་རྙེད་པ་གཅིག་འཆད་དགོས་པའི་ཕྱིར་ཏེ། དེའི་ཚེ་ཉམས་པ་ཆ་མཐུན་རང་སའི་ཆགས་བྲལ་ལས་ཉམས་པའི་ཚེ་རྙེད་པ་གཅིག་འགྲེལ་པ་ཉིད་ལས་བཤད་ལ་དེ་ཡང་དག་པ་བ་ལས་མེད་པའི་ཕྱིར། གཉིས་པ་དེ་ལས་སྤྲོས་པའི་དོན་བཤད་པ་ནི། གོང་དུ་ལས་བསྟན་པའི་ལེའུར། སྙོམས་འཇུག་དག་པ་བའི་གཏོང་ཚུལ་འཆད་པ་ན། ས་འཕོས་པ་དང༌། ཉམས་པ་དང༌། རིགས་མཐུན་བཏང་བ་གསུམ་བཤད། འདིར་དེའི་ཐོབ་ཚུལ་འཆད་པ་ན། ཆགས་བྲལ་དང༌། སྐྱེ་བས་ཐོབ་པ་གཉིས་རྩ་བར་བཤད་ཅིང༌། འགྲེལ་པར་ཉམས་པས་འཐོབ་པ་དང་གསུམ་བཤད་དོ། །འདི་དག་གི་དོན་ལ་བརྟགས་པ་ནི། །གང་ལ་གཏོང་ཐོབ་རྩི་བའི་གཞི་ནི་མཉམ་གཞག་གི་སས་བསྡུས་པའི་དགེ་བ་དག་པ་བ་དག་ཡིན་ལ། འདི་ལ་གཉིས་ཏེ། སྦྱོར་བ་ལ་བྱུང་བ་དང༌། སྐྱེ་བས་ཐོབ་པའོ། །དང་པོ་ནི་རྒྱུའི་སྙོམས་པར་འཇུག་པ་དག་སྟེ། འོག་སའི་རྟེན་ཅན་ནོ། །གཉིས་པ་ནི་འབྲས་བུ་སྐྱེ་བས་ཐོབ་པ་སྟེ་རང་སའི་རྟེན་ཅན་ནོ། །དེ་དག་གི་གཏོང་ཐོབ་ཀྱི་ཚུལ་ལ་གཉིས་ཏེ། སྦྱོར་བྱུང་གི་དང༌། སྐྱེས་ཐོབ་ཀྱིའོ། །དང་པོ་ནི། ས་འོག་མ་འོག་མའི་རྟེན་ལ་གོང་མ་གོང་མའི་སྙོམས་འཇུག་སྐྱེ་བ་ནི། གཉིས་ཏེ། དངོས་གཞི་དང༌། ཉེར་བསྡོགས་སོ། །དངོས་གཞི་ནི་ས་འཕོ་བས་གཏོང་བ་དང༌། ཆགས་བྲལ་དང༌། དེ་ལས་ཉམས་པས་འཐོབ་པར་འཆད་ལ། ཉེར་བསྡོགས་ནི་ཉམས་པ་དང་འཆི་འཕོ་བས་གཏོང་བ་དང་འཐོབ་པར་ཡང་འཆད་དོ། །དང་པོ་དངོས་གཞི་ས་འཕོ་ཚུལ་ནི། གཉིས་ཏེ། འདོད་པའི་རྟེན་ལ་འདོད་པ་ཉིད་ལ་ཆགས་བྲལ་བྱས་པས། འདོད་པའི་ས་མི་གཏོང་ཡང༌། བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་དང༌། རྟེན་དེར་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་པས་ངེས་འབྱེད་ཆ་མཐུན་མ་གཏོགས་པའི་བསམ་གཏན་དང་པོའི་དགེ་བ་དང་ཉོན་མོངས་ཅན་གཏོང་བ་དང༌། རྟེན་དེར་གཉིས་པ་ལ་ཆགས་བྲལ་བྱས་པས་གསུམ་པའི་དངོས་གཞི་ཐོབ་ཅིང༌། གཉིས་པའི་དག་པ་བ་གསུམ་པོ་གཏོང་བ་སོགས་སུ་སྦྱར་ཞིང༌། སྲིད་རྩེ་ལ་ཆགས་བྲལ་བྱས་པའི་ཚེ། སྲིད་རྩེའི་སས་བསྡུས་པའི་དགེ་བ་དང་ཉོན་མོངས་ཅན་མཐའ་དག་གཏོང་ཞིང༌། ཟག་མེད་ས་དགུའི་དངོས་གཞི་ཐོབ་པའོ། །ཉམས་པས་གཏོང་འཐོབ་ནི། སྲིད་རྩེའི་ཆགས་བྲལ་ལས་ཉམས་པས་སྲིད་རྩེའི་སེམས་ཐོབ་པ་ནས། བསམ་གཏན་གཉིས་པའི་ཆགས་བྲལ་ལས་ཉམས་པས་བསམ་གཏན་གཉིས་པའི་སས་བསྡུས་འཐོབ་ཅིང༌། གསུམ་པའི་སས་བསྡུས་གཏོང་བ་དང༌། དང་པོའི་ཆགས་བྲལ་ལས་ཉམས་པས་གཉིས་པའི་སས་བསྡུས་གཏོང་ཞིང༌། དང་པོའི་སས་བསྡུས་འཐོབ་པ་ནི་སྦྱོར་བྱུང་ས་འཕོས་པའི་གཏོང་འཐོབ་བོ། །སྦྱོར་བྱུང་སར་བསྡོགས་ནི་ས་འཕོས་པས་གཏོང་འཐོབ་ཏུ་མི་རྩི་སྟེ། དཔེར་ན་འདོད་པའི་ཆགས་བྲལ་ལས་ཉམས་པའི་ཚེ་དངོས་གཞི་གཏོང་ཡང་ཉེར་བསྡོགས་གཏོང་བར་མ་ངེས་པའི་ཕྱིར་ཏེ། རྣམ་གྲོལ་ལམ་དགུ་པ་ལས་ཉམས་ཀྱང༌། བརྒྱད་པ་མན་ཆད་ཉེར་བསྡོགས་ཀྱི་ངོ་བོར་གནས་པས་སོ། །ཉེར་བསྡོགས་ནི་ཉམས་པས་གཏོང་སྟེ། དཔེར་ན་རྟེན་དེར་འདོད་པའི་ཉོན་མོངས་པ་ཆེན་པོ་མངོན་དུ་གྱུར་པ་ན་ཉེར་བསྡོགས་ཀྱི་རྫས་གཏོང་བ་ལྟ་བུའོ། །དེར་འདོད་པའི་སེམས་ཐོབ་པ་ཅེས་ནི་མི་བྱ་སྟེ། སྔ་ནས་ལྡན་བཞིན་པ་ཉིད་དུ་ཡོད་པས་སོ། །ཡང་རྟེན་དེར་བསམ་གཏན་དང་པོའི་ཉེར་བསྡོགས་ནས་སྲིད་རྩེའི་ཉེར་བསྡོགས་ཀྱི་བར་འཐོབ་པ་ནི་སྦྱོར་བ་ཁོ་ན་ཡིན་གྱི། འཐོབ་ཚུལ་གཞན་མ་བཤད་དོ། །ཉེར་བསྡོགས་འཆི་བས་གཏོང་བ་ནི། རྟེན་དེར་ས་གོང་མ་གང་གི་ཡིན་ཀྱང་རུང་སྟེ། ཉེར་བསྡོགས་ཙམ་ཐོབ་ནས་དངོས་གཞི་མངོན་དུ་མ་བྱས་པ་དག་གི་ཚེ་ནའོ། །དེའི་ཤེས་བྱེད། དེ་འདྲ་དེ་ཤི་འཕོས་ནས་སྐྱེ་བ་ལེན་པ་ནི་འདོད་པ་ལས་གཞན་མ་ཡིན་པའི་ཕྱིར། འོ་ན་ཉེར་བསྡོགས་ཉམས་པས་གཏོང་བ་དང་སོ་སོ་བ་མེད་དོ། །ཅེ་ན་མེད་པ་མ་ཡིན་ཏེ། གོང་ས་ནས་འཆི་འཕོ་བའི་ཚེ་ཁོ་ནར་མ་ཟད། འོག་སའི་ཉེར་ལ་ཡང༌། ཉེར་བསྡོགས་ལས་ཉམས་རྗེས་སུ་འཆི་འཕོ་བ་དང༌། མ་ཉམས་པའི་ངང་ནས་འཆི་འཕོ་བ་སོ་སོ་ཡོད་དོ། །གཉིས་པ་སྐྱེས་ཐོབ་ཀྱི་ཐོབ་གཏོང་གི་ཚུལ་ནི། གཞུང་དུ། ས་གོང་མ་ནས་འོག་མར་སྐྱེ་བའི་ཚེ། གོང་སའི་སྐྱེས་ཐོབ་བཏང་ནས། འོག་མའི་སྐྱེས་ཐོབ་གསར་དུ་རྙེད་པར་སྟོན་པ་ནི། སྐྱེ་བ་ལས་ནི་དག་པ་ཐོབ། །ཅེས་དང༌། ཉོན་མོངས་ཅན་ཉམས་སྐྱེ་བས་ཀྱང༌། །ཞེས་པ་གཉིས་ཀྱིས་སྟོན་ལ། འོག་ནས་གོང་དུ་སྐྱེ་བའི་ཚེ་སྙོམས་འཇུག་གསར་དུ་རྙེད་པ་ཡང་ཡོད་པའི་བཤད་པ་མ་བྱུང་བ་ནི། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ལྟ་བུའི་ཚེ་རྒྱུའི་སྙོམས་འཇུག་ལྡན་བཞིན་པའི་ངང་ནས་བསམ་གཏན་དང་པོར་སྐྱེས་པ་ལ་བསམ་པ་ཡིན་ཏེ། སྔོན་རྙེད་མི་འཐོབ་བོ། །ཞེས་འཆད་པས་སོ། །ཞིབ་མོར་ན། བསམ་གཏན་དང་པོ་ནས་གཉིས་པར་སྐྱེ་བ་ལྟ་བུའི་ཚེ། བསམ་གཏན་དང་པོའི་དགེ་བ་སྦྱོར་བྱུང་ནི། བསམ་གཏན་དང་པོའི་རྟེན་དེ་ཉིད་ལ་བཏང་ཟིན་པ་ཡིན་ཏེ། རྟེན་དེར་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་ནས་གཉིས་པའི་དངོས་གཞིར་འཕོས་ཟིན་པའི་ཕྱིར། དུས་དེར་སྐྱེས་ཐོབ་ནི་བཏང་བ་མ་ཡིན་ཏེ། སྐྱེས་ཐོབ་ནི་རྣམ་སྨིན་དང་གཏོང་ཐོབ་ཀྱི་དུས་གཅིག་པའི་ཕྱིར། འོ་ན་ནམ་གྱི་ཚེ་གཏོང་ཞེ་ན། བསམ་གཏན་དང་པོ་ནས་འཆི་འཕོ་བའི་ཚེའོ། །དེ་བས་ན་སྐྱེས་ཐོབ་ཀྱི་ས་འཕོ་ཚུལ་ནི། གོང་འོག་ཏུ་སྐྱེ་བ་བླངས་པ་ཁོ་ནར་ངེས་སོ། །བོད་སྔ་མ་དག་གིས་དེ་ལྟར་ཞིབ་ཏུ་མ་བསམས་པར། ས་འཕོ་བ་ཐམས་ཅད་ལ་འཆི་འཕོ་བས་ཁྱབ་པར་ཁས་ལེན་པ་ནི་ནོངས་པ་ཡིན་ཏེ། འགྲེལ་པར། ངེས་འབྱེད་ཆ་མཐུན་ནི། སོ་སོ་སྐྱེ་བོ་དག་གིས་ས་འཕོས་རུང་མི་འཕོ་རུང་འཆི་བས་གཏོང་ཞེས་འཕོ་བ་ལ་འཆི་མི་འཕོ་བ་ཞིག་ཀྱང་ཡོད་པར་བཤད་པའི་ཕྱིར་རོ། །གལ་ཏེ་ཚངས་རིས་ཀྱི་རྟེན་ལ་བསམ་གཏན་གཉིས་པར་འཕོས་པ་དེའི་ཚེ། བསམ་གཏན་དང་པོའི་སས་བསྡུས་པའི་ཉམས་པ་ཆ་མཐུན་བཏང་བ་ཡིན་མོད། གནས་པ་ཆ་མཐུན་དང་ཁྱད་པར་ཆ་མཐུན་ནི་བཏང་བ་མ་ཡིན་ཏེ། རྟེན་དེར་བསམ་གཏན་དང་པོའི་སྙོམས་འཇུག་དག་པ་བ་ཡོད་ལ། དེ་ཡང་དེ་གཉིས་གང་རུང་ལས་མ་འདས་པའི་ཕྱིར། ཞེ་ན། གོང་དུ་རྒྱས་པར་བཤད་པ་དེ་ཉིད་ཀྱིས་ཞིབ་ཏུ་འབྱེད་ཚུལ་གོ་ནུས་པ་ཡིན་ཏེ། སྐྱེས་ཐོབ་ཀྱི་དབང་དུ་བྱས་པའི་དེ་གཉིས་མ་བཏང་བ་ནི་ཁས་ལེན་ལ། སྦྱོར་བྱུང་གི་དབང་དུ་བྱས་པ་ནི་བཏང་བ་ཡིན་ཏེ། བསམ་གཏན་དང་པོ་སོགས་ལ་ཆགས་བྲལ་བྱས་པའི་ཚེ། སྦྱོར་བྱུང་གི་ཡན་ལག་སྔ་མ་སྔ་མ་རྣམས་སྤངས་པའི་ཕྱིར་རོ། །ལྔ་པ་ཁྱད་པར་གྱི་ཆོས་བཤད་པ་ནི། ཟག་པ་མེད་པའི་འཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེ་བའོ་དག་པ་ལས་དེ་བཞིན། །རང་གི་ས་པའི་ཉོན་མོངས་ཀྱང༌། །ཉོན་མོངས་ཅན་ལས་རང་དག་དང༌། །ཉོན་མོངས་འོག་མའི་དག་གཅིག་ཀྱང༌། །ཞེས་པར། གསུམ་པ་ནི་རང་ས་ནས་བགྲངས་པའི་གསུམ་པའོ། །དེ་ཡང་ལྟག་འོག་ཏུ་གསུམ་གསུམ་ཡོད་པ་དག་གི་དབང་དུ་བྱས་ཀྱི། མེད་པ་དག་ལ་ནི་མ་ངེས་སོ། །སྐབས་འདིར་དག་པ་བ་དང༌། ཟག་མེད་ཀྱི་སྐྱེ་ཚུལ་འདི་ནི་རྟེན་གྱི་གང་ཟག་འཕགས་པའི་དབང་དུ་བྱས་ལ། ཟག་མེད་དང༌། དག་པ་བ་གཉིས་ནི་རེ་རེའི་རྗེས་སུ་གཉིས་ཀ་སྐྱེ་ལ། ཉོན་མོངས་ཅན་དང་ཟག་མེད་གཉིས་ནི་ཕན་ཚུན་དེ་མ་ཐག་འབྲས་སུ་འགྱུར་བ་མེད་དོ། །ཉོན་མོངས་ཅན་དང་རང་སའི་དག་པ་བ་ནི་ཕན་ཚུན་དུ་རྒྱུ་བྱེད་ལ། ཉོན་མོངས་ཅན་གྱི་འཇུག་ཐོགས་སུ་འོག་སའི་དག་པ་འབྱུང་བ་ནི་ཉོན་མོངས་པས་གཟིར་བའི་ཚེ་ཡིན་ལ། དག་པ་བ་ལས་ས་མི་གཅིག་པའི་ཉོན་མོངས་པ་ཅན་འབྱུང་བ་ནི་མི་སྲིད་དེ། ས་རྣམས་སྲེད་པས་སོ་སོར་མཚམས་བཅད་པའི་ཕྱིར། དེ་ལྟར་བཤད་པ་དེ་དག་ཀྱང༌། རྟེན་གྱི་གང་ཟག་འཕགས་པ་དང༌། །འོག་སའི་རྟེན་ལ་ཡིན་གྱི། རང་སའི་རྟེན་ལ་ནི་ལྟག་འོག་གསུམ་པ་དང༌། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་སོགས་ཁས་ལེན་དུ་མི་རུང་སྟེ། གཞན་དུ་ན། འོག་དགོས་མེད། ཅེས་པའི་དོན་གཞན་དུ་འགྱུར་བས་སོ། །དེ་ལྟར་རང་སའི་དག་པ་བ་ལས། ས་གོང་འོག་གི་ཉོན་མོངས་ཅན་མི་འབྱུང་བར་བཤད་པ་ལ། དེའི་དམིགས་ཀྱིས་བསལ་བ་ནི། ཤི་འཕོའི་དག་ལས། ཉོན་མོངས་ཀུན། ཞེས་པ་ལ། འགྲེལ་པར། འཆི་འཕོ་བའི་ཚེ་སྐྱེ་བས་ཐོབ་པའི་དག་པ་བའི་འཇུག་ཐོགས་སུ། ས་ཐམས་ཅད་པའི་ཉོན་མོངས་པ་ཅན་སྐྱེའོ། །ཞེས་བཤད་པ་དེའི་དོན་ནི། བསམ་གཏན་དང་པོའི་ལུས་རྟེན་ཅན་འཆི་འཕོ་བའི་སེམས་ནི་མཉམ་པར་མ་བཞག་པ་ཁོ་ན་སྟེ། ཇི་སྐད་དུ། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །རྩེ་གཅིག་སེམས་ལ་དེ་མེད། །ཅེས་འཆད་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྐྱེས་ཐོབ་ཀྱི་དག་པ་བ་ལ། མཉམ་པར་བཞག་པའི་སེམས་ཡོད་པ་མི་འགལ་ཞིང༌། དེ་ལས་ནི་རང་ས་གོང་འོག་གི་ཉོན་མོངས་གསུམ་ཀ་འབྱུང་བ་མི་འགལ་ཏེ། རྟེན་དེ་ནས་གསུམ་ཀར་དུ་ཉིང་མཚམས་སྦྱོར་བ་སྲིད་པའི་ཕྱིར། སྦྱོར་གོང་མའི་འཆི་སེམས་ལ་དག་པ་བས་ཁྱབ་པ་ནི་མ་ཡིན་ཏེ། རང་ས་དང་འོག་སར་སྐྱེ་བ་ན་འཆི་སེམས་ཉོན་མོངས་ཅན་སྲིད་པའི་ཕྱིར། འཆི་བའི་དུས་ཀྱི་དག་པ་བ་འདི་ནི། ས་གང་ནས་འཆི་འཕོ་བའི་ས་དེས་བསྡུས་པ་ཡིན་གྱི། གོང་དུ་སྐྱེ་བའི་ས་དེར་གཏོགས་པ་ནི་མ་ཡིན་ཏེ། ས་དེའི་རྣམ་སྨིན་གྱི་ཐ་མ་འདོར་བྱེད་ཡིན་པའི་ཕྱིར། བསམ་གཏན་དང་པོ་གསུམ་ནས་འཆི་འཕོ་བའི་སེམས་ཡིན་ཀྱང༌། ཚོར་བ་བཏང་སྙོམས་ཁོ་ན་སྟེ། ཚོར་བ་དགའ་བདེ་ལས་འཆི་འཕོ་བ་མེད་པའི་ཕྱིར། དེ་དུས་ཀྱི་དག་པ་བ་འདི་ལ་ནི་བསམ་གཏན་དང་པོའི་དགེ་སེམས་སྦྱོར་བྱུང་གི་སྐབས་སུ་བཤད་པའི་དངོས་གཞི་དང་ཉེར་བསྡོགས་གང་གི་ཡང་མཚན་ཉིད་མ་ཚང་ལ། སྙོམས་འཇུག་ཅེས་ཀྱང་བྱ་སྟེ། མཉམ་པར་བཞག་པའི་སེམས་ཡིན་པའི་ཕྱིར། དེས་ན་འཆི་སེམས་ཉོན་མོངས་ཅན་ཡིན་པ་དེའི་ཚེ་ཡང་དེའི་དུས་ཀྱི་དག་པ་བ་དེ་རོ་མྱང་མཚུངས་ལྡན་དུ་སྐྱེ་བ་ནི་མ་ཡིན་ཏེ། རོ་མྱང་བ་ནི་དངོས་གཞིའི་རོ་མྱང་བ་ཁོ་ནར་ངེས་པའི་ཕྱིར། འོ་ན་ཚངས་རིས་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ། རྟེན་དེ་ལ་བསམ་གཏན་དང་པོའི་ཉེར་བསྡོགས་ཡོད་ན་ནི་འབྲས་བུ་སྐྱེ་བའི་བསམ་གཏན་དུ་མི་འགྱུར། མེད་ན་འཕེན་བྱེད་ཀྱི་ལས་གང་གིས་སོག ཅེ་ན། དེ་ནས་རང་ས་གོང་ས་འོག་སར་སྐྱེ་བ་གང་གི་ཚེ་ཡང༌། འཕེན་བྱེད་ཀྱི་ལས་ནི་ཕལ་ཆེར་ཚེ་རབས་གཞན་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱས་ནས་གཏང་བ་དེ་ཉིད་ཡིན་ལ། ཚེ་དེ་ཉིད་ལ་སྐྱེས་ནས་མྱོང་འགྱུར་གྱི་ལས་སོག་པ་གཅིག་སྲིད་པ་དེའི་ཚེ་དངོས་གཞིའི་གནས་སྐབས་ཁོ་ན་སྟེ། དེའི་དུས་ཀྱི་སེམས་བྱུང་སེམས་པས་དེ་དག་ཏུ་འཕེན་པའི་ཕྱིར་རོ། །ཡང་གལ་ཏེ། བསམ་གཏན་གྱི་རང་ས་ནས་རང་སར་སྐྱེ་བའི་ཚེ་བསམ་གཏན་གྱི་སྡོམ་པ་གཏོང་བ་མེད་མོད། གོང་འོག་ཏུ་སྐྱེ་བའི་ཚེ་ཇི་ལྟར་ཞེ་ན། བསམ་གཏན་བཞིར་བྱས་ཀྱི་ས་གོང་འོག་ཏུ་སྐྱེ་བས་སྡོམ་པ་གཏོང་བ་མེད་དེ། ཡོད་ན་དེ་འདྲ་དེ་སྐྱེས་ཐོབ་སྲིད་པར་ཐལ་བའི་ཕྱིར་རོ། །འདོད་པར་སྐྱེ་བའི་ཚེ་ནི་འཆི་འཕོ་བ་ཉིད་ཀྱིས་གཏོང་བ་ཡིན་ཏེ། བསམ་གཏན་གྱི་སེམས་སྐབས་དེར་རྒྱུན་ཆད་པའི་ཕྱིར། བསམ་གཏན་གཉིས་པ་ནས་དང་པོར་སྐྱེ་བའི་ཚེ་ན་དེ་རྒྱུན་མ་ཆད་པའི་ཕྱིར་མི་གཏོང་ལ། གཟུགས་མེད་དུ་སྐྱེ་བའི་ཚེ་ནི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་གཏོང་བར་ངེས་སོ། །ཡང་དག་པ་ལས་དེ་བཞིན་ཞེས་པ་ལ་འཕྲོས་ནས། དེའི་རྗེས་སུ་ཟག་མེད་ངེས་པར་སྐྱེའམ་ཞེ་ན། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི་དེ་ནི་གོ་རིམ་བཞིན། །ཉོན་མོངས་སྐྱེ་དང་རང་ས་དང༌། །གོང་དང་ཟག་མེད་རྗེས་མཐུན་པའི། །ཉམས་ཆ་མཐུན་སོགས་འཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཞེས་པ། བཞི་པོའི་ངོས་འཛིན། འཇུག་ཐོགས་སུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་ལ། ཞེས་སོགས་ཡིན་ལ། དེ་ལྟར་ན་དེ་དག་དངོས་སུའམ། རྒྱུད་ནས་སྐྱེ་བ་ལ་བྱེད། གཉིས་པ་ལྟར་ན་ཕན་ཚུན་འཆོལ་བས་ངོས་འཛིན་པར་མི་ནུས་ལ། དང་པོ་ལྟར་ན། ཆ་མཐུན་དང་པོ་གསུམ་གྱི་འཇུག་ཐོགས་སུ་ཆ་མཐུན་གཞན་འབྱུང་བར་བཤད་པ་དང་འགལ་ལོ། །ཞེ་ན། དང་པོ་ལྟར་ཁས་ལེན་དགོས་པ་ཡིན་ཏེ། དག་པ་བ་གཞིར་བྱས་ལ་རང་གི་རིགས་འདྲ་དང༌། རང་སའི་ཉོན་མོངས་པ་དང༌། གོང་ས་དང༌། ཟག་མེད་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལ་དེ་དང༌། དེར་འཇོག་པའི་ཕྱིར། དེ་ལས་དང་པོ་ནི་རྒྱུན་ཚེ་དང༌། གཉིས་པ་ནི་ས་མཚུངས་པའི་ཚེ་དང༌། གསུམ་པ་དང་བཞི་པ་ནི་སྙོམས་པར་འཇུག་པའི་ཚེའོ། །དེ་ལྟ་མོད་ཀྱི་ངེས་འབྱེད་ཆ་མཐུན་ལ་ནི་ཟག་མེད་ཀྱི་དངོས་རྒྱུས་མ་ཁྱབ་སྟེ། དྲོད་སོགས་དང་པོ་གསུམ་གྱི་ཟག་མེད་དངོས་སུ་མི་སྐྱེ་བའི་ཕྱིར། དེས་ན་འདི་ལྟར། ཉམས་པ་ཆ་མཐུན་ལས་ཉམས་པ་ཆ་མཐུན་འབྱུང་ཞེས་འཆད་པ་དེའི་ཚེ། སྤྱིར་ཉམས་པ་ཆ་མཐུན་དང༌། ཁྱད་པར་ཉོན་མོངས་ཅན་གྱི་ཤན་ཕྱེད་དགོས་ཏེ། དང་པོ་ནི་དགེ་བ་དང༌། ཕྱི་མ་ནི་ལུང་མ་བསྟན་དུ་ངེས་པའི་ཕྱིར། དེའི་ཚེ་དེ་ལས་དེ་འབྱུང་བ་སྒྲ་ཇི་བཞིན་པར་ཁས་བླངས་ན། ཉམས་པ་ཆ་མཐུན་གྱི་མཚན་གཞིར་བཟུང་བ་དེ་གནས་པ་ཆ་མཐུན་ཉིད་དུ་ཐལ་བར་འགྱུར་ཏེ། དག་པ་བ་གང་ཞིག རང་རིགས་ཀྱི་སྐྱེ་བ་དང་རྗེས་སུ་མཐུན་པའི་ཕྱིར། དེས་ན་འདིའི་གོ་བ་ནི། ཉོན་མོངས་ཅན་སྔ་མ་ལས་ཕྱི་མ་སྐྱེ་བའོ། །དེ་བཞིན་དུ་ཉམས་པ་ཆ་མཐུན་ལས་གནས་པ་ཆ་མཐུན་སྐྱེ་ཞེས་པ། ཡང་སྒྲ་ཇི་བཞིན་པར་ཁས་བླངས་ན་སྔ་མ་དེ་ཉིད་དུ་ཐལ་བར་འགྱུར་བ་ལས། དེའི་ཕྱིར་དེའི་གོ་བ་ཡང་ཉོན་མོངས་ཅན་ལས་དག་པ་བ་སྐྱེ་བའོ། །ཡང་གནས་པ་ཆ་མཐུན་གྱི་རྗེས་སུ་ཉམས་པ་ཆ་མཐུན་སྐྱེས་པ་ནི་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་དགོས་ཏེ། གཞན་དུ་ཉོན་མོངས་ཅན་ལ་བཤད་ན་དེ་ཉམས་པ་ཆ་མཐུན་དུ་ཐལ་བའི་ཕྱིར་རོ། །ཁྱད་པར་ཆ་མཐུན་གྱི་འཇུག་ཏུ་ཁྱད་པར་ཆ་མཐུན་ཉིད་སྐྱེ་བའི་གོ་བ། བསམ་གཏན་དང་པོ་ལས་དང་པོ་སྐྱེ་བ་ཉིད་ལ་བཤད་ན་ནི་གནས་པ་ཆ་མཐུན་དུ་སོང༌། དེ་ལྟར་མི་འཐད་པ་དེའི་ཕྱིར་དེ་དུས་ཀྱིས་དོན་ནི། བསམ་གཏན་དང་པོ་ནས་གཉིས་པར་འཇུག་དེ་ཁྱད་པར་ཆ་མཐུན་ལ། དེ་ནས་བསམ་གཏན་དང་པོར་ལྡང་བ་ལྟ་བུ་མ་ཡིན་པར། ཡང་བསམ་གཏན་གཉིས་པ་ཉིད་ལ་འཇུག་པའོ། །ཡང་ཁྱད་པར་ཆ་མཐུན་འབྱུང་བའི་གོ་དོན་ཀྱང་སྒྲ་ཇི་བཞིན་པར་ན་སྔ་མ་ལྟར་ཐལ་བ་ལས། དེའི་ཕྱིར་དང་པོ་ནས་གཉིས་པར་ཞུགས་པ་དེ་སླར་ཡང་དང་པོ་ཉིད་དུ་ལྡང་བའོ། །ཁྱད་པར་ཆ་མཐུན་ལས་ངེས་འབྱེད་ཆ་མཐུན་འབྱུང་བའི་གོ་བ་ཡང༌། སྒྲ་ཇི་བཞིན་པར་བཤད་ན་སྔ་མ་ལྟར་ཐལ་བ་ལས། དེའི་ཕྱིར་དང་པོ་ནས་གཉིས་པར་ཞུགས་པ་དེ་སླར་ཡང་དང་པོ་ཉིད་དུ་ལྡང་བའོ། །ཁྱད་པར་ཆ་མཐུན་ལས་ངེས་འབྱེད་ཆ་མཐུན་འབྱུང་བའི་གོ་བ་ཡང༌། སྒྲ་ཇི་བཞིན་པར་ན་གནས་པ་ཆ་མཐུན་ལས་མ་འདས་ཏེ། དེའི་མཚན་ཉིད་དུ་གཞག་པ་ཚང་བའི་ཕྱིར། དེས་ན་ཁྱད་པར་ཆ་མཐུན་ཞེས་པ་ནི། བསམ་གཏན་དང་པོ་ནས་སྙོམས་པར་ཞུགས་པའི་བསམ་གཏན་གཉིས་པ་ལྟ་བུ་ཡིན་ལ། དེ་ལས་ངེས་འབྱེད་ཆ་མཐུན་གྱི་འབྲས་བུ་ཟག་མེད་དངོས་དེ་སྐྱེ་བའོ། །འོ་ན་གསུམ་དང༌། ཞེས་གནས་པའི་འོག་ཏུ་ངེས་འབྱེད་ཆ་མཐུན་མི་སྐྱེ་བར་བཤད་པ་དེ་ཅི་ཞེ་ན། འདི་ཡང་གནས་པ་ལས་ཟག་མེད་དངོས་སུ་མི་སྐྱེ་བ་ལ་བསམས་པ་ཡིན་གྱི། ངེས་འབྱེད་ཆ་མཐུན་དངོས་མ་ཡིན་ཏེ། བསམ་གཏན་དང་པོའི་ནང་ཚན་དུ་གྱུར་པའི་དྲོད་རྩེ་ནི་བསམ་གཏན་དང་པོའི་རང་ས་དངོས་ཡིན་པའི་ཕྱིར། ཁྱད་པར་ཆ་མཐུན་གྱི་འཇུག་དུ་ཉམས་པ་ཆ་མཐུན་མི་སྐྱེ་ཞེས་པ་ནི། བསམ་གཏན་དང་པོའི་དངོས་འབྲས་སུ་རང་སའི་ཉོན་མོངས་སྐྱེ་བ་དང་གོང་ས་སྐྱེ་བ་འགལ་བའོ། །ངེས་འབྱེད་ཆ་མཐུན་ལས་དེ་ཉིད་གཅིག་པུ་སྐྱེ་བ་ནི་སྒྲ་ཇི་བཞིན་པ་སྟེ། དྲོད་ལས་རྩེ་མོ་དང༌། དེ་ལས་བཟོད་པ་སྐྱེ་བ་ལྟ་བུའོ། །འདི་ནི་གནས་པ་ཆ་མཐུན་དུ་ཡང་རུང་སྟེ། དངོས་གཞིའི་སྙོམས་འཇུག་དག་པ་བ་གང་ཞིག འཇུག་ཏུ་རང་ས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཕྱིར། ཆོས་མཆོག་ནི་ངེས་འབྱེད་ཆ་མཐུན་ཁོ་ན་ཡིན་གྱི། གཞན་གསུམ་པོ་གང་དུ་ཡང་མི་རུང་ལ། དང་པོ་གཉིས་ཡོངས་ཉམས་པས་ཀྱང༌། །ཞེས་བཤད་པ་ལྟར་ན། ངེས་འབྱེད་ཆ་མཐུན་ལས་ཀྱང་ཉམས་པ་ཆ་མཐུན་སྐྱེ་བ་སྲིད་པ་ཉིད་དུ་རུང་བར་ལྟའོ། །སྐབས་འདིའི་ངེས་འབྱེད་ཆ་མཐུན་ནི་གང་ཡིན་ལ། སྦྱོར་ལམ་གྱི་ངེས་འབྱེད་ཆ་མཐུན་གྱིས་ཁྱབ་པ་ནི་མ་ཡིན་ཏེ། འདིར་ནི་གཟུགས་མེད་དང་པོ་གསུམ་ལ་ངེས་འབྱེད་ཆ་མཐུན་ཚང་བའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར། སྲིད་པའི་རྩེ་མོ་ནི་རྣམ་པ་གསུམ་ཡིན་ཏེ། ཁྱད་པར་གྱི་ཆ་དང་མཐུན་པ་མ་གཏོགས་སོ། །ཞེས་སོ། །དེ་ལ་ནི་འདིས་ཁྱབ་པར་ཁས་བླངས་ན་ལེགས་པ་ཡིན་ཏེ། སྤྱིར་གསུང་རབ་ནས་བཤད་པའི་ངེས་འབྱེད་ཆ་མཐུན་དངོས་ནི་བཞི་པོ་དེ་ལ་འཆད་པའི་ཕྱིར། དེ་ལྟར་ན་ཡང་རྣམ་བཤད་མཛད་པ་སྔ་མ་དག་གིས་ནི་དྲོད་སོགས་དང་པོ་གསུམ་འདིར་བསྟན་གྱི་ངེས་འབྱེད་ཆ་མཐུན་མ་ཡིན་པར་འཆད་དགོས་སོ། །ཁྱད་པར་ཆ་མཐུན་གྱི་འཇུག་ཏུ་ངེས་འབྱེད་ཆ་མཐུན་མི་སྐྱེ་བར་བཤད་པ་དེ་ལ། གལ་ཏེ་ཁྱད་པར་ཆ་མཐུན་ལས་ཉམས་པ་སྲིད་དམ་མི་སྲིད། སྲིད་ན་དངོས་སུ་འགལ་ལ། མི་སྲིད་ན་ཁྱད་པར་ཆ་མཐུན་གྱི་རྗེས་སུ་གནས་པ་ཆ་མཐུན་འབྱུང་བར་བཤད་པ་དང་འགལ་ལོ། །ཞེ་ན། རང་གི་ལན་ནི་གོང་དུ་དེའི་གོ་བ་བཤད་ཟིན་པ་ཉིད་ཀྱིས་ཐེབས་ལ། གཞན་གྱི་འདོད་པ་ནི་ཁྱད་པར་ཆ་མཐུན་གྱི་རྗེས་སུ་གནས་པ་ཆ་མཐུན་འབྱུང་ཡང༌། དེ་སླར་ཁྱད་པར་ཆ་མཐུན་དུ་གསོ་ཐུབ་པས་ཞེས་ཟེར་མོད། རང་སའི་ཉོན་མོངས་ལ་ཉམས་པ་ཆ་མཐུན་གྱི་མིང་གིས་བཏགས་པར་བཤད་པ་ཉིད་ལེགས་སོ། །དེ་ལྟར་དག་པ་བ་ལས་ཟག་མེད་སྐྱེ་བ་དང༌། ཉོན་མོངས་ཅན་ལས་དེ་མི་སྐྱེ་བའི་ཚུལ་བཤད་པ་དེ་ཉིད་ཀྱིས་རྟོགས་མོད་ཟག་མེད་ཀྱི་འཇུག་ཐོགས་སུ་གང་ཞིག་འབྱུང་བར་མ་བཤད་དོ། །ཅེ་ན། དག་པ་བ་འབྱུང་བ་ནི་དེ་མ་ཐག་རྐྱེན་གྱི་སྐབས་སུ་བཤད་ཟིན་ཏེ། སྙོམས་འཇུག་ལས་ལྡང་བའི་ཚེ་ནའོ། །ཉོན་མོངས་ཅན་ནི་མི་འབྱུང་བར་འདིར་བཤད་པ་ཡིན་ཏེ། ཟག་མེད་ནི་སྲེད་བཅས་ཀྱི་མྱང་བྱ་མ་ཡིན་པར་བཤད་པའི་ཕྱིར། དག་པ་བའི་ནང་ནས་ཉམས་པ་ཆ་མཐུན་མི་འབྱུང་ཞེས་ཟེར་བ་དག་ཡོད་ཀྱང༌། ཟག་མེད་ཀྱི་དངོས་འབྲས་སུ་ས་དེའི་ཉོན་མོངས་མི་འབྱུང་བ་ལ་བསམས་པ་ཡིན་མོད། ཉམས་པ་ཆ་མཐུན་དང་ཉོན་མོངས་སྐྱེ་བའི་དུས་མི་གཅིག་པས་རྣམ་དབྱེ་ཕྱེ་དགོས་སོ། །འོ་ན་ཐོད་རྒལ་གྱི་སྙོམས་འཇུག་ཅེས་སམ། གོང་དུ་རིགས་མི་མཐུན་པ་གསུམ་པར་འགྲོ། ཞེས་བཤད་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་དངོས་གཞིའི་དབང་དུ་བྱས་པ་ཡིན་ལ། དེའི་སྔོན་དུ་སྦྱོར་བ་འདི་ལྟ་བུ་ཞིག་འགྲོ་དགོས་སོ། །ཞེས་འཆད་པ་ནི། དེ་ལས་བརྒྱད་ནི། བསམ་གཏན་བཞི་དང༌། གཟུགས་མེད་བཞིའོ། །རྣམ་པ་གཉིས་ནི། རེ་རེ་ལ་ཟག་བཅས་དང་ཟག་མེད་གཉིས་སུ་ཕྱེ་བ་སྟེ་སྲིད་རྩེ་མ་གཏོགས་སོ། །དེ་ལ་ཇི་ལྟར་འཇུག་པའི་ཚུལ་ནི་སྦྱོར་བ་དང་དངོས་གཞི་གཉིས། དང་པོ་ལ། རིང་བའི་སྦྱོར་བ་དང༌། ཉེ་བའི་སྦྱོར་བ་གཉིས་ལས། དང་པོ་ནི། འབྲེལ་དང༌། ཞེས་པ། ཟག་བཅས་བརྒྱད་དང་ཟག་མེད་བདུན་པོ་འབྲེལ་ཆགས་སུ་སྙོམས་པར་འཇུག་པ་སྟེ། ལུགས་མཐུན་དང་ལུགས་མི་མཐུན་དུའོ། །གཉིས་པ་ནི། གཅིག་བརྒལ་སོང༌། ཞེས་པ། ཟག་བཅས་བརྒྱད་པོ་གཞིར་བྱས་ལ་རེ་རེ་བརྒལ་ནས་དང༌། ཟག་མེད་གཞིར་བྱས་ལའང་རེ་རེ་བརྒལ་ནས་ལུགས་མཐུན་དུ་སོང་བའོ། །ཞིང༌། འོངས་ནས། ཞེས་པ། བདུན་བརྒྱད་གཉིས་ལ་ལུགས་མི་མཐུན་དུའང་རེ་རེ་བརྒལ་ནས་འོངས་པའོ། །དངོས་གཞི་ནི། རིགས་མི་མཐུན་པ་གསུམ་པར་འགྲོ། །ཞེས་པ་སྟེ། ཟག་བཅས་ཀྱི་བསམ་གཏན་དང་པོ་ནས་ཟག་མེད་ཀྱི་གསུམ་པར་འགྲོ་བ་སོགས་དང༌། ཟག་མེད་ཀྱི་བསམ་གཏན་དང་པོ་ནས་ཟག་བཅས་ཀྱི་གསུམ་པར་འགྲོ་བ་ལ་སོགས་པའོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་པ། མཚན་གཞི་ནི། དངོས་གཞི་དང་ཉེ་བའི་སྦྱོར་བ་གཉིས་ལ་བསམ་པའོ། །འདི་ལ་སྙོམས་པར་འཇུག་པའི་གང་ཟག་ནི། སྤྱིར་གླིང་གསུམ་གྱི་མི་དང༌། བྱེ་བྲག་ཏུ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ནས་སྙོམས་འཇུག་དགོས་ཏེ། འགྲེལ་པ་ལས། དེ་ཡང་གླིང་གསུམ་དུ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ནས་སྐྱེད་པར་བྱེད་དེ། ཉོན་མོངས་པ་མེད་པའི་ཕྱིར་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར། ཞེས་གསུངས་སོ། །དེས་ན་འདི་ལ་སྙོམས་པར་འཇུག་པ་ལ། ཉོན་མོངས་མེད་པ་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པ་གཉིས་དགོས་པ་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པ་ནི་དབང་རྟུལ་ལ་མི་སྲིད་པས་དབང་རྣོན་ཁོ་ན་ཡིན་པ་དང༌། དབང་རྣོན་མཐོང་ཐོབ་པ་ལྟ་བུ་ཡིན་ཀྱང་ཉོན་མོངས་མ་སྤངས་ན་འདི་ལ་འཇུག་མི་ནུས་པ་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པས་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་པར་མཚོན་ནོ། །འདིར་ཉོན་མོངས་སྤངས་པར་བཤད་པའི་གོ་བ་ནི། སྲིད་རྩེའི་ཉོན་མོངས་མ་སྤངས་ན་སྲིད་རྩེའི་སྙོམས་འཇུག་ཉམས་པ་ཆ་མཐུན་ཡོད་པར་འགྱུར་ལ། དེ་ལྟ་ན་སྲིད་རྩེ་ནས་ཟག་མེད་གསུམ་པ་ལ་འཇུག་མི་ནུས་ཏེ། ཉམས་པ་ཆ་མཐུན་གྱི་འཇུག་ཐོགས་སུ་ཟག་མེད་མི་འབྱུང་བའི་ཕྱིར་སྙམ་དུ་བསམ་པའོ། །དངོས་གཞིའི་སྐབས་འདིར། འགྲེལ་པའི་དངོས་བསྟན་དུ་སྲིད་རྩེ་ལ་སྙོམས་པར་འཇུག་པ་མ་བཤད་ལ། རྣམ་བཤད་མཛད་པ་དག་གིས་ཀྱང་སྲིད་རྩེ་ལ་སྙོམས་པར་འཇུག་པའི་བཤད་པ་གཏན་མི་མཛད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ལུང་གི་དོན་མ་ཡིན་པ་དང༌། རིགས་པས་མི་འཐད་པའོ། །དང་པོ་ནི། རྩ་བར་ས་བརྒྱད། ཅེས་བཤད་པ་དང༌། འགྲེལ་པར་དེ་བཞིན་དུ་ལུགས་དང་མི་མཐུན་པར་ཡང་སྙོམས་པར་འཇུག་པ་དེའི་ཚེ། རིགས་མི་མཐུན་པའི་རྫས་གསུམ་པར་འགྲོ་བའི་ཕྱིར་མངོན་པར་གྲུབ་པ་ཡིན་ནོ། །ཞེས་པ་ཙམ་ཞིག་བཤད་ལ། དེའི་ཚེ་ལུགས་མི་མཐུན་གྱི་འགོ་སྲིད་རྩེ་ནས་འཛིན་དགོས་ཏེ། ས་བརྒྱད་ཀྱི་རྩེ་མོ་ཡིན་པའི་ཕྱིར། འོ་ན་འགྲེལ་པར། ཟག་པ་མེད་པའི་ཅི་ཡང་མེད་ལ་སྙོམས་པར་འཇུག་ཅིང༌། དེ་ནས་ལུགས་མི་མཐུན་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཟག་མེད་ཀྱི་ཕ་མཐའ་བཟུང་བ་ཡིན་པའི་ཕྱིར་མི་གནོད་དོ། །འོ་ན་ཅི་ཡང་མེད་ནས་སྲིད་རྩེར་འཇུག་པ་དེ་ཐོད་རྒལ་དུ་ཁས་ལེན་དགོས་ལ། དེ་ལྟར་ན་རིགས་མི་མཐུན་པ་གསུམ་པར་འགྲོ་བའི་དོན་མ་ཚངས་སོ། །ཞེ་ན། དེའི་ལན་ལ། རང་ལ་མི་གནོད་པ་དང༌། གཞན་ལ་ཉེས་པ་དེ་མཚུངས་པའོ། །དང་པོ་ནི། ཅི་ཡང་མེད་ཟག་མེད་ཀྱི་ཡར་སོང་གི་མཐའ་རྫོགས་ནས། སྲིད་རྩེ་ལ་འཇུག་པ་ནི་མར་འོང་གི་ཐོག་མ་ཡིན་པའི་ཕྱིར། འོ་ན་གཉིས་པ་ནི། ཁྱེད་རང་ལྟར་ན། མར་འོང་གི་ཐོག་མ་ཅི་ཡང་མེད་ཟག་མེད་ནས་སམ། དེ་ཟག་བཅས་ནས་འཛིན། དང་པོ་ལྟར་ན། ཡར་སོང་གི་ཐ་མ་དེ་ཉིད་དེར་འདོད་དམ། ཅི་ཡང་མེད་ཀྱི་ཟག་མེད་གཉིས་པ་ཞིག་ལ་ཞུགས་ནས་དེ་དེར་འདོད། དང་པོ་ལྟར་ན། མར་འོང་གི་གནས་སུ་མི་རིགས་ཏེ། ཡར་སོང་གི་གནས་ཀྱི་རྩེ་མོ་ཡིན་པའི་ཕྱིར། དེའི་ཁྱབ་འབྲེལ་ཡང༌། མར་འོང་ངོ་སྙམ་པའི་བསམ་པ་དེ་ནི་ཡར་སོང་དང་མར་འོང་གི་ས་མཚམས་ཡིན་ལ། ས་མཚམས་དེ་ནས་ནི། ཁྱེད་ལྟར་ན་ཟག་བཅས་ཀྱི་ནམ་མཁར་འོངས་པས་མར་འོང་གི་ཐོག་མ་ནི་ནམ་མཁའ་ནས་བཟུང་བར་སོང་བའི་ཕྱིར། བརྟག་པ་གཉིས་པ་གཉིས་པོ་གང་ལྟར་ཡང༌། ཟག་མེད་ཅི་ཡང་མེད་ནས། ཟག་མེད་ཀྱི་ཅི་ཡང་མེད་དམ། ཟག་བཅས་ཀྱི་ཅི་ཡང་མེད་གང་རུང་དུ་འཇུག་དགོས་པས་དེ་འདྲ་དེ་ཡང་ཐོད་རྒལ་གྱི་སྙོམས་འཇུག་ཏུ་ཐལ་བར་འགྱུར་རོ། །གཉིས་པ་རིགས་པས་གྲུབ་པ་ནི། སྦྱོར་བའི་དུས་སུ་སྲིད་ལ་སྙོམས་པར་འཇུག་པ་ནི་མེད་མི་རུང་གི་ཡན་ལག་ཡིན་པའི་ཕྱིར། དངོས་གཞིའི་དུས་སུ་དེ་ལ་འཇུག་པར་གྲུབ་བོ། །དེ་ཁོ་ནར་མ་ཟད། ཤེས་བྱེད་ཀྱི་གཙོ་བོ་ནི། འཇུག་པ་པོ་ལ་སྲིད་རྩེའི་ཉོན་མོངས་མེད་དགོས་པར་བཤད་པ་ཉིད་ཀྱིས་གྲུབ་པ་ཡིན་ཏེ། ཁྱེད་ལྟར་ན། ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་པ་སྤངས་པ་ཉིད་ཀྱིས་ཆོག་པའི་ཕྱིར། དེས་ན་ཐོད་རྒལ་གྱི་སྙོམས་འཇུག་འདིས་ནི་ས་བརྒྱད་ཀའི་སྙོམས་འཇུག་ཉོན་མོངས་ཅན་སྤངས་པར་གྲུབ་བོ། །དེ་ནས་བསམ་གཏན་དང་གཟུགས་མེད་འདི་དག་ལུས་རྟེན་གང་ལ་བརྟེན་ཞེ་ན། བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན་འོག་དགོས་མེད། །སྲིད་རྩེར་འཕགས་པས་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་པ། རང་སའི་རྟེན་ཅན་ནི་འབྲས་བུ་སྐྱེ་བས་ཐོབ་པ་དག་གི་དབང་དུ་བྱས་ལ། འོག་སའི་རྟེན་ཅན་ནི་རྒྱུའི་སྙོམས་འཇུག་གི་དབང་དུ་བྱས་པའོ། །དེ་ཡང་འོག་སའི་རྟེན་ཁོ་ན་ལ་ཡོད་པ་ནི་རྣམ་སྨིན་གྱི་རྒྱུ་དང༌། སྒྲིབ་ལ་ལུང་དུ་མ་བསྟན་པ་གཉིས་ཡིན་ལ། རང་སའི་རྟེན་ཁོ་ན་ལ་ཡོད་པ་ནི། དགེ་བ་སྐྱེས་ཐོབ་དང༌། རྣམ་སྨིན་སྐྱེས་དང༌། སྤྱོད་ལམ་པ་དང༌། སྤྲུལ་སེམས་པ་རྣམས་ཁོ་ནའོ། །གཉིས་ཀ་ལ་ཡོད་པ་ནི་ཟག་མེད་དོ། །སྙོམས་འཇུག་རྒྱུད་ལ་སྐྱེས་པའི་དགོས་པ་ནི། གསུམ་སྟེ། རྣམ་སྨིན་གྱི་ཕྱིར་དང༌། སྤང་བྱ་སྤོང་བའི་ཕྱིར་དང༌། ཡོན་ཏན་གཞན་མངོན་པར་སྒྲུབ་པའི་ཕྱིར་དང༌། མཐོང་ཆོས་ལ་བདེ་བར་གནས་པའི་ཕྱིར་དུ་ཡང་ཡིན་ལ། གོང་སའི་རྟེན་ལ་ནི་དགོས་པ་དེ་དག་སྒྲུབ་པའི་ཕྱིར་དུ། ས་འོག་མའི་སྙོམས་འཇུག་དང་དུ་ལེན་པ་མེད་དོ། །དེར་ངེས་སམ། ཞེ་ན། སྲིད་རྩེའི་རྟེན་ཅན་གྱི་ཕྱིར་མི་འོང་དགྲ་བཅོམ་པ་མངོན་དུ་བྱེད་པའི་ཚེ། ཅི་ཡང་མེད་ཀྱི་སེམས་ཟག་མེད་མངོན་དུ་བྱས་ནས་སྲིད་རྩེ་ལ་ཆགས་པ་དང་བྲལ་བར་བྱེད་ཅེས་པའོ། །འདིར་དེ་མངོན་དུ་བྱས་པའི་ཚེ་ཟག་མེད་ས་བརྒྱད་ཀའི་འཕགས་ལམ་ཐོབ་པ་ཡིན་ཏེ། ཇི་སྐད་དུ། ཐོབ་པ་དེར་ཡང་འོག་མའང་འཐོབ། །ཅེས་བཤད་པས་སོ། །སྤྱིར་གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་ཟག་མེད་ནི་མཐའ་དག་ལྡན་ཡིན་ཏེ། བསམ་གཏན་དང་པོའི་རྟེན་ཅན་གྱི་འཕགས་པ་ས་གོང་མར་སྐྱེས་པའི་ཚེ། བསམ་གཏན་དང་པོའི་ཟག་མེད་ཀྱི་གཏོང་རྒྱུ་མ་བྱུང་བའི་ཕྱིར། དེའི་ཚེ་བསམ་གཏན་དང་པོའི་སློབ་པ་དང༌། དེའི་ས་པའི་འཕགས་པ་ཡང་ས་གོང་མའི་རྟེན་ལ་ཡོད་པར་ཁས་ལེན་དགོས་ཏེ། དེའི་ཐོབ་པ་དེ་དང་དེར་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་ན་ཡང༌། འོག་དགོས་མེད། ཅེས་པ་དང་མི་འགལ་ཏེ། དེའི་དོན་ནི། གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་ཟག་མེད་དང༌། དག་པ་བ་སྔར་བཤད་མ་ཐག་པའི་དགོས་པ་དེ་དག་གི་ཕྱིར་དུ་མངོན་སུམ་དུ་མི་བྱེད་ཅེས་པའི་དོན་ལ། འདི་ནི་བྱེད་པ་ལ་མ་ལྟོས་པར་རང་གིས་བྱུང་བའི་ཕྱིར། གོང་སའི་རྟེན་ལ་འོག་སའི་མ་སྒྲིབ་ལུང་མ་བསྟན་མངོན་དུ་བྱེད་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། དེའི་རྟེན་ལས་འོག་མའི་སྤྲུལ་པ་སྤྲུལ་པ་ནས་དེའི་སྤྲུལ་སེམས་མངོན་དུ་བྱེད་དགོས་པའི་ཕྱིར། ཡང་བསམ་གཏན་གཉིས་པ་སོགས་ཀྱི་རྟེན་ལ་བསམ་གཏན་དང་པོའི་རྟོག་དཔྱོད་མངོན་དུ་བྱེད་དགོས་པ་དེའི་ཚེ་ཡང༌། བསམ་གཏན་དང་པོའི་ས་ན་ཡོད་པ་ནི་དགེ་བ་ཡིན་ལ། ས་གོང་མར་མངོན་དུ་བྱས་པ་དེའི་ཚེ་དགེ་བའི་ཆ་ནས་མངོན་དུ་མ་བྱས་པའི་ཕྱིར་ལུང་མ་བསྟན་ནོ། །འོ་ན་སྙོམས་འཇུག་འདི་དག་གི་དམིགས་པ་གང་ཞེ་ན། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །གཟུགས་མེད་དགོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་པ་རང་གི་སྲིད་པ་ནི་ས་དེས་བསྡུས་པའི་ཟག་བཅས་ཀྱི་དངོས་པོ་ཀུན་ལ་འཆད་པ་ཡིན་ལ། དེས་དེ་ལ་དམིགས་པའི་དོན་ཀྱང༌། སྤྱིར་དམིགས་ཡུལ་དུ་བྱས་པ་ཙམ་མ་ཡིན་གྱི་དེས་དེ་ལ་དམིགས་ནས་དོན་དུ་གཉེར་ཞིང༌། སྲེད་པས་རོ་མྱང་བར་བྱེད་པའོ། །དེའི་ཕྱིར་ས་འོག་མ་ལ་མི་དམིགས་ཏེ། དེ་ལ་སྲེད་པ་བཅད་ཟིན་པའི་ཕྱིར། གོང་ས་ལ་མི་དམིགས་ཏེ། སྲེད་པས་སོ་སོར་མཚམས་བཅད་པའི་ཕྱིར། དེ་ལྟར་བཤད་པ་ན་ཚངས་རིས་ཀྱི་སྲེད་པས་ཚངས་ཆེན་གྱི་ཕུང་པོ་ལ་སྲེད་པར་མི་བྱེད་དམ་ཞེ་ན། དེ་དག་ནི་ས་གཅིག་པའི་ཕྱིར་སྲེད་པར་བྱེད་དོ། །སྲེད་པ་ཞེས་པའི་ནུས་པས་རང་སའི་ཟག་མེད་ལའང་དམིགས་པ་ཡིན་ཏེ། ཟག་མེད་དོན་དུ་གཉེར་ན་དགེ་བ་ཉིད་དུ་ཐལ་བར་འགྱུར་རོ། །སྤྱིར་དགེ་བ་ལ་དམིགས་ཤིང་སྲེད་པ་ཙམ་གྱིས་ནི་དགེ་བར་མི་འགྲུབ་པའི་ཁྱད་པར་ནི། ཟག་པ་རྒྱས་སུ་རུང་མི་རུང་ལ་ཐུག་གོ །བསམ་གཏན་དགེ་བ་ཞེས་པ་ནི་དག་པ་བ་དང་ཟག་མེད་ཡིན་ལ། དེའི་དམིགས་ཡུལ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དོ། །སྲེད་པ་དང་མི་འདྲ་བའི་ཁྱད་པར་ནི། དེས་བདག་གིར་བྱེད་ལ། འདིས་དམིགས་པ་ཙམ་ཡིན་པའོ། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱིས་ས་འོག་མའི་ཟག་བཅས་ལ་དམིགས་པ་མ་ཡིན་ཏེ། ཞེས་པའི་ཤུགས་ཀྱིས་གོང་མ་ལ་དམིགས་པ་ཞིག་ཡོད་པར་གྲུབ་ལ། དེ་ནི་ཅི་ཡང་མེད་ཀྱི་སེམས་ཟག་མེད་ཀྱིས་སྲེད་ལ་དམིགས་པའི་དབང་དུ་བྱས་ཀྱི། གཞན་ནི་ཡོད་པ་མ་ཡིན་ནོ། །ཟག་བཅས་མིན། ཞེས་པས། ཤུགས་ལ་འོག་སའི་ཟག་མེད་ལ་དམིགས་པ་ཞིག་ཡོད་པར་བསྟན་ལ། དེ་ནི། ཇི་སྐད་དུ། ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་བཤད་པ་དེ་ཉིད་དོ། །དེ་ལྟ་ན་ཡང་ས་འོག་མའི་ཆོས་ཤེས་དང་འགོག་པ་ལ་དམིགས་པ་མི་སྲིད་དོ། །དངོས་གཞི་ཞེས་པའི་ཚིག་གིས་ཉེར་བསྡོགས་རྣམས་ཀྱིས་འོག་ས་ལ་དམིགས་པར་གྲུབ་པ་ཡིན་ནོ། །བར་ཆད་མེད་ལམ་གྱིས་འོག་ས་ལ་དམིགས་པའི་ཕྱིར། དེ་ནས། ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ༌། །ཞེས་པ། བསམ་གཏན་གཟུགས་མེད་ཀྱི་སེམས་གསུམ་ལས། དངོས་གཞིའི་དབང་དུ་བྱས་པའི་དག་པ་བ་དང་ཉོན་མོངས་ཅན་གཉིས་ཀྱིས་ནི། ས་གོང་འོག་བར་གསུམ་ལ་ཆགས་བྲལ་མི་བྱེད་དེ། འོག་ས་ལས་བྲལ་ཟིན་པའི་ཕྱིར་དང༌། གོང་ས་ལས་དམན་པའི་ཕྱིར། དེ་ཉིད་དེའི་གཉེན་པོ་མ་ཡིན་པའི་ཕྱིར། ཟག་པ་མེད་པས་ནི་རང་ས་དང་གོང་སའི་ཉོན་མོངས་པའོ། །གལ་ཏེ་དངོས་གཞིའི་དག་པ་པས་ཉོན་མོངས་མི་སྤོང་ན། ཉེར་བསྡོགས་ཀྱི་དག་པ་པས་ཀྱང་མི་སྤོང་ངམ། ཞེ་ན། ཉེར་བསྡོགས་དག་པས་ཀྱང༌། ཞེས་སོ། །དྲུག་པ་ཉེར་བསྡོགས་བཤད་པ་ནི། དེ་དག་ལ་ནི་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པའང་ཁ་ཅིག་གསུམ། །ཞེས་པ། བརྒྱད་པོ་ཐམས་ཅད་ལ་ཉེར་བསྡོགས་མངོན་དུ་མ་བྱས་པར་དངོས་གཞི་ལ་འཇུག་པ་མི་སྲིད་པར་བསྟན་པ་དང༌། སྤྱིར་བཏང་དུ་དག་པ་བ་ཡིན་གྱི། ཉོན་མོངས་ཅན་མ་ཡིན་ཏེ། འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར། ཚོར་བ་ཡང་བཏང་སྙོམས་པ་ཅན་ཁོ་ན་ཡིན་གྱི། དགའ་བདེ་ཅན་མ་ཡིན་ཏེ། འབད་དེ་དྲང་དགོས་པའི་ཕྱིར་དང༌། ས་འོག་མ་ལ་ཡིད་འབྱུང་བ་དང་མ་བྲལ་བའི་ཕྱིར། ཤུགས་ལ། དགའ་བདེ་ཅན་ཡིན་ན་འབད་དེ་དྲངས་མི་དགོས་པ་དང༌། ས་འོག་མའི་ཡིད་འབྱུང་དང་བྲལ་བ་ཁོ་ན་ལ་འབྱུང་བའི་ཕྱིར། དང་པོ་འཕགས་པའང༌། ཞེས་པ། འགྲེལ་པར། ཉེར་བསྡོགས་ཀྱི་དང་པོ་ནི་མི་ལྕོགས་པ་མེད་པ་སྟེ་དེ་ནི་དག་པ་བ་ཡང་ཡིན་ལ། ཟག་པ་མེད་པ་ཡང་ཡིན་ནོ། །ཉེར་བསྡོགས་ཀྱི་སེམས་ཀྱི་ཉིང་མཚམས་སྦྱོར་བ་ཉོན་མོངས་པ་ཅན་ཡིན་མོད་ཀྱི། མཉམ་པར་གཞག་པ་ལ་ནི་ཉོན་མོངས་ཅན་ཉིད་དགག་གོ །ཅེས་གསུངས། དེའི་དོན་དང་པོའི་ཉེར་བསྡོགས་ཀྱི་མིང་ནི་མི་ལྕོགས་པ་མེད་པར་ཞེས་བྱ། དེ་ལ་དག་པ་བ་དང་ཟག་མེད། གཉིས་ཡོད་པ་ཡིན་གྱི། ཉོན་མོངས་ཅན་ནི་མི་སྲིད་དེ། མཉམ་པར་བཞག་པ་ཡིན་པའི་ཕྱིར། འོ་ན་བསམ་གཏན་དང་པོར་ཉིང་མཚམས་སྦྱོར་བའི་སེམས་དེ། བསམ་གཏན་དང་པོའི་སས་བསྡུས་པའི་སེམས་ནི་ཡིན། དངོས་གཞི་ནི་མ་ཡིན་པའི་ཕྱིར་ཉེར་བསྡོགས་ལས་འོས་མེད་དོ་ཅེ་ན། ཉེར་བསྡོགས་ཀྱི་མིང་ཅན་ནི་གཉིས་ཏེ། མཉམ་པར་བཞག་པ་དང༌། མ་བཞག་པའོ། །དང་པོ་ནི། རྒྱུའི་སྙོམས་འཇུག་དག་གི་ཐོག་མ་དག་ཏུ་ངེས་པར་འགྲོ་དགོས་པ་ཡིན་ལ། གཉིས་པ་ནི། འབྲས་བུ་སྐྱེ་བའི་ས་བརྒྱད་པོ་དག་ཏུ་ཉིང་མཚམས་སྦྱོར་སེམས་ཉོན་མོངས་ཅན་ཞེས་འཆད་པ་དེའོ། །འདིས་རྒྱུ་སྙོམས་འཇུག་གི་དངོས་གཞིའི་ཟླས་ཕྱེ་བའི་ཉེར་བསྡོགས་ཀྱི་གོ་མི་ཆོད་ཀྱང༌། འབྲས་བུ་སྐྱེ་བའི་ཉེར་བསྡོགས་ཀྱི་གོ་ཆོད་པའོ། །ས་དེར་ནི་དངོས་གཞི་ཡང་ཉོན་མོངས་ཅན་དུ་སྐྱེ་བ་མང་སྟེ། སྐྱེས་ཐོབ་ཀྱི་དག་པ་བ་མཉམ་པར་མ་བཞག་པ་དག་ཕལ་ཆེ་བའི་ཕྱིར་རོ། །འདིས་མཚོན་ནས་གོང་ས་ནས་འཆི་འཕོ་བའི་ཚེ་ཉོན་མོངས་པ་ཅན་ཡང་ཉེར་བསྡོགས་ཀྱི་རྫས་སོ། །དེར་མ་ཟད་དེ་དུས་ཀྱི་དག་པ་བའང་ཉེར་བསྡོགས་ཏེ་དངོས་གཞིའི་ཡན་ལག་རྣམས་ནི་རོ་མྱང་མཚུངས་ལྡན་གྱིས་ས་བོན་རུལ་པ་བཞིན་དུ་བྱས་པའི་ཕྱིར། དེར་ལྟ་ནའང་དུས་དེར་དངོས་གཞི་བཏང་བ་ཞེས་ནི་མི་བྱ་སྟེ། རྒྱུ་འབྲས་ཀྱི་གནས་སྐབས་གང་དུ་ཡང་ཉེར་བསྡོགས་དག་དངོས་གཞིའི་རྒྱུར་མི་འཆད་པའི་ཕྱིར། དེས་ན་དངོས་གཞི་ཉམས་པའི་ཚུལ་ནི་གཉིས་ཏེ། འོག་སའི་ཉོན་མོངས་ཀྱིས་དང༌། རང་སའི་ཉོན་མོངས་ཀྱིས་ཉམས་པའོ། །དང་པོས་གཏོང་བར་བྱེད་ཀྱང༌། གཉིས་པས་མ་ཡིན་ལ། ཉམས་པ་ཆ་མཐུན་ཞེས་པ་ནི་ཕྱི་མ་དེ་ལ་བསམས་པའོ། །འདིར་འགྲེལ་བཤད་མཛད་པས་བསམ་གཏན་དང་གཟུགས་མེད་བརྒྱད་ཆར་གྱི་ཉེར་བསྡོགས་ཉོན་མོངས་པ་ཅན་མཉམ་པར་བཞག་པ་མ་ཡིན་པས་ཉིང་མཚམས་སྦྱོར་རོ། །ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཞེས་བཤད། ཉེར་བསྡོགས་འདི་ཁོ་ན་ལ་ཟག་མེད་ཡོད་པའི་རྒྱུ་མཚན་འདིའི་རྩ་འགྲེལ་དུ་གསལ་བར་མ་བཤད་ཀྱང༌། མངོན་པ་གོང་མ་བ་དག་འཆད་པ་དེ་ཉིད་དོན་ལ་གནས་མོད། བྱེ་བྲག་ཏུ་སྨྲ་བ་དག་གི་བཤད་པ་ནི། འདི་ཤེས་པ་གསལ་བས་ཟག་མེད་ཀྱང་སྲིད། ཅེས་ཟེར་ལ། དེའི་ནང་ཚན་གཞན་ནི། ཤེས་པ་གསལ་བས་ཟག་མེད་སྲིད་པ་དེ་བཞིན་དུ་ཉོན་མོངས་ཅན་ཡང་སྲིད་དོ། །ཞེས་ཟེར་ལ། སློབ་དཔོན་འདུས་བཟང་ནི། དངོས་གཞི་ལ་རྙོག་པའི་ཕྱིར་ཉོན་མོངས་ཅན་ཡོད་དོ། །ཞེས་གསུངས་པར་གྲགས་མོད། སྐྱེས་ཐོབ་ཀྱི་ཉེར་བསྡོགས་དེས་ཉེར་བསྡོགས་ཀྱི་གོ་ཆོད་ན་ནི་གསུམ་ཀ་འདིར་སྲིད་ལ། གོང་མ་རྣམས་ལ་གཉིས་གཉིས་སྲིད་པར་ཁས་བླངས་སོ། །དེ་ལྟ་ན་ཡང་མི་ལྕོགས་མེད་ལ་གསུམ་དུ་འབྱེད་པ་ནི་ལུགས་གང་ལས་ཀྱང་འབྱུང་བ་མེད་དོ། །དེས་ནས་རྟོག་མེད་བསམ་གཏན་ཁྱད་པར་ཅན། །རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན། །ཞེས་པ། འདི་ཉེར་བསྡོགས་ཀྱི་སྐབས་སུ་བཤད་པ་ནི། འདི་དང་ཉེར་བསྡོགས་ཀྱི་ཁྱད་པར་དབྱེ་བའི་དོན་དུའོ། །དབྱེ་དགོས་པའི་རྒྱུ་མཚན་ཡང༌། ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་འཕྲོ་དེ་ཉིད་ནས་རྟོག་པ་ལ་ཆགས་བྲལ་བྱེད་པ་ཡིན་ནམ་སྙམ་པ་དང༌། དེ་ལྟར་བྱས་པ་ན་བསམ་གཏན་དང་པོའི་དངོས་གཞི་མཐའ་དག་རྟོག་མེད་ཡིན་ནམ་སྙམ་པའི་དོགས་པ་ཡོད་པས་སོ། །འདི་ནི་ཡན་ལག་གཉིས་ལྡན་ཏེ། །དཔྱོད་པ་དང༌། བཏང་སྙོམས་སོ། །བཏང་སྙོམས་ཁོ་ན་དང་ལྡན་ལ། དགའ་བ་དང་མི་ལྡན་པའི་ཤེས་བྱེད་ནི། འབད་ནས་དྲང་དགོས་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ལམ་དཀའ་བ་ཡང་ཡིན་ནོ། །དེའི་ཕྱིར་འདི་ནི་བསམ་གཏན་དང་པོའི་ནང་ཚན་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས་ན་ཁྱད་པར་ཅན་ཞེས་བྱའོ། །དེ་ལྟར་ན་ལམ་དཀའ་བར་འགལ་ལོ། །ཞེ་ན། དཀའ་ཡང་ཁྱད་པར་དུ་འཕགས་པར་མི་འགལ་ཏེ། ཟག་མེད་མི་ལྕོགས་པ་མེད་པ་བཞིན་ནོ། །དེའི་རྣམ་སྨིན་ནི་རྩ་འགྲེལ་གྱི་དངོས་གཏན་ལ་ཚངས་པ་ཆེན་པོ་ཞེས་བཤད་པས་གཙོ་བོ་གཅིག་པུ་དེ་ཡིན་པར་མངོན་ལ། དེ་ཉིད་ལེགས་པ་ཡིན་ཏེ། འཁོར་རྣམས་ལ་ནི་དང་པོའི་དངོས་གཞི་ཙམ་པོ་རབ་ཏུ་བསྒོམས་པའི་འབྲས་བུ་བཤད་པ་དང་འགྲིག་པའི་ཕྱིར། སྐབས་འདིར་བསམ་གཏན་ཁྱད་པར་ཅན་ཉེར་བསྡོགས་ལ་འཕྲོས། རྟོག་མེད་དཔྱོད་ཙམ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི་བསམ་གཏན་ཁྱད་པར་ཅན་ལ་འཕྲོས། དེར་ཏིང་ངེ་འཛིན་གསུམ་ཚན་གཅིག་བཤད་པ་ལ་འཕྲོས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སོགས་གསུམ་ཚན་གཉིས་བཤད། གསུམ་ཚན་ལ་འཕྲོས་ནས་དེའི་འོག་ཏུ་གཞི་ཚན་གཉིས་བཤད་པ་ཡིན་ནོ། །དེ་དག་ནི། ཇི་སྐད་དུ། མན་ཆད་རྟོག་དཔྱོད་བཅས་པ་ཡི། །ཏིང་འཛིན་ཡན་ཆད་གཉིས་ཀ་མེད། །མཚན་མེད་ཞི་བའི་རྣམ་པ་དང༌། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང༌། །དག་དང་དྲི་མ་མེད་དེ་དག །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ། །གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པ་ལ་དམིགས་པ་ཡིན། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །ཟག་བཅས་མི་ནང་མི་གཡོ་ལ། །ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །ཞེས་པ། སྐབས་དེར་ཏིང་ངེ་འཛིན་གསུམ་ཚན་དང་པོ་གཉིས་ལ་ཟག་བཅས་དང་ཟག་མེད་གཉིས་སུ་ཕྱེ་ནས། གསུམ་ཚན་གཉིས་པའི་ཟག་མེད་ཀྱི་ཆ་ལ་རྣམ་པར་ཐར་པའི་སྒོ་ཞེས་བྱ་ལ། དེ་ཡང་ཟག་བཅས་ནི་ངེས་འབྱེད་ཆ་མཐུན་དང༌། སྒོམ་ལམ་རྗེས་ཐོབ་ཀྱིས་བསྡུས་པ་དག་ཡིན་ལ། ཟག་མེད་ནི་མཐོང་སྒོམ་མཉམ་གཞག་གིས་བསྡུས་པ་རྣམས་སོ། །མི་སློབ་པ་ལའང་ཏིང་ངེ་འཛིན་གསུམ་ཡོད་ཀྱང་སྒོ་ཞེས་མི་བྱ་སྟེ། ཐར་པའི་ཁང་བཟང་དུ་འཇུག་པས་ན་སྒོ་ཞེས་བྱ་ལ། མི་སློབ་པ་ནི་དེར་ཞུགས་ཟིན་པའི་ཕྱིར། ཐེག་པ་ཆེན་པོ་ལས་ལམ་བདེན་གྱི་རྣམ་པ་བཞི་མཚན་མེད་ཀྱི་རྣམ་པར་བཤད་ཀྱང༌། འདིར་སྨོན་མེད་ཀྱི་རྣམ་པར་འཆད་པའི་ཤེས་བྱེད་ནི། ལམ་ཡང་གཟིངས་ལྟར་དོར་བྱ་ཡིན་པའི་ཕྱིར། ཞེས་འཆད་དོ། །ཏིང་ངེ་འཛིན་གསུམ་ཚན་གསུམ་པའི་སྐབས་སུ། དམིགས་པ་ནི་མི་སློབ་པའི་རྒྱུད་ཀྱི་ཏིང་ངེ་འཛིན་གསུམ་པ་ལ་དམིགས་ནས། དེ་དག་ལ་ལྡང་བའི་སྒོ་ནས་སུན་འབྱིན་པའི་རྣམ་པ་ཅན་ནོ། དགོས་པ་ནི། མི་སློབ་པའི་ཏིང་ངེ་འཛིན་གསུམ་པོ་དེ་ལ། བདག་ཏུ་འཛིན་པ་དང༌། སྲེད་པ་དང༌། མངོན་པར་དགའ་བ་སྤངས་པའི་ཕྱིར་དུའོ། །རྣམ་པ་ནི། དང་པོས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྟོང་པའི་རྣམ་པར་ལྟ། གཉིས་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མི་རྟག་པའི་རྣམ་པར་ལྟ། གསུམ་པས་ནི་མཚན་མ་མེད་པ་ལ་ཞི་བའི་རྣམ་པར་ལྟ་བའོ། །འདི་དག་ནི་ཟག་བཅས་ཁོ་ན་སྟེ། འཕགས་ལམ་ལ་སྡང་བའི་རྣམ་པ་ཅན་ཡིན་པའི་ཕྱིར། འདི་དག་ལ་རྣམ་པར་ཐར་པ་སུན་འབྱིན་པའི་ཏིང་ངེ་འཛིན་ཞེས་ཀྱང་གྲག་གོ །འདི་སློབ་པ་ལ་མེད་དེ། བྱ་བ་ལྷག་མ་དང་བཅས་པས་མི་སློབ་པའི་ཏིང་ངེ་འཛིན་ལ་མི་སྡང་བའི་ཕྱིར། དགྲ་བཅོམ་དུས་སྦྱོར་བ་ལའང་མེད་དེ། དེ་དག་ནི་ཉམས་པ་ལ་སོགས་པའི་འཇིགས་པ་དང༌། དབང་པོ་འཕོ་བའི་སྤྲོ་བ་དང་བཅས་ཀྱི། འཕགས་ལམ་སུན་མི་འབྱིན་པའི་ཕྱིར། དེས་ན་མི་གཡོ་བའི་ཆོས་ཅན་ཁོ་ནའོ། །ས་ནི་འདོད་པ་དང་བཅས་པའི་ས་བཅུ་གཅིག་ན་ཡོད་ཀྱི། ཉེར་བསྡོགས་བདུན་པོ་ལ་ནི་མི་འཇོག་སྟེ། དེ་དག་ནི་ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་ས་འོག་མ་སུན་འབྱིན་པར་བྱེད་ཀྱི། འཕགས་ལམ་ལ་སྡང་བ་མ་ཡིན་པའི་ཕྱིར། མ་བརྟགས་ཟད་པ་ལ། ཅེས་པའི་འགྲེལ་པར། མཚན་མ་མེད་པའི་ཏིང་ངེ་འཛིན་མི་སློབ་པའི་མཚན་མ་མེད་པའི་སོ་སོར་མ་བརྟགས་པའི་འགོག་པ་ལ་ཞི་བའི་རྣམ་པར་དམིགས་ཏེ། ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་པའི་ཕྱིར་རོ། །འགོག་པ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པར་ནི་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་འགོག་པ་དང་ཐུན་མོང་ཡིན་པ་ཉིད་ཀྱི་ཕྱིར་དང༌། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་དང༌། བྲལ་བ་མ་ཡིན་པའི་ཕྱིར་རོ། །ཞེས་བཤད། དེའི་དོན་ནི། ཏིང་ངེ་འཛིན་འདི་ནི་མི་སློབ་པའི་མཚན་མེད་སུན་འབྱིན་པ་ཡིན་ལ། དེ་འབྱིན་པའི་ཚུལ་ནི། མི་སློབ་པའི་མཚན་མེད་དེ་བཀག་པའི་འགོག་པ་ལ་དམིགས་ནས་ཞི་བར་བལྟས་པ་ཙམ་གྱིས་དེ་སུན་ཕྱུང་བར་འགྱུར་རོ། །འགོག་པ་དེ་ཇི་ལྟ་བུ་ཞེས་ན། བརྟགས་མིན་གྱི་འགོག་པ་སྟེ། མཚན་མེད་བཀག་པའི་བརྟགས་འགོག་མི་སྲིད་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། བརྟག་འགོག་གི་དགག་བྱ་ནི་ཟག་བཅས་ཁོ་ནར་ངེས་པས་སོ། །དེ་འདྲའི་བརྟགས་མིན་ཇི་ལྟར་ཡོད། ཅེ་ན། མི་སློབ་པ་མཚན་མེད་ལ་མཉམ་པར་བཞག་པ་ལས་ལངས་པའི་ཚེ། མཚན་མེད་དེའི་རྒྱུ་རྐྱེན་མ་ཚང་པའི་སྟོབས་ཀྱིས་མ་སྐྱེས་པའོ། །དེ་འདྲ་དེ་ལ་ཞི་བར་ལྟ་བས་ནི་ཆོག་པ་ཡིན་ཏེ། དེ་ཟག་མེད་ཡིན་པས་ཞི་བར་ནི་དོན་ལ་གནས་པའི་ཕྱིར། དེ་ལ་འགོག་པར་ལྟ་བ་ནི་མ་ཡིན་ཏེ། དེ་དུས་ཀྱི་འགོག་པ་ནི་སོ་སོར་བརྟགས་འགོག་གི་ཁྱད་ཆོས་སུ་གྱུར་པའི་རྣམ་པ་ཡིན་པའི་ཕྱིར། གྱ་ནོམ་གྱི་རྣམ་པར་ལྟ་བ་ཡང་དོན་དང་མཐུན་པ་མ་ཡིན་ཏེ། གྱ་ནོམ་གྱི་དོན་ནི་དགེ་བ་ཡིན་ལ་འདི་ནི་ལུང་དུ་མ་བསྟན་པའི་ཕྱིར། ངེས་འབྱུང་དུ་ལྟ་བ་ཡང་མ་ཡིན་ཏེ། དེ་ནི་མྱ་ངན་ལས་འདས་པ་ལ་བྱ་ལ། འདི་ནི་བྲལ་བ་མ་ཡིན་པའི་ཕྱིར་རོ། །མདོར་ན་ཏིང་ངེ་འཛིན་གསུམ་པ་འདི་ནི་མི་སློབ་པའི་འགོག་བདེན་ལ་ཞེན་པ་དགག་པའི་ཕྱིར་དུ། འགོག་བདེན་དེ་བཀག་པའི་བརྟགས་མིན་ལ་ཞི་བར་ལྟ་བའོ། །ཞེས་བཤད་ན་ཐོག་མར་གོ་བ་སྐྱེད་དོ། །དེ་ནས་བཞི་མཚན་གཉིས་ལས་དང་པོ་ནི། ཇི་སྐད་དུ། དགེ་བའི་བསམ་གཏན་དང་པོ་ནི། །བདེ་གྱུར་ཏིང་ངེ་འཛིན་གོམས་པ་ཡིན། །མིག་གི་མངོན་ཤེས་མཐོང་འགྱུར་འདོད། །སྦྱོར་བ་ལས་བྱུང་བློ་དབྱེར་འགྱུར། །རྡོ་རྗེ་ལྟ་བུའི་བསམ་གཏན་མཐའ། །གང་ཡིན་དེ་ཟག་ཟད་འགྱུར་རོ། །ཞེས་པ་འདིར། བསམ་གཏན་དང་པོ་ནི་མཚོན་པ་ཙམ་སྟེ། བསམ་གཏན་ཕྱི་མ་རྣམས་ཀྱང་ངོ༌། །མཐོང་ཆོས་ལ། ཞེས་པའི་ཚིག་གིས་ཚེ་ཕྱི་མ་ལ་བདེ་བར་གནས་པ་ཉིད་དུ་ནི་མི་འདོད་དོ། །ཉམས་པ་དང༌། ས་གོང་མར་སྐྱེས་པ་དང༌། ཚེ་དེ་ཉིད་ལ་མྱ་ངན་ལས་འདས་པ་སྲིད་པའི་ཕྱིར། མཐོང་འགྱུར། ཞེས་པར་མཐོང་བར་འགྱུར་བ་དང༌། ཤེས་པར་འགྱུར། ཞེས་བྱ་བ་གཉིས་ལས། དང་པོ་ནི་མིག་གི་མངོན་ཤེས་དང་མཚུངས་ལྡན་དུ་བྱུང་བའི་ཤེས་རབ་རྟོག་མེད་ཡིན་ལ། དེས་ནི་གཟུགས་ཀྱི་སྐྱེ་མཆེད་མཐོང་བའོ། །གཉིས་པ་ནི། དེ་དང་མཚུངས་ལྡན་དུ་བྱུང་བའི་ཤེས་རབ་རྟོག་བཅས་ཏེ། འཆི་འཕོ་བ་དང༌། སྐྱེ་བ་དེ་ཤེས་པའོ། །འདིར་མིག་མངོན་ཤེས་ཏིང་ངེ་འཛིན་དུ་བཤད་པ་དང༌། གོང་དུ་རྣམ་གྲོལ་བློ། ཞེས་བཤད་པ་མ་མཐུན་ནོ། །ཞེ་ན། ལན་འདེབས་ཚུལ་གཉིས་བྱུང་བ་ཡིན་ཏེ། ཏིང་ངེ་འཛིན་གྱི་འབྲས་བུ་ལ་དེའི་མིང་གི་བཏགས་པ་ཡིན། ཞེས་པ་དང༌། རྣམ་གྲོལ། ཞེས་པ། ས་འོག་མ་ལས་འདས་པའི་དངོས་གཞི་ལ་བསམས་པ་ཡིན་ལ། ཞེས་པའོ། །བློ་རྣམ་པར་དབྱེ་བ། ཞེས་པའི་དོན་ནི་ཤེས་རབ་གོང་ནས་གོང་དུ་འཕེལ་བ་ཞེས་པའི་དོན་ཏེ། སྦྱོར་བ་ལས་བྱུང་བའི་ཏིང་ངེ་འཛིན་ཟག་བཅས་དང་ཟག་མེད་མཐའ་དག་གོ །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟག་མེད་ས་གཞན་ལ་བརྟེན་པ་ཡོད་ཀྱང༌། འདིར་བསམ་གཏན་མཐའ། ཞེས་སྨོས་པ་ནི། སྔོན་སྟོན་པའི་ཐུགས་རྒྱུད་ལ་འཁྲུངས་པའི་གོ་རིམ་དང་བསྟུན་པ་ཡིན་ཏེ། དེས་མཐར་བསམ་གཏན་བཞི་པ་ལ་བརྟེན་ནས་སྲིད་རྩེ་ལ་ཆགས་བྲལ་མཛད་པའི་ཕྱིར། ཞེས་འཆད་དོ། །དེ་སྐད་དུ་ཡང༌། འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་འདི་ནི། བདག་ཉིད་ལ་ཉེ་བར་གཏོད་པ་ཡིན་ཏེ། ཞེས་གསུངས་སོ། །གཉིས་པ་དེ་ལ་བརྟེན་པའི་ཡོན་ཏན་བཤད་པ་ལ། གཉིས་ཏེ། དངོས་དང༌། ཁྱད་པར་གྱི་ཆོས་སོ། །དང་པོ་ལ་བཞི་ལས། ཚད་མེད་པའི་ཡོན་ཏན་བཤད་པ་ནི། འདི་ལྟར། ཚད་མེད་པ་ནི་གཞི་ཡིན་ནོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེ་སྡང་མེད་བྱམས་སྙིང་རྗེ་ཡང༌། །ཡིད་བདེ་བ་ནི་དགའ་བ་ཡིན། །བཏང་སྙོམས་མ་ཆགས་རྣམ་པ་ནི། །ཀྱེ་མ་བདེ་གྱུར་སྡུག་བསྔལ་དང༌། །དགའ་གྱུར་སེམས་ཅན་རྣམས་སྙོམས་པ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །དགའ་བ་སེམས་ཅན་གཉིས་ན་ཡོད། །གཞན་ནི་དྲུག་ན་ཁ་ཅིག་ལྔ། །དེ་ཡིས་མི་སྤོང་མི་དག་གི །ནང་དུ་སྐྱེད་དོ་ངེས་གསུམ་ལྡན། །ཞེས་པ། ཕལ་ཆེར་ནི་གོ་བར་ཟད་ལ། རང་གི་མི་མཐུན་ཕྱོགས་སུ་བཤད་པ་དེ་དག་མི་སྤོང་བའི་ཤེས་བྱེད་དུ། འགྲེལ་པར། བསམ་གཏན་དངོས་གཞིའི་ས་པ་ཡིན་པའི་ཕྱིར་དང༌། མོས་པ་ཡིད་ལ་བྱེད་པའི་ཕྱིར་དང༌། སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། དེ་དག་གི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་དང༌། སྤངས་པ་ཐག་སྲིང་བར་བྱེད་པའི་ཕྱིར་དེ་དག་གི་གཉེན་པོ་ཉིད་དུ་བཤད་དོ། །བྱམས་པ་ལ་སོགས་པ་འདོད་པའི་ཁམས་དང༌། མི་ལྕོགས་པ་མེད་པ་རྣམས་ནི་དངོས་གཞིའི་ཚད་མེད་པ་དང་འདྲ་བ་དག་ཡོད་དོ། །དེ་དག་གིས་དེ་དག་རྣམ་པར་མནན་ནས་སྤོང་བའི་ལམ་རྣམས་ཀྱིས་རབ་ཏུ་སྤོང་བར་བྱེད་དོ། །དེས་ན་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ནི། དངོས་གཞིའི་ཚད་མེད་པ་རྙེད་པའི་ཕྱིར་རྐྱེན་སྟོབས་དང་ལྡན་པ་དག་རྙེད་ཀྱང་དེ་དག་གིས་མི་བརྫི་བ་ཡིན་ནོ། །ཞེས་གསུངས། ཕལ་ཆེར་ནི་གོ་བར་སླ་ལ། མོས་པ་ཡིད་བྱེད་དང༌། སེམས་ཅན་ལ་དམིགས་པ། ཞེས་པའི་དོན་ནི། མདོ་སྡེ་པ་སོགས་དང་མཐུན་པར་འཆད་པ་སྟེ། དེ་དག་གི་སྤང་བྱའི་ས་བོན་སྤོང་བ་ནི། དེ་ཁོ་ན་ཉིད་ཡིད་བྱེད་ལ་རག་ལས་པ་དང༌། སྟོང་པ་དང་བདག་མེད་པ་ལྟ་བུ་སྤྱིའི་མཚན་ཉིད་ཡིད་ལ་བྱེད་དགོས་པ་ལས། འདིས་ནི་ཤེས་བྱ་ཉི་ཚེ་བ་ལ་དམིགས་པའི་ཕྱིར་དང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་བའི་ཕྱིར། ཞེས་པའོ། །དེས་གསུམ་ལྡན་ཞེས་པ། བསམ་གཏན་གསུམ་པ་དང་བཞི་པར་དགའ་བ་ཟག་བཅས་དང་མི་ལྡན་པ་ལ་བསམ་པའོ། །གཉིས་པ་རྣམ་ཐར་འཆད་པ་ནི། རྣམ་པར་ཐར་པ་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །འགོག་པའི་སྙོམས་པར་འཇུག་པའོ། །ཞེས་པ། འདི་ལ་རྐང་གྲངས་ངོས་བཟུང་བ་དང༌། མཐའ་དཔྱད་པའོ། །དང་པོ་ནི། འདི་ལྟར་གཟུགས་ཅན་གཟུགས་ལ་ལྟ་བ་དང༌། གཟུགས་མེད་གཟུགས་ལ་ལྟ་བ་དང༌། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས། རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་གསུམ་ནི། གཟུགས་ཅན་གྱི་རྣམ་ཐར་ཞེས་བྱ་སྟེ། བདག་ཉིད་གཟུགས་ལ་ཆགས་པ་དང་མི་བྲལ་ཞིང༌། ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར། ས་ནི། རིམ་པ་ལྟར། བསམ་གཏན་དང་པོ་གཉིས་དང་བཞི་པ་ལ་བརྟེན་པ་ཡིན་ལ། སྤང་བྱ་དང་དགོས་པ་གང་གི་ཕྱིར་ཡིན་པ་ནི། འདོད་པ་དང་བསམ་གཏན་དང་པོའི་ཁ་དོག་ལ་སྲེད་པའི་འདོད་ཆགས་ཀྱི་གཉེན་པོར་རོ། །ས་གཞན་ལ་མི་བརྟེན་ཏེ། དགོས་པ་མེད་པའི་ཕྱིར། ངོ་བོ་ནི་མི་སྡུག་པའི་རྣམ་པ་ཅན་ཏེ། ས་འོག་མའི་ཁ་དོག་ལ་དམིགས་ནས་རྣམ་པར་བསྔོས་པའི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར། གསུམ་པ་ནི། ས་བསམ་གཏན་བཞི་པར་ཡོད་ཅིང༌། ས་འོག་མ་ན་མེད་དེ། ས་དེར་ཡིད་དུ་མི་འོང་བ་ལ་མི་དགའ་བ་སྤངས་ཀྱང༌། ཡིད་དུ་འོང་བ་ལ་དགའ་བ་དང་བདེ་བ་མ་སྤངས་པའི་ཕྱིར། སྤང་བྱ་དང་དགོས་པ་ཡང༌། ཡིད་དུ་འོང་བ་ལ་དགའ་བ་དང་ཆགས་པའི་གཉེན་པོར་རོ། །ངོ་བོ་ནི་མ་ཆགས་པའི་དགེ་བའོ། །ཆགས་པའི་གཉེན་པོ་ཡིན་ན་སྡུག་པའི་རྣམ་པ་ཅན་དུ་འགལ་ལོ་སྙམ་ན། དེ་ལྟར་མི་འགལ་བ་ནི་ས་བསམ་གཏན་བཞི་པ་ལ་བརྟེན་པའི་ཡོན་ཏན་ནོ། །དེ་ཡང་འདི་ལྟར། བསམ་གཏན་གཉིས་པ་ན་ཡུལ་ཅན་མིག་གི་རྣམ་པར་ཤེས་པ་མེད་པས། ཡུལ་ཁ་དོག་ལ་ཆགས་པའི་འདོད་ཆགས་མེད་པས། བསམ་གཏན་གསུམ་པར་མི་སྡུག་པའི་རྣམ་པར་ཐར་པ་བཞག་མི་དགོས་མོད། དེར་གསུམ་པ་སྡུག་པའི་རྣམ་པར་ཐར་པ་མ་བཞག་ཅེ་ན། ས་དེར་སེམས་ཀྱི་བདེ་བ་ཡུལ་ལ་གཡོ་བར་བྱེད་པ་ཡོད་ལ། བདེ་བ་ལ་རྒྱབ་ཀྱིས་ཕྱོགས་པར་ནི། དེའི་འགལ་ཟླ་ལ་སྡུག་པར་ལྟ་བ་མི་འབྱུང་ཞིང༌། དེ་མེད་པར་སྡུག་པའི་རྣམ་ཐར་མི་འབྱུང་བའི་ཕྱིར། དེས་ན་བསམ་གཏན་དང་པོ་གཉིས་སུ་ས་འོག་མའི་ཁ་དོག་ཡིད་འོང་དུ་སྣང་བ་ལ་ཆགས་པའི་གཉེན་པོར། དེ་དང་དེ་ཡིད་མི་འོང་གི་རྣམ་པར་ཡིད་ལ་བྱས་པ་ཡིན་མོད། དེ་དེའི་གཉེན་པོར་ཐོག་མ་ཉིད་དུ་སྒོམ་པའི་ཤེས་བྱེད་ཀྱང༌། མི་སྡུག་པ་ལ་མི་དགའ་བ་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལ་དེ་སྐྱེ་བའི་གཉེན་པོ་སྒོམ་ནུས་པ་ལ། སྡུག་པ་ལ་དགའ་བ་མེད་པར་སྒོམ་ནུས་པ་ཞིག་ཀྱང་དགོས་ཏེ། གཉིས་པོ་བལྟོས་འཇོག་ཡིན་པའི་ཕྱིར། བསམ་གཏན་གསུམ་པ་ན་དེ་ལྟར་ཡིད་ལ་བྱེད་ནུས་པ་མེད་དེ། དེ་ན་སེམས་ཀྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ལ་བདེ་བར་འཛིན་པ་ཡོད་པའི་ཕྱིར། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི། གཟུགས་མེད། མཉམ་གཞག་དགེ་རྣམས་སོ། །ཞེས་པ་མཉམ་གཞག་ཅེས་པའི་ཚིག་གི་ནུས་པས་མཉམ་པར་མ་བཞག་པའི་གཟུགས་མེད་ཀྱི་སེམས་དང༌། དགེ་རྣམས་ཞེས་པས་ཉོན་མོངས་ཅན་བསལ་ལོ། །མཉམ་པར་མ་བཞག་པ་ཇི་ལྟར་ཡོད་ཅེ་ན། འདི་ལ་ལུགས་གཉིས་ལས། དང་པོ་ནི། འཆི་བའི་སྲིད་པ་ལ་གནས་པའི་སེམས་ལྟ་བུའོ། །ཞེས་ཟེར་བ་དང༌། ཁ་ཅིག་གཟུགས་མེད་ན་རྣམ་སྨིན་སྐྱེས་སུ་གྱུར་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཡོད་པའོ། །ཞེས་ཟེར། གཉིས་ཀ་ལྟར་ཡང་མི་འགལ་ལོ། །དེས་ན་དགེ་བ་ལ་དག་པ་བ་དང་ཟག་མེད་གཉིས་ཀ་སྲིད་པ་དེའི་ཕྱིར་གཟུགས་མེད་རྣམ་ཐར་ལ་ནི་ཟག་བཅས་ཟག་མེད་གཉིས་ཀ་སྲིད་ལ། འགོག་པའི་རྣམ་ཐར་ནི་ཟག་བཅས་ཁོ་ན་དང༌། དང་པོ་གསུམ་ཡང་དེ་བཞིན་ནོ། །གཟུགས་མེད་ཀྱི་ནི་དངོས་གཞིར་མ་ཟད། ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་རྣམས་ཀྱང་རྣམ་ཐར་དུ་བཞག་དགོས་པ་ཡིན་ཏེ། འགྲེལ་པར། ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་ཐར་བ་ཞེས་བྱ་བའི་མིང་ཐོབ་བོ། །འོག་མ་ལ་དམིགས་པའི་ཕྱིར་བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ། རྣམ་པར་ཐར་པའི་དོན་ནི་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ། །ཞེས་བཤད་པས་སོ། །བསམ་གཏན་གྱི་ཉེར་བསྡོགས་ལ་ནི་རྣམ་པར་གྲོལ་བའི་ལམ་ཡིན་ཀྱང༌། རྣམ་ཐར་དུ་མི་བཞག་སྟེ། བསམ་གཏན་གྱི་དངོས་གཞི་མངོན་དུ་བྱས་པ་མེད་པར་ནི་སྤྲུལ་པ་ལ་འཇུག་མི་ནུས་ལ། དང་པོ་གསུམ་ནི་སྤྲུལ་པའི་ལམ་དུ་འཆད་དགོས་པའི་ཕྱིར། རྣམ་ཐར་བརྒྱད་པ་ནི་འགོག་པའི་སྙོམས་པར་འཇུག་པ་དང་ཁྱབ་མཉམ་པ་ཉིད་དུ་འཆད་དགོས་ཏེ། འགྲེལ་པར། རྣམ་ཐར་བརྒྱད་པ་ནི་བཤད་ཟིན་ཏོ། །ཞེས་གནས་གཉིས་པར་ཁ་འཕངས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ནི། གང་ལ་ངེས་པར་འབྱུང་བྱའི་དམིགས་པ་ལ་རྒྱབ་ཀྱི་ཕྱོགས་པའི་ཕྱིར་ན་དེ་ཞེས་བྱའོ། །དེ་ཡང་གང་ཞེ་ན། འགོག་པའི་རྣམ་ཐར་ནི། འདུ་ཤེས་སམ་ཚོར་བ་གཉིས་སམ། འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའོ། །འདི་སྲིད་རྩེའི་སས་བསྡུས་པའི་ཕྱིར་སྲིད་རྩེའི་རྣམ་ཐར་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ལྟ་བུའི་ཁྱད་པར་ཡོད་དོ། །དེ་ཡང་འདི་ལྟར། སྲིད་རྩེའི་ཞི་གནས་ཀྱིས་ནི་འདི་ལ་སྙོམས་པར་འཇུག་པའི་སྒྲིབ་པ་དག་སེལ་བར་བྱེད་དེ། །ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་རྣམས་ཀྱིས་རང་རང་གི་དངོས་གཞི་ལ་སྙོམས་པར་འཇུག་པའི་སྒྲིབ་པ་དག་སེལ་བར་བྱེད་པ་བཞིན་ནོ། །ཇི་ལྟར་སེལ་བའི་ཚུལ་ནི། ཕྲ་བ་ཕྲ་བའི་འཇུག་ཐོགས་སུ། །ཞེས་ཕྲ་བ་ནི་སྲིད་རྩེའི་སེམས་ཉིད་ཡིན་ལ། དེ་ལས་ཀྱང་ཇེ་ཕྲར་བཏང་བའི་སྒོ་ནས་སེམས་སེམས་བྱུང་གི་རྒྱུ་བ་རྒྱུན་གཅོད་པར་བྱེད་པའོ། །དེ་ལྟར་ཞུགས་པའི་སྙོམས་འཇུག་རང་གི་ངོ་བོ་ནི། ཇི་སྐད་དུ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་པའི་མཚན་ཉིད་དེ་ནི། འདི་ལ་ཡོད་པ་མ་ཡིན་ཏེ། མཚུངས་ལྡན་བཀག་པ་ནི་ཏིང་ངེ་འཛིན་དུ་མི་རུང་བའི་ཕྱིར་རོ། །འོ་ན་འགོག་པ་ནི་གང༌། དེའི་སྙོམས་འཇུག་ནི་ཇི་ལྟ་བུ་ཞེ་ན། འགོག་པ་ནི་མི་སློབ་པའི་སར་སོ་སོར་བརྟགས་འགོག་ཡིན་ཏེ། འདས་ལམ་གྱིས་རང་གི་དགག་བྱ་ཟག་བཅས་འདུ་ཤེས་དང་ཚོར་བ་སྤངས་ཟིན་པའི་ཕྱིར། སློབ་པའི་སར་ནི་བརྟགས་མིན་གྱི་འགོག་པ་སྟེ། འགོག་བྱེད་འདས་ལམ་ཡིན་ཀྱང༌། དགག་བྱ་དེ་སྐྱེ་བའི་རྒྱུ་རྐྱེན་གཞན་བཀག་པའི་སྟོབས་ཀྱིས་རེ་ཤིག་སྐྱེ་བ་དང་མི་མཐུན་པར་བྱས་པ་ཙམ་ཡིན་པའི་ཕྱིར། དེ་ལྟ་བུའི་འགོག་པ་གཉིས་པོ་དེ་རང་གི་སེམས་རྟེན་ཟག་མེད་ས་དགུ་ལ་བརྟེན་པའི་ཚེ་ནི། རྟེན་དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སུ་བྱེད་ལ། སྲིད་རྩེའི་སེམས་ལ་བརྟེན་པའི་ཚེ་ནི། སེམས་དེ་འགོག་པའི་སྙོམས་འཇུག་ཏུ་འཇུག་པར་བྱེད་དོ། །དེས་ན་འདུ་ཤེས་དང་ཚོར་བ། འགོག་བྱེད་དངོས་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ། སྲིད་རྩེའི་སེམས་ཀྱིས་ནི་དེ་འགོག་མི་ནུས་པའི་ཕྱིར། འགོག་པ་དེ་སྲིད་རྩེའི་སེམས་ཀྱིས་མངོན་དུ་བྱས་པའི་སེམས་མེད་ཀྱི་གནས་སྐབས་ལ་ནི་འགོག་པའི་སྙོམས་འཇུག་ཅེས་བྱ་སྟེ། དཔེར་ན་ཤེས་རབ་ཀྱིས་བརྟགས་པའི་དོན་དྲན་པས་འཛིན་པར་བྱེད་པ་ལ་དྲན་པ་ཉེར་གཞག་ཅེས་ཟེར་བ་དང་ཆ་མཐུན་ནོ། །དེའི་ཕྱིར་འགོག་པ་ལ་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་པ་གཉིས་མ་འདྲེས་པར་བྱ་དགོས་ཏེ། དང་པོ་ནི། སློབ་ལམ་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དག་ཀྱང་ཡིན་ལ། མི་སློབ་པའི་སར་ནི་ལྷག་མེད་དུ་འཇུག་པ་ལ་ཡང་དེ་ཞེས་བྱ་བའི་ཕྱིར་དང༌། དེའི་སྙོམས་འཇུག་ནི་དེ་འདྲའི་འགོག་པ་དེ་སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱས་ནས། རང་ལུས་ཀྱི་འབྱུང་བ་བཞི་ཆ་མཉམ་པ་དེ་ལ་ཟེར་བ་ཡིན་ལ། དེ་འདྲ་དེ་ལ་ཐོག་མར་སྲིད་རྩེའི་སེམས་ལས་གཞན་གྱིས་འཇུག་མི་ནུས་ཤིང༌། སེམས་དེ་ཁོ་ནས་འཇུག་པ་ལ་ནི་སྙོམས་འཇུག་དེ་ལ་འཇུག་པ་ཞེས་པའི་མིང་གིས་བཏགས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་འགོག་སྙོམས་སུ་འཇོག་པ་ལ་ཐོག་མར་འདས་ལམ་སྔོན་དུ་འགྲོ་དགོས་ཀྱང༌། འདི་ལ་སྙོམས་པར་འཇུག་པའི་འཇུག་སེམས་སུ་འཇིག་རྟེན་ལས་འདས་པའི་སྙོམས་འཇུག་དགོས་ཞེས་ཟེར་བ་ནི་ལུགས་འདི་ལ་མེད་དེ། རྩ་འགྲེལ་ལས་མ་བཤད་ཅིང༌། དེ་ལྟར་རིགས་པས་འཐོབ་པའི་ཕྱིར་རོ། །དེ་ལྟར་བཤད་ན་འདུ་ཤེས་དང་ཚོར་བ་འགོག་བྱེད་ནི་འདས་ལམ་ཡིན་ལ། དེས་དེ་བཀག་པའི་དོན་ལ་མཉམ་པར་འཇོག་པ་ནི་འགོག་པའི་སྙོམས་འཇུག་གོ །སྙོམས་འཇུག་དེ་རྣམ་ཐར་དུ་འཇོག་པ་ནི་ངོ་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བ་ལས་ཡིན་གྱི། འདུ་ཤེས་དང༌། ཚོར་བ་འགོག་པའི་ཆ་ནས་འགོག་པ་ཞེས་བྱ་བའི་སྒྲ་འཆད་མོད། རྣམ་ཐར་དུ་མ་ཡིན་ཏེ། གཞན་དུ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་དེར་ཐལ་བའི་ཕྱིར་རོ། །དེས་ན་གཟུགས་མེད་ཀྱི་རྣམ་ཐར་དུ་འཇོག་བྱེད་ཀྱང༌། ས་འོག་མའི་ཉོན་སྒྲིབ་ལས་གྲོལ་བ་ཙམ་གྱིས་ནི་མ་ཡིན་ཏེ། གཟུགས་མེད་ཀྱི་རྣམ་ཐར་བཞི་པོ་རྣམ་ཐར་དུ་འཇོག་བྱེད་ཀྱི་སྤང་བྱ་ལ་ཁྱད་པར་མེད་པར་ཐལ་བའི་ཕྱིར། དེས་ན་ངོ་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་ལས་ཐར་བས་ན་དེ་ཞེས་བྱའོ། །དེ་ཡང་གང་ཞེ་ན། བཞི་པོ་རང་རང་གི་ས་ལ་རོ་མྱང་མཚུངས་ལྡན་དང་བྲལ་བའི་དགེ་བ་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པའོ། །དེ་ཡང་གང་ཞེ་ན། དེ་ལ་གེགས་བྱེད་དང༌། ལུས་སེམས་ལས་སུ་མི་རུང་བ་སོགས་ལ་བྱ་བ་ཡིན་གྱི། རོ་མྱང་མཚུངས་ལྡན་ཉིད་ལ་བྱ་བ་ནི་མ་ཡིན་ཏེ། དེ་ནི་ཉོན་མོངས་པའི་སྒྲིབ་པར་འཆད་པའི་ཕྱིར་དང༌། དེ་སྤངས་པའི་ཚེ་ས་གོང་མར་འཕོས་པའི་ཕྱིར་རོ། །འདི་ཡང་དཔེར་ན། གཟུགས་མེད་ནམ་མཁའི་རྣམ་ཐར་མངོན་དུ་བྱས་པ་དེའི་ཚེ། ནམ་མཁའི་སྙོམས་འཇུག་དངོས་གཞི་རེ་ཤིག་ཉམས་པ་ཅན་དུ་སྐྱེ་བའི་རྐྱེན་མ་ཚང་བའི་སྟོབས་ཀྱིས། མ་སྐྱེས་པའི་བརྟགས་མིན་གྱི་འགོག་པ་ཐོབ་པའི་གནས་སྐབས་དེ་ལ་ནམ་མཁའི་རྣམ་ཐར་ཐོབ་པ་ཞེས་བྱ་སྟེ། འགྲེལ་པ་ལས་གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ཀྱི་དམིགས་པ་ནི་སོ་སོར་མ་བརྟགས་པའི་འགོག་པ་ཡང་ཡིན་ནོ། །ཞེས་བརྗོད་པར་བྱའོ། །ཞེས་བཤད། དེ་ལས་གཞན་དུ་གཟུགས་མེད་ཀྱི་དངོས་གཞིར་གྱུར་པའི་དགེ་བ་ཡིན་པ་ཙམ་གྱིས་རྣམ་ཐར་དུ་འཇོག་ན། དེའི་སྙོམས་འཇུག་ཉམས་པ་ཆ་མཐུན་གྱིས་མ་ངེས་སོ། །འདོད་མི་ནུས་ཏེ། དེའི་རྣམ་ཐར་དུ་འཇོག་པ་ལ་གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་དགོས་པའི་ཕྱིར། དེར་མ་ཟད། གཟུགས་ཅན་གྱི། རྣམ་ཐར་གསུམ་ལའང་ཉམས་པ་ཆ་མཐུན་མ་ཡིན་པ་ཞིག་དགོས་ཏེ། གཟུགས་མཛེས་མི་མཛེས་སུ་སྤྲུལ་པ་ལ་ཆགས་སྡང་གི་བསམ་པ་མ་སྐྱེས་པ་ཞིག་དགོས་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པ་ལས། གལ་ཏེ། སྡུག་པར་ཡིད་ལ་བྱས་ཀྱང་ཉོན་མོངས་པ་མི་སྐྱེ་ན་དེ་གཉིས་གྲུབ་པ་ཡིན་ནོ། །ཞེས་གསུངས་པས་སོ། །རྣམ་ཐར་དང་པོ་གཉིས་འདོད་པ་དང་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོར་འཇོག་ན། བསམ་གཏན་དང་པོ་གཉིས་ཀྱི་ཉེར་བསྡོགས་དང་ཁྱད་མེད་དུ་ཐལ་བ་དང༌། དངོས་གཞིའི་དུས་སུ་ས་འོག་མའི་ཆགས་པ་དང་མ་བྲལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། ཐག་སྲིང་བའི་གཉེན་པོ་ལ་དགོས་པ་ཡིན་ནོ། །ཞེས་ཀུན་གྱིས་འཆད་མོད། དེ་ཙམ་གྱི་གོ་བ་རྫོགས་པར་མི་སྐྱེ་བས། འདི་ལྟར། བསམ་གཏན་དང་པོའི་དངོས་གཞིའི་དུས་སུ་འདོད་པའི་ཁ་དོག་ལ་ཆགས་པའི་འདོད་ཆགས་ནི་སྤངས་ཟིན་པ་ཡིན་ཏེ། དེ་མ་བྲལ་བར་དངོས་གཞི་མི་ཐོབ་པའི་ཕྱིར། དེ་ལྟར་ན་ཡང་དངོས་གཞིའི་དུས་འདིར་ནི། རང་ས་དང་འོག་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་གཟུགས་སྣ་ཚོགས་ཡུལ་དུ་བྱས་ནས་དེ་ལ་དམིགས་པའི་འདོད་ཆགས་མ་འོངས་པ་འགོག་པའི་དོན་དུ། རྣམ་པར་བསྔོས་པ་དང་རྣམ་པར་བམ་པ་ལ་སོགས་པ་མི་སྡུག་པའི་རྣམ་པར་ལྟ་བའོ། །དེ་བལྟས་ཀྱང་འདོད་པའི་འདོད་ཆགས་སྐྱེས་ན་ནི། རྣམ་ཐར་ལྟ་ཞོག དངོས་གཞི་དང་རྣམ་གྲོལ་ལམ་དུའང་མི་རུང་སྟེ། འདོད་པའི་ཉོན་མོངས་སྐྱེས་པའི་ཕྱིར། ཡང་དེའི་ཚེ་བསམ་གཏན་དང་པོའི་དགའ་བ་དང་མཚུངས་ལྡན་གྱི་འདོད་ཆགས་སྐྱེས་ན་ཡང་རྣམ་ཐར་དུ་མི་རུང་སྟེ། མི་སྡུག་པའི་རྣམ་པ་ཅན་དུ་འགལ་བའི་ཕྱིར། དེ་དག་གི་ཁམས་གོང་མ་གཉིས་ཀྱི་གཟུགས་ལ་ལྟ་བའི་ཚུལ་ཇི་ལྟ་བུ་ཞེ་ན། རྣམ་ཐར་དང་པོ་ནི། རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པའི་སྒོ་ནས། བསམ་གཏན་དང་པོའི་དངོས་གཞི་ལས་དེའི་འབྲས་བུར་གྱུར་པའི་སྤྲུལ་སེམས་གཉིས་མངོན་དུ་བྱེད་དེ། ཐོག་མར་འདོད་པའི་སྤྲུལ་སེམས་ཀྱིས་འདོད་པར་གཏོགས་པའི་གཟུགས་སྣ་ཚོགས་སུ་སྤྲུལ་ཏེ། དེ་ལ་མི་སྡུག་པའི་རྣམ་པར་བལྟས་ནས་འདོད་པའི་འདོད་ཆགས་ཐག་སྲིང་བར་བྱེད། དེ་ནས་རང་སའི་སྤྲུལ་སེམས་ཀྱིས་རང་སའི་གཟུགས་སྣ་ཚོགས་སྤྲུལ་ཏེ། དེ་ལ་མི་སྡུག་པའི་རྣམ་པས་རང་སའི་ཉོན་མོངས་རེ་ཤིག་སྐྱེ་བ་དང་མི་མཐུན་པའི་བརྟགས་མིན་གྱི་འགོག་པ་མངོན་དུ་བྱེད་དོ། །དེ་ནས་རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་བསམ་གཏན་གཉིས་པའི་འབྲས་བུར་གྱུར་པའི་སྤྲུལ་སེམས་གསུམ་མངོན་དུ་བྱེད་དོ། །ཐོག་མར་འོག་མ་གཉིས་ཀྱི་སྤྲུལ་སེམས་ཀྱིས་འདོད་པའི་དྲི་རོ་དང་གཟུགས་ཀྱི་སྐྱེ་མཆེད་གསུམ་སྤྲུལ་ནས་མི་སྡུག་པའི་རྣམ་པ་སོགས་སྔ་མ་བཞིན་བྱེད་ལ། དེ་ནས་རང་སའི་སྤྲུལ་སེམས་ཀྱིས་བསམ་གཏན་གཉིས་པའི་གཟུགས་སོགས་སྤྲུལ་པ་སྲིད་ཀྱང༌། དེ་ལ་མི་སྡུག་པའི་རྣམ་པས་བལྟ་མི་དགོས་ཏེ། དེ་ན་རང་སས་བསྡུས་པའི་དབང་ཤེས་མེད་པའི་ཕྱིར་རོ། །འདིར་གཟུགས་ཀྱི་འདུ་ཤེས་བཤིག་པ་ནི་གཟུགས་མེད་ཀྱི་སེམས་ལ་ཁྱབ་པ་མ་ཡིན་ཏེ། འདིར་བསམ་གཏན་གཉིས་པ་ལ་བརྟེན་པར་བཤད་པའི་ཕྱིར་རོ། །གཟུགས་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཙམ་ལ་འབྲུ་གནོན་པ་ཡང་མི་འཐད་དེ། དེ་ལྟར་ན་རྣམ་ཐར་དང་པོ་ཡང་གཉིས་པར་ཐལ་བའི་ཕྱིར་རོ། །ས་འོག་མའི་ཆགས་པ་འགོག་ཚུལ་དེ་ལྟར་ཡིན་མོད། དེའི་ཆ་ནས་རྣམ་ཐར་དུ་བཞག་པ་མ་ཡིན་ཏེ། རང་ས་དང་འོག་སའི་ཉོན་མོངས་སྐྱེ་བ་དང་མི་མཐུན་པའི་དངོས་གཞི་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ལས་ཐར་པའི་ཆ་ནས་དེ་ཞེས་བྱའོ། །དམིགས་པ་ལ་རྒྱབ་ཀྱི་ཕྱོགས་པ་ཡང་ཡིན་ཏེ། མི་སྡུག་པའི་རྣམ་པས་ལྟ་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་ཐར་གསུམ་པ་ཡང་བསམ་གཏན་བཞི་པའི་འབྲས་བུར་གྱུར་པའི་སྤྲུལ་སེམས་མངོན་དུ་བྱས་ནས་སྣ་ཚོགས་སུ་སྤྲུལ་པ་ལ་སྡུག་པའི་རྣམ་པས་ལྟ་བར་བྱེད་དོ། །སྔ་མ་གཉིས་སུ་མི་སྡུག་པའི་རྣམ་པར་མ་བལྟས་ན་ཆགས་པ་སྐྱེ་སྲིད་པས་རྣམ་ཐར་དུ་འཇོག་མི་ནུས་ལ། འདི་ནི་སྡུག་པའི་རྣམ་པར་བལྟས་ཀྱང་ཆགས་པ་མི་སྐྱེ་བས་ཁྱད་པར་ཡོད་ཅིང༌། དེ་དང་མཐུན་པའི་སྙོམས་འཇུག་ལ་འགེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བས་ན་རྣམ་ཐར་རོ། །རྣམ་ཐར་གསུམ་པོ་འདི་ནི་དངོས་བསྟན་རྗེས་ཐོབ་ཏུ་བཤད་པ་ཡིན་ཏེ། སྣ་ཚོགས་སུ་སྤྲུལ་བ་ལ་སྡུག་མི་སྡུག་གི་རྣམ་པས་བལྟ་བར་བཤད་པའི་ཕྱིར། རྗེས་ཐོབ་དེ་ཉིད་རྣམ་ཐར་དུ་ཁས་ལེན་པའམ། དེ་ལྟར་སྤྲུལ་ནུས་པའི་རྒྱུ་སྙོམས་འཇུག་ལ་འཆད་པ་གང་ཡིན་བརྟག་པར་བྱ་ཞིང༌། ཇི་སྐད་དུ། གཟུགས་མེད་མཉམ་གཞག ཅེས་པའི་ཚིག་གི་ནུས་པ་ལ་བལྟས་ན་རྗེས་ཐོབ་ཉིད་ལ་ཡང་འཆད་པར་མངོན་ནོ། །གཟུགས་ཅན་གྱི་རྣམ་ཐར་གསུམ་པ་དང༌། འགོག་པའི་རྣམ་ཐར་དེ་གཉིས་པ་ཁོ་ན་ལ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་གསུང་བའི་རྒྱུ་མཚན་ཅི་ཞེ་ན། གཉིས་པོ་འདི་ཁོ་ནས་གཟུགས་དང་གཟུགས་མེད་ཀྱི་དབང་དུ་བྱས་པའི་རྣམ་ཐར་གྱི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་དང༌། རང་རང་གི་སའི་རྩེ་མོ་ལ་གནས་པའི་ཕྱིར། ཞེས་པའི་དོན་དུ་བཤད་དོ། །རྣམ་ཐར་འདི་དག་གི་དམིགས་པ་འཆད་པ་ནས། དང་པོ་འདོད་གཏོགས་སྣང་ཡུལ་ཅན། །ཞེས་པའི་དངོས་བསྟན་ནི། ཡུལ་འདོད་པ་ཁོ་ན་ལ་དམིགས་པའི་ཡུལ་ཅན་འདོད་པ་དང་བསམ་གཏན་དང་པོའི་འདོད་ཆགས་ངོས་བཟུང་ལ། དེ་ཡང་འདོད་པར་གཏོགས་པའི་སྤྲུལ་པ་ལ་འཆད་དགོས་སོ། །གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་གི་ས། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །ཞེས་པར། གོང་ཞེས་པ་ནི། ཅི་ཡང་མེད་ཀྱི་སེམས་ཟག་མེད་ཀྱིས་སྲིད་རྩེའི་ཕུང་པོ་ལ་དམིགས་པའི་དབང་དུ་བྱས་སོ། །རྒྱུ་རྣམ་ཐར་སྔོན་དུ་སོང་བ་ལ་འབྲས་བུ་ཟིལ་གནོན་འབྱུང་བས་དེ་འཆད་པ་ནི། ཟིལ་གྱིས་གནོན་པོའི་སྐྱེ་མཆེད་བརྒྱད། །གཉིས་ནི་རྣམ་ཐར་དང་པོ་བཞིན། །གཉིས་ནི་གཉིས་པ་བཞིན་ནོ་གཞན། །སྡུག་པའི་རྣམ་པར་ཐར་པ་བཞིན། །ཞེས་པ་འདི་ཉིད་ཀྱིས་གོ་བར་ཟད་ལ། འདི་ཡང་ངོས་འཛིན་ནི་རྗེས་ཐོབ་ལ་བཤད་ཅིང༌། གཉིས་པོའི་ཁྱད་པར། སྔ་མ་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། འདི་ནི་རྒྱབ་ཀྱིས་ཕྱོགས་མི་དགོས་པར་མངོན་དུ་ཕྱོགས་ཀྱང་དེ་ལ་ཉོན་མོངས་མི་སྐྱེ་བས་ན་དམིགས་པ་ཟིལ་གྱིས་གནོན་པ་ཞེས་བྱའོ། །རྒྱུ་ཟིལ་གནོན་ལས་འབྲས་བུ་ཟད་པར་འབྱུང་དགོས་པས་དེ་འཆད་པ་ནི། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ་གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་པ་ནི་ཕལ་ཆེར་གོ་བར་ཟད་ལ། འགྲེལ་པར། ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འཇུག་པ་ལས་འབྱུང་བ་ཅན་ཡིན་ཏེ། ཞེས་བཤད་པས། འདི་ཡང་འདོད་པའི་སྤྲུལ་སེམས་མངོན་དུ་བྱས་ནས། འདོད་པར་རྟོགས་པའི་འབྱུང་བ་བཞི་དང་འབྱུང་གྱུར་སྤྲུལ་པ་ལ་རྣམ་པ་མ་ཆགས་པའི་ངོ་བོ་ཅན་ནོ། །བཤད་མ་ཐག་པའི་ཡོན་ཏན་འདི་དག་ནི་སོ་སོ་སྐྱེ་བོས་ཀྱང་མངོན་དུ་བྱེད་ནུས་པ་ཡིན་ཏེ། འགྲེལ་པར། འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོ་སྐྱེ་བོ་དང་འཕགས་པའི་རྒྱུད་ལ་ཡོད་པ་ཡིན་ནོ། །ཞེས་གསུངས། ཡང་འགོག་པ་ནི་སྦྱོར་བ་ལ་ལྟོས་ལ། ལྷག་མ་རྣམས་འདོད་ཆགས་དང་བྲལ་ཙམ་གྱིས་འཐོབ་པ་ཡང་ཡོད་དོ། །ཞེས་འཆད་པ་ནི། ལྷག་མ་ནི། འདོད་ཆགས་བྲལ་དང་སྦྱོར་བས་ཐོབ། །ཅེས་པ། སྔོན་འདྲིས་མྱོང་བ་དང་མ་མྱོང་བའི་ཁྱད་པར་ལས་སོ། །གཟུགས་མེད་ཅེས་བྱ། ཞེས་པ་ནི། དེའི་རྣམ་ཐར་བཞི་དང་ཟད་པར་གཉིས་ཏེ་དྲུག་པོ་ལས་གཞན་མེད་ལ། ལྷག་མ་ནི་བཅུ་དགུ་པོ་རྣམས་སོ། །འདི་དག་ནི་ལུང་གི་མཐུས་སྐྱེ་དགོས་པའི་ཕྱིར་ལུང་ལ་རག་ལས་པ་དེ་ལྟར་ན། ཁམས་གོང་མ་གཉིས་སུ་བསམ་གཏན་དང་གཟུགས་མེད་ཇི་ལྟར་སྐྱེ་ཞེས་ན། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལམ་གྱི་སྟོབས་ཀྱིས་སྐྱེ། །ཞེས་པ། གཟུགས་ཁམས་སུ་གཟུགས་མེད་ཀྱི་སྙོམས་འཇུག་རྒྱུའི་སྟོབས་ལས་གཞན་མེད་ལ་སྐྱེ་བ་ནི། སྔོན་མིའི་རྟེན་ལ་གོམས་པའི་སྐལ་མཉམ་གྱི་རྒྱུ་ལས་སོ། །ལས་ཀྱིས་སྐྱེ་བ་ནི་སྔོན་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་གོམས་པ་ཉམས་པའི་དབང་གིས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་སོང་བ་དེ་གཟུགས་ཁམས་སུ་སྐྱེས་པ་ན། རྟེན་དེ་ལ་གཟུགས་མེད་ཀྱི་སྙོམས་འཇུག་ངེས་པར་སྐྱེ་དགོས་ཏེ། དེ་མེད་པར་གཟུགས་མེད་དུ་སྐྱེ་མི་ནུས་པའི་ཕྱིར། གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང༌། །ཞེས་པ། གཟུགས་ཁམས་སུ། བསམ་གཏན་ཆོས་ཉིད་ཀྱིས་སྐྱེ་བ་ནི། བསམ་གཏན་དང་པོ་མན་ཆད་མེས་འཇིག་པ་ལྟ་བུའི་ཚེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་སེམས་ངང་གིས་སྐྱེ་བ་བཞིན་ནོ། །འདོད་པའི་ཁམས་སུ་ནི་རྒྱུ་གསུམ་པོ་དེ་དང་ལུང་ཐོས་པའི་རྐྱེན་གྱིས་ཀྱང་སྐྱེའོ། །དེ་ལྟར་ན་རྣམ་ཐར་སོགས་ལ་སྙོམས་པར་ཞུགས་པའི་དགོས་པ་ནི། འགྲེལ་པ་ལས། ཇི་སྐད་དུ། རྣལ་འབྱོར་པ་རྣམས་ནི་རྒྱུ་གཉིས་ཀྱིས་རྣམ་པར་ཐར་པ་ལ་སོགས་པ་བསྐྱེད་དེ། ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་དང༌། འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པའི་ཆེད་དུ། ཉོན་མོངས་པ་ཐག་སྲིང་བར་བྱ་བའི་ཕྱིར་དང༌། སྙོམས་པར་འཇུག་པ་ལ་དབང་བའི་ཕྱིར་རོ། །ཞེས་གསུངས་སོ། །འདོད་ལ་འདུན་དང་རྣམ་འཚེ་བས་ནི་བསམ་གཏན་ལྟ་ཅི་འཚལ། །འདོད་པའི་ཆོས་ཀྱང་ཧྲུལ་པོར་བྱེད་ན་མང་དུ་ཐོས་པ་དང༌། །ཚུལ་བཞིན་ཡིད་བྱེད་དེ་གོམས་པ་ལས་འདོད་པའི་ཉོན་མོངས་ཚོགས། །ཇེ་སྲབ་པ་ལས་གོང་མའི་གནས་དག་རིམ་གྱིས་འཛེག་གྱུར་ཅིག།  །།ཅེས་ཆོས་མངོན་པ་མཛོད་ཅེས་བྱ་བའི་བསྟན་བཅོས་ཀྱི་ཞིབ་མོར་བཤད་པ་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལས་གནས་བརྒྱད་པ་སྙོམས་འཇུག་བསྟན་པའི་མཛོད་རྒྱ་ཆེར་བཤད་པ་ཡིན་ནོ།།  །།གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི། གསུམ་སྟེ། སྟོན་པའི་བསྟན་པ་ངོས་བཟུང་ནས་དེ་འཛིན་པའི་ཚུལ་བཤད། བདག་ཉིད་ཀྱིས་བསྟན་པ་བཟུང་བ་ལ་ཉེས་པས་མ་གོས་པར་བསྟན། ཐར་འདོད་རྣམས་བག་ཡོད་ལ་གདམས་པའོ། །དང་པོ་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་དང་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ། ཁོ་ནའི་སྒྲས་ནི་ཐོས་བསམ་དང་སྒྲུབ་པ་ལས་གཞན་པའི་བསྟན་པ་འཛིན་བྱེད་ཡོད་པ་མ་ཡིན་པར་བསྟན་ནོ། །ཐོས་བསམ་ནི། ལུང་གི་ཆོས་འཛིན་པ་དང༌། ཚུལ་བཞིན་དུ་བསམ་པའི་སྒོ་ནས་གཞན་ལ་སྨྲ་བར་བྱེད་པའོ། །དེ་སྐད་དུ་ཡང༌། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་དང༌། དེའི་འགྲེལ་པར། གང་དག་ཆོས་ལོག་པར་འཆད་པར་བྱེད་པའམ། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་འདོད་པས་འཆད་པ་དེ་དག་ནི། བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པས་ཉེས་པ་དེ་དག་གིས་མ་གོས་པར་འཆད་ན། རང་གི་བསོད་ནམས་ཆེན་པོ་གོང་དུ་འཕེལ་བར་དོན་གྱིས་འཕངས་པའི་ཕྱིར་རོ། །གཉིས་པ་ནི། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གི་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་པ། ཕལ་ཆེར་ཞེས་པའི་སྒྲས་ཁ་ཅིག་མདོ་སྡེ་པ་དང༌། ཉི་འོག་པའི་ལུགས་སུ་བཤད་པ་ཡང་ཡོད་པར་བསྟན་ནོ། །ཉེས་པར་ཟིན་གང་ཞེས་པ་ནི། ཁ་ཆེ་བྱེ་སྨྲའི་ལུགས་གཞིར་བྱས་ནས་འཆད་པ་དག་གིས་ཀྱང༌། གྲུབ་པའི་མཐའ་ཇི་བཞིན་མ་བཤད་པ་ཁ་ཅིག་འདིར་སུན་ཕྱུང་ནས། བྱེ་སྨྲའི་གྲུབ་མཐའ་མ་ནོར་བ་འདི་ཡིན་ནོ་ཞེས་བཤད་པ་དེ་དག་ཡང་ཐུབ་པ་རྣམས་ཀྱིས་ཉེས་པར་ཟིན་པ་སྟེ་གཟིགས་པ་གང་ཡོད་པ་དེ་བདག་གི་ཉེས་པ་ཡིན་ནོ་ཞེས་ཕྱིར་འཆོས་པའོ། །གསུམ་པ་ལ། སྔོན་བསྟན་པ་ལ་སྲེ་སླད་བྱུང་བའི་ཚུལ། དེང་སང་ཡོད་བཞིན་པ་སུན་འབྱིན་དགོས་པར་བསྟན་པ། ཐར་པ་འདོད་པ་རྣམས་བག་ཡོད་ལ་གདམས་པའོ། །དང་པོ་ནི། སྟོན་པ་ཞེས་སོགས་སོ། །གཉིས་པ་ནི། རང་བྱུང་ཞེས་སོགས་སོ། གསུམ་པ་ནི། དེ་ལྟར་ཐུབ་པ་དང༌། ནས། བག་ཡོད་གྱིས་བར་རོ། །ཆོས་མངོན་པའི་མཛོད་འདི་ནི་རྫོགས་སོ། །ཞེས་པ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་འབྱུང་བ་ནི་དེ་ཙམ་སྟེ། ཡང་དག་པར་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །བོད་ཡུལ་མུན་པ་ལྟ་བུར་གྱུར་པ་ལ། སྣང་བྱེད་ཉི་ཟླ་ལྟ་བུའི་ལོ་པཎ་གྱི་བཀའ་དྲིན་དྲན་པའི་སྒོ་ནས་མཚན་སྨོས་པ་ནི། སྔོན་བོད་ཀྱི་ལྷ་བཙན་པོ། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང༌། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ཞེས་པ་རྒྱལ་བའི་བཤེས་གཉེན་དང༌། ཞུས་ཆེན་ཞེས་པ་ཚིག་དོན་གཉིས་ཀ་མ་ནོར་བར་མཁྱེན་པའི་ལོ་ཙཱ་བ་སྐ་བ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན་ནོ། །གང་ཟག་གི་བདག་མེད་བསྒྲུབས་ནས་བག་ཡོད་བསྟན་པའི་ལེའུ་རྒྱས་པར་བཤད་པ་ནི་ལོགས་སུ་བལྟ་བར་བྱའོ། །ཨེ་མ་ཧོ། མི་ཕམ་མཁྱེན་བརྩེའི་གཟིགས་པ་མ་ཉམས་པས། ཐོགས་མེད་རྫུ་འཕྲུལ་རྐང་པའི་གོམ་སྟབས་མཁན། །སྣང་མཛད་ཆོས་ཀྱི་ཕུང་པོ་བགྲངས་ཡས་པ། །དབྱིག་གཉེན་རྣམ་དཔྱོད་བདེ་བའི་ལམ་དུ་བྱོན། །དབྱིག་གཉེན་ཞེས་གྲགས་གྲགས་པའི་གཏམ་དཀར་བ། །ཐུབ་པས་ལུང་བསྟན་བསྟན་པའི་སྲོལ་ཆེན་པོར། །ལུང་རིགས་མཐུ་གྲུབ་གྲུབ་མཐའི་སྒོ་ཆེན་བཞི། །གང་གིས་འབྱེད་མཁས་མཁས་ཁྱོད་འཛམ་གླིང་རྒྱན། །སྡེ་གཉིས་གྲུབ་མཐའི་གཞུང་ལུགས་ལྷན་ཅིག་སྦྱར། །མི་མཐུན་ཁྱད་པར་སྐབས་ཀྱིས་སོ་སོར་ཕྱེ། །ཐེག་ཆེན་ལུགས་གཉིས་གཞུང་ཆེན་གཅིག་ཏུ་བཤད། །གོང་འོག་ཁྱད་པར་ལྟ་བའི་གཞུང་བཞིན་སྦྱར། །གཞུང་འདི་ཕལ་ཆེར་བྱེ་བྲག་བཤད་མཚོའི་ལུགས། །བཤད་པའི་མཚོ་ཆེན་སྡེ་བདུན་མངོན་པའི་མདོ། །འབིགས་བྱེད་ཞི་བའི་ནགས་ཚལ་སྟུག་པོའི་འགྲམ། །གར་མཁས་གནས་སུ་འཕགས་མཆོག་མང་པོས་བསྡུས། །ཉི་འོག་ཁ་ཆེའི་གཞུང་ལུགས་སོ་སོ་བ། །མདོ་སྡེའི་ལུང་གཞན་འདོན་པའི་ལུགས་གང་ཡང༌། །མ་ཚང་མེད་པར་བསྡུས་འདི་མངོན་པའི་མཛོད། །འགྲེལ་བཤད་གཉིས་དང་བཅས་པ་མཁས་པའི་ལམ། །གངས་ཅན་ལྗོངས་སུ་ཐོགས་མར་སྨྲི་ཏིས་བཤད། །དེ་ནས་རིམ་གྱིས་བཤད་རྒྱུན་མ་ཉམས་པ། །ནམ་མཁའ་གྲགས་སོགས་མཆིམས་པའི་བཤད་སྲོལ་གྱི། །མ་འཁྲུལ་རྣམ་བཤད་མང་པོས་གཞུང་འདི་ཕྱེ། །དེང་སང་འདི་ན་རྩ་བ་ཡི། །འབྲུ་ཙམ་ནོན་པས་ཡིད་སིམ་ནས། །ཞིབ་མོར་དཔྱོད་པ་དང་བྲལ་བ། །རྟོག་ཅིང་དཔྱོད་པར་འཇུག་འདི་ཡིན། །བྱེ་བྲག་སྨྲ་གཞུང་གྲུབ་པའི་མཐའ། །གཏིང་ཟབ་སྒྲིག་ལེགས་གོང་འོག་མཐུན། །གཅིག་གི་གཏིང་མཐའ་དཔག་གྱུར་པས། །མང་པོ་ངང་གི་འཆར་འདི་ཡིན། །ཆོས་འདིའི་ཕ་མཐའ་འཇལ་མི་བཟོད། །གནས་རེའི་གཏིང་མཐའ་རྟོག་བྱེད་པའི། །རྣམ་དཔྱོད་འདི་ཡིན་མ་བརྟགས་པའི། །ཆ་གང་ཉེས་པར་ཁས་ལེན་ནོ། །ཟེར་ཟེར་འགྲོས་ཀྱི་ཐོས་པ་མང་མང་པོ། །ངེས་ངེས་མེད་པས་ཀུན་དང་མཐུན་མཐུན་པོ། །ཟེམ་ཟེམ་བཤད་པས་གཞན་བློ་ཡམ་ཡམ་པོར། །བྱེད་བྱེད་འདྲ་བའི་ཐོས་བསམ་ཡོད་ཡོད་འདྲ། །མཁས་མཁས་ལ་ལས་མ་བཤད་བཤད་པ་འདི། །གང་གང་དེ་དེར་མ་གྲགས་གྲགས་འདོད་མིན། །རང་རང་སོ་སོས་མ་གོ་གོ་ཕྱིར་ཏེ། །ལྷང་ལྷང་ཚེར་ཚེར་མི་ཤེས་ཤེས་བློ་མིན། །ཡིན་ལུགས་ཚོལ་བའི་རྣམ་དཔྱོད་ཉུལ་བྱེད་མཁན། །འཆད་པོའི་བློ་གྲོས་གོང་དུ་འཕེལ་བའི་རྩོམ། །རྩོམ་འདོད་ཉན་པོས་ངེས་པར་འདྲེན་པའི་གཏམ། །གཟུར་གནས་དབང་པོ་ཡིད་རང་བྱེད་པའི་ཆོས། །ཆོས་འདི་ཁོ་བོས་བཅུ་གསུམ་རང་ལོའི་དུས། །དཔལ་ལྡན་གྲོ་སའི་རྒྱལ་སྲས་དམར་སྟོན་ལས། །རྩ་འགྲེལ་བཤད་སྦྱར་རྒྱས་པའི་ལུང་ཙམ་ཞིག །ཐོག་མར་ཐོས་པས་མོས་པའི་བག་ཆགས་བཞག །དེ་ནས་བཅུ་དྲུག་ལོན་ཚེ་སེམས་དཔའ་ཆེ། །བསོད་ནམས་ཚུལ་ཁྲིམས་བྱ་བ་སྐྱོར་ལུང་པའི། །དྲུང་དུ་ཚར་གསུམ་སྦྱངས་པས་གཞུང་ཉིད་ཀྱི། །དངོས་བསྟན་ཙམ་ཞིག་བློ་ལ་གཤིན་ཞིང་ལྗེན། །དེ་ནས་ལོ་གྲངས་བཞི་བཅུའི་བར་དག་ཏུ། །ལོ་རེ་བཞིན་ཡང་ཚར་རེ་ཙམ་ཉིད་དམ། །གནས་དགའ་ཙམ་ལའང་ཉན་བཤད་བགྱི་བ་ཡིས། །སྦྱངས་ཅན་བརྒྱ་ཕྲག་བརྒལ་ལ་ཕན་པར་བྱས། །དེ་ནས་གཞུང་འདིའི་ཤུག་བསྟན་དོན་གཉེར་ལ། །དབུ་ཞབས་བསྒྲིགས་པའི་ལུང་གིས་དཔྱད་བྱས་པ། །དེ་ཡིས་ཐོག་མར་རང་བློའི་མུན་པ་ནི། །སེལ་བྱེད་ཡེ་ཤེས་ཉི་མར་འདི་གྱུར་ཅིག །དེ་ནས་འདི་ཡི་གཞན་བློའི་མི་ཤེས་པའི། །དྲི་མ་བཀྲུས་ནས་འགྲོ་ཀུན་ཕན་བདེའི་སར། །འཁྲིད་མཛད་མཁས་པའི་དབང་པོ་དབྱིག་གཉེན་དང༌། །ཚེ་རབས་ཀུན་ཏུ་མཚུངས་པར་བདག་གྱུར་ཅིག །ཅེས་ཆོས་མངོན་པ་མཛོད་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་ཞིབ་མོར་བཤད་པ་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་ཞེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་ཐོས་པ་འཛིན་པའི་སློབ་དཔོན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བར། ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ། ས་གས་ཉ་བའི་ཡར་ཚེས་བཅུ་གསུམ་ལ་རྫོགས་པར་གྱུར་ཅིང༌། ཉེ་བར་སྦྱར་བའི་ཡི་གེ་པ་ནི་མངའ་རིས་སྨད་ཀྱི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།ན་མོ་བུདྡྷཱ་ཡ། སྐུ་གསུང་ཐུགས་དང་མཛད་པ་ནི། །རི་རབ་ལྷ་ཡི་རྔ་དབྱངས་དང༌། །རྒྱ་མཚོའི་ཀློང་དང་ཉི་མ་ལྟར། །སྤྲོ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཐར་འདོད་རྣམས་ཀྱིས་བག་ཡོད་ལ། །བརྟེན་པར་བྱ་བ་བཀར་བཏགས་པའི། །ཕྱག་རྒྱ་བཞི་ལས་བདག་མེད་པ། །བྱེ་བྲག་ཉིད་དུ་བཤད་པར་བྱ། །ཞེས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་ནས་འབྱུང་བའི་ལེའུ་དགུ་པ་བག་ཡོད་བསྟན་པའི་ལེའུ་འདི་བཤད་པར་བྱ་བ་ལ། གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། ཐར་པ་འདོད་ཅིང་དོན་དུ་གཉེར་བ་དག་བག་ཡོད་ལ་བསྐུལ་བའི་དོན་དུ་ལེའུ་འདི་གསུངས་སོ། །ཐར་པ་དང༌། དེའི་རྒྱུ་བག་ཡོད་པ་ནི་གང༌། དེ་དེ་ལྟར་བསྐུལ་དགོས་པའི་རྒྱུ་ཅི་ཞེ་ན། ཐར་པ་ནི་སྡུག་བསྔལ་མ་ལུས་པར་སྤངས་པའོ། །དེའི་རྒྱུ་ནི་བག་ཡོད་པ་སྟེ། ཟག་པ་དང་བཅས་པ་རྣམས་ལས་སེམས་སྲུང་བའོ། །བདག་མེད་པ་ཉིད་ཆོས་ཀྱི་སྙིང་པོར་བསྟན་པ་མེད་ན་ནི་སེམས་ཟག་པ་ལས་བསྲུང་བར་ནུས་པ་མ་ཡིན་ཏེ། བདག་ཏུ་འཛིན་པ་ཉིད་ཟག་པ་ཐམས་ཅད་ཀྱི་རྩ་བར་འགྱུར་བའི་ཕྱིར་རོ། །ཟག་པ་རྣམས་སྤང་དགོས་པ་ཡང་ཡིན་ཏེ། འཁོར་བ་ནི་སྡུག་བསྔལ་བའི་ཕུང་པོ་ཡིན་ལ། དེ་ནི་ལས་དང༌། དེ་ཡང་ཉོན་མོངས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་བསྐུལ་དགོས་པའི་རྒྱུ་མཚན་ནི། ཇི་སྐད་དུ། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །ཞེས་པ་ནས། དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །ཞེས་པའི་བར་གྱི་དོན་ནི། བསྟན་པ་འཛིན་པར་མཛད་པའི་འཕགས་པ་རྣམས་ཞི་བའི་དབྱིངས་སུ་མ་བཞུད་ན། བསྟན་པའི་སྙིང་པོ་བདག་མེད་པ་ལ་ལོག་པར་རྟོག་པ་དག་འཛམ་བུའི་གླིང་འདིར་མི་འབྱུང་ཞིང༌། བརྒྱ་ལམ་ན་བྱུང་བ་དག་སྲིད་ཀྱང་རིང་དུ་མི་གནས་པའི་ཚུལ་གྱིས་སེལ་བར་མཛད་མོད་ཀྱི། དེ་དག་གཤེགས་པ་ན་བསྟན་པ་ལ་གྱེས་པ་རྣམ་པ་བཅོ་བརྒྱད་དུ་གྱུར་ཅིང༌། དེ་དག་ལས་སྡེ་པ་ཁ་ཅིག་གིས་ནི་བདག་ཏུ་སྒྲོ་འདོགས་པའི་གཞུང་བཙུགས་པའི་དབང་གིས། བསྟན་བཅོས་འདི་རྩོམ་པའི་དུས་དེར་ཡང་ཆོས་ཀྱི་ཕྱག་རྒྱ་བཞི་དང་འགལ་བར་སྨྲ་བ་དུ་མ་དག་སྣང་བའི་ཕྱིར། ཞེས་པའོ། །གཉིས་པ་བསྡུས་པའི་དོན་ནི། ཆོས་འདི་པ་དག་ལ་ཡོངས་སུ་གྲགས་པའི་བདག་གི་སྒྲ་ནི་གཉིས་ལ་འཇུག་སྟེ། དོན་དམ་པའི་བདག་དང༌། ཀུན་རྫོབ་པའི་འོ། །དང་པོ་ནི་ཐེག་པ་ཆེན་པོ་པ་དག་ལ་གྲགས་པ་སྟེ། དངོས་པོར་སྨྲ་བ་དག་ལ་ཡོངས་སུ་གྲགས་པའི་བདག་དེ་མ་བཀག་པར་ནི་དམ་པའི་བདག་ཅེས་བྱ་བའི་དོན་དང་ཐ་སྙད་གཉིས་ཀ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། མ་རིག་པའི་དབང་གིས་རང་དབང་ཅན་དུ་སྒྲོ་བཏགས་པ་སྟེ། དེ་ཡང་བློ་དེའི་ངོར་གང་ཟག་དང་ཆོས་ཀྱི་དབྱེ་བས་གཉིས་སོ། །དང་པོ་ནི། གང་ཟག་རང་དབང་ཅན། དེ་ལས་ལེན་པ་ནི་གཉིས་ཏེ། འཇིག་རྟེན་པ་དང༌། གྲུབ་མཐའ་པའོ། །དང་པོ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་བློ་ཅན་རྣམས་ཏེ། དེའི་དབང་གིས། བདག་དང༌། གང་ཟག་དང༌། ང་དང༌། སྲོག་ལ་སོགས་པ་ཉིད་དུ་སྒྲོ་འདོགས་པར་བྱེད་ལ། གང་ལ་འདོགས་པའི་གཞི་ནི་ཕུང་པོ་ཉིད་དེ། ཐག་པ་ལ་དམིགས་ནས་སྦྲུལ་དུ་འཛིན་པ་བཞིན་ནོ། །གཉིས་པ་ལ། གཉིས་ཏེ། ཕྱི་རོལ་པ་དང༌། རང་གི་སྡེ་པའོ། །དང་པོས་ནི་ཕུང་པོ་ལས་རྫས་གཞན་དུ་ཡོད་པར་སྒྲོ་བཏགས་ལ། གཉིས་པ་ནི། ཕུང་པོ་ཉིད་བདག་ཏུ་ཁས་ལེན་པ་དང༌། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཁས་ལེན་པའོ། །དེ་ནི་གནས་མ་བུའི་སྡེ་པ་དག་ཡིན་ལ། སྔ་མ་དེ་ལ་ཕུང་པོ་ལྔ་ཆར་བདག་ཏུ་འདོད་པ་དང༌། རྣམ་པར་ཤེས་པ་ཉིད་དུ་བདག་ཏུ་འདོད་པའི་བྱེ་བྲག་གིས་གཉིས་སོ། །ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་ལ། གཉིས་ཏེ། གཟུང་བའི་ཆོས་སུ་དང༌། འཛིན་པའི་ཆོས་རང་དབང་ཅན་དུ་སྒྲོ་འདོགས་པའོ། །དང་པོ་ནི། འཇིག་རྟེན་པ་དང༌། ཕྱི་རོལ་པ་ལས། རང་གི་སྡེ་པ་ཉན་ཐོས་པ་དག་གི་བར་མཐའ་དག་གོ །གཉིས་པ་ནི། དེ་དག་ཁོ་ནར་མ་ཟད། ཐེག་པ་ཆེན་པོ་སེམས་ཙམ་པ་དག་ཀྱང༌། སྣང་བ་སེམས་སུ་ཡོད་པར་ཁས་ལེན་པ་དག་གོ །འདིར་སྐབས་སུ་བབ་པའི་གང་ཟག་གི་བདག་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། དེ་ཁས་ལེན་པའི་རྒོལ་བ་ཡང༌། གཙོ་བོར་ནི་རང་གི་སྡེ་པ་དག་སྟེ། དགག་བྱ་དེ་ལུང་གིས་བཀག་པའི་ཕྱིར་དང༌། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས་ཞེས་འཕྲོས་དང་མཐུན་པའི་ཕྱིར་རོ། །འོ་ན་དེའི་འདོད་པ་གང༌། འགོག་བྱེད་ཀྱི་ལུང་རིགས་ནི་ཇི་ལྟ་བུ་ཞེ་ན། འདི་སྐད་ཅེས། བདག་རྫས་ཡོད་ཁས་མ་བླངས་ན་ལས་འབྲས་མི་འཐད་པ་ལ་སོགས་པའི་ཉེས་པ་མང་པོ་དག་དང་བཅས་ལ། སངས་རྒྱས་ཀྱིས་ལུས་སྲོག་གཅིག་དང་ཐ་དད་གང་དུ་ཡང་ལུང་མ་བསྟན་པའི་ཕྱིར། ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་ཟེར་བ་དེའོ། །དེ་འགོག་པའི་རིགས་པ་ནི། བདག་ཡོད་དོ། །ཞེས་བྱ་བའི་དོན་གང་ཡིན། རྫས་སུའམ་བཏགས་པའི་ཡོད་པ་ཉིད་དུ་ཁས་ལེན། དང་པོ་ལྟར་ན། ཕུང་སོགས་ལས་དེ་ཉིད་དང་གཞན་དུ་བརྗོད་མེད་ཡིན་པར་འགལ་ལ། གཉིས་པ་ལྟར་ན། ཁོ་བོ་ཅག་དང་འདོད་པ་མཐུན་པ་ཉིད་དོ། །ལུང་གིས་འགོག་པའི་ཚུལ་ནི། བདག་ཁས་ལེན་པ་ལ་ལུང་འགལ་ཡོད་པའི་ཚུལ་རྒྱས་པ་དང༌། དེར་ཁས་མི་ལེན་པ་ལ་ལུང་གིས་མི་གནོད་པའི་ཚུལ་རྣམས་རྒྱས་པར་འཆད་དོ། །དེ་ནས་རང་ལུགས་འཇོག་པའི་ཚུལ་ནི། གང་ཟག་དང༌། སྲོག་དང༌། སེམས་ཅན་ཞེས་པ་མིང་གི་རྣམ་གྲངས་ཡིན་ལ། དེ་དག་ཀྱང་བཏགས་པའི་ཡོད་པ་ནི་ཡིན་ལ། རྫས་སུ་ཡོད་པ་ནི་མ་ཡིན་པའོ། །དོན་དེ་ལ་དགོངས་ནས་ཡོད་མེད་དང་གཅིག་ཐ་དད་སོགས་གང་དུ་ཡང་རེས་འགའ་གང་ཟག་གི་བསམ་པ་ལ་ལྟོས་ནས་ལུང་སྟོན་པར་མི་མཛད་ཅིང༌། ལ་ལར་ནི་མཐའ་གཅིག་ཏུ་ཡོད་དོ་ཞེས་དང་སྐབས་གཞན་དུ་ནི་མེད་དོ་ཅེས་མཐའ་གཅིག་པར་ལུང་བསྟན་ནོ། །འདིར་ངེས་པའི་དོན་ནི། གཏགས་པའི་ཡོད་པས་ནི་སྤྱིར་ཡོད་པའི་གོ་མི་ཆོད་དེ། དེའི་དོན་ནི་སྒྲོ་གཏགས་པ་ལ་འཆད་པའི་ཕྱིར། རྫས་སུ་ཡོད་མེད་ཀྱིས་ནི་ཡོད་མེད་ཀྱི་གོ་ཆོད་པ་ཡིན་ནོ། །འགྲེལ་པ་འདི་ཉིད་ལས། ཁོ་བོ་ཅག་གི་ལྟར་ན། ཡོད་པ་ཐམས་ཅད་རྫས་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་རྫས་སུ་གྲུབ་བོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །གནས་འདིའི་བསྡུས་པའི་དོན་ནི་དེ་ཙམ་མོ། །གསུམ་པ་ཚིག་གི་དོན་བཤད་པ་ལ་གཉིས་ཏེ། བསྡུས་དོན་མདོར་བསྟན་པ་དང༌། ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཇི་སྐད་དུ། འདིར་སྨྲས་པ། ལྟ་བའི་མཆེ་བས་སྨྲས་པ་དང༌། །ལས་རྣམས་འཇིག་པ་ལ་ལྟོས་ནས། །སྟག་མོས་ཕྲུ་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་ནི་སྟོན་པར་མཛད། །བདག་ཡོད་ཉིད་དུ་ཁས་བླངས་ནས། །ལྟ་བའི་མཆེ་བ་སྨྲས་པར་འགྱུར། །ཀུན་རྫོབ་རྟོགས་པར་མ་གྱུར་ན། །དགེ་བ་ཕྲུ་གུ་ཉམས་པར་འགྱུར། །ཡང་སྨྲས་པ། མེད་ཕྱིར་བཅོམ་ལྡན་འདས་ཀྱི་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །བཏགས་པའམ་མེད་དུ་འགྱུར་འོང་བས། །མེད་དོ་ཅེས་ཀྱང་མ་གསུངས་སོ། །ཕུང་པོའི་རྒྱུན་ནི་གང་ལ་དགེ །མི་དགེའི་འབྲས་བུ་ཡོད་པ་ཉིད། །དེ་ལ་སྲོག་ཅེས་བྱ་སྟེ་དེ། །སྲོག་མེད་བསྟན་པས་མེད་པར་འགྱུར། །སྲོག་ཅེས་བྱ་བ་ཕུང་པོ་ལ། །བཏགས་ཙམ་ཞེས་པ་མ་གསུངས་ཏེ། །དེ་ཆའི་སྐྱེ་བོ་དེ་འདྲ་དེ། །སྟོང་ཉིད་རྟོགས་པའི་སྐལ་ལྡན་མིན། །འདི་ལྟར་གནས་པས་བདག་ཡོད་དམ། །མེད་ཅེས་དྲིས་པ་འདྲི་བ་ཡི། །བསམ་པ་ལ་ལྟོས་མ་གསུངས་ཏེ། །ཡོད་ན་ཅི་ཕྱིར་ཡོད་མི་གསུངས། །ཞེས་སོ། །དེ་ལྟར་ཚིགས་བཅད་དང་པོ་གཉིས་ཀྱིས་ནི་རང་གི་ལུགས་བཞག་ལ། ཕྱི་མ་བཞིས་ནི་དེ་ལ་རྩོད་པ་སྤངས་པ་ཡིན་ཏེ། ཁྱེད་ལྟར་ན་བདག་དང་སྲོག་མེད་དོ་ཞེས་མཐའ་གཅིག་ཏུ་ལུང་བསྟན་པས་ཆོག་པའི་ཕྱིར། ཞེས་སྙམ་པ་ལ། དེ་ལྟར་བསྟན་ན། བཏགས་པ་ཙམ་དུ་ཡང་མེད་པར་གོ་ནས། ལས་འབྲས་ཀྱི་རྣམ་གཞག་འདོར་དགོས་པར་འགྱུར་ལ། རྫས་བཏགས་སོ་སོར་འབྱེད་པ་ནི་འདྲི་བ་པོ་སྟོང་ཉིད་རྟོགས་པའི་སྐལ་ལྡན་ལ་ཡིན་པ་དང༌། རྫས་སུ་ཡོད་ན་དེའི་ཚེ་ཡོད་ཅེས་གསུངས་པས་ཆོག་པར་འགྱུར་ཏེ། གནས་ཚད་དང་གདུལ་བྱའི་བསམ་པ་མཐུན་པར་སོང་བས་འདྲི་བ་པོ་རང་གི་བསྟན་པ་འདྲོངས་པའི་ཕྱིར། སྐབས་འདིར་གང་ཟག་གི་བདག་བཏགས་ཡོད་དང་ཀུན་རྫོབ་གྱི་བདེན་པར་ཁས་ལེན་ཀྱང༌། ཡོད་པར་ནི་ཁས་མི་ལེན་ཏེ། ཚད་མས་མ་དམིགས་པར་འཆད་པའི་ཕྱིར་རོ། །གང་ལ་འདོགས་པའི་གཞི་རྣམ་བཤད་མཛད་པ་དག་ཕུང་པོའི་རྒྱུན་ལ་འཆད་མོད། སློབ་དཔོན་གྱི་བཞེད་པ་མ་ཡིན་ཏེ། རྒྱུན་ཉིད་ཀྱང་བཏགས་ཡོད་ཡིན་པས་གདགས་གཞི་རྫས་མེད་ལ་གདགས་ཆོས་བཏགས་ཡོད་མི་འདོགས་པའི་ཕྱིར། ཕུང་པོ་ལ་འདོགས་པར་བཤད་པ་མ་ཡིན་ནམ་ཞེ་ན། ཡིན་ཡོད་དེ་ཉིད་ཀྱིས་རྒྱུན་ལ་མི་འདོགས་པར་སྒྲུབ་པ་ཡིན་ཏེ། རྒྱུན་ནི་ཕུང་པོ་ལྔ་པོ་དག་གང་དུ་ཡང་མི་རུང་བའི་ཕྱིར། གང་ཟག་བཞིན་ནོ། །དེས་ན་རང་གི་ལུགས་ལ། ཕུང་པོའི་རྒྱུན་དང་གང་ཟག་ནི་མིང་གི་རྣམ་གྲངས་ཏེ། ལུང་སིལ་བུ་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཤེས་བརྗོད། །ཐེག་པ་གོང་མ་པ་དག་ཀྱང་དེ་ལྟར་འདོད་དེ། རྒྱུད་གསུམ་གྱི་རྣམ་པར་ངེས་པ་ལས། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔ་ཡི་རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། ས་བོན་ཀུན་གཞིའི་རྣམ་ཤེས་ཀྱི། །རྒྱུ་ནི་གང་ཟག་ཡིན་པར་འདོད། །ཅེས་བཤད་དོ། །གང་ཟག་གི་མཚན་གཞི་དེ་ལྟར་ངོས་འཛིན་པ་དེ་ཡང༌། བདག་ཏུ་རྨོངས་པའི་མ་རིག་པ་དེའི་ངོར་ཡིན་གྱི། སྤྱིར་མ་ཡིན་ཏེ། ཡིན་ན་བདག་འཛིན་མ་འཁྲུལ་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་ཕུང་པོའི་རྒྱུན་ཀྱང་སྤྱིར་ཚད་མས་གྲུབ་པར་མི་འདོད་དེ། བཤིག་པ་ན་དེར་འཛིན་གྱི་བློ་འདོར་བའི་ཕྱིར། དེའི་ཕྱིར་རགས་རྒྱུན་ཡོད་པར་མི་འདོད་དེ། ཡོད་པ་ལ་རྫས་ཡོད་ཀྱིས་ཁྱབ་པའི་ལུང་དྲངས་མ་ཐག་པ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་འགྲེལ་པས་རྒྱས་པར་བཤད་པ་ལ། གཉིས་ཏེ། སྔ་འགྲེལ་གྱི་སྒོ་ནས་བདག་མེད་པའི་སྒྲུབ་བྱེད་བཤད་པ་དང༌། ཕྱི་འགྲེལ་གྱི་སྒོ་ནས་བདག་ཡོད་པའི་སྒྲུབ་བྱེད་མི་འཐད་པའོ། །དང་པོ་ལ། རིགས་པའི་དང༌། ལུང་གི་སྒྲུབ་བྱེད་དོ། །དང་པོ་ལ། གཉིས་ཏེ། ཚད་མས་མ་དམིགས་པར་བསྟན་པ་དང༌། དམིགས་པ་ལ་གནོད་བྱེད་བརྗོད་པའོ། །དང་པོ་ནི། ཇི་སྐད་དུ། ཡང་ཅི་འདི་ལས་གཞན་ན་ཐར་པ་ཡོད་དམ་ཞེ་ན། མེད་དོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར་ཏེ། ཕུང་པོའི་རྒྱུན་ཁོ་ན་ལ་བདག་ཏུ་འདོགས་པར་ནི་ངེས་པར་མི་འཛིན་ཏོ། །འོ་ན་ཅི་ཞེ་ན། རྫས་གཞན་ཁོ་ན་ལ་བདག་ཏུ་ཡོངས་སུ་རྟོག་པར་བྱེད་ལ། ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་བརྗོད་པ་ནི། ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་གི བརྗོད་པར་བྱ་བ་གཞན་ལ་མ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཇི་ལྟར་ཁོང་དུ་ཆུད། ཅེས་ན། མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར། ཆོས་གང་དག་ཡོད་པ་དེ་དག་ནི་བར་ཆད་བྱེད་པ་མེད་ན་མངོན་སུམ་དུ་དམིགས་པ་ཡིན་ཏེ། དཔེར་ན་ཡུལ་དྲུག་དང་ཡིད་ལྟ་བུའོ། །ཞེས་པ་ནི་མདོར་བསྟན་པ་ཡིན་ལ། དེ་ཉིད་འཆད་པ་ནི། ཇི་སྐད་དུ། འདི་ནི་རེ་ཤིག་དཔྱད་པར་བྱ་བ་ཡིན་ཏེ། རྫས་སུ་འདོད་དམ། བཏགས་པར་ཡོད། གལ་ཏེ་རྫས་སུ་ཡོད་ན་ནི། །ཕུང་པོ་རྣམས་ལས་གཞན་ནོ། །ཞེས་བརྗོད་པར་བྱ་སྟེ། ཕན་ཚུན་གྱི་ཕུང་པོ་བཞིན་ནོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་མུ་སྟེགས་ཅན་གྱི་ལྟ་བར་ཐལ་བར་འགྱུར་རོ། །དགོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ། །འོན་ཏེ་བཏགས་པར་ཡོད་དོ་ཅེ་ན་ནི། ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ། །ཞེས་གསུངས། ཕལ་ཆེར་གོ་བར་ཟད་ལ། འདུས་བྱས་གཞིར་བྱས་པའི་རྫས་ཡོད་གཅིག་དང་ཐ་དད་ཀྱིས་ཁྱབ་པ་དང༌། བདག་འདུས་མ་བྱས་སུ་འདོད་པ་མུ་སྟེགས་ཀྱི་ལུགས་ཡིན་པར་བསྟན་པའོ། །གཉིས་པ་ལ། གཉིས་ཏེ། གདགས་གཞི་ཕུང་པོ་ལ་དམིགས་པའི་མངོན་སུམ་གྱིས་དམིགས་པ་མི་འཐད་པར་བསྟན་པ་དང༌། གང་ཟག་ཉིད་དམིགས་རྐྱེན་དུ་འདོད་པ་མི་འཐད་པའོ། །དང་པོ་ནི། ཇི་སྐད་དུ། ད་ལྟར་གྱི་ནང་གིས་ཟིན་པའི་ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་ཏུ་འདོགས་སོ། །ཞེ་ན། ལོང་བ་ལྟ་བུའི་ཚིག་གི་དོན་མི་གསལ་བ་འདི་ནི་མི་གོའོ། །ཞེས་གསུངས་པ་དེའི་དོན་ནི། ཕུང་པོ་ལ་དམིགས་ནས་བདག་ཏུ་འདོགས་པ་ཡིན་ནམ། ཕུང་པོ་ལ་བརྟེན་ནས་བདག་ཏུ་འདོགས་པ་ཡིན། དང་པོ་ལྟར་ན། ཕུང་པོ་ཉིད་བདག་ཏུ་འགྱུར་ཏེ། བདག་ཏུ་འཛིན་པའི་དམིགས་པའི་ཕྱིར། གཉིས་པ་ལྟར་ན་ཡང་སྐྱོན་དེ་ཉིད་དུ་འགྱུར་ཏེ། ཕུང་པོ་ལས་ལོགས་ན་གང་ཟག་གི་གདགས་གཞི་མེད་པའི་ཕྱིར། དཔེར་ན་འོ་མ་འདོགས་པའི་རྒྱུ་རྡུལ་རྫས་བརྒྱད་ལས་ལོགས་ན་འོ་མ་མ་དམིགས་པ་བཞིན་ནོ། །དེའི་སྐྱོན་སྤོང་བར་འདོད་ནས། བུད་ཤིང་རྒྱུར་བྱས་ནས་མེར་འདོགས་པ་དང༌། ཕུང་པོ་རྒྱུར་བྱས་ནས་བདག་ཏུ་འདོགས་པ་གཉིས་འདྲའོ། །ཞེ་ན། དཔེ་དེ་ཉིད་ཀྱིས་གང་ཟག་རྫས་སུ་མེད་པར་གྲུབ་སྟེ། མེ་དང་བུད་ཤིང་གཉིས་ཀ་ཡང་རྡུལ་རྫས་བརྒྱད་ལ་བཏགས་པ་ཙམ་ཡིན་གྱི་ལོགས་ན་ཡོད་པ་མ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་བཞིན་ནོ། །ཞེ་ན། ཞེས་པ་ནས། ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་འདོགས་སོ། །ཞེས་བྱ་བ་དེ་མི་འགྲུབ་བོ། །ཞེས་བྱ་བའི་བར་གསུངས། དེ་ལྟར་སྤྱིར་བཀག་ནས་སོ་སོར་ཕྱེ་ནས་ཀྱང་འགོག་པ་ནི། གང་ཟག་དེ་རྣམ་ཤེས་དྲུག་གི་ཤེས་བྱར་འདོད་ན། རེ་རེ་ནས་སམ། དྲུག་ཆར་གྱིས་ཤེས་དང་པོ་ལྟར་ན། གཟུགས་ལ་སོགས་པ་རེ་རེ་བ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན། ལྷས་བྱིན་གྱི་གཟུགས་མིག་གིས་མཐོང་བ་ལ་བརྟེན་ནས་ལྷས་བྱིན་མཐོང་བ་དང༌། དེའི་སྒྲ་ཐོས་པ་ལས་ལྷས་བྱིན་རྣ་བས་ཐོས་ཤེས་པ་ནས། ལྷས་བྱིན་གྱི་ཆོས་ཤེས་བརྗོད་པར་བྱ་བ་ཡིན་གྱི། གཟུགས་སོགས་རེ་རེ་ནས་ལྷས་བྱིན་ཡིན་ནོ་ཞེས་ཀྱང་མི་བརྗོད། གཟུགས་སོགས་ལས་གཞན་ན་ལྷས་བྱིན་ཡོད་དོ་ཞེས་ཀྱང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་གྲུབ་ལ། དེའི་ཚེ་གང་ཟག་བཏགས་ཡོད་ཉིད་དུ་གྲུབ་པ་ཡིན་ཏེ། དཔེར་ན་འོ་མའི་གཟུགས་མིག་གིས་མཐོང་བ་ནས། དེའི་ཆོས་ཡིད་ཀྱིས་ཤེས་པའི་བར་ལ་བརྟེན་ནས། འོ་མ་མིག་གིས་མཐོང་བ་ནས་ཞེས་པའི་བར་དུ་བརྗོད་པར་བྱ་བ་ཡིན་གྱི། འོ་མ་དང་གཟུགས་སོགས་རྫས་གཅིག་དང་ཐ་དད་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པ་དེ་དང་འདྲ་བ་ཉིད་དུ་གྲུབ་པའི་ཕྱིར། ཞེས་སྟོན་པ་ནི། རེ་ཤིག་འདི་ཡང་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་དྲུག་ལས་གང་ཟག་རྣམ་པར་ཤེས་པ་གང་གིས་ཤེས་པར་བྱ་བ་ཡིན། ཞེས་པ་ནས། ཇི་ལྟར་གཟུགས་ལ་སོགས་པའི་སྤྱི་ཁོ་ན་ལ་འོ་མའམ་ཆུ་ཞེས་འདོགས་པ་དེ་བཞིན་དུ། ཕུང་པོ་རྣམས་ལ་གང་ཟག་འདོགས་སོ། །ཞེས་བྱ་བར་གྲུབ་བོ། །ཞེས་གསུངས། དཔེའི་སྐབས་སུ། འོ་མ་དང་ཆུ་ལྟ་བུ་ཚོགས་སྤྱིར་གྱུར་པའི་དངོས་པོ་རྣམས་རང་གི་གདགས་གཞིར་རྫས་ཡོད་ལ་བཏགས་པའི་བཏགས་ཆོས་སུ་གནས་མ་བུའི་སྡེ་པས་ཀྱང་འདོད་པ་དེ་ཉིད་དཔེར་བྱས་པའོ། །གོང་དུ། ཕུང་པོ་ལ་བརྟེན་ནས་གང་ཟག་འདོགས་པར་མི་འགྲུབ་བོ། །ཞེས་པ་དང་འདི་མི་འགལ་ལམ། ཞེ་ན། དེར་ནི་དེ་ལ་བརྟེན་ནས་རྫས་ཡོད་དུ་འདོགས་པར་མི་འགྲུབ་པར་བཤད་པ་ཡིན་ལ། འདིར་བཏགས་ཡོད་དུ་འདོགས་པ་འགྲུབ་པར་བཤད་པའོ། །ཡང་གལ་ཏེ་དྲུག་ཆར་གྱིས་ཤེས་དགོས་ན་བཏགས་ཡོད་དུ་གྲུབ་ཀྱང༌། གཅིག་གིས་ཤེས་པའི་ཚེ་གཞན་གྱིས་མི་ཤེས་སོ་ཞེ་ན། དེ་ལྟར་ན་མིག་གིས་ཤེས་པའི་ཕྱིར་སྒྲ་ལས་གཞན་ཡིན་པར་འགྱུར་ཏེ། གཟུགས་བཞིན་ནོ། །དེ་བཞིན་དུ་རྣ་བས་ཤེས་པའི་ཚེ་གཟུགས་ལས་གཞན་ཞིག་ཡིན་པར་འགྱུར་ཏེ། སྒྲ་བཞིན་ནོ། །ཡང་རྣམ་ཤེས་དྲུག་གིས་ཤེས་པར་བྱ་བ་ཐུན་མོང་བ་ནི་མི་སྲིད་དེ། མདོ་ལས། བྲམ་ཟེ་དབང་པོ་ལྔ་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཡིན་ཞིང༌། ཡུལ་ཐ་དད་པ་ཅན་ཁོ་ན་ཡིན་ཏེ། ཞེས་པ་ནས། ལྔ་གང་ཞེ་ན། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང་ལྔའོ། །ཡིད་ཀྱི་དབང་པོ་ནི་འདི་དག་གི་རྟེན་ཡིན་ནོ། །ཞེས་བཤད་པས་སོ། །འོ་ན་ཡིད་ཀྱི་དབང་པོ་ཡང་དབང་པོ་ལྔ་ལས་ཡུལ་སོ་སོར་ངེས་པ་ཉིད་དུ་འགྱུར་ཏེ། སྲོག་ཆགས་དྲུག་པ་ལྟ་བུའི་མདོ་ལས། དབང་པོ་དྲུག་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཞིང༌། ཡུལ་ཐ་དད་པ་ཅན་ཡིན་ཏེ། ཞེས་སོགས་བཤད་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། དེར་བཤད་པའི་ཡིད་ཀྱི་དབང་པོ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་འཆད་པའི་ཕྱིར། དབང་པོ་ལྔ་པོ་ཡང༌། མིག་ལ་སོགས་པ་ལྔ་དང༌། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ལ་མི་འཆད་དེ། དེ་དག་ནི་རྟོག་བཅས་མ་ཡིན་པས་མཐོང་བ་ལ་སོགས་པར་མི་འདོད་པའི་ཕྱིར། འོ་ན་ཅི་ཞེ་ན། དེ་དག་གིས་དྲངས་པའི་ཡིད་ཀྱི་ཤེས་པ་ཁོ་ནའོ། །ཞེས་འཆད་པ་ནི། གལ་ཏེ་དེ་ལྟ་ན། ཡིད་ཀྱི་དབང་པོ་ཡང་འཁྲུལ་བ་མེད་པར་འགྱུར་ཏེ། ཞེས་སོགས་སོ། །དེ་དག་ནི་དབང་པོ་ལྔའི་ཡུལ་ཐུན་མོང་བ་མི་སྲིད་པ་ལ་རྩོད་པ་སྤང་བ་ཡིན་ཏེ། ཇི་སྐད་དུ། དྲུག་པོ་འདས་མ་ཐག་པ་ཡི། །ཞེས་འཆད་པས། ཡིད་ཀྱི་དབང་པོའི་ཡུལ་དུ་གཟུགས་སོགས་དོན་ལྔ་ཀ་རུང་བར་བཤད་པའོ། །གཉིས་པ་ནི། མིག་གི་རྣམ་པར་ཤེས་པས་གང་ཟག་དམིགས་པར་འདོད་པ་དེའི་ཚེ། མིག་ཤེས་དེ་གཟུགས་ཁོ་ན་ལ་བརྟེན་ནས་སྐྱེའམ། གཟུགས་དང་གང་ཟག་གཉིས་ཀ་ལ་བརྟེན་ནས་སྐྱེ། དང་པོ་ལྟར་ན། དེས་གཟུགས་ཁོ་ན་ཤེས་པར་འགྱུར་གྱི། གང་ཟག་ཤེས་པར་མི་འགྱུར་ཏེ། དེ་དེའི་དམིགས་པའི་རྐྱེན་དུ་མི་འདོད་པའི་ཕྱིར། སྒྲ་བཞིན་ནོ། །གཉིས་པ་ལྟར་ན། མདོ་དང་འགལ་བ་ཡིན་ཏེ། མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །ཞེས་གསུངས་པ་ཡིན་གྱི། གང་ཟག་ལ་བརྟེན་ནས་སྐྱེ་བར་མ་གསུངས་པའི་ཕྱིར། ཞེས་འཆད་པ་ནི། དེ་ཇི་གཟུགས་ལ་བརྟེན་ནས་སྐྱེའམ། འོན་ཏེ་གང་ཟག་གམ་གཉིས་ཀ་ལ་བརྟེན་ནས་སྐྱེ་ཞེས་སོགས་སོ། །ཡང་གལ་ཏེ། གང་ཟག་ཕུང་པོ་ལྔ་ལས་གཞན་དུ་མི་འདོད་པའི་རྒྱུ་མཚན་ཅི་ཡིན། ཕུང་པོ་ལྔ་པོ་གང་ཟག་ཏུ་དམིགས་པའི་རྒྱུ་ཡིན་པའི་ཕྱིར། ཞེས་ཟེར་རམ། ཕུང་པོ་དམིགས་ན་གང་ཟག་དམིགས་པས་ཁྱབ་པའི་ཕྱིར། ཞེས་ཟེར། དང་པོ་ལྟར་ན། གཟུགས་ཀྱང་མིག་ལས་གཞན་མ་ཡིན་པར་འགྱུར་ཏེ། མིག་ཀྱང་གཟུགས་དམིགས་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། གཟུགས་ཁོ་ན་དམིགས་པས་གང་ཟག་དམིགས་པར་འཆད་དམ། དེ་ལས་གཞན་ཞིག་ཀྱང་དམིགས་དགོས་པར་འདོད། དང་པོ་ལྟར་ན། གཟུགས་ཁོ་ན་ལ་གང་ཟག་འདོགས་པར་འགྱུར་ལ། གཉིས་པ་ལྟར་ན། གང་ཟག་གཟུགས་ལས་གཞན་ཡིན་པར་འགྱུར་ཏེ། དུས་ཐ་དད་པར་དམིགས་པའི་ཕྱིར། ཞེས་འཆད་པ་ནི། ཅི་རེ་ཤིག་གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ནམ། འོན་ཏེ་གཟུགས་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེས་བྱ་བ་ཡིན། ཞེས་སོགས་སོ། །དེ་ལྟར་གང་ཟག་ཡོད་པ་མ་ཡིན་པའི་རིགས་པའི་སྒྲུབ་བྱེད་བཤད་ཟིན་ནས། ལུང་གི་སྒྲུབ་བྱེད་འཆད་པ་ལ་དངོས་དང༌། ལུང་ཤེས་བྱེད་མ་ཡིན་པའི་རྩོད་པ་སྤང་བའོ། །དང་པོ་ལ། ལུང་རྣམ་གྲངས་མི་འདྲ་བ་དུ་མ་དག་དྲངས་པ་ལས། ཁ་ཅིག་གིས་ནི་གང་ཟག་ཡོད་པ་མ་ཡིན་པར་འཆད་ལ། ཁ་ཅིག་གིས་ནི་གང་ཟག་ཕུང་པོ་ལས་གཞན་དུ་བརྗོད་པར་བྱ་བ་ཡིན་པའི་ཤེས་བྱེད་འཆད་པར་སྣང་སྟེ། སྐབས་ཀྱིས་སོ་སོར་དབྱེ་དགོས་སོ། །དེ་ཡང་འདི་ལྟར། གང་ཟག་ཕུང་པོ་ལས་གཞན་དུ་བརྗོད་པར་མི་ནུས་ན། གནས་མ་བུའི་སྡེ་པས་འདོད་པའི་མདོ་ལས། ཇི་སྐད་དུ། ཤེས་པར་བྱ་བ་ནི་རྣམ་པ་ལྔ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། འདུས་མ་བྱས་པ་དང༌། གང་ཟག་གོ །ཞེས་བཞི་པོ་ལས་གཞན་དུ་བརྗོད་པ་དང་འགལ། ཡང་བཅོམ་ལྡན་འདས་ཀྱིས། གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་པ་བདག་མ་ཡིན་པའི་བར་གསུངས་པ་དེ། བདག་ཕུང་པོ་ལས་གཞན་དུ་བརྗོད་པ་དང་འགལ། ཡང་བཅོམ་ལྡན་འདས་ཀྱིས། དགེ་སློང་དག མངོན་པར་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་པར་བྱ་བ་ནི་འདི་ཙམ་དུ་ཟད་དེ། ཞེས་གཟུགས་སོགས་ཡུལ་དྲུག་དང༌། མིག་སོགས་དབང་པོ་དྲུག་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་ཁོ་ན་ལས་གཞན་མ་བཤད་པས་ན། གང་ཟག་ནི་ཤེས་པར་བྱ་བ་དེ་གཉིས་སུ་མ་འདུས་སོ། །དེའི་ཕྱིར་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ནོ། །ཡང་གང་ཟག་ཕུང་པོ་ལས་གཞན་མ་ཡིན་པ་ཉིད་དུ་འདོད་ན་ཡང་མདོ་དང་འགལ་ཏེ། མདོ་ལས་ཕུང་པོ་རྣམས་ཁོ་ན་གང་ཟག་ཏུ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། མདོ་ལས། དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང༌། གཟུགས་ཅན་མིག་གི་དབང་པོ་དང༌། དེ་རྙེད་གཅིག་ལ་ནི་མི་ཉིད་ཅེས་བྱའོ། །འདི་ལ་སེམས་ཅན་དང༌། མི་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། གསོ་བ་དང༌། སྲོག་དང༌། སྐྱེ་བོ་ཞེས་བྱ་བ་འདི་ནི་མིང་ཡིན་ནོ། །ཞེས་པ་ནས། དགེ་སློང་དག་འདི་དག་ནི་མིང་ཙམ། ཁས་ཆེ་བ་ཙམ། ཐ་སྙད་ཙམ་མོ། །ཞེས་མེད་བཞིན་དུ་བཏགས་པ་ཙམ་དུ་གསུངས་ཀྱི། ཡོད་པར་མ་གསུངས་སོ། །ཡང་ཇི་སྐད་དུ། བྲམ་ཟེ། ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་པོ་དག་ཏུ་ཟད་དོ། །ཞེས་གསུངས་པས་ཀྱང་གང་ཟག་ཡོད་པ་མ་ཡིན་པར་གྲུབ་སྟེ། སྐྱེ་མཆེད་ནི་མ་ཡིན་པའི་ཕྱིར། ཡིན་ན་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཐ་སྙད་དུ་འགལ་ལོ། །ཡང་གཟུགས་ཅན་སྙིང་པོའི་མདོ་ལས། དགེ་སློང་དག་བདག་དང་བདག་གི་ཞེས་བྱ་བ་ནི། བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པས་བཏགས་པར་ཟད་དོ། །ཞེས་དང༌། དགྲ་བཅོམ་པ་དག་གིས་བདུད་ལས་བརྩམས་ནས་སྨྲས་པ། སེམས་ཅན་ཞེས་བྱ་བདུད་ཅེས་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡི། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་དང༌། ལུང་ཕྲན་ཚེགས་ལས། བདག་ཉིད་ཀྱིས་ནི་བདག་མེད་དེ། །ཕྱིན་ཅི་ལོག་གིས་རྟོག་པར་བྱེད། །འདི་ལ་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །སྲིད་པའི་ཡན་ལག་བཅུ་གཉིས་དང༌། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང༌། །རྣམ་པར་བསམ་ན་འདི་ཀུན་ལ། །གང་ཟག་དམིགས་པ་མ་ཡིན་ནོ། །ནང་གི་སྟོང་པ་ཡིན་པར་ལྟོས། །ཕྱི་རོལ་གནས་པ་སྟོང་པར་ལྟོས། །གང་ཞིག་སྟོང་པ་ཉིད་བསྒོམ་པ། །དེ་ཡང་འགའ་ཡང་མི་དམིགས་སོ། །ཞེས་དང༌། དེ་བཞིན་དུ་བདག་ཏུ་དམིགས་པ་ལ་ཉེས་དམིགས་ལྔ་ཡོད་དེ། བདག་ཏུ་ལྟ་བ་དང༌། སེམས་ཅན་དུ་ལྟ་བ་དང༌། སྲོག་ཏུ་ལྟ་བར་འགྱུར། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར། ལམ་གོལ་བའང་གོམས་པར་ཞུགས་པར་འགྱུར། དེའི་སེམས་སྟོང་པ་ཉིད་ལ་མི་འཇུག་ཅིང༌། རབ་ཏུ་དང་བར་མི་འགྱུར་ལ། ཡང་དག་པར་མི་གནས་པ་རྣམ་པར་གྲོལ་བར་མི་འགྱུར། འདིའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར། ཞེས་གསུངས་སོ། །དེ་དག་གིས་ནི་ལུང་དང་འགལ་བ་དངོས་བསྟན་ནས། ཉེས་སྤོང་མི་འཐད་པ་ལ་བཞི་སྟེ། ལུང་དེ་དག་ཁས་མི་ལེན་པའི་ཉེས་སྤོང་མི་འཐད། ཆོས་ཐམས་ཅད་བདག་མེད་དུ་གསུངས་པའི་མདོའི་དོན་འཆད་ཚུལ་མི་འཐད། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བའི་རྩོད་པ་མི་འཐད། ལུང་མ་བསྟན་བཅུ་བཞི་སྟོན་པའི་མདོ་དང་འགལ་བ་སྤང་བའོ། །དང་པོ་ནི། གནས་མ་བུའི་སྡེ་པ་ན་རེ། ཁོ་བོ་ཅག་གོང་དུ་དྲངས་པའི་མདོ་དེ་དག་མི་འདོད་དོ། །ཞེས་ཟེར། འོ་ན་ཁྱེད་ཅག་སྡེ་པ་ཁོ་ན་ཚད་མར་འདོད་དམ། སངས་རྒྱས་ཀྱི་བཀའ་ཁོ་ན་ཚད་མར་འདོད། དང་པོ་ལྟར་ན། སངས་རྒྱས་ཁྱེད་ལ་སྟོན་པ་མ་ཡིན་པར་འགྱུར་ཏེ། དེའི་བཀའ་ཚད་མར་མི་འདོད་པའི་ཕྱིར། གཉིས་པ་ལྟར་ན། གོང་དུ་དྲངས་པའི་ལུང་དེ་དག་ཀྱང་ཚད་མ་ཡིན་ཏེ། སྡེ་པ་ཐམས་ཅད་ཀྱིས་འདོན་པའི་ཕྱིར། མདོ་སྡེ་ལ་འཇུག་པ་ལ་སོགས་པའི་ཕྱིར་རོ། །ཞེས་འཆད་པ་ནི་དེ་དག་ནི་གཞུང་འདི་ཚད་མར་མི་བྱེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་གིས་སྡེ་པ་འདི་མི་འདོན་ཏོ། །ཞེས་ཟེར་རོ། །ཞེས་སོགས་སོ། །གཉིས་པ་ནི། འོ་ན་ཆོས་ཐམས་ཅད་བདག་མེད་པའོ། །ཞེས་བྱ་བའི་མདོ་དེ་ཡང་མི་འདོད་དམ། གལ་ཏེ་གང་ཟག་ནི་ཆོས་ཀྱི་ཁོངས་སུ་མ་གཏོགས་སོ། །ཞེས་ན། འོ་ན་ཡིད་ཀྱི་ཤེས་བྱར་ཁས་བླངས་པ་དང་འགལ་ལོ། །གཞན་ཡང༌། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ཏུ་འཆད་པའི་མདོ་དང་འགལ་ལོ། །ད་ནི་བདག་མེད་པའི་ཕུང་སོགས་བདག་ཏུ་རྟོགས་པ་ལ་བསམས་པའོ། །ཞེས་ཟེར། ཕུང་སོགས་བདག་མེད་ཡིན་ན། དེ་ལ་བརྗོད་མེད་ཀྱི་བདག་ཡོད་པར་ཁས་བླངས་པ་དང་འགལ་ལོ། །ཞེས་འཆད་པ་ནི། གཞན་ཡང་དེ་དག་ལ་ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བའི་མདོ་འདི་ཡང་མེད་དམ། ཞེས་སོགས་སོ། །ཡང་བདག་ཡོད་པར་ཁས་ལེན་ཕྱིན་ཆད། ཕུང་སོགས་ལ་ཡོད་པར་ཁས་ལེན་དགོས་ཏེ། བདག་ཏུ་ལྟ་བའི་བློས་ཕུང་སོགས་ལ་ཡོད་པར་ཁས་ལེན་དགོས་ཏེ། བདག་ཏུ་ལྟ་བའི་བློས་ཕུང་སོགས་ལ་ལྟ་བར་གསུངས་པའི་ཕྱིར། ཞེས་འཆད་པར་ནི། མདོ་གཞན་དག་ལས་ཀྱང༌། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གོ་སྙམ་དུ་ལྟ་བ་དེ་ཐམས་ཅད་ནི། ཉེ་བར་ལེན་པའི་ཕུང་པོ་ཁོ་ན་ལ་ཞེས་སོགས་སོ། །གསུམ་པ་ནི། སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། གང་ཟག་ནི་མེད། སེམས་དང་སེམས་ལས་བྱུང་བའི་ནི་སྐད་ཅིག་མ་ཉིད་ཡིན་པས་དུས་གསུམ་ཀ་མཉམ་དུ་ཚོགས་པ་མེད་པའི་ཕྱིར། ཞེ་ན། དེའི་ལན་ལ། གཉིས་ཏེ། ཁས་བླངས་འགལ་བ་དང༌། རྣལ་མའི་ལན་ནོ། །དེ་དག་རིམ་པར་འཆད་པ་ནི། འོ་ན་ནི་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། ཞེས་དང༌། འོ་ན་སེམས་འཇིག་པ་ན་གང་ཟག་མི་འཇིག་པར་ཁས་བླངས་པའི་ཕྱིར་འདི་རྟག་པ་ཉིད་དུ་ཁས་བླངས་སོ། །ཞེས་དང༌། འདིར་སྨྲས་པ། རྒྱུན་གྱིས་སྤྱོད་པའི་ཕྱིར་ན་དཔེར། །མེ་ཡིས་ཐམས་ཅད་བསྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་བྱའི། །ཅིག་ཆར་ཐམས་ཅད་མཁྱེན་ཕྱིར་མིན། །ཞེས་སོགས་སོ། །བཞི་པ་མདོའི་དོན་འཆད་ཚུལ་མི་འཐད་པ་ལ་རྣམ་གྲངས་དུ་མ་ལས། དང་པོ་ནི། ཐམས་ཅད་ཡོད་པར་སྨྲ་བ་ཁྱེད་ཅག་ཀྱང༌། ཕུང་པོ་རྣམས་ཁོ་ན་གང་ཟག་ཏུ་ཁས་ལེན་ན། བཅོམ་ལྡན་འདས་ཀྱིས། ཁུར་དང༌། ཁུར་ཁྱེར་བ་པོ་ཐ་དད་དུ་གསུངས་པ་དང་འགལ་ལོ། །ཞེས་ཟེར། ཕུང་པོ་སྔ་མ་རྣམས་ནི་ཁུར་ནོད་པ་པོ་དང༌། ཕྱི་མ་རྣམས་ནི་ཁུར་ཡིན་པ་ལ་དགོངས་སོ། །ཞེས་འཆད་པ་ནི། གལ་ཏེ་ཕུང་པོ་རྣམས་ཁོ་ན་གང་ཟག་ཡིན་ན། ཞེས་སོགས་སོ། །ཡང་གལ་ཏེ། གང་ཟག་མེད་ན། མདོ་ལས་སེམས་ཅན་སྐྱེ་བ་མེད་དོ། །ཞེས་ཟེར་བ་ནི་ལོག་པར་ལྟ་བ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །ཞེ་ན། མི་འགལ་ཏེ། ཕུང་པོའི་རྒྱུན་སྐྱེ་བ་ལ་དགོངས་པའི་ཕྱིར། ཞེས་འཆད་པ་ནི། སེམས་ཅན་སྐྱེ་བ་མེད་དོ། །ཞེས་ཟེར་བ་ནི་ལོག་པར་ལྟ་བ་ཡིན་ནོ། །ཞེས་སོགས་སོ། །འདི་ཡང་ཞིབ་མོར་ན། ཕུང་པོའི་རྒྱུན་སྐྱེ་བ་མ་ཡིན་གྱི། ཕུང་པོའི་རྒྱུན་སྐད་ཅིག་མ་ཉིད་སྐྱེ་བ་ལ་བསམ་པའོ། །གཞན་ཡང་གང་ཟག་ལ་སྐུར་འདེབས་ལོག་པར་ལྟ་བ་ཡིན་ན། ཅི་ཞིག་གིས་སྤོང༌། མཐོང་སྒོམ་གྱི་སྤང་བྱ་གཉིས་པོ་གང་ཡང་མི་རུང་སྟེ། གང་ཟག་ནི་བདེན་པ་བཞི་པོ་གང་གི་ཡང་ཁོངས་སུ་མ་གཏོགས་པའི་ཕྱིར། ཞེས་འཆད་པ་ནི། གང་ཟག་ལ་སྐུར་པ་འདེབས་པ་འདི་ལོག་པར་ལྟ་བ་ཡིན་ན། ཞེས་སོགས་སོ། །གཞན་ཡང་གང་ཟག་སྐྱེ་ན་འདུས་བྱས་སུ་འགྱུར་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར། ཞེས་འཆད་པ་ནི། གང་ཟག་འདུས་བྱས་ཡིན་ནོ། །ཞེས་བརྗོད་པར་བྱའོ། །ཞེས་སོགས་སོ། །གནས་མ་བུ་ན་རེ། སྔོན་མེད་པ་ལས་སྐྱེ་བ་ནི་མ་ཡིན་གྱི། ཕུང་པོ་གཞན་ལེན་པ་ལ་བསམ་པ་ཡིན་ཏེ། དཔེར་ན། རིག་པ་བླངས་པ་ལ་མཆོད་སྦྱིན་པ་སྐྱེས་ཞེས་དང༌། བརྡའ་སྤྲོད་པ་སྐྱེས་ཞེས་དང༌། རྟགས་བླངས་པ་ལ་དགེ་སློང་སྐྱེས་ཞེས་བརྗོད་པ་བཞིན་ནོ། །ཞེ་ན། དེ་ནི་མ་ཡིན་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། དགེ་སློང་དག ལས་ནི་ཡོད། རྣམ་པར་སྨིན་པ་ནི་ཡོད། ཆོས་སུ་བརྡར་བཏགས་པ་མ་གཏོགས། ཕུང་པོ་རྣམས་འདོར་བ་དང༌། ཉིང་མཚམས་སྦྱོར་བར་བྱེད་པ་པོ་ནི་མ་དམིགས་སོ། །ཞེས་པའོ། །ཡང་དཔེ་མི་འཐད་དེ། གང་ཟག་མ་གྲུབ་པ་ལ་མཆོད་སྦྱིན་པ་དང་དགེ་སློང་སོགས་མ་གྲུབ་པའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་གང་ཟག་ཡིན་ནོ། །ཞེ་ན། དེ་མ་གྲུབ་བོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་ནོ། །ཞེ་ན། སྔོན་མེད་པ་ལས་སྐྱེ་བ་ཡིན་ནོ། །ཞེས་སོགས་སོ། །གཞན་ཡང་ཁྱོད་ཀྱིས་ཕུང་པོ་དང་གང་ཟག་གཞན་དུ་ཁས་བླངས་ཏེ། ཕུང་པོ་ནི་ལྔ། གང་ཟག་ནི་གཅིག་ཅེས་སྨྲས་པའི་ཕྱིར་རོ། །ཞེས་སྨྲས་པ་ལ། འབྱུང་བ་ནི་བཞི། དེ་ལས་གྱུར་པའི་གཟུགས་ནི་གཅིག་ཡིན་ཀྱང༌། དེ་དག་གཞན་མ་ཡིན་པ་དང་འདྲའོ། །ཞེ་ན། འདོད་པ་གྲུབ་སྟེ། ཁོ་བོ་ཅག་འབྱུང་བ་བཞི་ཚོགས་ཙམ་ལ་གཟུགས་སུ་འདོགས་པ་དང་འདྲ་བར་གྲུབ་པའི་ཕྱིར། ཞེས་འཆད་པ་ནི། ཕུང་པོ་ནི་ལྔའོ། །ཞེས་པ་ནས། ཕུང་པོ་ཙམ་གང་ཟག་ཡིན་པར་ཁས་ལེན་པ་ཡིན་ནོ། །ཞེས་པའི་བར་དུའོ། །ཡང་གནས་མ་བུའི་སྡེ་པ་ན་རེ། ཕུང་པོ་ཙམ་གང་ཟག་ཡིན་ན། ལན་ལུང་དུ་མི་སྟོན་པ་མི་འཐད་དེ། ལུས་ཕུང་པོ་ལྔ་པོ་འདི་སྲོག་ཡིན། ཞེས་ལུང་བསྟན་པས་ཆོག་པའི་ཕྱིར། ཞེ་ན། འདྲི་བ་པོའི་བསམ་པ་ལ་ལྟོས་ནས་ལུང་མ་བསྟན་པ་ཡིན་ཏེ། འདྲི་བ་པོ་ནི། ཀུན་ཏུ་རྒྱུ་གནས་པ་དང་རྒྱུས་མཐུན་པ་ཞེས་པས་དྲིས་པ་ཡིན་ལ། དེའི་བསམ་པ་ནི། ནང་གི་བྱེད་པའི་སྐྱེས་བུ་ལ་བསམ་པ་ཡིན་ལ། དེའི་ཚེ་ཁྱད་གཞི་དེ་མེད་ན་ཁྱད་ཆོས་གཅིག་དང་ཐ་དད་དུ་ལུང་མ་བསྟན་པར་ག་ལ་ནུས། འོ་ན་མེད་དོ་ཞེས་ལུང་བསྟན་པས་ཆོག་མོད་སྙམ་ན། དེ་ལྟ་ན་འདྲི་བ་པོ་ལ་ཆད་པའི་ལྟ་བ་སྐྱེ་བར་འགྱུར་ཏེ། སྔོན་བདག་ཡོད་པ་ལས་ཕྱིས་དེ་མེད་པར་སོང་ངོ་སྙམ་དུ་འཛིན་པའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་ཕུང་པོ་ཙམ་གང་ཟག་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས། ཞེས་པ་ནས། འདྲི་བ་པོའི་བསམ་པ་ལ་ལྟོས་པའི་ཕྱིར་ཏེ། དེས་སྲོག་ཅེས་བྱ་ཕུང་པོའི་རྒྱུན་གང་ཡིན་པ་དེ་ཡང་མེད་པར་གོ་བར་གྱུར་ན། ལོག་པར་ལྟ་བར་ལྟུང་བར་འགྱུར་ཏེ། དེས་རྟེན་ཅིང་འབྲེལ་བར་འབྱུང་བ་མི་ཤེས་པའི་ཕྱིར་རོ། །ཞེས་གསུངས། དེ་དག་གིས་ནི་བདག་མེད་པའི་ལུང་རིགས་ཀྱི་སྒྲུབ་བྱེད་རྒྱས་པར་བསྟན་ཟིན་ནོ། །སྐབས་དེ་དག་ཏུ་གང་ཟག་དང༌། སྲོག་དང༌། བདག་རྣམས་ཚད་མས་མ་གྲུབ་པ་དང༌། ཤེས་པར་བྱ་བ་མ་ཡིན་པར་ཡང་བཤད། ཕུང་པོའི་རྒྱུན་ཁོ་ན་གང་ཟག་དང༌། སྲོག་ལ་སོགས་པའི་མཚན་གཞིར་བཤད་ཅིང༌། དེ་དག་མེད་པར་ཁས་བླངས་ན་ཆད་པའི་ལྟ་བ་ཉིད་དུ་འགྱུར་བར་ཡང་བཤད། བཏགས་ཡོད་དུ་ཁས་བླངས་པའི་ཚེ་ཆོས་ཀྱི་སྐྱེ་མཆེད་དུ་གསལ་བས། ཇི་ལྟར་ན་ཤེས་བྱ་དང་ཡིད་ཀྱི་ཡུལ་དུ་མི་འགྱུར་སྙམ་པའི་དོགས་པ་འདི་སེལ་དགོས་སོ། །འདི་ལ་ཐོག་མར་གང་ཟག་གི་ངོས་འཛིན་བཤད་པ་དང༌། བཏགས་ཡོད་ལ་ཤེས་བྱས་མ་ཁྱབ་པའི་ཚུལ་གང་ཟག་ཡོད་པའི་གནས་སྐབས་ངོས་བཟུང་བའོ། །དང་པོ་ནི། བདག་དང་གང་ཟག་ལ་སོགས་པ་རྣམས་གྲངས་མང་པོ་ཅན་དེ་དག་གི་ངོས་འཛིན་ནི། རང་དང་གཞན་གྱི་སྡེ་པ་དག་མི་མཐུན་ཏེ། རང་གིས་ནི། ཟིན་པའི་ཕུང་པོ་ལྔ་ཚོགས་ཙམ་གྱི་རྒྱུན་ལ་ངོས་འཛིན་ནོ། །གཞན་གྱིས་ནི། ནང་གི་བྱེད་པའི་སྐྱེས་བུ་ལ་འདོད་དོ། །ཁས་ལེན་པའི་ཚུལ་ནི་མི་མཐུན་ཏེ། གཞན་གྱིས་ནི་རྫས་ཡོད་དང༌། རང་གིས་ནི་བཏགས་ཡོད་དུའོ། །གཞན་གྱིས་བཏགས་པའི་བདག་དེ་ནི་རྫས་སུ་ཡོད་པ་ལྟ་ཞོག བཏགས་པའི་ཡོད་པ་ཉིད་དུ་ཡང་ཁས་མི་ལེན་ཏེ། གདགས་གཞི་རྫས་སུ་ཡོད་པ་ཕར་ཞོག ཆོས་ཙམ་དུ་ཡང་མེད་པའི་ཕྱིར་རོ། །རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་བཞིན་ནོ། །དེས་ན་གཞན་གྱིས་བཏགས་པའི་བདག་དང༌། རང་གིས་འདོད་པའི་བདག་ནི། ཐ་སྙད་དུ་ཡོད་པ་དང་མེད་པས་རྣམ་པར་ཕྱེ་བ་ཡིན་ཏེ། བཏགས་པའི་ཡོད་པ་ཡིན་མིན་གྱིས་ཕྱེ་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ལྷན་ཅིག་སྐྱེས་པའི་རྟོག་པ་ལ་ཇི་ལྟར་སྣང་བ་དེ་དང་མཐུན་མི་མཐུན་གྱི་ཁྱད་པར་ཡོད་པའི་ཕྱིར། རྟོག་པ་དེ་ལ་སྣང་བའི་ཚུལ་ཡང༌། གཞུང་འདིར་ནི་ཕུང་པོའི་རྒྱུན་ཉིད་རྟོག་པས་བདག་ཏུ་འཛིན་པར་འཆད་ལ། དབུ་མ་ལ་འཇུག་པར་ནི་དེ་ཉིད་དེར་འཛིན་པ་མ་ཡིན་གྱི། དེ་ལ་བརྟེན་ནས་དེར་འདོགས་པ་ཉིད་དུ་འཆད་དོ། །གཉིས་པ་ནི། འདིར་བཏགས་ཡོད་ལ་ཤེས་བྱས་ཁྱབ་པ་མ་ཡིན་ཏེ། ཤེས་བྱ་ནི་བཞིར་ཁ་ཚོན་ཆོད་ལ། དེ་ཡང་རྫས་ཡོད་ཁོ་ནར་ངེས་པའི་ཕྱིར། གང་ཟག་ཆོས་ཀྱི་སྐྱེ་མཆེད་དུ་ཡང་ཁས་མི་ལེན་ཏེ། དེ་ནི་ཇི་སྐད་དུ། དེ་གསུམ་རྣམ་རིག་བྱེད་མིན་དང༌། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཤེས་བྱ། །ཞེས་འཆད་པའི་ཕྱིར། འོ་ན་རྟོག་པའི་ཡུལ་དང༌། བརྗོད་བྱེད་ཀྱི་སྒྲས་བརྗོད་དུ་ཡང་མི་རུང་བར་ཁས་ལེན་ནམ། ཞེ་ན། དེར་ནི་ཁས་ལེན་ཏེ། འདིར་བདག་ཕུང་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཀག་པའི་ཕྱིར། དེ་ཙམ་གྱིས་ཡོད་པར་མི་འགྲུབ་སྟེ། མུ་སྟེགས་ཀྱིས་བརྟགས་པའི་བདག་བཞིན་ནོ། །དེ་ལྟར་བཤད་པ་ན་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་ཡོད་པར་མི་འགྲུབ་སྟེ། མངོན་སུམ་གྱིས་ཀྱང་མི་འགྲུབ། རྗེས་དཔག་གིས་ཀྱང་མི་འགྲུབ་པའི་ཕྱིར། མངོན་སུམ་གྱིས་འགྲུབ་ན་དེའི་ཡུལ་ཅན་གྱི་མངོན་སུམ་དེ་གང་ཡིན། དབང་པོའི་མངོན་སུམ་ལྔ་པོས་ནི་མི་འགྲུབ་པར་གོང་དུ་བཤད་ཟིན་ལ། ཡིད་ཀྱི་མངོན་སུམ་གྱིས་ཀྱང་མི་འགྲུབ་པ་ནི། ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་མ་བཤད་པ་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་གི་སྤྱོད་ཡུལ་ཐ་དད་པ་ན། རགས་པ་ལ་ནི་ཡུལ་ཅན་སོ་སོ་བ་དག་གི་ཆ་དམིགས་པ་ཡིན་གྱི། མངོན་སུམ་གཅིག་གི་ཡུལ་དུ་མི་རུང་བའི་ཕྱིར་དང༌། སོ་སོ་བ་དེ་དག་ནི་རྫས་སུ་ངེས་པའི་ཕྱིར། རྒྱུན་ལ་ཡང་དེ་བཞིན་ཏེ། ཡུལ་ཅན་གྱི་བློ་ནི་སྐད་ཅིག་མ་ཉིད་ཡིན་པས། རྒྱུན་སྔ་མའི་ཡུལ་ཅན་གྱི་བློ་ཕྱི་མའི་དུས་སུ་མེད་པའི་ཕྱིར། རྗེས་དཔག་གིས་ཀྱང་མི་འགྲུབ་སྟེ། རྟེན་གཏན་ཚིགས་མེད་པའི་ཕྱིར། གལ་ཏེ་གཏན་ཚིགས་ཤིག་ཡོད་ན། རྡུལ་རྫས་བརྒྱད་པོ་སོ་སོ་བ་དག་ཡོད་ཀྱང༌། ཚོགས་སྤྱི་མེད་ན་ཡུལ་ཅན་གྱི་རྣམ་པར་ཤེས་པ་མི་འབྱུང་བའི་ཕྱིར། ཞེས་པའི་གཏན་ཚིགས་ཀྱིས་སྒྲུབ་དགོས་པ་ལས། དེ་ཡང་ཡོད་པ་མ་ཡིན་ཏེ། རེ་རེ་ལས་མ་གཏོགས་པའི་ཚོགས་པའི་དོན་བྱེད་མི་ནུས་པའི་ཕྱིར། ཏིལ་གྱི་མར་མང་པོ་འབྱིན་པ་ལ་འབྲུ་མང་པོ་ལྷན་ཅིག་ཏུ་ཚོགས་དགོས་ཀྱང༌། རེ་རེ་བ་ལས་མ་གཏོགས་པའི་མར་འབྱིན་བྱེད་གཞན་ཡོད་པ་མ་ཡིན་པ་བཞིན་ནོ། །འོ་ན་ལུགས་འདིར་བདག་མེད་གཉིས་ཀ་ཁས་ལེན་པར་བྱེད་དམ། ཞེ་ན། ཆོས་ནི་གཉིས་ཏེ། རྫས་སུ་ཡོད་པ་དང༌། བཏགས་པའི་ཡོད་པའོ། །དང་པོ་ནི། རྡུལ་དང་སྐད་ཅིག་ཆ་མེད་པ་རྣམས་སོ། །གཉིས་པ་ནི། རགས་པ་དང་རྒྱུན་ནོ། །གང་ཟག་ལ་ནི་དེ་ལྟར་གཉིས་སུ་དབྱེ་བ་མེད་ཀྱི། བཏགས་པའི་ཡོད་པ་ཁོ་ནའོ། །དེའི་ཕྱིར་གང་བཏགས་པའི་ཡོད་པ་དེ་ཐམས་ཅད་ཀྱིས་ནི་གྲུབ་པའི་མཐའ་འདིར་ཡོད་པ་ཞེས་བྱ་བའི་གོ་ཆོད་པ་མ་ཡིན་ལ། གང་རྫས་སུ་ཡོད་པ་དེ་ཐམས་ཅད་ནི་ཡོད་པ་ཁོ་ནའོ། །གལ་ཏེ། སྲོག་དང་གང་ཟག་རྫས་སུ་མེད་ན་སྲོག་དང་སོ་སོ་སྐྱེ་བོ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་དབྱེ་བར་འཆད་པ་དང་འགལ་ལོ་ཞེ་ན། སོ་སོ་སྐྱེ་བོ་ནི་གང་ཟག་ཏུ་མི་འདོད་ལ། སྲོག་གང་ཟག་ཏུ་འཆད་མོད། དེ་ལྟ་ན་ཡང་གནས་དགུ་པ་འདིར་མི་ལྡན་པའི་འདུ་བྱེད་རྫས་སུ་ཡོད་པར་ཁས་མི་ལེན་ཏེ། མདོ་སྡེ་པའི་གཞུང་ཉིད་རང་གཞུང་དུ་བཞག་པའི་ཕྱིར། ཇི་ལྟར་དོན་སྣང་གི་ཤེས་པས་དོན་དམ་མ་གཏོགས་པ་དང༌། རྒྱུད་ཡོངས་སུ་འགྱུར་པའི་ཁྱད་པར་ཁས་བླངས་པའི་ཕྱིར། དེ་སྐད་དུ་ཡང༌། འདྲ་བས་བདག་ཉིད་ཐོབ་པའི་ཕྱིར་རྒྱུ་དང་མཐུན་པར་བྱེད་དོ། །ཞེས་བྱ་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཡང་ཅུང་ཟད་ཀྱང་མི་བྱེད་མོད་ཀྱི་འདྲ་བར་བདག་ཉིད་ཐོབ་པའི་ཕྱིར་ཡུལ་རྣམ་པར་ཤེས་པ་ཞེས་བྱའོ། །འདྲ་བ་ཅི་ཞེ་ན། དེའི་རྣམ་པ་ཉིད་དོ། །ཞེས་དང༌། ཁོ་བོ་ཅག་ཀྱང་ལས་ཞིག་ཟིན་པ་ལས་འབྲས་བུ་འབྱུང་བར་མི་སྨྲའོ། །འོ་ན་ཇི་ལྟ་བུ་ཞེ་ན། དེའི་རྒྱུད་ཡོངས་སུ་འགྱུར་པའི་ཁྱད་པར་ལས་ཏེ། ས་བོན་དང་འབྲས་བུ་བཞིན་ནོ། །རྒྱུད་ནི་ཅི་ཡིན། ཡོངས་སུ་འགྱུར་པ་ནི་ཅི་ཡིན། ཁྱད་པར་ནི་ཅི་ཡིན། ཞེ་ན། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་མོད། དེའི་འཇུག་ཐོགས་སུ་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དེ་ནི་ཡོངས་སུ་འགྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ཏེ། ཞེས་གསུངས་སོ། །འོ་ན་བྱེ་བྲག་ཏུ་སྨྲ་བས་སྲོག་རྫས་ཡོད་དུ་ཁས་བླངས་པའི་ཕྱིར་བདག་ཡོད་དུ་ཁས་བླངས་པར་འགྱུར་ལ། དེ་ལྟ་ན་ཆོས་ཀྱི་ཕྱག་རྒྱ་དང་འགལ་ལོ། །ཞེ་ན། དེར་ནི་མུ་སྟེགས་ཀྱིས་བརྟགས་པའི་བདག་མེད་པ་ཉིད་ཀྱིས་ཆོས་ཀྱི་ཕྱག་རྒྱར་འགྱུར་ལ། དེ་ལ་ནི་བཏགས་པའི་ཡོད་པ་ཞེས་ཀྱང་མ་བཤད་ཅིང༌། སྲོག་ཀྱང་བྱེད་པ་པོར་ཁས་མི་ལེན་ནོ། །གསུམ་པ་བདག་བཏགས་པ་ཙམ་དུ་ཁས་ལེན་པའི་དུས་བཤད་པ་ནི། སྤྱིར་ཡོད་པ་ཞེས་བྱ་བའི་སྒྲ་ནི་གཉིས་ཏེ། དོན་དམ་པའི་དང༌། ཀུན་རྫོབ་ཏུ་ཡོད་པའོ། །དེའང་གཉིས་ཏེ། དེར་བདེན་པ་དང༌། དེར་ཡང་རྫུན་པའོ། །དེར་བརྫུན་པས་ནི་དེར་ཡང་ཡོད་པའི་གོ་མི་ཆོད་དེ། མུ་སྟེགས་ཀྱིས་བཏགས་པའི་བདག་བཞིན་ནོ། །དེར་བདེན་པས་ནི་དེར་ཡོད་པའི་གོ་ཆོད་དེ། ཕུང་པོའི་རྒྱུན་དང༌། གང་ཟག་བཞིན་ནོ། །དེར་ཡོད་པས་དོན་དམ་དུ་ཡོད་པའི་གོ་མི་ཆོད་དེ། རགས་པ་དང་རྒྱུན་བཞིན་ནོ། །གྲུབ་པའི་མཐའ་འདིར་ནི་ཡོད་པ་ལ་དོན་དམ་དུ་ཡོད་པས་ཁྱབ་པ་ཡིན་ཏེ། འདི་ཉིད་ལས། ཇི་སྐད་དུ། ཁོ་བོ་ཅག་གི་ལྟར་ན་ཡོད་པ་ཐམས་ཅད་རྫས་ཡིན་ཏེ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ནི་རྫས་དྲུག་གོ་ཞེས་འབྱུང་བའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ཕྱི་འགྲེལ་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། གཉིས་ཏེ། ཚིག་དོན་དངོས་དང༌། བདག་ཡོད་པའི་སྒྲུབ་བྱེད་མི་འཐད་པའོ། །དང་པོ་ལ། རང་གི་ལུགས་དང༌། གཞན་སྡེས་བཏགས་པ་མི་རིགས་པའོ། །དང་པོ་ནི། ཇི་སྐད་དུ། རེ་ཤིག་གལ་ཏེ་འཇིག་རྟེན་བདག་ཡིན་པར་འདོད་པར་གྱུར་ན་ནི་དེ་མེད་པའི་ཕྱིར་ལུང་མ་བསྟན་པ་རྣམ་པ་བཞི་ཆར་མི་རིགས་སོ། །ཞེས་སོགས་ཏེ། དོན་ནི། གནས་མ་བུའི་སྡེ་པ་ནི། ནང་གི་བྱེད་པའི་སྐྱེས་བུ་རྫས་སུ་ཡོད་ཀྱང་བཏགས་སོགས་གང་དུ་ཡང་བརྗོད་དུ་མེད་པའི་རྒྱུ་མཚན་གྱིས་དྲི་བ་བཅུ་བཞིའི་ལན་ལུང་དུ་མ་བསྟན་པ་ཡིན་གྱི། ཁྱད་གཞི་མེད་པས་ནི་མ་ཡིན་ཏེ། ཡིན་ན་མཐའ་གཅིག་ཏུ་མེད་དོ་ཞེས་ལུང་བསྟན་པས་ཆོག་པའི་ཕྱིར། ཞེས་ཟེར་བ་ཡིན་ལ། སློབ་དཔོན་གྱིས་ནི། འོ་ན་ཡོད་དོ་ཞེས་མཐའ་གཅིག་ཏུ་ལུང་བསྟན་པས་ཀྱང་ཆོག་པར་འགྱུར་ཏེ། ཡོད་པའི་ཕྱིར། ཞེས་པའི་མགོ་མཚུངས་དང༌། རྣལ་མ་ནི། འདྲི་བ་པོའི་བསམ་པ་ལ་ལྟོས་ནས་ལན་ལུང་དུ་བསྟན་པ་ཡིན་ཏེ། འདྲི་བ་པོས་ནི་ནང་གི་སྐྱེས་བུ་ལ་བསམ་པ་ཡིན་ཞིང༌། དེ་ནི་བཏགས་སོགས་གང་དུ་ཡང་བརྗོད་དུ་མེད་པའི་ཕྱིར་རོ། །དཔེར་ན། གཅེར་བུ་པའི་ཉན་ཐོས་ཀྱིས་བྱེའུ་བཟུང་ནས། འདི་ཤིའམ་མ་ཤི་ཞེས་སྟོན་པ་ལ་དྲིས་པ་ན། ཁྱོད་ཉིད་ཀྱི་བསམ་པ་ལ་རག་ལས་སོ་ཞེས་གསུངས་པ་བཞིན་ནོ། །དཔེ་དེ་དང་འདྲ་བའི་ཤེས་བྱེད་ཀྱང༌། ནང་གི་བྱེད་པོ་ལ་བསམ་ནས། ལུང་བསྟན་པར་མི་ནུས་ཏེ། ལུང་བསྟན་ན་ཉེས་པ་བཞི་པོ་གང་རུང་དུ་འགྱུར་བའི་ཕྱིར། ཇི་ལྟར་ཞེ་ན། རྟག་ན་མྱ་ངན་ལས་འདའ་བར་མི་འགྱུར་བ་དང༌། མི་རྟག་ན་ཆད་པར་འགྱུར་བ་དང༌། གཉིས་ཀ་ཡིན་ན་གཉིས་ཀའི་ཉེས་པ་དང༌། གཉིས་ཀ་མ་ཡིན་ན་མྱ་ངན་ལས་འདའ་བ་ཡང་མ་ཡིན། མི་འདའ་བ་ཡང་མ་ཡིན་པར་འགྱུར་རོ། །འོ་ན་བཏགས་པ་ཙམ་དུ་ཡོད་དོ་ཞེས་བརྗོད་པས་ཆོག་མོད་ཅེ་ན། འདྲི་བ་པོ་བཏགས་ཡོད་གོ་བའི་སྐལ་བ་དང་མི་ལྡན་པའི་ཕྱིར་དང༌། བཏགས་ཡོད་ཡིན་པར་ཉིད་ཀྱིས་དཔྱད་ན་མ་གྲུབ་པས་ལུང་བསྟན་པར་མི་ནུས་པའི་ཕྱིར་དང༌། ལུང་མ་བསྟན་པ་ཉིད་ཀྱིས་མཐར་བཏགས་པ་ཙམ་དུ་གོ་བར་འགྱུར་བའི་ཕྱིར། འདྲི་བ་པོའི་བསམ་པ་ལ་བལྟོས་པ་ཡིན་ན། མཐའ་གཅིག་ཏུ་མེད་དོ་ཞེས་བསྟན་པས་ཆོག་པར་འགྱུར་ཏེ། དེས་ནང་གི་བྱེད་པོ་ལ་བསམ་པའི་ཕྱིར་སྙམ་ན། དེ་ལྟར་བསྟན་ན་ཉེས་པ་གཉིས་ཏེ། འདྲི་བ་པོ་ལ་ཆད་ལྟ་སྐྱེ་བ་དང༌། དེ་ལས་གཞན་གྱི་བསམ་པ་སྲོག་དང་ཕུང་པོའི་རྒྱུན་བཏགས་པ་ཙམ་དུ་ཡང་མེད་པར་འགྱུར་རོ། །སྙམ་པའི་དོགས་པ་སྐྱེ་བས་སོ། །དེའི་རྒྱུ་མཚན་ཀྱང༌། རང་ལུགས་ལ་བདག་ཅེས་བྱ་བའི་ཐ་སྙད་ནི་སྲོག་དང་ཕུང་པོའི་རྒྱུན་ལ་འདོགས་པའི་ཕྱིར། གཉིས་པ་ནི། ཇི་སྐད་དུ། གང་ཟག་གསོན་པོ་འདི་ཡོད་དོ་ཞེས་ལུང་སྟོན་ལ། ཤི་ཕན་ཆད་ལུང་མི་སྟོན། ཞེས་སོགས་ཏེ། དོན་ནི། སློབ་དཔོན་གྱིས་གནས་མ་བུའི་སྡེ་ལ་དྲིས་པའོ། །དེ་ན་རེ། དེ་ལྟར་བསྟན་ན་རྟག་པའི་ཉེས་པ་ཡོད་དོ། །ཅེ་ན། འོ་ན་མ་འོངས་པ་ལུང་སྟོན་པ་ཐམས་ཅད་མི་འཐད་པ་དང༌། མ་འོངས་པ་གཟིགས་ནས་སམ། མ་གཟིགས་པར་ལུང་མི་སྟོན། དང་པོ་ལྟར་ན་རྟག་པ་ཉིད་དུ་འགྱུར་ཏེ། ཤི་ཕན་ཆད་ཀྱང་གཟིགས་པའི་ཕྱིར། གཉིས་པ་ལྟར་ན། སྟོན་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ། །ཞེས་འཆད་པ་ནི། འོ་ན་ཅིའི་ཕྱིར་བྱམས་པ་ཁྱོད་མ་འོངས་པའི་དུས་ན། ཞེས་སོགས་སོ། །གཉིས་པ་བདག་ཡོད་པའི་སྒྲུབ་བྱེད་མི་འཐད་པ་ལ་གཉིས་ཏེ། ལུང་མི་འཐད་པ་དང༌། རིགས་པ་མི་འཐད་པའོ། །དང་པོ་ནི། ཇི་སྐད་དུ། གང་ཟག་ནི་ཡོད་པ་ཉིད་དེ། ཞེས་སོགས་ཏེ། གང་ཟག་མེད་པར་ལྟ་བ་ལྟ་བ་ངན་པའི་གནས་སུ་གསུངས་པའི་ཕྱིར། ཞེ་ན། འོ་ན་ཡོད་པར་ལྟ་བ་ཡང་ལྟ་བ་ངན་པའི་གནས་སུ་གསུངས་ཏེ། གནས་པའི་མདོ་ལས། ཀུན་དགའ་བོ་བདག་ཡོད་དོ་ཞེས་བྱ་བ་ནི་རྟག་པར་འགྱུར་རོ། །མེད་དོ་ཞེས་བྱ་བ་ནི་ཆད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིའི་གོ་བ་ཡང༌། འདོད་མ་ནས་ཡོད་པ་ཞིག ཕྱིས་རིགས་པས་བཤིག་པ་ན་མེད་པར་སོང་ངོ་སྙམ་དུ་འཛིན་པ་ལ་དགོངས་པ་ཡིན་གྱི། ཡེ་འདོད་མ་ནས་ཡོད་མ་མྱོང་བ་ཞིག་མེད་པར་ལྟ་བ་ཙམ་གྱིས་ཆད་པའི་ལྟ་བར་འགྱུར་བ་ནི་མ་ཡིན་ནོ། །གཉིས་པ་ལ། རིགས་པ་ལྟར་སྣང་བའི་རྣམ་གྲངས་དུ་མ་ལས། དང་པོ་ནི། ཇི་སྐད་དུ། ཡང་གང་ཟག་མེད་ན་འཁོར་བ་འདི་སུ་ཡིན། ཞེས་སོགས་ཀྱི་ལན་ནི། སེམས་ཅན་ཞེས་བྱ་བ་ཕུང་པོའི་ཚོགས་འཁོར་རོ། །ཞེས་པ་ཕུང་པོའི་རྒྱུན་ཉིད་ཀུན་རྫོབ་ཏུ་སེམས་ཅན་དང་འཁོར་བ་པོ་ཡིན་ཞེས་པའོ། །ཡང་ཇི་སྐད་དུ། འདི་ཕུང་པོ་ཙམ་ཡིན་ན། ང་ཉིད་དེའི་ཚེ་དེའི་དུས་ན། །ཞེས་གསུངས་པར་མི་འགྱུར་རོ། །ཞེས་སོགས་ཏེ། དོན་ནི། ཕུང་པོ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། ཞེས་ཟེར་བ་ཡིན་ལ། དེ་ལ་གཉིས་ཏེ། གང་ཟག་ལ་མཚུངས་པ་དང༌། དེ་བཞིན་གཤེགས་པ་ངར་འཛིན་ཅན་དུ་ཐལ་བའོ། །དང་པོ་ནི། ཁྱེད་ཀྱི་ལྟར་ཡང་ང་ཉིད་དེའི་ཚེ། །ཞེས་སོགས་གསུང་བར་མི་འགྱུར་ཏེ། གང་ཟག་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། གཞན་དུ་ན་རྟག་པར་བརྗོད་དུ་ཡོད་པར་འགྱུར་རོ། །གཉིས་པ་ནི། ཇི་སྐད་དུ། གལ་ཏེ་ཡང་བདག་ཡོད་པར་གྱུར་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་གསལ་བ་ཁོ་ནར་གཟིགས་པར་འགྱུར་རོ། །གཟིགས་ན་ཡང་བདག་ཏུ་འཛིན་པ་ཤིན་ཏུ་དམ་པོར་འགྱུར་རོ། །ཞེས་སོ། །དེ་དག་གི་དོན་བསྡུ་བ་ནི། ཇི་སྐད་དུ། དེ་ལྟ་བས་ན་ཁ་ཅིག་ནི་གང་ཟག་ཏུ་འཛིན། ཁ་ཅིག་ནི་ཐམས་ཅད་མེད་པ་ཉིད་དུ་འཛིན་པ་དེ་ནི་བསྟན་པ་འདི་ལ་སྐྱོན་འབྱུང་བ་ཡིན་ནོ། །ཞེས་པ། ངོ་བོ་ཉིད་མེད་པར་སྨྲ་བ་དག་ལ་ཡང་ཟུར་ཟ་བ་སྟེ། དྲི་མས་དགའ་མགུར་དིང་སང་འདི་ན་སྤྱོད། །ཅེས་པའི་དོན་ནོ། །འདི་ནི་མགོན་པོ་ཀླུ་སྒྲུབ་ལ་གསུང་བ་མ་ཡིན་གྱི། ཐལ་རང་དུ་སྨྲ་བ་དག་ལ་འཕྱ་བའོ། །འོ་ན་གནས་མ་བུ་དང་ངོ་བོ་ཉིད་མེད་པར་སྨྲ་བ་དག་ཁོ་ནས་བག་ཡོད་པར་མ་བྱས་པ་ཡིན་ནམ་ཞེ་ན། མུ་སྟེགས་བྱེད་དག་ལ་ནི་ནམ་ཡང་ཐར་པ་ཡོད་པ་མ་ཡིན་ནོ། །ཞེས་འཆད་པ་ནི། མུ་སྟེགས་བྱེད་གང་དག་བདག་རྫས་གཞན་ཁོ་ན་ཡིན་པར་སེམས་པ་དེ་དག་གི་ལྟར་ན་ཡང་ཐར་པ་མེད་པའི་ཉེས་པ་འདི་གཡོ་བ་མེད་པ་ཡིན་ནོ། །ཞེས་གསུངས། དེ་ལྟར་བདག་མེད་ན་འཁོར་བ་པོ་མི་འཐད་པའི་ཀླན་ཀ་སྤངས་ནས། རྣམ་གྲངས་གཉིས་པ་གང་ཟག་མེད་ན་དྲན་པ་སྐྱེ་བ་མི་འཐད་པའི་ཀླན་ཀ་ནི། ཇི་སྐད་དུ། འོ་ན་གལ་ཏེ་བདག་རྣམ་པ་ཐམས་ཅད་དུ་མེད་ན། སེམས་སྐད་ཅིག་མ་རྣམས་ལ་ཉམས་སུ་མྱོང་ནས་རིང་མོ་ཞིག་ལོན་པའི་དོན། ཇི་ལྟར་དྲན་པའམ་ངོ་ཤེས་པར་འགྱུར། ཞེས་པའོ། །ལན་ལ་གཉིས་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་མྱོང་བ་ལས་དྲན་པ་སྐྱེ་བར་བསྟན་པ་དང༌། མྱོང་དྲན་གཉིས་རྫས་གཞན་ཡིན་ཀྱང་རྒྱུ་འབྲས་ཀྱི་འབྲེལ་པ་ཡོད་པའི་རྒྱུ་མཚན་གྱིས་དེ་ལས་དེ་སྐྱེ་བར་འཐད་པར་བསྟན་པའོ། །དང་པོ་ནི། དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་ལས་སོ། །སེམས་ཀྱི་ཁྱད་པར་ཇི་ལྟ་བུ་ལས་ཞེ་ན། ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། དཔེ་དོན་མི་མཚུངས་པར་བསྟན་པ་དང༌། དྲན་པ་བདག་པོ་མེད་པར་ཐལ་བའི་ཀླན་ཀ་སྤང་བའོ། །དང་པོ་ནི། ད་ནི་ཇི་ལྟར་ན་སེམས་གཞན་གྱི་དྲན་ལ་གཞན་གྱིས་མཐོང༌། དེ་ལྟར་ན་ནི་ལྷས་བྱིན་གྱི་སེམས་ཀྱིས་མཐོང་ལ། མཆོད་སྦྱིན་གྱིས་དྲན་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། ནག་པས་དྲན་པ་ཞེས་བྱེད་ཚིག་མི་འཇུག་པར་ཐལ་བ་དང༌། ནག་པའི་དྲན་པ་ཞེས་དྲུག་སྒྲ་མི་འཇུག་པར་ཐལ་བའི་ཀླན་ཀ་སྤོང་བའོ། །དང་པོ་ནི། བདག་མེད་ན་སུ་ཞིག་གིས་དེ་ལྟར་དྲན། ཞེས་སོགས་སོ། །གཉིས་པ་ནི། བདག་མེད་པའི་དྲན་པ་འདི་སུའི་ཡིན། ཞེས་པ་ནས། འཕགས་པ་རྣམས་ཀྱིས་ཀྱང་ཐ་སྙད་གདགས་པའི་དོན་དུ་དེ་དག་ལ་མིང་དེ་སྐད་ཅེས་གསུངས་སོ། །དེ་དག་གི་དོན་ནི་བྱེད་པ་པོ་རྫས་གཞན་མེད་ཀྱང༌། མྱོང་བ་དང་དྲན་པའི་རྒྱུན་ལ་བྱེད་པ་དང་བྱ་བ་གཉིས་ཀའི་མིང་གིས་བཏགས་པ་ཡིན་ཏེ། རྒྱུན་ལ་གཅིག་ཏུ་འཁྲུལ་བའི་བྱིས་པ་རྣམས་ཀྱི་ཐ་སྙད་ཇི་ལྟར་འདོགས་པ་བཞིན་དུ། འཕགས་པས་ཀྱང་ཐ་སྙད་དེ་ལྟར་དུ་མཛད་པའི་ཕྱིར། དཔེར་ན་མེ་ལྕེ་སྐད་ཅིག་མ་ཡིན་ཀྱང༌། ཡུལ་གཅིག་ནས་གཅིག་ཏུ་འགྲོ་བ་བཞིན་དང༌། རྣམ་པར་ཤེས་པས་རྣམ་པར་ཤེས། །ཞེས་བྱེད་པ་པོ་རྫས་གཞན་མེད་ཀྱང་ཡོད་པ་ལྟར་བཅོས་པ་ལྟ་བུའོ། །དེ་ལྟར་ན་ཡང་དཔེ་ཕྱི་མ་མི་འཐད་དེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར། ཞེ་ན། ལན་ལ་གཉིས་ཏེ། རྣམ་པར་ཤེས་པ་ལ་ཡུལ་གྱི་རྣམ་པ་ཤར་བ་ལ་ཡུལ་ཤེས་པའི་ཐ་སྙད་འདོགས་པ་དང༌། རྣམ་ཤེས་སྔ་མས་ཕྱི་མའི་རྒྱུ་བྱེད་པ་ལ་དེའི་ཐ་སྙད་འདོགས་པར་བསྟན་པའོ། །དང་པོ་ནི། འོ་ན་མདོ་ལས། རྣམ་པར་ཤེས་པས་རྣམ་པར་ཤེས་སོ། །ཞེས་གསུངས་པ་དེ་ལ། ཞེས་པ་ནས། འདྲ་བའི་བདག་ཉིད་ཐོབ་པའི་ཕྱིར་ཡུལ་རྣམ་པར་ཤེས་ཞེས་བྱའོ། །ཞེས་པའོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། དེ་ཉིད་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཡང་ན་དེར་ཡང་རྣམ་པར་ཤེས་པའི་རྒྱུན་རྣམ་པར་ཤེས་པའི་རྒྱུར་འགྱུར་བའི་ཕྱིར་རྣམ་པར་ཤེས་པས་རྣམ་པར་ཤེས་སོ། །ཞེས་གསུངས་པས་ཉེས་པ་མེད་དོ། །ཞེས་སོ། །གཉིས་པ་ནི། རྣམ་པར་ཤེས་པ་རྣམས་རིགས་འདྲ་སྔ་མ་ཉིད་ལས་སྐྱེ་ན། རིགས་འདྲ་བ་ཁོ་ན་སྐྱེ་བར་འགྱུར་བ་དང༌། གོ་རིམ་ངེས་པ་ཅན་ཁོ་ནར་སྐྱེ་བར་འགྱུར་ཏེ། དཔེར་ན་ས་བོན་ལས་མྱུ་གུ་དང༌། དེ་ལས་སྡོང་བུ་སོགས་སྐྱེ་བ་བཞིན་ནོ། །ཞེ་ན། ཉེས་པ་མེད་དེ། རྒྱུན་གཞན་དང་གཞན་དུ་འགྱུར་བ་ནི་འདུས་བྱས་རྣམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་སྟོན་པ་ནི། གལ་ཏེ་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་སྐྱེའི་བདག་ལས་མ་ཡིན་ན། ཞེས་སོགས་སོ། །མདོར་ན་རྒྱུ་སེམས་སུ་གཅིག་ཀྱང༌། འབྲས་བུ་སེམས་ཀྱི་ཁྱད་པར་མི་འདྲ་བ་སྣ་ཚོགས་སུ་འབྱུང་བ་ནི། རྒྱུ་གཅིག་པོའི་དེའི་སྟེང་གི་ནུས་པ་སྣ་ཚོགས་པ་ལས་ཡིན་ཏེ། དཔེར་ན་རྨ་བྱའི་མདོངས་རྣམ་པར་བཀྲ་བ་དེ་རྒྱུ་དུག་ཟོས་པ་ལས་བྱུང་བར་མཚུངས་ཀྱང༌། འདུས་པའི་ཁྱད་པར་སོ་སོ་བ་ལས་འབྱུང་བ་བཞིན་ནོ། །ཞེས་སྟོན་པ་ནི། གང་ལས་གང་ཞིག་སྐྱེ་བར་འགྱུར་བ་དེ་ཁོ་ན་ལས། དེ་ལས་སྐྱེ་བའི་ཕྱིར་སེམས་རྣམས་ཀྱི་རིམ་པ་ཡང་ངེས་པ་ཁོ་ན་སྟེ། ཞེས་པ་ནས། རྨ་བྱའི་མདོངས་ནི་གཅིག་པུ་ལའང༌། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་བཤད་ན་གཟུགས་ཅན་མ་ཡིན་པ་རྣམས་ལ་ལྟ་ཅི་སྨོས། ཞེས་པའོ། །ཚིགས་སུ་བཅད་པ་འདི་ནི་སློབ་དཔོན་གྱིས་མཛད་པར་འཆད་མོད། གཞན་ནས་ལུང་དུ་དྲངས་པར་གསལ་ལོ། །རྣམ་ཤེས་ལས་འབྲས་བུ་འདྲ་བ་ཁོ་ན་སྐྱེ་བར་ཐལ་བ་དང༌། སྐྱེ་བའི་གོ་རིམ་མ་ངེས་པར་ཐལ་བ་འདི་ཡང༌། མུ་སྟེགས་ཅན་དག འདུས་བྱས་ཐམས་ཅད་བདག་ཉིད་ཕྲད་པ་ལས་སྐྱེ་བ་ལ་འདོད་པ་དེ་ལ་ཀླན་ཀར་འགྱུར་བ་ཡིན་གྱི། ཁོ་བོ་ཅག་ལ་མ་ཡིན་ནོ། །ཞེས་འཆད་པ་ནི། ཅིའི་ཕྱིར་དེ་དང་འདྲ་བ་ཁོ་ན་སྐྱེ་བར་མི་འགྱུར་ཞིང༌། རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེས་བྱ་བ་འདི་ནི། མུ་སྟེགས་ཅན་གང་ལ་ལ་སེམས་ནི་བདག་ལས་སྐྱེ་བོ་སྙམ་དུ་སེམས་པ་དེ་ཁོ་ན་ཀླན་ཀར་འགྱུར་རོ། །ཞེས་པའོ། །དེ་ལ་མུ་སྟེགས་བྱེད་ན་རེ། སེམས་བདག་ལས་སྐྱེ་ཡང་ཉེས་པ་དེ་མི་འཇུག་སྟེ། ཡིད་དང་ཕྲད་པ་ལ་ལྟོས་ནས་འབྲས་བུ་རིམ་ཅན་དུ་སྐྱེད་པའི་ཕྱིར། ཞེ་ན། དེ་ཉིད་མི་འཐད་པར་སྟོན་པ་ནི། གལ་ཏེ་ཡིད་དང་ཕྲད་པའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ། །ཞེ་ན། ཞེས་སོགས་སོ། །དེ་ལ་འཕྲོས་ནས་བྱེ་བྲག་པ་ན་རེ། བདག་མེད་ན་དྲན་པ་ལ་སོགས་པའི་ཡོན་ཏན་གྱི་རྟེན་མེད་པར་འགྱུར་ཏེ། ཡོན་ཏན་གྱི་དངོས་པོ་ཐམས་ཅད་ནི་རྫས་ལ་བརྟེན་པའི་ཕྱིར། ཞེ་ན། བརྟེན་པ་ཡོན་ཏན་དོན་གཞན་དུ་ཡོད་པའི་རྟགས་ཀྱིས། རྟེན་བདག་རྫས་སུ་ཡོད་པར་མི་འགྲུབ་སྟེ། རྫས་ལས་མ་གཏོགས་པའི་ཡོན་ཏན་ཞེས་བྱ་བ་མི་འཐད་པའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་བདག་ནི་གདོན་མི་ཟ་བར་ཁས་བླངས་བར་བྱ་སྟེ། དྲན་པ་ལ་སོགས་པའི་ཡོན་ཏན་གྱི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ནས། ཁོ་བོ་ཅག་གི་ལྟར་ན། ཡོད་པ་ཐམས་ཅད་རྫས་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་རྫས་དྲུག་གོ །ཞེས་འབྱུང་བའི་ཕྱིར་རོ། །ཅེས་པའོ། །འདིར་རྫས་དྲུག་ནི། འབྲས་བུ་འདུས་བྱས་གང་ཡིན་པ་དེ་འཁོར་བཅས་ཕུང་པོ་ལྔ་པ་དང༌། འདུས་མ་བྱས་འགོག་པའི་བདེན་པའོ། །ཡང་ཕྱི་ནང་གི་མུ་སྟེགས་པ་ན་རེ། བདག་མེད་ན་ཅིའི་ཕྱིར་ལམ་རྩོམ། །ཞེས་པ། མངོན་པར་མཐོང་བ་དང་ངེས་པར་ལེགས་པའི་ལམ་དུ་འཇུག་པ་དོན་མེད་པར་འགྱུར་རོ། །ཞེ་ན། ལན་ནི། ཇི་སྐད་དུ། བདག་བདེ་བར་གྱུར་ཅིག སྡུག་བསྔལ་བར་མ་གྱུར་ཅིག ཅེས་བྱ་བ་དེའི་ཕྱིར་དུའོ། །དེ་ལ་རྒོལ་བ་ནི། བདག་ཅེས་བྱ་བ་གང་ཞིག་ཡིན། བདག་ཏུ་འཛིན་པ་འདིའི་ཡུལ་གང་ཡིན་པའོ། །དེ་ལ་རྒོལ་བ་ནི། འདིའི་ཡུལ་གང་ཞིག་ཡིན། ལན་ནི། ཡུལ་ནི་ཕུང་པོ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ལ་ཆགས་པའི་ཕྱིར་དང༌། དཀར་ཤམ་ལ་སོགས་པའི་བློ་གཞི་མཐུན་པར་བྱེད་པའི་ཕྱིར་ཏེ། བདག་དཀར་ཤམ་མོ། །བདག་སྔོ་སངས་སོ། །བདག་སྦོམ་མོ། །བདག་སྐམ་མོ། །བདག་རྒས་སོ། །བདག་དར་ལ་བབ་བོ། །ཞེས་དཀར་ཤམ་ལ་སོགས་པའི་བློས་བདག་ཏུ་འཛིན་པ་འདི་གཞི་མཐུན་པར་བྱེད་པར་སྣང་ངོ༌། །ཞེས་པའོ། །འདིས་བདག་འཛིན་གྱི་དམིགས་པ་ལ་བདག་གིས་ཁྱབ་པར་བསྟན་པ་ནི་མ་ཡིན་ཏེ། དེ་ལྟ་ན་ཕུང་པོ་བདག་ཏུ་ཁས་བླངས་པས་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་རོ། །དེས་ན་འགྲེལ་པའི་ཚིག་འདི་དག་གིས་ནི་བདག་ཏུ་འཁྲུལ་བའི་འཁྲུལ་གཞི་ངོས་བཟུང་བ་ཡིན་ཏེ། དཔེར་ན། ལྷན་ཅིག་སྐྱེས་པའི་བློ་འཁྲུལ་པས་ཤིང་རྟའི་ཡན་ལག་ཚོགས་ཙམ་ལ་ཤིང་རྟར་འཁྲུལ་བ་བཞིན་ནོ། །དེས་ན་ཕུང་པོའི་རྒྱུན་བདེ་བར་འདོད་པའི་དོན་དུ་ལམ་རྩོམ་མོ། །རིགས་པའི་རྣམ་གྲངས་བཞི་པ་ནི། ཇི་སྐད་དུ། བདག་མེད་ན་ལས་ཀྱི་བྱེད་པ་པོ་གང་ཡིན། འབྲས་བུ་རྣམ་པར་སྨིན་པ་ཟབ་པོ་ནི་གང་ཡིན། ལན་ལ་གཉིས་ཏེ། བདག་བྱེད་པ་པོར་མི་འཐད་པ་དང༌། ཟབ་པོར་མི་འཐད་པའོ། །དང་པོ་ནི། བྱེད་པ་པོའི་དོན་ནི་རང་དབང་ཅན་ཞིག་ལ་ཟེར་དགོས་པ་ལས། དེ་འདྲ་འཇིག་རྟེན་ན་མ་དམིགས་པའི་ཕྱིར། ཞེས་འཆད་པ་ནི། མཚན་ཉིད་པ་རྣམས་ནི་བྱེད་པ་པོའི་མཚན་ཉིད། རང་དབང་ཅན་ནི་བྱེད་པ་པོ་ཡིན་ནོ། །ཞེས་ཟེར་ན། འཇིག་རྟེན་ན་འབྲས་བུ་འགའ་ལ་ཡང་ལ་ལ་ཞིག་རང་དབང་ཡོད་པ་ལྟར་མཐོང་ངམ། ཞེས་སོགས་སོ། །གཉིས་པ་ནི། གང་ལ་བདག་མེད་ན་ཟ་བ་པོར་བཏགས་པའི་ཉེ་བར་སྤྱོད་པ་དེ་གང་ཞིག་ཡིན། ཞེས་སོ། །རིགས་པའི་རྣམ་གྲངས་ལྔ་པ་ནི། ཇི་སྐད་དུ། བདག་མེད་ན་ཇི་ལྟར་ན་ལས་ཞིག་ཟིན་པ་ལས་ཚེ་ཕྱི་མ་ལས་འབྲས་བུ་འབྱུང༌། ཞེས་པའོ། །ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། བདག་ཡོད་ན་ཡང་ཇི་ལྟར་ལས་ཞིག་ཟིན་པ་ལས་ཕྱི་མ་ལ་འབྲས་བུ་འབྱུང༌། ཞེས་སོ། །གཉིས་པ་ནི། ཇི་སྐད་དུ། ཁོ་བོ་ཅག་ཀྱང་ལས་ཞིག་ཟིན་པ་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བར་མི་སྨྲའོ། །འོ་ན་ཇི་ལྟ་བུ་ཞེ་ན། དེའི་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་ལས་ཏེ། ས་བོན་དང་འབྲས་བུ་བཞིན་ནོ། །ཞེས་སོགས་སོ། །དོན་ནི། འདིར་བཤད་པ་ནི་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་ལུགས་ཏེ། བྱེ་བྲག་ཏུ་སྨྲ་བས་ནི། རྣམ་སྨིན་འཛིན་པའི་བྱ་བ་ནི་འདས་ནས་ཡུན་རིང་དུ་ལོན་པའི་ལས་དེ་ཉིད་ཀྱིས་བྱེད་ལ། འབྱིན་པའི་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་དེ་ཉིད་ཀྱིས་བྱེད་པར་འདོད་དོ། །སེམས་ཙམ་པ་ནི། ཀུན་གཞིའི་སྟེང་དུ་ལས་སྔ་མའི་བག་ཆགས་བཞག་ནས་ཡུན་རིང་དུ་ལོན་པ་དེ་ཉིད་ཀྱིས་རྣམ་སྨིན་འབྱིན་པར་འདོད་མོད། འདིར་བཤད་པ་ནི་ལུགས་དེ་གཉིས་ཀ་དང་མཐུན་པ་མ་ཡིན་གྱི། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཞེས་བྱ་བ། ས་བོན་རོལ་ནང་དུ་ལྷུང་བ་ཆུ་ལུད་སོགས་ཀྱི་རྐྱེན་ལས་ནུས་པ་ཡོངས་སུ་འགྱུར་བ་དེ་བཞིན་ནོ། །འོ་ན་ལས་བཟང་ངན་རྣམ་གྲངས་མང་པོ་དག་གི་རྒྱུད་ཡོངས་སུ་འགྱུར་བར་བྱས་ནས་རྣམ་པར་སྨིན་པ་གཅིག་ཆར་དུ་སྨིན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། གནས་བརྟན་སྒྲ་གཅན་ཟིན་གྱིས། །ལས་ཀྱིས་འཁོར་བར་ལྕི་གང་དང༌། །ཉེ་བ་གང་དང་གོམ་པ་གང༌། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མར་རྣམ་སྨིན་འགྱུར། །ཞེས་འབྱུང་བ་ལྟར་རོ། །འོ་ན་རྒྱུད་འགྱུར་བའི་ཁྱད་པར་དེ་དུས་ནམ་ཞིག་གི་བར་དུ་གནས་ཞེས་ན། རྣམ་སྨིན་འབྱིན་པའི་ནུས་པ་ནི་རྣམ་སྨིན་ཕྱུང་ཟིན་ནས་ལྡོག་གོ །རྒྱུ་མཐུན་གྱི་འབྲས་བུ་སྐྱེད་པའི་ནུས་པ་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས། དང་པོ་ནི། གཉེན་པོ་སྐྱེས་པ་ན་ལྡོག་ལ། གཉིས་པ་ནི་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་ནའོ། །གལ་ཏེ་རྒྱུད་འགྱུར་བའི་ཁྱད་པར་ལས་འབྲས་བུ་འབྱུང་བ། ནས་ཀྱི་ས་བོན་དང་འདྲ་ན། རྣམ་སྨིན་གྱིས་ཀྱང་རྣམ་སྨིན་འབྱིན་པར་འགྱུར་ཏེ། ས་བོན་ལས་བྱུང་བའི་འབྲས་བུ་རྣམས་ཀྱི་འབྲས་བུ་མང་པོར་འཕེལ་བ་བཞིན་ནོ། །ཞེ་ན། དཔེ་དོན་ཕྱོགས་གཅིག་འདྲ་བ་ཡིན་གྱི། ཐམས་ཅད་ནས་འདྲ་བ་ནི་མ་ཡིན་ནོ། །འདིར་རྣམ་སྨིན་ཕྱུང་ཟིན་པའི་ལས་སམ། རྣམ་སྨིན་ལས་རྣམ་སྨིན་གཉིས་པ་མི་འབྱུང་བའི་དཔེ་ནི། མ་དུ་ལུང་ཀའི་ས་བོན་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་དེ་རྒྱུད་ཡོངས་སུ་འགྱུར་བ་ལས་གེ་སར་དམར་པོ་ལན་གཅིག་སྐྱེ་བར་འགྱུར་གྱི། དེ་ལས་གེ་སར་དམར་པོ་གཞན་མི་སྐྱེ་བ་བཞིན། ཞེས་འཆད་པ་ནི། ལས་རྣམ་པ་སྣ་ཚོགས་པ་སྔོན་དུ་འགྲོ་བ་ཉིད་ཡིན་ཀྱང༌། ལས་གང་ལྕི་བའམ། ཉེ་བའམ། གོམས་པ་ཞེས་སོགས་སོ། །དེ་ལྟར་གང་ཟག་གི་བདག་མེད་པར་སྟོན་པའི་གསུངས་རབ་ལ་ཐོས་བསམ་སྔོན་དུ་འགྲོ་བ་ཅན་གྱི་གོམས་པ་ལྷུར་ལེན་པར་བྱས་པས་ཐར་འདོད་རྣམས་བག་ཡོད་ལ་གནས་པར་བྱའོ། །ཞེས་འཆད་པ་ནི། དེ་བཞིན་གཤེགས་པ་ཉི་མའི་གསུང་འོད་ཀྱིས། །སྣང་ལྡན་མྱ་ངན་འདས་གོང་ལམ་གཅིག་པ། །བདག་མེད་འཕགས་པ་སྟོང་གིས་བགྲོད་པ་འདི། །བྱེ་མདོ་དམན་པའི་མིག་གིས་མི་མཐོང་བས། །ཤིན་ཏུ་མཁས་པ་རྣམས་ལ་བསྟན་པ་ཡིན། །ཞེས་གསུངས་སོ། །ཞེས་གནས་དགུ་པ་གང་ཟག་བསྟན་པའི་མཛོད་ཞིབ་མོར་བཤད་པ་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལེགས་པར་གྲུབ་པའོ། །འདིར་སྨྲས་པ། བདག་ཡོད་ན་ཡང་ཕུང་པོའི་རྒྱུན། །རང་དབང་ཉིད་དུ་གྲུབ་པ་ལས། །གཞན་ཡོད་མ་ཡིན་ཕྱི་ནང་གི །མུ་སྟེགས་འདོད་པ་དོར་བར་བྱ། །ཕུང་པོའི་རྒྱུན་ནི་སྐད་ཅིག་མའི། །ཕྲེང་བ་མཐུད་ལས་གཞན་མེད་ཕྱིར། །ལས་བྱེད་པོ་དང་རྣམ་སྨིན་གྱི། །ཟ་བོར་ཡོད་པ་མ་ཡིན་ནོ། །བརྟགས་ན་བདག་དང་གང་ཟག་གིས། །སྟོང་པའི་སྐད་ཅིག་དངོས་པོ་ནི། །དམ་པའི་དོན་གྱི་བདེན་པ་སྟེ། །ཐར་འདོད་རྣམས་ཀྱིས་བསྟེན་པར་བྱ། །གང་ཞིག་ལ་ནི་གཞན་དུ་རྨོངས་པས་རྣམ་འཁྲུགས་འཁོར་བའི་ཞུགས་ཆེན་འབར་བའི་གནས་སུ་འཁྱམས་གྱུར་པའི། །ལུས་ཅན་རྣམས་ཀྱི་མི་བཟད་མུན་ཆེན་འདི་ནི་བདག་ཏུ་ལྟ་བ་ཉིད་ཡིན་དེ་དྲུངས་འབྱིན་བྱེད་པའི། །སྣང་མཛད་ཡེ་ཤེས་བརྒྱ་ཕྲག་སྤྲོ་མཁས་བདག་མེད་ཚུལ་བཞིན་གསལ་བར་སྟོན་པའི་གསུང་རབ་ལམ་ཆེན་པོ། །གང་དེ་མ་ནོར་བཤད་ལས་དེང་འདིར་རྙེད་པའི་ལེགས་བྱས་དེས་ནི་ཀུན་ཀྱང་བག་ཡོད་ཉིད་གྱུར་ཅིག །ཅེས་བག་ཡོད་བསྟན་པའི་ལེའུ་བྱེ་བྲག་ཏུ་བཤད་པ་འདི་ཡང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ། །དགེའོ། །མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*