གནས་ལྔ་པ་ཕྲ་རྒྱས་བསྟན་པ་ནས་གནས་དགུ་པ་གང་ཟག་བསྟན་པའི་མཛོད། ཁ ༽

མདོ་ལས་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་དུ་བཤད་པའི་ཕྱིར་ཞེས་པ་ཡིན་ལ། འདིའི་སྒྲ་ཇི་བཞིན་པ་ལྟར་ན་ནི། ལམ་གྱི་བདེན་པ་ཡང་སྡུག་བསྔལ་དུ་ཐལ་བར་འགྱུར་བ་ལས་དེར་མི་ཐལ་བའི་ཤེས་བྱེད་བཙལ་ན། ཟག་པ་དང་བཅས་པའི་འདུ་བྱས་རྣམས་གཞིར་བྱས་ནས་གཏན་ལ་འབེབས་དགོས་པ་ཡིན་ཏེ། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་དག་ནི་དེ་ཐམས་ཅད་སྡུག་བསྔལ་དུ་མི་འདོད་པས་དེའི་ངོ་བོར་མཚན་ཉིད་རྣམ་པར་བཤད་པའི་སྒོ་ནས་སྡུག་བསྔལ་དུ་གཏན་ལ་འབེབས་དགོས་པའི་ཕྱིར། དེ་ཡང་འདི་ལྟར། ཟག་པ་དང་བཅས་པ་མཐའ་དག་མི་རྟག་པར་ཤེས་པ་ལས་སྡུག་བསྔལ་དུ་ཤེས་པ་འབྱུང་བའི་ཕྱིར། ཇི་སྐད་དུ། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །ཞེས་པ་ལྟས་ལྟར་རོ། །དེའི་གོ་བ་ཡང༌། ཟག་བཅས་ཀྱི་དངོས་པོ་གཞིར་བྱས་པ་ལ་རང་གི་ངོ་བོ་སྡུག་བསྔལ་ཡིན་མིན་གཉིས་སུ་ཁ་ཚོན་ཆོད། མ་ཡིན་པ་རྣམས་གཞན་དུ་གྱུར་པ་ལས་སྡུག་བསྔལ་ལས་འོས་མེད་དེ། གཉིས་པོ་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། དེའི་དོན་ཡང༌། རྒྱུ་མ་རིག་པས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་ནི་སྡུག་བསྔལ་མ་ཡིན་པ་ལྟར་སྣང་ཡང༌། མི་རྟག་ན་མཐར་རྒྱུན་ཆད་ངེས་ཡིན་པས་ཁྱབ་སྟེ། ཡུལ་གྱི་གནས་ཚུལ་ལམ་ཞུགས་པའི་རྒྱུ་ལས་བྱུང་བའི་ཕྱིར། ཟླ་གཉིས་སུ་སྣང་བའི་བློ་བཞིན་ནོ། །ལམ་གྱི་བདེན་པ་ནི་མི་རྟག་ཀྱང་རྒྱུན་ཕྱི་མ་སྡུག་བསྔལ་དུ་འགྱུར་བ་མི་སྲིད་དེ། ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར། ཇི་སྐད་དུ་ཡང༌། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་སོ་དེས་ན་དོན་དམ་པའི་བདེ་བ་དང་ཀུན་རྫོབ་པའི་བདེ་བ་གཉིས་ཀ་འབྲས་བུར་མཚུངས་ཀྱང༌། རང་ཐོབ་བྱེད་ཀྱི་རྒྱུ་ཟག་བཅས་དང་ཟག་མེད་ཀྱི་ཁྱད་པར་ཡོད་པས། རང་གི་རྒྱུན་ཕྱི་མ་སྡུག་བསྔལ་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ཡོད་དོ། །ཞེས་བྱ་བ་ནི། རྒྱུ་ཟག་བཅས་ཀྱི་འབྲས་བུ་ཐམས་ཅད་སྡུག་བསྔལ་དུ་འཇོག་པའི་ཤེས་བྱེད་དོ། །དེ་སྐད་དུ་ཡང༌། ཉེས་པའི་རྟེན་ཕྱིར་དང༌། རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །ཞེས་སོ། །དེ་བས་ན་སྡུག་བསྔལ་བདེན་པའི་མཚན་ཉིད་བཞི་པས་རིགས་མི་མཐུན་སེལ་བྱེད་ནི་གཅིག་ཁོ་ནར་ངེས་ལ། གཞན་གསུམ་ནི་ལོག་རྟོག་སེལ་བྱེད་དོ། །གཅིག་པུ་དེ་ཡང་ཚོར་བ་སྡུག་བསྔལ་ལ་ངོས་འཛིན་པ་ནི་མ་ཡིན་ཏེ། ཚོར་བ་བདེ་བ་དང་བཏང་སྙོམས་ལ་མ་ཁྱབ་པའི་ཕྱིར་དང༌། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། སྡུག་བསྔལ་ཞེས་བཤད་པས་སོ། །ལོག་རྟོག་སེལ་བྱེད་ལ་གཉིས་ཏེ། ཚོར་བ་གཞན་གཉིས་སྡུག་བསྔལ་མ་ཡིན་པའི་དང༌། སྡུག་བསྔལ་སྤངས་མི་ནུས་པའི་ལོག་རྟོག་སེལ་བྱེད་དོ། །དང་པོ་ནི་མི་རྟག་པ་སྟེ། འདིའི་ངོས་འཛིན་རྒྱུན་གྱིས་འཇིག་པ་དང༌། སྐད་ཅིག་གིས་འཇིག་པ་གཉིས་ལས། འདིར་ནི་དང་པོའི་དབང་དུ་བྱས་ཏེ། དེ་ཙམ་གྱིས་ལོག་རྟོག་དེ་སེལ་ནུས་པས་སྐབས་ཀྱི་དོན་འགྲུབ་པ་དང་གཉིས་པའི་དབང་དུ་བྱས་ན། ཉན་ཐོས་འཕགས་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། སྟོང་པ་དང་བདག་མེད་པ་སྟེ། མཚན་ཉིད་དེ་དང་ལྡན་པར་ཤེས་པ་ན། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དེའི་རྒྱུ་སྤོང་ནུས་པ་ཉིད་ཡིན་པར་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ། །གཞུང་གསུམ་པའི་དོན་ནི། གལ་ཏེ་སྡུག་བསྔལ་གྱི་དོན་ནི་གནོད་པ་ཡིན་ལ། དེ་ཡང་ཡུལ་ཅན་ཚོར་བས་ལུས་སེམས་ལ་ཕན་གནོད་བྱེད་ཀྱང༌། ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་གྱིས་དེར་མི་བྱེད་པས་སྡུག་བསྔལ་དུ་མི་རིགས་སོ་སྙམ་ན། ཡུལ་འདུ་བྱེད་རྣམས་ཀྱང་ཡུལ་ཅན་ཚོར་བ་དང་འདྲ་བར་སྡུག་བསྔལ་ཉིད་དུ་བཞག་སྟེ། དངོས་སུ་གནོད་པ་སྐྱེས་བྱེད་མ་ཡིན་ཀྱང༌། དེས་ཚོར་བ་བདེ་སྡུག་སྐྱེད་པའི་ཕྱིར། དེ་ལྟར་རང་ལུགས་བཞག་ནས། གཞན་གྱི་ལུགས་མི་འཐད་པ་ལ། གཉིས་ཏེ། བཙུན་པ་གཞོན་ནུ་ལེན་གྱི་ལུགས་མི་འཐད་པ་དང༌། བཙུན་པ་དཔལ་ལེན་གྱི་ལུགས་མི་འཐད་པའོ། །དང་པོ་ནི། སྡུག་བསྔལ་བདུན་བཅུ་པ་ཞེས་བྱ་བའི་བསྟན་བཅོས་ལས། སྡུག་བསྔལ་གྱི་ནི་རྒྱུ་ཕྱིར་དང༌། །སྡུག་བསྔལ་མང་པོས་སྐྱེད་ཕྱིར་དང༌། །སྡུག་བསྔལ་ཡོད་ན་དེ་འདོད་ཕྱིར། །བདེ་བ་སྡུག་བསྔལ་ཞེས་རྟོགས་སོ། །ཞེས་བཤད། དེ་མི་འཐད་པ་ལ། གསུམ་སྟེ། རིགས་པས་གནོད་པ་དང༌། ལུང་དང་མ་མཐུན་པ་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། འདི་མི་འཐད་དེ། སྡུག་བསྔལ་གྱི་རྒྱུ་ཡིན་པ་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་པའི་ཕྱིར་དང༌། ཁམས་གོང་མའི་རྟེན་ཅན་གྱི་འཕགས་པས་རང་གི་ཕུང་པོ་སྡུག་བསྔལ་དུ་མི་རྟོགས་པར་འགྱུར་ཏེ། རང་གི་ཕུང་པོ་ཚོར་བ་སྡུག་བསྔལ་གྱི་རྒྱུར་རྟོགས་པ་མེད་པའི་ཕྱིར་ཏེ། དེ་ན་ཚོར་བ་སྡུག་བསྔལ་མེད་པས་སོ། །གཉིས་པ་ནི། འགྲེལ་པར། མདོ་ལས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱང་ཅི་ཕྱིར་གསུང་བར་འགྱུར། ཅེས་བཤད། དོན་ནི། འདུ་བྱེད་གཞན་རྣམས་སྡུག་བསྔལ་དུ་འཇོག་པའི་ཤེས་བྱེད་དུ། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་གསུང་མི་དགོས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་ཡིན་པ་ཙམ་གྱིས་སྡུག་བསྔལ་དུ་འགྲུབ་པའི་ཕྱིར། དེ་ཡང་ཞིབ་མོར་ན། སྡུག་བསྔལ་གྱི་རྒྱུ་ཡིན་པ་དེ་འགྱུར་བའི་སྡུག་བསྔལ་གྱི་གོ་དོན་དུ་འཇོག་ན། འདུ་བྱེད་ཀྱི་སྡུག་བསྔལ་ཡང་དེར་ཐལ་ལོ། །ཞེས་པ་དང༌། སྡུག་བསྔལ་གསུམ་ཀ་ལ་སྡུག་བསྔལ་དུ་འཇོག་བྱེད་གཅིག་པུ་དེས་ཆོག་པར་འགྱུར་ཞིང༌། དེ་ལྟ་ན་མི་རྟག་པ་ཞེས་སྨོས་པ་དོན་མེད་པར་འགྱུར་རོ། །དེ་ལྟར་ཤེས་པ་ན། མི་རྟག་སྡུག་བསྔལ་གཉིས་ཀ་སྡུག་བསྔལ་བདེན་པའི་རང་གི་མཚན་ཉིད་དུ་གྲུབ་བོ། །གསུམ་པ་ནི། འགྲེལ་པར། འོ་ན་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་ཅི་ཞིག་ཡོད། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པར་ལྟ་ལ། མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་དུ་ལྟ་སྟེ། མི་རྟག་པར་མཐོང་ན་མི་མཐུན་པར་འགྱུར་བས་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་དོ། །ཞེས་བཤད་པ་འདིའི་དོན་ལ། གཉིས་ཏེ། དོགས་པ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་མི་རྟག་པའི་རྣམ་པས་ཀྱང་འདུ་བྱེད་སྡུག་བསྔལ་དུ་གོ་ནུས་པ་དེའི་ཚེ། འོ་ན་སྡུག་བསྔལ་གྱི་རྣམ་པ་དང་ཁྱད་པར་ཅི་ཡོད་དེ། སྡུག་བསྔལ་གྱི་རྣམ་པས་ཀྱང་འདུ་བྱེད་སྡུག་བསྔལ་དུ་གོ་བ་ལས་བྱ་བ་གཞན་མེད་པའི་ཕྱིར། ཞེ་ན། མི་རྟག་པ་ཉིད་ཀྱིས་སྡུག་བསྔལ་དུ་གོ་བ་མ་ཡིན་གྱི། དེས་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་པའི་ཕྱིར་ཁྱད་པར་ཡོད་དོ། །འོ་ན་སྡུག་བསྔལ་གྱི་རྣམ་པ་གཅིག་པུས་ཆོག་མོད། ཅེ་ན། ཚོར་བ་བདེ་བ་དང༌། བཏང་སྙོམས་སྡུག་བསྔལ་དུ་ངེས་པ་ལ་མི་རྟག་པར་ངེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་ནི། བཙུན་པ་དཔལ་ལེན་ན་རེ། ཚོར་བ་བདེ་བ་ཞེས་བྱ་བ་ནི། མིང་དེར་བཏགས་ཀྱང་བདེ་བ་དངོས་མ་ཡིན་ཏེ། ཤེས་བྱེད་ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱིས། གང་ཅི་ཚོར་ཡང་རུང༌། དེ་ནི་འདིར་སྡུག་བསྔལ་ལོ། །ཞེས་དང༌། བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་ལྟ་བར་བྱའོ། །ཞེས་དང༌། སྡུག་བསྔལ་ལ་བདེ་བའོ། །སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག ཅེས་གསུངས་སོ། །རིགས་པ་ནི། བདེ་བའི་རྒྱུ་ཉེ་བར་མི་གནས་པའི་ཕྱིར། གནས་པར་འདོད་ན་གང་ཡིན། བཟའ་བཏུང་དང་ཟས་གོས་ལ་སོགས་པའོ། །ཅེ་ན། དེ་དག་ནི་སྡུག་བསྔལ་གྱི་རྒྱུ་སྟེ། དེ་དག་ཧ་ཅང་དཔྱད་པ་དང༌། དུས་མ་ཡིན་པར་སྤྱད་པ་ལས་སྡུག་བསྔལ་སྐྱེད་པའི་ཕྱིར། དེས་ན་སྡུག་བསྔལ་གྱི་བྱེ་བྲག་ལ་བདེ་བར་མིང་བཏགས་པ་སྟེ། དཔེར་ན་ཕྲག་པར་ཁུར་སྦེད་པར་བྱེད་པ་ལྟ་བུའོ། །དེས་ན་སྡུག་བསྔལ་དང་འགལ་ཙམ་ལ་བདེ་བའི་མིང་བཏགས་པ་ཡིན་གྱི། བདེ་བ་ནི་མེད་པ་ཉིད་དོ། །ཞེས་ཟེར། དེ་མི་འཐད་པ་ནི། འགྲེལ་པར། ཆོས་མངོན་པ་པ་རྣམས་ན་རེ། ཡོད་པ་ཉིད་ཡིན་ནོ། །ཞེས་ཟེར་ཏེ། འདི་ཉིད་རིགས་པ་ཡིན་ནོ། །ཇི་ལྟར་བྱས་པས་ཞེ་ན། ཞེས་པ་ནས་དེ་ལྟ་བས་ན་བདེ་བའི་ཚོར་བ་ནི་ཡོད་པ་ཁོ་ནའོ། །ཞེས་བྱ་བར་ཡང་གྲུབ་ལ། སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ལོ་ཞེས་པར་གྲུབ་པ་ཡིན་ནོ། །ཞེས་བཤད། དོན་ནི་ཚོར་བའི་ཆ་ནས་བདེ་བ་དང༌། དོན་དམ་པའི་བདེ་སྡུག་གཉིས་ལས་སྡུག་བསྔལ་ཡིན་ཞེས་པ་སྟེ། མདོར་ན། ཀུན་རྫོབ་ཏུ་བདེ་བ་དང༌། དོན་དམ་པར་སྡུག་བསྔལ་བ་སྟེ། དོན་དམ་དབང་བཙན་པར་བྱས་ནས་ཕྱོགས་སྔ་མ་ལྟར་མི་འཐད་པ་མེད་ལ། ཀུན་རྫོབ་དབང་བཙན་པའི་ཚེ་ཕྱོགས་ཕྱི་མ་ལྟར་འཐད་པ་ལས། འདིར་ནི་སྡུག་ཀུན་གྱི་འཇོག་མཚམས་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་པར་གསལ་ལོ། །དེ་ལྟར་བདེན་པ་བཞི་བཤད་ནས་བདེན་པ་གཉིས་ཀྱི་མཚན་ཉིད་དང༌། མཚན་གཞི་འཆད་པ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་དུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་འདི་ལ། མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། བཅོམ་པའམ་བཤིག་པས་དེའི་བློ་མི་འཇུག་ཅིང༌། དེ་ལས་གཞན་གྱི་ཚེ་འཇུག་པ་ནི། ཀུན་རྫོབ་ཏུ་ཡོད་པའི་མཚན་ཉིད་དང༌། བཅོམ་བཤིག་གིས་དེར་འཛིན་གྱི་བློ་འདོར་མི་ནུས་པ་ནི་དོན་དམ་དུ་ཡོད་པའི་མཚན་ཉིད་དོ། །གཉིས་པ་ནི། ཀུན་རྫོབ་ཏུ་ཡོད་པས་ན་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པར་ཡོད་པས་ན་དོན་དམ་པའི་བདེན་པ་ཞེས་བྱ་བ་འདི་ལ་ནི། ཐེག་པ་གོང་འོག་མཐའ་དག་འདྲ་བ་ཡིན་ཏེ། ཡོད་པ་དང་བདེན་པ་ནི། མི་བསླུ་བ་དང༌། དེའི་དོན་ཡང་ཚད་མས་གྲུབ་པ་ཉིད་ལ་འཆད་པར་འདྲ་བའི་ཕྱིར། འདིར་བཅོམ་པའི་དོན་ནི། དབྱིབས་བཅོམ་པ་སྟེ། འཇོམས་བྱེད་གཟུགས་ཅན་གྱི་དངོས་པོས། གཞོམ་བྱ་ཡང་གཟུགས་ཅན་ཉིད་བཅོམ་པ། ཐོ་བས་བུམ་པ་གྱོ་མོར་བྱས་པ་ལྟ་བུའོ། །བཤིག་པ་ནི། འཇིག་བྱེད་སོ་སོར་རྟོག་པའི་ཤེས་རབ་ཀྱིས། བཤིག་བྱ་གཟུགས་ཅན་ཡིན་མིན་གྱི་དངོས་པོ་གང་ཡང་རུང་བ་བཤིག་པ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱི་རགས་པའི་དངོས་པོ་བཤིག་པ་ན་རགས་པར་འཛིན་པའི་བློ་མི་འཇུག་པ་ལྟ་བུའོ། །འཇིག་བྱེད་སོ་སོར་རྟོག་པའི་ཤེས་རབ་ལ་འཆད་ཀྱང༌། དེས་གཟུགས་མིང་དུས་གསུམ་གྱི་ཆུང་མཐའི་བར་དུ་དཔྱོད་ཀྱང༌། ཆུང་མཐའ་དེ་དང་དེ་དག་ནི་བཤིག་པར་མི་བྱེད་དེ། དེ་དག་དཔྱོད་བྱེད་ཀྱི་རིགས་པ་གྲུབ་པའི་མཐའ་ལས་མི་འཆད་པའི་ཕྱིར་དང༌། སྐད་ཅིག་དང་ཕྱོགས་ཀྱི་ཆ་མེད་པས་བློ་ཆ་ཤས་སུ་དབྱེར་མི་རུང་བའི་ཕྱིར། དྲུག་གིས་གཅིག་ཆར་སྦྱར་བས་ན། །ཞེས་སོགས་ནི་ཐེག་པ་གོང་མའི་རིགས་པ་ཡིན་འདིར་མི་འཆད་དོ། །ཀུན་རྫོབ་དང་དོན་དམ་ཞེས་པ། ཐེག་པ་ཆེན་པོ་པ་ནི། མ་རིག་པ་དང༌། དེའི་དངོས་ཀྱིས་འགལ་ཟླར་གྱུར་པའི་ཡེ་ཤེས་ལ་བཤད་ཀྱང༌། ཉན་ཐོས་པ་དག་གི་ལུགས་ལ་དེ་ལྟར་འཆད་པའི་ལུང་མེད་ཅིང༌། ཡུལ་གནས་ཚུལ་ལ་ཡོད་མེད་ཀྱི་སྒོ་ནས་དེ་ལ་ལྟོས་པའི་ཡུལ་ཅན་གྱི་བློ་འཁྲུལ་མ་འཁྲུལ་དུ་འཇོག་དགོས་པར་ནི་གདོན་མི་ཟ་ལ། འདིར་བཤད་པ་དང༌། རྣམ་འགྲེལ་དུ། དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་བཤད་པ་ལ། ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གསུམ་པ་ལ། མཚན་གཞི་དངོས་དང༌། ཡུལ་ཅན་གྱི་བློའི་ཁྱད་པར་ལ་དཔྱད་པའོ། །དང་པོ་ནི། རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་ནི། ཀུན་རྫོབ་ཏུ་ཡོད་པའི་མཚན་གཞི་དང༌། ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲ་རབ་དང༌། དུས་ཀྱི་ཐུང་བའི་མཐར་ཐུག་པའི་ཤེས་པ་སྐད་ཅིག་ཆ་མེད་ཅེས་གྲགས་པ་ནི་དོན་དམ་དུ་ཡོད་པའི་མཚན་གཞིའོ། །རྡུལ་ཕྲ་རབ་ཀྱི་འཛིན་ཚུལ་ལ་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང༌། སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་བོ། །དང་པོ་ནི། འབྱུང་བ་བཞིའི་རྡུལ་ལས་གཞན་མེད་ཅིང༌། དབང་ཤེས་ཀྱི་ཡུལ་དུ་མི་རུང་ལ། གཉིས་པ་ནི། རྡུལ་རྫས་བརྒྱད། ཅེས་བཤད་པའི་དུས་ཀྱི་བརྒྱད་པོ་རེ་རེ་བ་རྣམས་སོ། །དེ་དུས་ཀྱི་དྲི་རོ་ལ་སོགས་པ་བཞི་ནི་འབྱུང་བ་ལས་གྱུར་པ་ཡིན་ཀྱང་རྫས་གཞན་རེ་རེ་བར་གྲུབ་པ་དང༌། བསགས་རྡུལ་ཕྲ་རབ་ཅེས་བྱ་ལ། དེ་དག་རྣམ་པར་ཤེས་པའི་ཚོགས་ལྔའི་སྤྱོད་ཡུལ་དུ་གྱུར་པའི་དོན་དང༌། དོན་དམ་བདེན་པའི་མཚན་གཞིའོ། །དེ་ལས་གཞན་མིག་སོགས་དབང་པོ་ལྔའི་རྡུལ་ཕྲ་རབ་ཀྱང་དེ་དང་འདྲ་བ་དང༌། སྒྲའི་རྡུལ་ཡང་དེ་བཞིན་ནོ། །འདི་དག་འབྱུང་བ་བཞི་འདུས་པ་ལས་བྱུང་བའི་ཕྱིར་རགས་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། མདོ་སྡེ་པས་ནི་འབྱུང་གྱུར་ལ་རགས་པ་དང་བཏགས་ཡོད་ཀྱིས་ཁྱད་པར་ཁས་ལེན་ཏེ། འབྱུང་བ་བཞི་རྡུལ་སོ་སོར་གྱེས་པའི་གཟུགས་ཀྱི་རྡུལ་སོགས་ཤུལ་ན་ལུས་པ་མེད་པའི་ཕྱིར། དེས་ན་དེ་དག་ལ་དོན་དམ་བདེན་པའི་མཚན་གཞི་ཚང་བར་མི་འདོད་དོ། །བྱེ་མདོ་གཉིས་ཀྱིས་རྡུལ་ཕྲ་རབ་ཀྱི་རྣམ་གཞག་ལ། མི་མཐུན་པའི་ཁྱད་པར་ནི། བྱེ་སྨྲས་རྫས་ཀྱི་རྡུལ་ཕྲ་རབ་བརྟག་པ་དང་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་མི་བྱེད་པ་དང༌། དོན་དམ་པར་ཡོད་པའི་ཕྱིར། དོན་དམ་པའི་བདེན་པ་ལས་མ་འདས་སོ། །རྫས་ཀྱི་རྡུལ་ཕྲ་རབ་ལ་ནི་རྡུལ་རྫས་བརྒྱད་ཚང་བར་འདོད་པ་མ་ཡིན་ཏེ། དབང་པོའི་ཡུལ་ལས་འདས་པའི་ཕྱིར་དང༌། སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པའི་ཕྱིར། དེས་བརྩམས་པའི་རྡུལ་རྫས་བརྒྱད་པོ་ནི་དེ་ལས་ཟློག་སྟེ། སྒྲིབ་ཐོགས་ཀྱི་བྱ་བ་བྱེད་པར་ཁས་ལེན་ཞིང༌། མི་རྟག་པར་ཡང་འདོད་དེ། སྣོད་ཀྱི་འཇིག་རྟེན་ཞིག་པའི་ཚེ་འཇིག་པར་འདོད་པའི་ཕྱིར། འོ་ན་བཅོམ་པས་དེ་འཛིན་གྱི་བློ་འདོར་བའི་ཆོས་སུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་ལས་ཀྱི་ནུས་པ་ཟད་པའི་ཚེ་ཞིག་པ་ཡིན་པས་བཅོམ་པའི་ཐ་སྙད་མི་འཇུག་གོ །བྱེ་སྨྲས་དེ་ལྟར་ཁས་ལེན་དགོས་པ་ནི། དབང་པོ་ལྔས་གང་ལ་ལྟ་བ་དེ་རྣམ་མེད་རྗེན་ཆར་དུ་ཡིན་ལ། གཟུགས་རྡུལ་ཕྲ་རབ་མེད་ན་རགས་པ་དབང་ཤེས་ཀྱི་ཡུལ་དུ་མི་རུང་བས་མིག་གིས་གཟུགས་མཐོང་བར་མི་འགྱུར་རོ་སྙམ་དུ་བསམས་པའོ། །མདོ་སྡེ་པ་ལྟར་ན། དབང་ཤེས་ལ་དངོས་སུམ་སྣང་བ་ནི་གཟུགས་སོགས་ཀྱི་རྣམ་པ་ཡིན་ལ། རྣམ་པ་དེ་དག་གཏོད་བྱེད་གྱི་རྒྱུ་ལ་ནི་གཟུགས་སོགས་ཉིད་ཀྱི་རྡུལ་དགོས་པ་མ་ཡིན་ཏེ། འབྱུང་བ་བཞིའི་རྡུལ་ཉིད་ཀྱི་རྣམ་པ་དག་གཏོད་པར་བྱེད་པའི་ཕྱིར། གཞན་དུ་ན། མདོ་སྡེ་པའི་ལུགས་དེ་ཡང༌། ཡིད་འོང་གི་རྣམ་པ་གཏོད་པ་ལ་ཡིད་འོང་དང༌། ཡིད་མི་འོང་གི་རྣམ་པ་གཏོད་བྱེད་ལ་ཕྱི་རོལ་གྱི་དོན་ཡིད་མི་འོང་དགོས་པ་ཉིད་དུ་འགྱུར་རོ། །འདིར་ཆུ་ཀུན་རྫོབ་བདེན་པའི་མཚན་གཞིར་བཤད་པ་ནི། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུར་གྱུར་པའི་རགས་པ་དེ་ལ་བསམས་པ་ཡིན་གྱི། ཆུའི་བསགས་རྡུལ་ཕྲ་རབ་དེ་ཡང་ཆུའི་ཁམས་སུ་ཁས་ལེན་དགོས་མོད་ཀྱང་དོན་དམ་པའི་བདེན་པ་ལས་མ་འདས་སོ། །ཡང་གཟུགས་དོན་དམ་དུ་ཡོད་པའི་མཚན་གཞིར། འགྲེལ་པ་ལས་བཤད་པ་དེ་ཡང་གཟུགས་རྡུལ་ཕྲ་རབ་ལ་བསམས་པ་ཡིན་ཏེ། མིག་གིས་མཐོང་བ་ནི་དེ་ཉིད་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར། བུམ་པའི་གཟུགས་མཐོང་བའི་ཚེ། གཟུགས་རྡུལ་ཕྲ་རབ་དེ་ཉིད་མཐོང་བ་ཡིན་གྱི། དེ་ལས་གཞན་མཐོང་རྒྱུ་ཡོད་པར་མི་འདོད་དོ། །གལ་ཏེ་གཟུགས་དོན་དམ་པའི་བདེན་པར་ཁས་ལེན་ན། བུམ་པ་ཡང་དེར་མཚུངས་སོ། །ཞེ་ན། མ་ཡིན་ཏེ། བུམ་པ་ནི་རྡུལ་རྫས་རེ་རེ་བ་ལ་ངོས་འཛིན་པ་མ་ཡིན་གྱི། བརྒྱད་འདུས་པའི་གོང་བུ་ལ་ངོས་འཛིན་པས་དབང་པོ་སྒོ་ལྔ་པོ་གང་གི་ཡང་ཡུལ་དུ་མི་བྱེད་ལ། གཟུགས་ལ་ནི་དེ་ལྟར་མ་ཡིན་པའི་ཕྱིར། ཆུ་ཀུན་རྫོབ་ཀྱི་མཚན་གཞིར་བཤད་པ་ཡང་དེ་བཞིན་དུ་བལྟ་བར་བྱའི། དེ་ལ་གཞན་དུ། རྫས་བརྒྱད་ཀྱི་ཟླར་བགྲང་པའི་ཆུ་ལ་བཤད་ན་དཀའ་བའི་གནས་སོ། །འདུ་མ་བྱས་གསུམ་པོ་བདེན་པ་གཉིས་པོ་གང་གི་མཚན་གཞིར་བཟུང་ཞེ་ན། རྟག་པའི་རྫས་ཡིན་པས་དོན་དམ་པར་ཡོད་པ་ཞེས་བྱའོ། །དེ་ལས་གཞན་ཤེས་བྱ་དང་གཞལ་བྱ་བདག་མེད་ཅེས་སོགས་ཀྱི་ཐ་སྙད་འདོགས་པ་དེ་ཐམས་ཅད་ཀྱི་མཚན་གཞི་ཡང་ཤེས་བྱ་གཞི་ལྔ་པོ་གང་རུང་གི་སྟེང་ནས་རྩི་བ་ཡིན་གྱི། རང་སྡེའི་རྟོག་གེ་ལ་གྲགས་པའི་གཞན་སེལ་གྱི་རྣམ་པར་བཞག་པ་ནི་འདིར་མི་འཆད་དོ། །གཉིས་པ་ནི། གལ་ཏེ། ཐེག་པ་ཆེན་པོ་ལ་གྲགས་པ་ལྟར། བདེན་པ་གཉིས་པོའི་ཡུལ་ཅན་གྱི་བློ་ལ་འཁྲུལ་བ་དང་མ་འཁྲུལ་བའི་དབྱེ་བ་ཁས་ལེན་ནམ། འོན་ཏེ་མ་ཡིན། དང་པོ་ལྟར་ན་ནི་དབང་པོའི་མངོན་སུམ་ཁས་མི་ལེན་པའམ། ལེན་ན་ཡང་ཀུན་རྫོབ་པའི་ཆོས་རྣམས་མི་སྣང་བར་འགྱུར་ལ། འདོད་ན་ནི་མྱོང་བ་དང་འགལ་ཏེ། མ་བཅོས་པ་དང་མ་བཤིག་གི་བར་དུ་དེ་འཛིན་གྱི་མངོན་སུམ་དམིགས་པའི་ཕྱིར། འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་རྟོག་མེད་ཀྱི་ཤེས་པ་ལ་དེ་ལྟར་སྣང་བའི་ཕྱིར་རོ། །ཀུན་རྫོབ་ཏུ་ཡོད་པ་ཅེས་བྱ་བའི་དོན་ནི། བཏགས་པའི་ཡོད་པ་ཞེས་བྱ་བའི་དོན་ཡིན་ལ། དེའི་དོན་ཡང་མེད་བཞིན་དུ་སྒྲོ་བཏགས་པ་ཞེས་བྱ་བའི་དོན་ལ་འཆད་དགོས་པའི་ཕྱིར་ན། ཀུན་རྫོབ་པའི་ཡུལ་ཅན་གྱི་བློ་ཚད་མར་མི་རུང་ལ། དེའི་ཕྱིར་གང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་དབང་ཤེས་ལ་སྣང་བའི་ཟླ་གཉིས་བཞིན། བུམ་སོགས་རགས་པ་རྣམས་ཀྱང་ཀུན་རྫོབ་ཀྱི་བདེན་པར་བཤད་པ་དེའི་ཕྱིར་ཀུན་རྫོབ་ཏུ་ཚད་མས་དམིགས་པ་ལྟར་སྣང་ཡང་ཡུལ་ཅན་གྱི་ཚད་མ་མེད་དོ། །ཞེས་བྱ་བ་ནི་ཕན་ཚུན་སྤངས་པའི་འགལ་བ་དམིགས་པའི་གཏན་ཚིགས་སོ། །མི་འགྲུབ་པ་ཇི་ལྟར་ཞེ་ན། འོ་ན་མདུན་གྱི་རྫ་བུམ་དེ་མངོན་སུམ་གྱིས་འགྲུབ་པའམ། རྗེས་དཔག་གིས་འགྲུབ། འགྲུབ་བྱེད་ཀྱི་ཚད་མ་གསུམ་པ་གཞན་ནི་མེད་དོ། །གཉིས་པ་ལྟར་ན། ལྐོག་གྱུར་དུ་འགྱུར་ཏེ། རང་འགྲུབ་བྱེད་ཀྱི་ཚད་མ་ནི་རྟེན་གཏན་ཚིགས་ལ་ལྟོས་པའི་ཕྱིར་རོ། །དང་པོ་ལྟར་ན། རང་རིག་ནི་ཁས་མི་ལེན་པས། དབང་པོའམ། ཡིད་ཀྱིའམ། རྣལ་འབྱོར་མངོན་སུམ་གྱིས་འགྲུབ། གསུམ་པ་མི་རིགས་ཏེ། ད་ཀུན་རྫོབ་ཀྱི་བདེན་པ་སྣང་ཡུལ་དུ་མི་བྱེད་པའི་ཕྱིར། དང་པོ་ལྟར་ན། དབང་པོ་ལྔ་པོ་གང་གིས་དམིགས། མིག་གི་དབང་པོས་སོ་ཞེས། འོ་ན་བུམ་པའི་གཟུགས་བུམ་པའམ། བུམ་པ་བུམ་པའི་གཟུགས་ཡིན་པར་ཐལ་བ་གང་རུང་ལས་མ་འདས། གཉིས་པ་ཡིད་ཀྱི་མངོན་སུམ་གྱིས་དམིགས་ན། འདིར་དེའི་རྣམ་གཞག་བཤད་པར་དཀའ་བ་ཡིན་མོད། གཟུགས་འཛིན་ཡིད་ཀྱི་མངོན་སུམ་གྱིས་དམིགས་པ་སོགས་གང་དུ་ཁས་ལེན་ཡང༌། བུམ་པའི་གཟུགས་བུམ་པར་ཐལ་བའི་བུམ་པ་ཉིད། བུམ་པའི་གཟུགས་སུ་ཐལ་བ་ལས་མ་འདས་སོ། །གལ་ཏེ། བུམ་ཆུ་སོགས་ཡོད་པ་མ་ཡིན་ན། སྣོད་ཀྱི་འཇིག་རྟེན་ཀྱང་ཡོད་པ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་འཕགས་པས་སྡུག་བསྔལ་དུ་གཟིགས་པ་ལྟར་སྡུག་བསྔལ་དུ་བདེན་པ་མ་ཡིན་པར་འགྱུར། དེ་ལྟར་ན་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་འགྱུར་རོ། །ཞེ་ན། ཀུན་རྫོབ་ཏུ་བདེན་པ་ལ་བསམ་ནས་དེ་ལྟར་འཆད་པ་ལ་ཉེས་པ་མེད་དོ། །གལ་ཏེ་ཀུན་རྫོབ་ཏུ་བདེན་ན་མི་བདེན་པར་འགལ་ལོ་ཞེ་ན། དེ་ཡང་རགས་པ་དང་རྒྱུན་གྱི་དངོས་པོས་མ་ངེས་སོ། །འདོད་ན། རགས་པའི་དངོས་པོ་དེ་རགས་པར་བདེན་ནམ། རྡུལ་ཕྲ་རབ་ཏུ་བདེན། དང་པོ་ལྟར་ན། རིགས་པས་དཔྱད་པའི་ཚེ་ཡང་རགས་པ་ཉིད་དུ་གནས་པར་འགྱུར་ཏེ། རགས་པར་བདེན་པའི་ཕྱིར། འདོད་ན། བཅོམ་པའམ་བཤིག་པས་དེར་འཛིན་གྱི་བློ་འདོར་བར་འགལ་ལོ། །འོ་ན་ཀུན་རྫོབ་རིགས་པས་དཔྱད་བཟོད་པར་འགྱུར་ཏེ། ཀུན་རྫོབ་ཏུ་བདེན་པའི་ཕྱིར་སྙམ་ན། ཁྱབ་པ་འགལ་བ་ཡིན་ཏེ། ཀུན་རྫོབ་ཏུ་བདེན་ན་རིགས་པས་མ་དཔྱད་པའི་ངོར་བདེན་པ་ཡིན་དགོས་ལ། དེ་ལ་ནི་སྤྱིར་བདེན་པར་འགལ་བའི་ཕྱིར། གལ་ཏེ་རགས་པར་བདེན་པ་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་སོ་ཤེ་ན། དེ་ན་མི་བདེན་པ་ཉིད་དུ་གྲུབ་བོ། །ཅི་སྟེ་ཡོད་ན་བདེན་དགོས་སོ་ཞེས་བྱ་བ་འདི་ལ། ཤེས་བྱེད་ཀྱི་ལུང་དང་འབྲེལ་པའི་རིགས་པ་གང་ཞིག་ཅེ་ན། ཡོད་ན་བདེན་དགོས་ཏེ། ཀུན་རྫོབ་དུ་ཡོད་ན་ཀུན་རྫོབ་ཏུ་བདེན་དགོས་པ་དང༌། དོན་དམ་དུ་ཡོད་ན་དོན་དམ་དུ་བདེན་དགོས་པའི་ཕྱིར་དང༌། རང་ལུགས་ཀྱི་ཀུན་རྫོབ་ཏུ་ཡོད་ན་རང་ལུགས་ལ་ཡོད་མི་དགོས་པའི་ཕྱིར། དེ་དགོས་ན་གང་ཟག་གི་བདག་རྟག་པ་གཅིག་པུ་རང་དབང་ཅན་གྱི་མ་ངེས་སོ། །འདོད་ན་ཆོས་ཀྱི་ཕྱག་རྒྱ་དང་འགལ་ཞིང༌། མ་གྲུབ་ན། དེ་ཆོས་ཅན། རང་ལུགས་ཀྱི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། རང་ལུགས་ལ་གཏགས་ཡོད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གནས་དགུ་པར་མདོ་དྲངས་པ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོར་རྣམ་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་སོ། །བུམ་པ་དངོས་པོར་ཁས་མི་ལེན་ན་ཆུ་སྐྱོར་གྱི་དོན་བྱེད་ནུས་པར་འགལ་ལོ། །ཞེ་ན། ཁས་ལེན་དེ་གཉིས་ཀ་ཀུན་རྫོབ་ཀྱི་དབང་དུ་བྱས་སོ་ཞེས་སྨྲ་བ་ཟིན་པ་མ་ཡིན་ནམ། འོ་ན་བུམ་ཆུ་སོགས་མ་བཅོམ་པ་དང་མ་བཤིག་གི་བར་དུ་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཀུན་རྫོབ་ཏུ་ཞེས་བྱ་བའི་ཚིག་གི་ལྷག་མ་ཅན་ཡིན་ཏེ། བཅོམ་པ་དང་བཤིག་པ་ན་ནི་ཀུན་རྫོབ་ཏུ་ཡང་ཡོད་པར་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རགས་རྒྱུན་ཀུན་རྫོབ་ཏུ་ཡོད་ན་གཞལ་བྱ་རང་སྤྱི་གཉིས་ལས་གང་ཡིན། སྤྱི་མཚན་ལས་འོས་མེད་དོ། །དེ་ལྟར་ན་ཡུལ་ཅན་གྱི་བློ་རྟོག་པར་ཐལ་བ་དང༌། འཇལ་བྱེད་རྗེས་དཔག་གི་ཚད་མ་ཡོད་པར་འགྱུར་རོ། །གཉིས་ཀ་ལ་འདོད་ན། མྱོང་བ་དང་འགལ་ཞིང༌། ཚད་མས་མི་འགྲུབ་པར་ཁས་བླངས་པ་ཉམས་སོ། །ཞེ་ན། ཉེས་པ་མེད་དེ། བུམ་ཆུ་སོགས་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་མངོན་སུམ་ལ་གྲུབ་པ་ལྟ་བུར་སྣང་བ་ཡིན་གྱི་རྣམ་པར་བརྟགས་ན། སྔར་གྱི་སྐྱོན་ལས་མ་འདས་པའི་ཕྱིར་དང༌། གདགས་གཞི་རྫས་ཡོད་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་ཉིད་དུ་གྲུབ་པས་ཡུལ་ཅན་རྟོག་པ་ལས་མ་འདས་པའི་ཕྱིར་དང༌། རྗེས་དཔག་གི་གཞལ་བྱ་ལ་ཡོད་པས་མ་ཁྱབ་ཀྱང༌། དེས་གྲུབ་པ་ནི་རང་མཚན་ཁོ་ནར་ངེས་པའི་ཕྱིར་རོ། །མདོར་ན་ཚོགས་སྤྱིའི་ཡུལ་ཅན་གྱི་བློ་ལ་རྟོགས་པས་ཁྱབ་པའི་རྒྱུ་མཚན་གྱིས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ཚོགས་སྤྱིའི་ཡུལ་ཅན་དུ་འཆད་པ་དབྱིག་གཉེན་གྱི་དགོངས་པ་མ་ཡིན་ནོ། །ཞེས་ནི། ཆོས་ཀྱི་གྲགས་པས་ཀྱང་བཤད་པ་ཡིན་ཏེ། ཇི་སྐད་དུ། བསགས་པ་དག་ནི་ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །སྤྱི་བློ་གདོན་མི་ཟ་བར་ཡང༌། །རྣམ་པར་རྟོག་དང་རྗེས་སུ་འབྲེལ། །ཞེས་པའི་ཕྱོགས་སྔ་ལ་ལན་འདེབས་པ་ན། དོན་གཞན་དང་ནི་མངོན་འགྲེལ་ཕྱིར། །རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། །ཞེས་དང༌། ཤེས་དེ་གཅིག་ལས་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །ཅེས་འཆད་པའི་ཕྱིར་རོ། །གཏགས་ཡོད་ཀྱི་ཆོས་རྣམས་ངོ་བོས་སྟོང་པར་འདོད་པ་དེ་ལྟ་ན། ཆོས་ཀྱི་བདག་མེད་ཁས་བླངས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བླངས་མོད། དེ་ལས་ཅིར་འགྱུར། ཉན་ཐོས་པ་དེ་ལྟར་མི་འདོད་དོ་ཅེ་ན། མི་འདོད་པ་གང་ལས་ཤེས། རགས་རྒྱུན་བདེན་པར་མི་འདོད་དོ། །ཞེས་ཀུན་གྱི་མཐུན་པར་འཆད་པ་མ་ཡིན་ནམ། ཇི་སྐད་དུ། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ལས་གཞན་མ་བཤད་དོ། །སྙམ་ན། དེ་ཉིད་ཀྱི་དེར་གྲུབ་པ་ཡིན་ཏེ། མི་རྟག་པའི་རྣམ་པ་ཞེས་པའི་གོ་དོན་ནི། ཕྱི་རོལ་གྱི་དོན་རྡུལ་ཕྲན་སིལ་བུ་བ་དང༌། སེམས་སྐད་ཅིག་ཆ་མེད་དུ་རྟོགས་པའི་ཤེས་རབ་ལ་འཆད་པ་ཡིན་ལ། དེ་ལྟར་ཤེས་པ་ཡང༌། རགས་རྒྱུན་གྱི་དངོས་པོ་ཉིད་དུ་མ་གྲུབ་པར་རྟོགས་པ་ལ་རགས་ལས་པའི་ཕྱིར། དེ་ལྟ་ན་ཡང་ཆོས་ཀྱི་བདག་མེད་མཐར་ཐུག་པ་ནི་མ་ཡིན་ཏེ། རྡུལ་ཕྲན་དང་སྐད་ཅིག་མ་རང་གི་ངོ་བོས་སྟོང་པར་མི་འདོད་པའི་ཕྱིར་རོ། །རགས་པ་དང་རྒྱུན་གྱི་གནས་ཚུལ་དང་གདགས་གཞི་རྫས་ཡོད་དུ་འདོད་པའི་ཆོས་ཀྱི་བདག་མེད་ཇི་བཞིན་པ་མ་ཡིན་ནོ་སྙམ་ན་ནི། དེ་ལྟར་འདོད་ལ་རག་མོད། གང་ཟག་གི་བདག་མེད་ཀྱང་ཇི་བཞིན་པ་མ་ཡིན་པར་འགྱུར་ཏེ། གདགས་གཞི་ངོ་བོས་སྟོང་པར་མི་འདོད་པའི་ཕྱིར་རོ། །དེ་ལྟར་ཡང་འདོད་པ་དག་སྣང་མོད། ཆོས་ཀྱི་ཕྱག་རྒྱ་བཞི་ནི་ཁས་ལེན་པ་ཉམས་སོ། །དེ་དག་ལ་འདི་སྐད་ཅེས། གདགས་གཞི་རྫས་དང་བཏགས་ཆོས་ལ། །བདེན་པ་གཉིས་སུ་རྣམ་པར་ཕྱེ། །ཀུན་བཏགས་པའི་ཡོད་པ་ལ། །ཆོས་དང་གང་ཟག་དབྱེ་བས་གཉིས། །ཆོས་ནི་སྐད་ཅིག་ཕྲེང་བ་དང༌། །རྡུལ་ཕྲན་ཚོགས་ལ་བཏགས་ཞེས་བྱ། །གང་ཟག་རང་གི་ཕུང་པོ་ལ། །རྨོངས་པའི་བློ་ཡིས་བཏགས་པར་འདོད། །བཏགས་ཡོད་ཇི་སྙེད་མངོན་སུམ་དང༌། རྗེས་སུ་དཔག་པས་མི་འགྲུབ་སྟེ། །ཚད་མའི་འཇུག་ཡུལ་གང་ཡིན་པ། །རྫས་ཡོད་ཉིད་དུ་བཤད་ཕྱིར་རོ། །རྗེས་སུ་དཔག་པས་སྣང་ཡུལ་དུ། །བྱས་པ་ཙམ་གྱིས་ཚད་མ་ངེས། །དམིགས་པར་འཇོག་པ་མ་ཡིན་ཏེ། །རང་མཚན་རྣམས་ཀྱི་དོན་སྤྱི་བཞིན། །དོན་དམ་རྫས་ཡོད་ཁོ་ན་ལ། །བྱས་དང་མ་བྱས་དབྱེ་བས་གཉིས། །འདུས་མ་བྱས་གསུམ་དོན་དམ་སྟེ། །རྟག་རྫས་གཞིག་མི་རུང་ཕྱིར་རོ། །འདུས་བྱས་བདེན་པ་གསུམ་པོ་ལ། །རྫས་དང་བཏགས་པའི་དབྱེ་བ་ཡིས། །ཀུན་རྫོབ་དོན་དམ་གཉིས་གཉིས་ཏེ། །སོ་སོའི་མཚན་ཉིད་བསམ་པར་བྱ། །མདོ་སྡེ་པ་རྣམས་འདུས་མ་བྱས། །གསུམ་པོ་མེད་པ་གཞན་སེལ་དང༌། །དོན་བྱེད་མི་ནུས་པ་ཡི་ཕྱིར། །ཀུན་རྫོབ་བདེན་པར་འཆད་མོད་ཀྱང༌། །བདག་མེད་གཉིས་པོ་དོན་དམ་པར། །དོན་བྱེད་ནུས་པ་ཉིད་ཡིན་ཞེས། །བྱེ་མདོ་རྣམ་རིག་སྨྲ་གསུམ་པོ། །དོན་དམ་བདེན་པར་འདོད་པ་མཐུན། །བདག་གཉིས་ཀྱིས་སྟོང་ཆ་མེད་ཀྱི། །དངོས་པོ་བྱེ་མདོའི་དོན་དམ་སྟེ། །གཟུང་འཛིན་རྫས་གཞན་གྱིས་སྟོང་དང༌། །གཉིས་སྟོང་ཡེ་ཤེས་རྣམ་རིག་པའི། །དོན་དམ་དུ་འདོད་གཞན་གྱི་དབང༌། །དོན་དམ་བདེན་པར་བཤད་པ་མེད། །གནས་སྐབས་བདེན་པར་གྲུབ་ཅེས་པ། །ཐ་སྙད་བདེན་པའི་དབང་དུ་བྱ། །ཞེས་སྦྱར་བ་ཡིན་ནོ། །དེ་ལྟར་དམིགས་ཡུལ་བདེན་པ་རྣམས་བཤད་ནས། དེ་ལ་ཇི་ལྟར་དམིགས་པའི་རིམ་པ་ལ། གསུམ་ཏེ། མངོན་རྟོགས་སྐྱེ་བའི་རིམ་པ། སྒོམ་པ་པོའི་གང་ཟག མངོན་པར་རྟོགས་པའི་ལམ་ཉིད་བཤད་པའོ། །དང་པོ་ལ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་སྐྱེ་བའི་ཚུལ་ལོ། །དང་པོ་ལ། རྟེན་གྱི་གང་ཟག་སྒོམ་པའི་ཆོས་སོ། །དང་པོ་ནི། འཕགས་པའི་རིགས་ལ་གནས་པའོ། །རིགས་དེ་གང་ཞེ་ན། ཆོག་ཤེས་པ་དང༌། སྤོང་བ་དང༌། སྒོམ་པ་ལ་མངོན་པར་དགའ་བའོ། །དང་པོ་ནི། གསུམ་སྟེ། ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་གྱིས་ཆོག་ཤེས་པའོ། །འདི་དག་ལ་ཆོག་ཤེས་པ་ཞེས་བྱ་སྟེ། སྲིད་པ་དང་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། དེ་ལྟ་བུའི་ཆོག་ཤེས་གསུམ་གྱིས་ནི། འདོད་པ་ཆུང་བ་ཡང་བསྡུས་པ་ཡིན་ཏེ། འདོད་ཆེན་གྱི་གཉེན་པོར་གྱུར་པའི་ཕྱིར། དེ་ཡང་གྱ་ནོམ་པ་དང་མང་པོ་འདོད་པ་ནི་འདོད་ཆེན་ཡིན་ལ། འདི་ནི་ངན་ངོན་གྱིས་ཆོག་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། འོ་ན་གཉིས་པོའི་ཁྱད་པར་དབྱེ་དཀའོ་ཞེ་ན། རྩ་བར་ནི། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་པ་ལ་འདོད་ཆེན་ཅན། །ཞེས་བཤད་ལ། སློབ་དཔོན་གྱི་བརྗོད་པ་ནི། རྙེད་པའི་སྟེང་དུ་ཡང་འདོད་པ་ནི་མ་རྙེད་པ་ཚོལ་བའི་ནང་དུ་འདུས་པའི་ཕྱིར་གཉིས་པོ་ལ་རྙེད་མ་རྙེད་ཀྱི་ཁྱད་པར་མེད་དོ། །དེས་ན་གཉིས་པོ་ལྡོག་པས་འབྱེད་དེ། བཟང་པོ་དང་མང་པོ་ཚོལ་འདོད་པ་འདོད་པ་ཆེ་བ་ཡིན་ལ། ངན་པ་དང་ཉུང་ངུ་རྙེད་པས་ཡིད་མི་བདེ་བ་ནི་ཆོག་མི་ཤེས་པའོ། །གཉིས་པ་འདི་གང་ལ་ཡོད་པ་དེ་ནི་ལམ་སྒོམ་པའི་རྟེན་དུ་མི་རུང་སྟེ། དེ་ལ་སྲིངས་བ་གཉིས་མི་འབྱུང་བའི་ཕྱིར། གཉིས་པོ་གང་ཞེ་ན། ལུས་འདུ་འཇིག་ལས་དང༌། སེམས་མི་དགེ་བའི་རྣམ་པར་རྟོག་པ་ལས་སོ། །འོ་ན་ཆོག་ཤེས་པ་དེ་ཙམ་གྱིས་འཕགས་པའི་རིགས་ཡོངས་སུ་རྫོགས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ཙམ་གྱིས་ཐར་པ་ཆ་མཐུན་གྱི་དགེ་བར་གཞག་མི་ནུས་པའི་ཕྱིར། འོ་ན་ཅི་ཞིག་དགོས་ཞེ་ན། དེའི་ཚུལ་ལ་གནས་པའི་སྟེང་དུ་སྤོང་བ་ལ་དགའ་བ་ཞེས་པ་ནི་འགོག་བདེན་དོན་དུ་གཉེར་བ་ཡིན་ལ། སྒོམ་པ་ལ་དགའ་བ་ནི་ལམ་རྒྱུད་ལ་བརྟེན་པར་སྤྲོ་བའོ། །དེ་ལྟ་ན་འཕགས་པའི་རིགས་དངོས་ནི་ཕྱི་མ་འདི་ཡིན་ལ། དང་པོ་གསུམ་ནི་ཡན་ལག་གོ །དེ་ཡང་གསུམ་པོ་ནི་བདག་གིར་སྲེད་པ་མགོ་གནོན་པའི་གཉེན་པོ་ཡིན་ལ། བཞི་པ་ནི་བདག་ཏུ་སྲེད་པ་དྲུངས་འབྱིན་པའི་གཉེན་པོའོ། །མདོར་ན་ལུས་དང་ལོངས་སྤྱོད་ལ་མ་ཆགས་པ་ནི་འཕགས་པའི་རིགས་ཏེ། དེ་ལ་གནས་ནས་བསྐལ་པ་གྲངས་མེད་གསུམ་དང༌། བསྐལ་ཆེན་བརྒྱ་དང༌། ཚེ་གཅིག་ཏུ་ཚོགས་བསགས་པའི་དབྱེ་བས་བྱང་ཆུབ་གསུམ་དུ་སེམས་བསྐྱེད་ནས། ངེས་འབྱེད་ཆ་བཞིའི་རིམ་པས་ཐེག་པ་སོ་སོའི་འཕགས་པ་རྣམས་མངོན་དུ་བྱེད་དོ། །གཉིས་པ་ལ། ཞི་གནས་དང༌། ལྷག་མཐོང་སྒྲུབ་པའི་རིམ་པ་གཉིས་ལས། འདི་དག་ནི་ཕལ་ཆེར་གཞུང་འགྲེལ་ཇི་ལྟ་བ་བཞིན་ཏེ། མན་ངག་གིས་འཁྲིད་པ་གཙོ་ཆེ་བ་ཡིན་གྱི། དཀའ་གནས་ཀྱི་བཤད་པ་གཙོ་མི་ཆེའོ། །དེ་ལྟ་ན་ཡང་མི་སྡུག་པའི་ངོ་བོ་ནི་འདོད་ཆགས་མེད་པ་ཞེས་བྱ་བའི་མིང་ཅན་གྱི་སེམས་བྱུང་ཡིན་ལ། ས་ནི་བསམ་གཏན་གྱི་དངོས་གཞི་དང་ཉེར་བསྡོགས་བཞི་བཞི་སྟེ་བརྒྱད་དང༌། བསམ་གཏན་ཁྱད་པར་ཅན་དང་འདོད་པ་སྟེ་ས་བཅུ་ལ་བརྟེན། དམིགས་པ་ནི་འདོད་པའི་ཁ་དོག་དང་དབྱིབས་ལ་དམིགས། རྣམ་པ་ནི་མི་སྡུག་པའི་རྣམ་པ་དང༌། དུས་ནི་འདས་པའི་མི་སྡུག་པས་འདས་པ་ལ་དམིགས་པ་སོགས་དང༌། མི་སྐྱེ་བའི་ཆོས་ཅན་གྱིས་ནི་དུས་གསུམ་ཀ་ལ་དམིགས་སོ། །ངོ་བོ་ནི་ཟག་པ་དང་བཅས་པ་ཁོ་ན་སྟེ། མོས་པ་ཡིད་ལ་བྱེད་པའི་ཕྱིར། དེའི་གོ་བ་ཡང༌། ཀེང་རུས་མ་ཡིན་པ་ལ་དེར་མོས་པ་ལ་སོགས་པའོ། །འགྲེལ་པར། འདྲིས་པ་དང་མ་འདྲིས་པ་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོབ་པ་དང༌། སྦྱོར་བ་ལས་བྱུང་བ་ཡིན་ནོ། །ཞེས་པ་དེའི་དོན་ནི། ཚེ་རབས་གཞན་ལ་མི་སྡུག་པའི་སྒོམ་མངོན་དུ་བྱེད་མྱོང་ན། འདོད་པ་ལ་འདོད་ཆགས་དང་བྲལ་བ་ཙམ་གྱིས་དེ་དང་ལྡན་པར་འཇོག་ལ། མ་མྱོང་ན་དེ་ཙམ་གྱིས་མི་ཆོག་པར་བསམ་གཏན་གྱི་སེམས་མངོན་དུ་བྱས་ནས་སྦྱོར་བས་སྒྲུབ་དགོས་པའོ། །གཉིས་པ་དབུགས་འབྱུང་རྔུབ་དྲན་པའི་སྒོམ་ནི། ངོ་བོ་ཤེས་རབ་ཡིན་ཀྱང༌། དྲན་པ་ཞེས་སྨོས་པ་ནི། རྒྱུ་དྲན་པའི་མིང་གིས་བཏགས་པའོ། །ས་ནི་བསམ་གཏན་གྱི་ཉེར་བསྡོགས་དང་པོ་གསུམ་དང༌། བསམ་གཏན་ཁྱད་པར་ཅན་དང༌། འདོད་པའོ། །དངོས་གཞི་དང་པོ་གསུམ་ནི་ཡིད་བདེ་བ་དང་བ་ཤས་ཆེ་བས་རྣམ་རྟོག་གཡོ་བའི་ཕྱིར་དང༌། རྣམ་རྟོག་གཉེན་པོ་ནི་བདེ་སྡུག་དང་མཚུངས་པར་མི་ལྡན་པའི་ཕྱིར་དང༌། བཞི་པ་ཡན་ཆད་ན་རླུང་རྒྱུ་བ་དང་བྲལ་བའི་ཕྱིར་ས་ལྔར་ངེས་སོ། །འདི་ཡང་འདྲིས་པ་དང་མ་འདྲིས་པའི་བྱེ་བྲག་གི་འཐོབ་ཚུལ་སྔར་དང་འདྲ་ཞིང༌། འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པའི་ཕྱིར་ཟག་མེད་ཀྱང་སྲིད་དོ། །འགྲེལ་པར། གང་དག་བསམ་གཏན་གྱི་དངོས་གཞི་དག་ན་བཏང་སྙོམས་ཀྱི་དབང་པོ་ཡོད་པར་འདོད་པ་དེ་དག་གི་ལྟར་ན་ས་བརྒྱད་པ་ཡིན་ནོ། །ཞེས་བཤད་པ་དེ་ལྟར་ན། བསམ་གཏན་ཕྱི་མ་གསུམ་ལ་ཡང་དངོས་གཞི་ཙམ་ཁྱད་གཉིས་སུ་དབྱེ་བ་དང༌། ཕན་ཡོན་གྱི་ཡན་ལག་བཏང་སྙོམས་གཅིག་པུ་དང་ལྡན་པར་ཡང་ཁས་ལེན་དགོས་སོ། །ཡང་འདི་ཕྱི་རོལ་པའི་རྟེན་ཅན་མ་ཡིན་ཏེ། ལུང་མེད་པའི་ཕྱིར་དང་བདག་ཉིད་ཀྱི་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར། ཞེས་བཤད་པའི་དོན་ནི། ཕྱི་རོལ་པ་ལ་རླུང་སྒོམ་པའི་ལུང་མེད་པར་སྟོན་པ་མ་ཡིན་གྱི། དབུགས་འབྱུང་རྔུབ་དྲན་པའི་སྒོ་ནས་རྣམ་རྟོག་འགོག་པའི་དབང་དུ་བྱས་སོ། །ཡང༌། རྒྱུ་མཐུན་ལས་བྱུང༌། ཞེས་པའི་འགྲེལ་པར། ལུས་རྒྱས་པ་ན། འགྲིབ་པའི་ཕྱིར་དང༌། ཆད་ནས་ཡང་ཉིང་མཚམས་སྦྱོར་བའི་རྒྱས་པ་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ནི་མ་ཡིན་ནོ། །ཞེས་པ་འདི་ཡང༌། རྣམ་སྨིན་གཟུགས་ཅན་པ་ལ་བསམ་པ་ཡིན་གྱི། རྣམ་སྨིན་དུ་གྱུར་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ནི་མ་ཡིན་ཏེ། དེ་དག་ནི་ཆད་ཅིང་མཚམས་སྦྱོར་བའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར། རྣམ་པར་སྨིན་པའི་གཟུགས་ལ་ནི། དེ་ལྟ་བུ་མེད་དོ། །ཞེས་བཤད། སྐབས་འདིར། བགྲང་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་པ་དང་ནི་བསྒྱུར་བ་དང༌། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་འབྱུང་བ་དེ་ནི་འགྲེལ་པའི་ཚིག་ཡིན་ནོ། །ཞེས་བྱ་བ་འདི་བསྡུ་བའི་ཚིགས་སུ་བཅད་པའོ། །ཞེས་འབྱུང་བའི་ཕྱིར། འདིའི་སྐབས་ཀྱི་ཡོངས་དག་ཅེས་པ་དེ་སྒོམ་ལམ་དང་ཟད་ཤེས་པ་འཇོག་པའི་ལུགས་གཉིས་འགྲེལ་པར་བཤད་པས་འདིའི་ས་མཚམས་ཀྱང་དེ་བཞིན་ནོ། །ཡང་འོག་མ་ཡི། ཡིད་ཀྱི་དེ་གཉིས་མི་རྟོགས་སོ། །ཞེས་པ། རྟེན་ས་འོག་མ་ལ་ཡོད་པའི་ཡིད་ཀྱིས་དེ་མི་རྟོགས་པའི་དོན་ནི་མ་ཡིན་གྱི། ཅི་ཞེ་ན། བསམ་གཏན་བཞི་པ་མན་ཆད་དུ་གོང་མ་གོང་མའི་ལུས་ལ་འོག་མའི་སྤྱོད་ལམ་པ་དང་སྤྲུལ་སེམས་པ་གཉིས་མངོན་དུ་བྱེད་པར་བཤད་པ་དེ་ལས་བསམ་པ་ཡིན་ལ། དེའི་ཚེ་ན་སེམས་དེ་གཉིས་ཀས་དབུགས་མི་དམིགས་པའི་དོན་ནོ། །གཉིས་པ་ལྷག་མཐོང་སྒྲུབ་པའི་རིམ་པ་ལ། ཐོག་མར་དྲན་པ་ཉེ་བར་གཞག་སྒྲུབ་པ་དང༌། དེ་ལས་ལྷག་མཐོང་དངོས་གཞི་སྐྱེ་བའི་ཚུལ་ལོ། །དང་པོ་ནི། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་སྒོམ་པར་བྱ། །ཞེས་པ། ཤེས་རབ་མེད་ན་ཞི་གནས་རྐྱང་པས་མི་ནུས་པའི་ཕྱིར། ཞེས་པའི་དོན་ནོ། །གལ་ཏེ། ཞི་གནས་ཀྱི་ངོ་བོ་ནི་ཏིང་ངེ་འཛིན་ལ་འཆད་དགོས་ན། བཤད་མ་ཐག་པ་གཉིས་པོ་ནི་མ་ཆགས་པ་ཤེས་རབ་ཏུ་བཤད་པས་ཇི་ལྟར་ཞེ་ན། གཉིས་པོ་དེ་ཞི་གནས་འགྲུབ་བྱེད་ཀྱི་ཐབས་སུ་འཆད་ཀྱི། ཞི་གནས་དངོས་སུ་འཆད་པ་ནི་མ་ཡིན་ཏེ། འགྲེལ་པར། དེ་གཉིས་ཀྱི་ཏིང་ངེ་འཛིན་ཐོབ་ནས་ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར། ཞེས་བཤད་དོ། །ཉེ་བར་བཞག་དེ་ཉིད་ཀྱང་ཇི་ལྟར་སྒྲུབ་པའི་ཚུལ་ནི། ཐོག་མར་ཐོས་པའི་ཤེས་རབ་ཀྱི་གཏན་ལ་ཕབ། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡིད་ལ་བྱ། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་གོམས་པར་བྱས་པས་གྲུབ་པ་ཡིན་ལ། གྲུབ་པའི་ཚད་ཀྱང༌། ལུས་རྡུལ་ཕྲ་རབ་དང༌། སེམས་སྐད་ཅིག་མར་གཏན་ལ་ཕབ་ནས་མཐོང་པའི་ཤེས་རབ་སྐྱེས་པའོ། །ཞེས་འགྲེལ་པར་བཤད་ལ། དེས་ན་ཉེ་བར་བཞག་ལ་སྒོམ་གྱིས་མ་ཁྱབ་སྟེ། ཤེས་རབ་ཐོས་སོགས་ལས་བྱུང་བའོ། །ཞེས་སོ། །ངོ་བོ་ཤེས་རབ་ལ་འཆད་ན། དྲན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། འདིས་དྲན་པ་ཉེ་བར་འཇོག་པས་ན་ཉེ་བར་བཞག་སྟེ། དཔེར་ན་ཤིང་སྟེའུས་བཤགས་ནས་ཁྱེའུས་འཛིན་པར་བྱེད་པ་བཞིན་ནོ། །ཡང་རྒྱུ་དྲན་པའི་མིང་གིས་འབྲས་བུ་ཤེས་རབ་ལ་བཏགས་པ་ཡིན་ཞེས་ཀྱང་ཟེར་མོད། གང་ལྟར་ཡང་ངོ་བོ་ཤེས་རབ་ཉིད་ཡིན་ཏེ། མདོ་ལས། ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་བའི་ངོ་བོར་བཤད་པའི་ཕྱིར། ཡུལ་གང་ལ་ཇི་ལྟར་ལྟ་ཞེ་ན། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་གཉིས་ཡོངས་བཏགས་པས། །ཤེས་རབ། ཅེས་པ་ནི་རང་གཞན་དྲན་པ་ཉེ་བར་གཞག་གི་ངོས་འཛིན་དང་གཙོ་བོ་ཡིན་ལ། གཞན་ནི་འབྲེལ་དང་དམིགས་པ་ལས། །ཞེས་པ་ནི། ཞར་ལ་བྱུང་བ་སྟེ། གཉིས་པོ་འདི་ཉེ་བར་བཞག་མཚན་ཉིད་པ་མ་ཡིན་པའི་བཤད་པ་ནི་སུས་ཀྱང་མ་མཛད་ལ། གསུམ་པོའི་སྒྲ་བཤད་ན། འདིས་ཉེ་བར་བཞག་པ་དང༌། འདི་ཉེ་བར་བཞག་པ་དང༌། འདི་ལ་ཉེ་བར་བཞག་པའོ། །མཚན་ཉིད་གཉིས་ཞེས་པ་ནི། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དག་ཅེས་བྱ་ལ། དང་པོ་ནི། ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་དང༌། སྤྱིའི་མཚན་ཉིད་ནི་གཅིག་ཀ་ལ་ཁྱབ་བྱེད་དུ་འཇུག་པའོ། །དེ་ཡང་ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེའི་རང་གི་མཚན་ཉིད་ནི་གཟུགས་སུ་རུང་བ་དང༌། ཚོར་བ་ནི་དེའི་ཕུང་པོ་སྟེ། དེའི་རང་གི་མཚན་ཉིད་ནི་མྱོང་བའི་ངོ་བོ་དང༌། སེམས་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ཡུལ་གྱི་ངོ་བོ་ཙམ་རིག་པ་དང༌། ཆོས་ནི་ཚོར་བ་མ་གཏོགས་པའི་སེམས་བྱུང་རྣམས་དང༌། ལྡན་པ་མ་ཡིན་པའི་འདུ་བྱེད་སོགས་འདུས་མ་བྱས་རྣམས་དང་བཅས་པ་སྟེ། དེ་དག་གི་རང་གི་མཚན་ཉིད་ལུང་ལས་བཤད་པ་རྣམས་སོ། །མཚན་གཞི་ནི་དངོས་པོའི་སྟེང་དུ་དེ་དག་རེ་རེ་ནས་ཡིད་ལ་བྱེད་པ་ནི་རང་གི་མཚན་ཉིད་དུ་ལྟ་བ་ཡིན་ལ། སྤྱིའི་མཚན་ཉིད་ནི། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་རྣམས་ཏེ། དེ་དག་ཆོས་ཅན་རེ་རེའི་སྟེང་དུ་ཡིད་ལ་བྱས་པ་ན། མཚན་གཞི་གཞན་རྣམས་དང་ཐུན་མོང་གིས་ཆོས་ལ་ལྟ་བའི་ཕྱིར། སྤྱིའི་མཚན་ཉིད་ཀྱིས་བརྟགས་ནས་ཡིད་ལ་བྱེད་པ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་དང་པོར་ཡིད་ལ་བྱེད་པའི་ཚེ། དོན་སྡུག་བདེན་ལ་དམིགས་པ་ཡིན་ཀྱང༌། བདེན་བཞི་སོ་སོར་ཕྱེ་བའི་ཐ་སྙད་ནི་མ་བཏགས་ཏེ། བདེན་པ་བཞི་ལས་འཇུག་པའི་སྒོམ་པ་ཅན་ཡིན་པའི་ཕྱིར་དང༌། དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །ཞེས་དྲོད་ནས་དང་པོར་བཟུང་བའི་ཕྱིར། དྲན་པ་ཉེ་བར་བཞག་ལ་བདེན་གཞི་སོ་སོར་ཕྱེ་བའི་དམིགས་རྣམ་ཅན་མ་ཡིན་པར་ངེས་པ་ཉིད་དུ་ཡང་མི་འཆད་དེ། སྦྱོར་མཐོང་སྒོམ་པ་གསུམ་ཀ་དྲན་པ་ཉེ་བར་གཞག་གི་ངོ་བོ་ཅན་དུ་བཤད་པའི་ཕྱིར། དེ་ལྟར་འཆད་པ་དེའི་ཚེ། དམིགས་པ་བདེན་པ་བཞི་ཆར་ལ། རྣམ་པ་མི་རྟག་སོགས་སྤྱིའི་མཚན་ཉིད་བཞི་པོའི་སྒོ་ནས་ལྟ་བའི་ཤེས་རབ་གང་ཡིན་ཐམས་ཅད་དྲན་པ་ཉེ་བར་བཞག་ཏུ་འཆད་དགོས་སོ། །དེ་དག་ལས་དང་པོ་གསུམ་ནི་མ་འདྲེས་པའི་དམིགས་པ་ཁོ་ནར་བཞག་སྟེ། རང་རང་གི་ཐུན་མོང་མ་ཡིན་པའི་དམིགས་པ་ལ་རང་དང་སྤྱིའི་མཚན་ཉིད་གང་རུང་གི་སྒོ་ནས་ཡིད་ལ་བྱེད་པའི་ཕྱིར། བཞི་པ་ལ་ནི། མ་འདྲེས་པ་དང༌། འདྲེས་པ་ལ་དམིགས་པ་གཉིས་ཀ་ཡོད་དེ། རང་ཐུན་མོང་མ་ཡིན་པའི་དམིགས་པར་གྱུར་པའི་ཆོས་ལ་དམིགས་པ་དང༌། ལུས་སོགས་སྤྱི་ལ་དམིགས་ནས་སྤྱིའི་མཚན་ཉིད་ཀྱི་རྣམ་པས་ལྟ་བ་དག་ཡོད་པའི་ཕྱིར། ཚོགས་ལམ་ཆེན་པོའི་ཐ་མར་ནི་འདི་ཉིད་ངེས་པར་དགོས་ཏེ། ངེས་འབྱེད་ཆ་མཐུན་གྱི་དམིགས་རྣམས་དངོས་སུ་འདྲེན་པའི་ཕྱིར། གཉིས་ངེས་འབྱེད་ཆ་མཐུན་གྱི་ངོ་བོ་ནི། དམིགས་པ་བདེན་པ་བཞི་ལ་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ཤེས་རབ་བོ། །འཁོར་བ་དང་བཅས་ན། ཕུང་པོ་ལྔ་པ་ཡིན་མོད། མཐོང་སྒོམ་དང་འདྲ་བར་དེའི་ཐོབ་པ་ནི་དེར་མི་འཆད་དོ། །བཤད་ན་འཕགས་པ་ལ་ངེས་འབྱེད་མངོན་དུ་འགྱུར་བར་ཐལ་བས་སོ། །སྐབས་འདིར་ངེས་འབྱེད་ཆ་བཞི་ལ་དྲན་པ་ཉེ་བར་བཞག་པ་བཞིས་རྣམ་པ་གཏོད་པ་དང་འཕེལ་བ་ཞེས་གསུངས་པའི་གོ་བ་ནི། དང་པོར་བདེན་པ་དམིགས་པའི་རྣམ་པ་ཐོག་མར་སྒོམ་པ་དང༌། གོམས་ནས་བྱང་བར་བྱེད་པའི་དོན་ཡིན་ལ། གཏོད་བྱེད་ཀྱང་ངེས་འབྱེད་ཆ་མཐུན་གྱི་ངོ་བོར་ཡོད་པ་ཡིན་གྱི། གཞན་ནས་ཚོལ་བ་དགོས་པ་ནི་མ་ཡིན་ནོ། །དྲོད་རྩེ་གཉིས་དང་བཟོད་མཆོག་གཉིས་རྣམ་པ་གཏོད་བྱེད་འདྲ་བ་འཕེལ་བྱེད་མི་འདྲ་བར་བཤད་པའི་གོ་བ་ནི། བཟོད་མཆོག་གཉིས་མཐོང་ལམ་དང་ཉེ་བས་དམིགས་རྣམ་འདྲ་བ་ཡིན་ལ། མཐོང་ལམ་ནི་ཆོས་དྲན་པ་ཉེ་བར་བཞག་ཁོ་ནའི་ངོ་བོར་སྐྱེ་བའི་ཕྱིར། དེ་ལྟར་བཤད་པ་ན། དྲོད་རྩེའི་རྣམ་གཞག་གི་ཚེ་དམིགས་པ་བདེན་པ་ལ། དམིགས་བྱེད་དྲན་པ་ཉེ་བར་བཞག་པ་གསུམ་གྱི་རྣམ་པ་ཅན་ཞིག་ཡོད་པར་འཆད་དགོས་པས། དྲི་མེད་བཅུ་དྲུག་གཞན་རྣམས་མེད། །ཅེས་བཤད་པ་དང་མི་འགལ་བའི་ཚུལ་རྣམ་པར་བརྟག་དགོས་སོ། །གལ་ཏེ་འོ་ན། མཐོང་ལམ་ཆོས་བཟོད་དང་པོའི་ཚེ། འདོད་པའི་སྡུག་བསྔལ་ཁོ་ན་དང༌། བཟོད་ཆེན་དང་ཆོས་མཆོག་གི་ཚེ་ཡང་དེ་ལྟར་དམིགས་པ་ཉིད་དུ་བཤད་ན། དྲོད་རྩེ་གསུམ་དང༌། བཟོད་པ་ཆུང་འབྲིང་གི་ཚེ། བདེན་པ་བཞི་ཆར་ལ་དམིགས་པ་ནི་དངོས་སུ་བཤད་ལ། བཤད་པ་དེ་ཡང་འདོད་པ་ཁོ་ནའི་དབང་དུ་བྱེད་དམ། ཁམས་གོང་མའི་དབང་དུ་ཡང་བྱེད། དང་པོ་ལྟར་ན། དེ་ལྟར་མ་བཤད་པས་ལུང་དང་མ་མཐུན་པ་དང༌། ཁམས་གོང་གི་བདེན་པ་རྣམས་ལ་དམིགས་པའི་ངེས་འབྱེད་ཆ་མཐུན་མེད་པར་འགྱུར་རོ། །གཉིས་པ་ལྟར་ན། བཟོད་པ་འབྲིང༌། ཁམས་གོང་གི་བདེན་བཞི་ལ་དམིགས་ནས་བཅུ་དྲུག་གི་རྣམ་པ་ཅན་ཡིན་པ་དེ་བཟོད་ཆེན་དུ་འཕོ་བའི་ཚེ། འདོད་པའི་སྡུག་བསྔལ་ཁོ་ན་ལ་དམིགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། འགྲེལ་པ་ལས། ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། བཟོད་པ་ཞེས་བྱ་བར་སྦྱར་ཏེ། དེ་ནི་ཆོས་མཆོག་དང་ཉེ་བའི་ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ངེས་པ་མ་སྨོས་པས་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ཉིད་དུ་གྲུབ་བོ། །གང་གི་ཚེ་གཟུགས་མེད་པའི་གཉེན་པོ་ལ་སོགས་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས། འདོད་པ་མ་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ལ། གང་གི་ཚེ་སྐད་ཅིག་མ་གཅིག་ཁོ་ན་གང་ཡིན་པ་དེའི་ཚེ་ནི་ཆེན་པོ་ཡིན་ནོ། །ཞེས་གྲགས་གོ །དེ་ནི་སྐད་ཅིག་གཅིག་ཡིན་གྱི། །རྒྱུན་ཆགས་པ་ནི་མ་ཡིན་ནོ། །ཞེས་བཤད། འདིའི་དོན་ལ་མདོ་རྒྱས་གཉིས་ལས། དང་པོ་ནི། བཟོད་པ་ཆུང་ངུའི་ཚེ། འདོད་པའི་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་དང༌། གོང་པ་གཉིས་གཅིག་ཏུ་སྡུག་བསྔལ་བའི་བདེན་པ་གཞིའི་རྣམ་པ་བཅུ་དྲུག་སྟེ། སྐད་ཅིག་མ་སུམ་ཅུ་རྩ་གཉིས་ཚང་བ་གནས་པ་ལས། བཟོད་པ་འབྲིང་དུ་གནས་པའི་ཚེ་རྣམ་པ་རེ་རེ་ནས་ཕྲི་སྟེ། མཐར་སྡུག་བདེན་གྱི་རྣམ་པ་བཞི་ལས་གང་དུ་རུང་བ་གཅིག་ཏུ་སྒོམ་པའི་སྐད་ཅིག་མ་གཉིས་ཁོ་ན་ཚང་བ་དེ་ནི་བཟོད་པ་འབྲིང་གི་སྐད་ཅིག་ཐ་མ་ཡིན་ལ། དེ་འདྲ་དེ་དང༌། བཟོད་ཆེན་དང༌། ཆོས་མཆོག་དང༌། སྡུག་བསྔལ་ཆོས་བཟོད་གསུམ་ནི་དམིགས་རྣམ་མཚུངས་པ་ཁོ་ན་དང༌། ཆོས་དྲན་པ་ཉེ་བར་བཞག་ངོ་བོ་ཅན་དང༌། སྐད་ཅིག་མ་རེ་རེ་ཁོ་ནའོ། །གཉིས་པ་ལ། འགྲེལ་བཤད་བྱེད་པ་དག་གི་འདོད་པ་མི་མཐུན་པ་གཉིས་ལས། དང་པོ་ནི། ཐོག་མར་རྣམ་པ་ཕྲི་ནས། རྗེས་སུ་དམིགས་པའང་དེ་ནས་སྒོམ་པ་ཡིན་ལ། ལུགས་གཉིས་པ་ནི། དམིགས་པ་མདོར་བཞིན་དུ་རྣམ་པ་རེ་རེ་ནས་དབྲི་མི་ནུས་པས་དམིགས་རྣམ་གཉིས་ཀ་ལྷན་ཅིག་ཏུ་ཕྲི་ནས་ལྷག་མ་གང་ལུས་སྒོམ་པའོ། །དང་པོ་ནི། དྲངས་མ་ཐག་པའི་འགྲེལ་པ་དེའི་དགོས་པ་ལ། རྣམ་པ་རེ་རེ་ནས་ཕྲི་བ་དང༌། དམིགས་པ་རེ་རེ་ནས་ཕྲི། སྒོམ་པ་ཞེས་བྱ་བ་ཡིན་པས། ཐོག་མར་ཁམས་གོང་མ་གཉིས་ཀྱི་གཉེན་པོ་ལམ་བདེན་གྱི་རྣམ་པ་གཅིག་ཕྲི་ནས། རྣམ་པ་སུམ་ཅུ་རྩ་གཅིག་སྒོམ་པ་དང༌། དེ་ནས་གཉིས་ཕྲི་ནས་དང༌། གསུམ་དང་བཞི་ཕྲི་ནས་དང༌། དེ་ནས་ལམ་བདེན་ལ་དམིགས་པ་དོར་ནས། གོང་མའི་འགོག་པ་དང༌། ཀུན་འབྱུང་དང༌། སྡུག་བསྔལ་གསུམ་པོའི་ཡང་རྣམ་པ་རེ་རེ་ཕྲི་སྟེ་ལྷག་མ་རྣམས་བསྒོམ་པ་དང༌། དེ་ནས་ཁམས་གོང་མ་ལ་དམིགས་པ་བོར་ཏེ། འདོད་པའི་ལམ་བདེན་ནས་སྡུག་བསྔལ་གྱི་བར་རྣམ་ཡ་རེ་རེ་ནས་དེར་ཏེ། མཐར་སྡུག་བདེན་གྱི་རྣམ་པ་གང་རུང་གཅིག་ལན་གཅིག་ཏུ་བཟླས་ཏེ་བསྒོམ་པ་རྣམས་ཏེ། མདོར་ན་བཟོད་འབྲིང་དེ་ནི་སྐད་ཅིག་མ་བཞི་བརྒྱ་དང་དགུ་བཅུ་རྩ་བདུན་ཡིན་ནོ། །འདི་དག་སློབ་དཔོན་སྔ་མས་བསྡོམ་དུ་བསྡུས་པ་ནི། དང་པོ་གསུམ་ལ་དགུ་བཅུ་སྟེ། །དེ་ནས་དགུ་ཉིད་ཕྲི་བ་དགུ། །ཐ་མའི་རྣམ་པ་གཉིས་བསྣན་པ། །འདི་ལ་གྲངས་སུ་ངེས་པར་བཟུང༌། །ཞེས་འཆད་དོ། །ལུགས་གཉིས་པ་ནི། ཐོག་མར་དམིགས་པ་མ་དོར་བར་རྣམ་པ་འདོར་མི་ནུས་པས་ནས་འགྲེལ་པའི་དགོས་པ་ནི། རྣམ་པ་རེ་རེ་ནས་དང༌། དམིགས་པ་རེ་རེ་ནས་ཕྲི་བ་ཞེས་བྱ་བ་འདི་མ་ཡིན་གྱི་འདི་ལྟར། བདེན་པ་རེ་རེའི་རྣམ་པ་གང་ཡིན་པ་དེ་དག་གི་དམིགས་པ་ཕྲི་ནས་ཞེས་བྱ་བ་ཡིན་ལ། དེའི་ཚེ་བཟོད་འབྲིང་གི་ཐོག་མར་ཁམས་གོང་གི་གཉེན་པོ་ལམ་བདེན་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་ཉི་ཤུ་རྩ་བརྒྱད་སྒོམ་པ་དང༌། དེ་ནས་འདོད་པའི་གཉེན་པོ་ལམ་བདེན་གྱི་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་ཉི་ཤུ་རྩ་བཞི་སྒོམ་པ་དང༌། དེ་ནས་ཁམས་གོང་གི་འགོག་བདེན་རྣམ་པ་བཞི་དང་བཅས་པ་བོར་ཏེ་ལྷག་མ་ཉི་ཤུ་སྒོམ་པ་དང༌། དེ་ནས་འདོད་པའི་འགོག་བདེན་རྣམ་པ་བཞི་དང་བཅས་པ་བོར་ནས་ལྷག་མ་བཅུ་དྲུག་སྒོམ་པ་དང༌། དེ་ནས་གོང་མའི་ཀུན་འབྱུང་གི་རྣམ་པ་བཞི་བོར། དེ་ནས་འདོད་པའི་ཀུན་འབྱུང་གི་རྣམ་པ་བཞི་བོར། དེ་ནས་ཁམས་གོང་མའི་སྡུག་བསྔལ་གྱི་རྣམ་པ་བཞི་བོར་ནས་ལྷག་མ་འདོད་པའི་སྡུག་བསྔལ་གྱི་རྣམ་པ་བཞི་སྒོམ། དེ་ནས་སྒོམ་པ་པོ་དེ་དབང་པོ་རྣོན་པོ་ལྟ་བ་སྤྱད་པ་དང༌། རྟུལ་པོ་དེ་སྲེད་པ་གཉིས་ལས། དང་པོ་ཡིན་ན་འདོད་པའི་སྡུག་བདེན་རྣམས་ཀྱི་རྣམ་པ་དང་པོ་དོར་ནས་ལྷག་མ་གསུམ། དེ་ནས་ལྷག་མ་གཉིས་སྒོམ། དེ་ནས་གང་ཟག་དེ་བདག་ཏུ་ལྟ་བ་སྤྱད་པ་ཡིན་ན་དེའི་གཉེན་པོར་བདག་མེད་པའི་རྣམ་པ་ལན་གཉིས་སྒོམ། གང་ཟག་དེ་བདག་གི་རང་ལྟ་བ་སྤྱད་པ་ཡིན་ན། དེའི་གཉེན་པོར་སྟོང་པའི་རྣམ་པ་ལན་གཉིས་སུ་སྒོམ་མོ། །ཡང་གང་ཟག་དེས་སྲིད་པ་སྤྱད་པ་ཡིན་ན། སྡུག་བདེན་གྱི་རྣམ་པ་ཕྱི་མ་གཉིས་རེ་རེ་ནས་དོར་ཏེ་དང་པོ་གཉིས་སུ་སྒོམ། སྲེད་པ་སྤྱད་པ་ལའང༌། ང་རྒྱལ་ཤས་ཆེ་བ་དང༌། ལེ་ལོ་ཆེ་བ་གཉིས་ལས། དང་པོ་ལྟར་ན། མི་རྟག་པའི་རྣམ་པ་ལན་གཉིས་དང༌། གཉིས་པ་ལྟར་ན་སྡུག་བསྔལ་གྱི་རྣམ་པ་ལན་གཉིས་ཏེ། དེ་ལྟར་ན་བཟོད་འབྲིང་ལ་སྐད་ཅིག་མ་བརྒྱ་དང་བཅུ་དགུར་འགྱུར་རོ། །དེ་ལ་འདི་སྐད་ཅེས། ཉེར་བརྒྱད་ཉེར་བཞི་ཉི་ཤུ་དང༌། །བཅུ་དྲུག་བཅུ་གཉིས་བརྒྱད་དང་བཞི། །གསུམ་གཉིས་རྣམ་པ་ཐ་མ་གཅིག །ལན་གཉིས་བཟླས་པ་འདི་ཡི་གྲངས། །ཞེས་པའོ། །དེ་ལྟར་དྲོད་ནས་བཟོད་འབྲིང་ཕལ་ཆེ་བའི་བར་དུ་ཁམས་གོང་འོག་གི་བདེན་པ་མཐའ་དག་ལ་དམིགས་ནས། བཟོད་འབྲིང་གི་མཐར་འདོད་པའི་སྡུག་བདེན་ཁོ་ན་དང༌། དེའི་ཡང་མཐར་རྣམ་པ་གཅིག་ཉིད་ལ་དམིགས་ཤིང༌། བཟོད་ཆེན་ཆོས་མཆོག་ཆོས་བཟོད་གསུམ་གྱིས་ཀྱང་དེ་ཁོ་ན་ལྟར་དམིགས་པར་བཤད་པའི་དགོངས་པ་འདི་ནི། ངེས་འབྱེད་ཆ་མཐུན་གྱི་ཐོག་མར་བྱུང་བ་རྣམས་ཁམས་གསུམ་ཀའི་མཐོང་སྤང་རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། ཐ་མར་བྱུང་བ་རྣམས་འདོད་པའི་སྡུག་བསྔལ་མཐོང་སྤང་གི་གཉེན་པོ་སྦྱོར་བའི་ལམ་མོ། །ཞེས་བྱ་བར་ཡང་བརྟག་ནུས་སོ། །གཞན་ཡང་འདིར་བཅད་པའི་དོགས་པ་ནི། སྡུག་བསྔལ་ལ་ཆོས་བཟོད་འདོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་གཅིག་ཁོ་ན་ཅན་དང༌། དེས་འདོད་པའི་སྡུག་བསྔལ་མཐོང་སྤང་སྤོང་བྱེད་དང༌། ཆོས་ཤེས་ཀྱང་དམིགས་རྣམ་དེ་དང་འདྲ་བ་ལ་རྣམ་པར་གྲོལ་བའི་ལམ་དུ་བཞག་པ་དེའི་ཚེ། ལྷག་མ་རྣམས་ལ་ཡང་མཚུངས་པར་འགྱུར་ལ། དེ་ལྟར་ན་ཀུན་འབྱུང་ལ་ཆོས་བཟོད་དང་རྗེས་བཟོད་ཀྱི་ཚེ། རྣམ་པ་བཞི་ཀའམ། གང་རུང་གཅིག་ཁོ་ན་ཡིན། དེ་བཞིན་དུ་འགོག་ལམ་ལ་ཡང་བརྟག་པར་བྱ་ཞིང༌། དང་པོ་ལྟར་ན་ནི་སྡུག་བསྔལ་ལ་བཟོད་ཤེས་སྐད་ཅིག་མ་རེ་རེ་ཁོ་ན་ཡིན་ལ། ཀུན་འབྱུང་ལ་བཟོད་ཤེས་སྐད་ཅིག་མ་བཞི་བཞི་ཡིན་པས་ཁྱད་པར་འདི་གང་ལས་རྟོགས། གཉིས་པ་ལྟར་ན་ནི། རྣམ་པ་རེ་རེ་བ་དེ་དག་གང་དང་གང་ཡིན། ཞེས་རྣམ་པར་བརྟགས་པ་ན་ལན་གདབ་པར་དཀའ་བ་ཡིན་ཏེ། ཇི་སྐད་དུ། དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། རྣམ་པ་བཅུ་དྲུག ཅེས་དྲོད་རྩེ་གཉིས་ལ་རྣམ་པ་དེ་ལྟར་བཤད་ཀྱང༌། བཟོད་འབྲིང་ནས་དེ་ལྟར་མ་བཤད་པའི་ཕྱིར་དང༌། ངེས་འབྱེད་ཆ་བཞི་ཀ་ལ་ཆོས་དྲན་པ་ཉེ་བར་བཞག་གིས་རྣམ་པ་གཏོད་པ་དང༌། བཟོད་མཆོག་ནས་ཆོས་དྲན་ཁོ་ནས་རྣམ་པ་འཕེལ་བར་བཤད་ལ། དེ་ལས་ལོགས་སུ་མཐོང་ལམ་ལ་རྣམ་པ་གཏོད་འཕེལ་གང་གིས་བྱེད་གསལ་ཁ་མ་བཤད་པའི་ཕྱིར་དང༌། སྡུག་བསྔལ་ལ་ཆོས་བཟོད་རྣམ་པ་བཞི་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་ཆོས་མཆོག་ཀྱང་དེ་དང་འདྲ་བར་འཆད་དགོས་ན། སྡུག་བསྔལ་ལ་རྗེས་བཟོད་རྣམ་པ་གཅིག་གམ་བཞི་ཡིན་པ་དེ་ལྟར་སྡུག་བསྔལ་ལ་ཆོས་ཤེས་ཀྱང་དེ་དང་འདྲ་བར་ཐལ་བ་དང༌། ཀུན་འབྱུང་ལ་ཆོས་བཟོད་རྣམ་པ་དུ་ཞིག་ཡིན་པ་དེ་ཉིད་དེའི་ཉེ་བར་རྒྱུ་ལ་ཡང་དེར་ཐལ་བ་སོགས་འཇུག་པའི་ཕྱིར་རོ། །དེས་ན་འདི་ལྟར་བརྟག་ནུས་ཏེ། ཆོས་བཟོད་རྣམས་ཀྱིས་འདོད་པའི་བདེན་པ་གང་རུང་གཅིག་གི་རྣམ་པ་གང་རུང་གཅིག་མངོན་སུམ་དུ་རྟོགས་པ་ན་བཞི་ཀ་དུས་གཅིག་ཏུ་རྟོགས་པ་དང༌། རྗེས་བཟོད་རྣམས་ཀྱིས་གོང་མའི་བདེན་པ་གང་རུང་གཅིག་གི་རྣམ་པ་བཞི་ལས། གཅིག་རྟོགས་པ་ན་བཞི་ཆར་མངོན་སུམ་དུ་རྟོགས་པའི་ཕྱིར་སྐད་ཅིག་གི་གྲངས་ཉམས་པར་མི་འགྱུར་རོ། །སྦྱོར་ལམ་དང་མི་མཚུངས་པ་ནི་མངོན་སུམ་ཡིན་མིན་གྱི་ཁྱད་པར་ལས་སོ། །དངོས་འབྲས་ཀྱི་རྣམ་པ་གང་ཡིན་དངོས་རྒྱུ་ལ་ཡོད་དགོས་པ་མ་ཡིན་ཏེ། དམིགས་པ་འཕོས་པའི་ཚེ་དེར་མ་ངེས་པའི་ཕྱིར་དང༌། ཆོས་མཆོག་དང་ཆོས་བཟོད་ནི་དམིགས་རྣམ་གཉིས་ཀ་མི་འཕོ་བའི་ཕྱིར། འོ་ན་སྡུག་བསྔལ་ལ་རྗེས་བཟོད་དང་རྗེས་ཤེས་ཁམས་གོང་མའི་སྡུག་བདེན་གྱི་རྣམ་པ་ཅན་དུ་འདྲེན་བྱེད་དང༌། ཀུན་འབྱུང་ལ་ཆོས་བཟོད་དང་ཆོས་ཤེས་སོགས་ཁམས་གོང་འོག་གི་བདེན་པ་དེ་དང་དེའི་རྣམ་པ་ཅན་དུ་འདྲེན་བྱེད་ཀྱི་ངེས་འབྱེད་ཆ་མཐུན་དགོས་སམ་མི་དགོས། དགོས་ན་གང་དང་གང་ཡིན། མི་དགོས་ན་སྡུག་བསྔལ་ལ་ཆོས་བཟོད་སྡུག་བདེན་ཁོ་ན་རྣམ་པ་ཅན་དུ་འདྲེན་བྱེད་ཀྱི་ཆོས་མཆོག་དགོས་པ་དང༌། ཆོས་མཆོག་དེ་འདྲེན་བྱེད་ཀྱི་བཟོད་ཆེན་དགོས་པར་འཆད་པ་དང་འགལ་ལོ་ཞེ་ན། ཕྱི་མ་ལྟར་ཁས་མི་ལེན་ལ། དྲོད་ནས་བཟོད་འབྲིང་ཕན་ཆད་དུ་ཁམས་གོང་འོག་གི་བདེན་པ་ལ་རྣམ་པ་བཅུ་དྲུག་ཏུ་ཡིད་ལ་བྱས་པ་དེ་ཉིད་དོ། །ཞེས་བྱ་སྟེ། དེ་དག་གི་རིགས་འདྲའི་འབྲས་བུ་འཛིན་པའི་བྱ་བ་ནི་རང་དུས་སུ་བྱས་ལ། འབྱིན་པ་ནི་འདས་ཀྱང་བྱེད་པའི་ཕྱིར། དེས་ན། འགྲེལ་པར་ཉེ་བའི་ཕྱིར་ཞེས་རྟགས་སུ་བཀོད་པ་ནི། དེ་མ་ཐག་རྐྱེན་ལ་དངོས་འབྲས་དང་དམིགས་རྣམ་མཚུངས་པ་དགོས་པའི་ཤེས་བྱེད་མ་ཡིན་གྱི། དངོས་འབྲས་ཀྱི་དུས་སུ་བདེན་པའི་རྣམ་པ་གཅིག་མངོན་དུ་བྱས་པ་ན་གཞན་ཐམས་ཅད་མངོན་དུ་བྱེད་ནུས་པ་ཞིག་ཡོད་ན། དངོས་རྒྱུའི་དུས་སུའང་དེ་དང་ཆ་མཐུན་པ་ཞིག་ཡོད་པར་སྟོན་པའོ། །འོ་ན་ཆོས་ཤེས་དང་བཟོད་ཤེས་ལ་དེར་ཐལ་ལོ་ཞེ་ན། འདོད་པ་ཉིད་དེ་དང་དམིགས་པ་ཐ་དད་ཀྱང་རྣམ་པ་མཚུངས་པའི་ཕྱིར། འོ་ན་ཐེག་པ་ཆེན་པོ་པ་དག་གི་འདོད་པ་ལྟར། ཆོས་མཆོག་བདེན་པ་བཞི་ཀའི་རྣམ་པ་ཅན་དུ་ཁས་བླངས་པ་ལ་ཉེས་པ་ཅི་ཡོད་དེ། ཆོས་བཟོད་ཀྱི་དེ་མ་ཐག་རྐྱེན་ལ་ནི་དེ་དང་དམིགས་རྣམ་འདྲ་བར་མ་ངེས་པའི་ཕྱིར། དེས་ན་རྗེས་བཟོད་ལའང་ཅིའི་ཕྱིར་མི་མཚུངས། སྙམ་ན། ཆོས་མཆོག་དང་ཆོས་བཟོད་འདོད་པའི་གཉེན་པོ་ཉིད་དུ་མཚུངས་པས་དེ་ལྟར་བཤད་པའོ། །ཆོས་མཆོག་འདོད་པ་ཁོ་ནའི་གཉེན་པོར་བསྒྲུབ་བྱའོ། །ཞེ་ན། ཆོས་བཟོད་ལའང་མཚུངས་པ་ཉིད་དོ། །དེ་དེར་དམན་པའི་མདོ་སྡེ་དེ་ལས་བཤད་དོ། །ཞེས་ན། འདོད་པ་གྲུབ་པ་ཉིད་དོ། །དེ་ནས་སྐབས་འདིར་སྦྱོར་ལམ་སྒོམ་བྱུང་ཁོ་ན་དང༌། ཐར་པ་ཆ་མཐུན་ཐོས་བསམ་ཁོ་ན་དང༌། དྲན་པ་ཉེ་བར་བཞག་ལ་ཤེས་རབ་གསུམ་ཀ་ཡོད་པར་བཤད་དོ། །དེའི་ཚེ་ཚོགས་ལམ་ནི་ཐར་པ་ཆ་མཐུན་གྱིས་ཁྱབ་ལ། ཅིག་ཤོས་ལ་ནི་དེས་མ་ཁྱབ་སྟེ། འཕགས་པའི་རིགས་ལ་གནས་པ་པ་ནས་ཐར་པ་ཆ་མཐུན་དུ་འཇོག་པའི་ཕྱིར་དང༌། ཚོགས་ཀྱི་ལམ་ནི་ལམ་དུ་ཞུགས་པའི་ཐོག་མ་ཡིན་པའི་ཕྱིར། མངོན་པ་གོང་མར་ཚོགས་ལམ་ལ་སྒོམ་བྱུང་བཤད་ཀྱང༌། འདིར་མི་འཆད་དེ། ཐོས་བསམ་ལས་བྱུང༌། ཞེས་པའི་འགྲེལ་པར། བསྒོམ་པ་ལས་བྱུང་བ་ནི་མ་ཡིན་ནོ། །ཞེས་བཤད་པའི་ཕྱིར། དྲན་པ་ཉེ་བར་བཞག་ལ་བསྒོམ་བྱུང་བཤད་པ་ནི་སྦྱོར་མཐོང་གི་དབང་དུ་བྱས་པར་གསལ་ལོ། །འོ་ན་ཚོགས་ལམ་དུ་ཞི་གནས་དང་ལྷག་མཐོང་བཤད་པ་མ་ཡིན་ནམ། ཞི་ལྷག་མཚན་ཉིད་པ་སྒོམ་བྱུང་དུ་ཇི་ལྟར་རུང་སྙམ་ན། ཞི་གནས་ཀྱི་བཤད་ཚུལ་གཉིས་པོ་ནི། ཚོགས་ལམ་ནས་ཐོག་མའི་ས་མཚམས་འཛིན་པ་ཡིན་ལ། གཉིས་པོའི་རྟེན་ལམ་ལྔ་དང་ས་བཅུ་ཞེས་པར་འདོད་པའི་ས་བཤད་ལ། རྟེན་དེ་ལ་གནས་པའི་ཞི་གནས་ནི་འདོད་སེམས་ཡིན་པས་སྒོམ་བྱུང་མི་རུང་བའི་ཕྱིར། དྲན་པ་ཉེ་བར་བཞག་པའི་སེམས་རྟེན་ཀྱང་མཉམ་བཞག་པའི་ས་པ་ཉིད་དུ་བཤད་པའི་ཕྱིར། དེ་བཞིན་དུ་མངོན་པ་གོང་མར་ནི། སྦྱོར་ལམ་ཡང་ཐོས་བསམ་གྱིས་བསྡུས་པར་བཤད་མོད། འདིར་མི་འཆད་དེ། བསྒོམ་བྱུང༌། ཞེས་པའི་འགྲེལ་པར་ཐོས་པ་དང་བསམ་པ་ལས་བྱུང་བ་ནི་མ་ཡིན་ནོ། །ཞེས་འབྱུང་བས་སོ། །དེ་ནས་ཇི་སྐད་དུ། མི་ལྕོགས་མེད་པ་དང༌། ཁྱད་པར་བསམ་གཏན་ས་པའོ། །ཞེས་པར། ངེས་འབྱེད་ཆ་མཐུན་ནི་མཐའ་གཅིག་ཏུ་བདེན་པའི་རྣམ་པ་ཅན་ཁོ་ནར་ངེས་ཀྱང༌། བསམ་གཏན་གྱི་སས་བསྡུས་པའི་དགེ་བ་དག་པ་བ་ཁོ་ནར་ངེས་པས་དེའི་རྣམ་པར་སྨིན་པ་ནི་གཟུགས་ཁམས་ཀྱི་ཕུང་ལྔ་པོ་ཅན་ནོ། །དེ་ཡང་དེའི་རྫོགས་བྱེད་ཡིན་གྱི། འཕེན་བྱེད་དུ་ནི་རུང་བ་མ་ཡིན་ཏེ། གཏན་ཚིགས་སོགས་ཀྱི་རྣམ་པས་སྲིད་པ་སུན་འབྱིན་པའི་ཕྱིར། འདི་ལ་ཞི་རགས་ཀྱི་རྣམ་པ་ཅན་མི་སྲིད་པ་ནི། ཉེར་བསྡོགས་ཕྱི་མ་གསུམ་ལ་མི་བརྟེན་པར་བཤད་པ་ཉིད་ཀྱིས་རྟོགས་ལ། འདིའི་རྣམ་སྨིན་གཟུགས་ཀྱི་ཕུང་པོ་མི་སྲིད་པ་ཡང༌། གཟུགས་མེད་དངོས་གཞིའི་སེམས་ལ་བརྟེན་པར་བཤད་པ་ཉིད་ཀྱིས་གྲུབ་ལ། དེའི་ཤེས་བྱེད་ཀྱང༌། དེས་ཆ་ནི་ངེས་པར་འདོད་པ་ལ་དམིགས་པའི་ཕྱིར་ཞེས་པ་ཡིན་ལ། དེའི་ཤེས་བྱེད་ཀྱང༌། འདོད་པ་ནི་དང་པོར་ཤེས་བྱ་ཡིན་པའི་ཕྱིར། ཞེས་པའོ། །སློབ་དཔོན་གང་སྤེལ་ན་རེ། བདེན་པའི་རྣམ་པ་ཅན་ཡིན་ཀྱང༌། ཉམས་པ་ཆ་མཐུན་ནི་འཕེན་བྱེད་དུའོ། །ཞེས་གསུངས་པར་གྲགས་མོད། འགྲེལ་པ་དང་འགལ་ཞིང༌། དེའི་ཚེ་བསམ་གཏན་གྱི་ས་པའི་ཉོན་མོངས་པ་ཉིད་འཕེན་བྱེད་དུ་སོང་བ་ཡིན་གྱི། དེས་ཆ་དེར་མ་སོང་ངོ༌། །འོ་ན་སྦྱོར་ལམ་པ་གཟུགས་ཁམས་སུ་སྐྱེས་པའི་ལྷ་དེ་ལམ་ཞུགས་ཡིན་ནམ་མིན། ཡིན་ན་སྦྱོར་ལམ་པ་ཉིད་ལས་མ་འདས་པས། འཕགས་མིན་འཆི་བས་སོ། །ཞེས་པ་དང་འགལ། མིན་ན་སྦྱོར་ལམ་ཐོབ་ལ་མ་ཉམས་པ་ཉིད་དུ་མི་འགྱུར་རོ། །ལམ་རྒྱུད་ལ་མི་ལྡན་པའི་ཚེ་ལམ་ཞུགས་མིན་པར་འདོད་ན་ནི། སྦྱོར་ལམ་པ་འཆི་སྲིད་ལ་གནས་པ་དེའི་ཚེ་ཡང་མ་ཡིན་པར་འགྱུར་བ་སོགས་མང་ངོ༌། །ཞེས་བརྟགས་ན་འདི་ལྟར་འཆད་ནུས་ཏེ། རྟེན་དེ་ལ་བདེན་པའི་རྣམ་པ་ཅན་གྱི་བློ་ཡོད་དམ་མེད། མེད་ན་ནི་རྟེན་དེ་ལ་སྒོམ་ལམ་ཟག་མེད་ཀྱང་མི་འབྱུང་བར་འགྱུར་ཏེ། རྟེན་དེ་ལ་བདེན་པའི་རྣམ་པ་ཅན་གྱི་བློ་འགལ་བའི་ཕྱིར། དེས་ན་དེ་འདྲའི་ལྷ་དེ་ཆོས་ཅན། ལམ་དུ་ཞུགས་པ་ཡིན་ཏེ། སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་གི་ཤེས་རབ་རང་རྒྱུད་ལ་ཡོད་པའི་ཕྱིར། དེ་འདྲ་དེ་སླར་ཡང་འདོད་པའི་ཁམས་སུ་ཉིང་མཚམས་སྦྱར་བའི་ཚེ་ནི། དེ་ལས་ཡོངས་སུ་ཉམས་པའི་ཕྱིར་ལམ་ཞུགས་མ་ཡིན་ནོ། །དེ་འདྲ་དེས་སླར་ཡང་བསྒྲུབ་ནས་ཐོབ་པའི་ཚེ། སྔོན་སྐྱེ་མ་མྱོང་བ་ཞིག་ཐོབ་པ་ཡིན་ཏེ། མ་འདྲིས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་རྣམ་པར་ཉམས་ན་སྔོན་མེད་ཐོབ། །ཅེས་སོ། །འདི་ནི་ཇི་སྐད་དུ། བསམ་གཏན་སྐྱེས་དང་ལྡན་པ་ནི། །རྟག་ཏུ་འདས་དང་ཞེས་པའི་དམིགས་ཀྱིས་བསལ་བའོ། །དེ་དོན་ཡང་སྐྱེས་ཐོབ་དང་སྦྱོར་བྱུང་གི་ཁྱད་པར་ལས་འབྱེད་དོ། །དེ་འདྲ་དེ་སྔོན་དྲོད་རྩེ་ཐོབ་པ་ལས་ཉམས་པ་ལྟ་བུ་ཡིན་ན། སླར་བསྒྲུབ་པའི་ཚེ། གཞི་ནས་སྒྲུབ་དགོས་སམ། འཕྲོ་ནས་སྐྱེད་པས་ཆོག སྙམ་ན། འགྲེལ་པར། མཚམས་སྟོན་པར་བྱེད་པ་ཞིག་ཡོད་ན་ནི་གོང་མ་བསྐྱེད་ནས་བྱེད་དོ། །མེད་ན་ནི་གཞི་ཁོ་ན་ནས་སྐྱེད་པར་བྱེད་དོ། །ཞེས་གསུངས། དོན་ནི། སྔོན་དྲོད་རྩེ་གང་ལ་བསྟེན་པའི་སེམས་དེ་སླར་ཡང་མངོན་དུ་བྱས་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་བསྐྱེད་ནས། སྔོན་དེ་སྐྱེས་པར་དྲན་ན་ནི་འཕྲོ་ནས་སྐྱེད་པས་ཆོག་ལ། དེ་མེད་ན་སེམས་རྟེན་གང་ཡང་རུང་བ་ཞིག་གིས་གཞི་ནས་སྒྲུབ་པར་བྱེད་དགོས་སོ། །དེའི་ཚེ་དྲོད་རྩེ་གཉིས་ཀྱང་ཐོབ་པ་ནི་འཆད་དགོས་ཏེ། དེ་མེད་ན་གོང་མ་མི་སྐྱེ་བའི་ཕྱིར། ཐོབ་མོད། དྲོད་རྩེ་ནམ་གྱི་ཚེ་སྐྱེས་པ་ཡིན་ཞེ་ན། དྲན་པ་ཉིད་ཀྱི་ཚེ་ན་སྐྱེས་པའོ། དེའི་ཤེས་བྱེད། སྔོན་གྱི་དམིགས་རྣམ་ཉམས་སུ་མྱོང་དགོས་པའི་ཕྱིར་རོ། །ཡང་ཇི་སྐད་དུ། ཆོས་མཆོག་བུད་མེད་ཀྱིས། །གཉིས་ཀའི་རྟེན་ཅན་ཐོབ་པར་འགྱུར། །ཞེས་པ། ཆོས་མཆོག་གི་ཐོབ་པ་ནི་འཕགས་ལམ་སྐྱེས་ནས་ཀྱང་ས་མ་འཕོས་ཀྱི་བར་དུ་ཡོད་པས། ཆོས་མཆོག་གི་ཐོབ་པ་དང་པོར་བུད་མེད་ཀྱི་རྟེན་ལ་ཡོད་པ་དེ་ནི། ཕྱིས་སྐྱེས་པའི་རྟེན་ལ་ཡང་ཡོད་པས་ཁྱབ་སྟེ། དེ་འདྲ་དེ་ཤི་འཕོས་པས་ནི་མི་གཏོང་ལ། ཆོས་མཆོག་ནས་བུད་མེད་དུ་མི་སྐྱེ་བའི་བརྟགས་མིན་གྱི་འགོག་པ་ཐོབ་པའི་ཕྱིར། དེས་ནི་བཟོད་ཆེན་དང༌། བཟོད་འབྲིང་གི་ཐ་མ་ཡང་མཚོན་ནུས་ཏེ། ཆོས་བཟོད་དང་ས་གཅིག་ཅིང་སྐད་ཅིག་རེ་རེ་ལས་མེད་པའི་ཕྱིར། དྲོད་རྩེ་ལ་ཡང་གཉིས་ཀའི་རྟེན་སྲིད་མོད། མ་ངེས་པས་ནི་དྲོད་རྩེ་དང་ཆོས་མཆོག་གི་བར་འཆི་འཕོ་བ་དང་ས་འཕོ་གཉིས་ཀ་སྲིད་པས་སོ། །དེ་ནས། འཕགས་པས་དེ་དག་ས་བོར་བས། གཏོང་ངོ༌། །ཞེས་པ། འཕགས་བརྒྱུད་ལ་ངེས་ཆའི་ཐོབ་པ་ཡོད་པ་དེ་གཞིར་བྱས་ནས། དེ་ནམ་གྱི་ཚེ་གཏོང་སྙམ་པ་ལ། འདིར་ས་བོར་ཞེས་སྨོས་པ་ནི། སྔར་བསམ་གཏན་གཏོགས་པའི་དགེ་བ་ནི། ས་འཕོས་ཞེས་པ་ལས་ཁྱད་པར་དུ་བྱས་པ་སྟེ། ས་འཕོ་བ་ཙམ་ལ་ནི་འདོད་ཆགས་དང་བྲལ་བས་འཕོ་བ་ཡང་ཡོད་པའི་ཕྱིར། འཕགས་པ་ཞེས་སྨོས་པ་ནི། འཕགས་མིན་ལྟར་འཆི་བ་དང་ཡོངས་སུ་ཉམས་པས་མི་གཏོང་ཞེས་པའི་དོན་ཏེ། འཕགས་པ་ནི་ངེས་ཆའི་ཐོབ་པ་ལས་ཉམས་པ་མི་སྲིད་པ་དང༌། ས་མ་འཕོས་ན་ཤི་འཕོས་པ་ཙམ་གྱིས་མི་གཏོང་བའི་ཕྱིར། དེ་སོ་སྐྱེ་དང་མི་མཚུངས་པའི་ཤེས་བྱེད་ཀྱང༌། སོ་སྐྱེ་ལ་ནི་སྦྱོར་ལམ་དང་དེའི་ཐོབ་པ་གཉིས་ཡོད་ཁྱབ་མཉམ་དུ་འཆད་ལ། འཕགས་པ་ལ་མ་ཡིན་པའི་ཕྱིར། མི་ཉམས་པའི་ཤེས་བྱེད་ཀྱང་མཐོང་ལམ་ལས་ཉམས་པ་མི་སྲིད་ལ། ཆོས་མཆོག་གི་ཐོབ་པ་ནི་མཐོང་ལམ་དང་ས་གཅིག་པའི་ཕྱིར། ས་བོར་བའི་གོ་བ་ནི་བསམ་གཏན་དང་པོ་ལ་བརྟེན་པའི་ངེས་ཆ་རྒྱུད་ལ་ལྡན་པའི་འཕགས་པ་འདོད་རྟེན་ཅན་བསམ་གཏན་དང་པོར་སྐྱེ། དེ་ནས་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེས་པའི་ཚེ་ཡིན་གྱི། བསམ་གཏན་དང་པོ་སྐྱེས་པ་ཙམ་གྱིས་མི་ཆོག་སྟེ། དེའི་ཚེ་སྦྱོར་ལམ་དང་ས་གཅིག་པའི་ཕྱིར། འོ་ན་དེ་འདྲ་དེ་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་ཙམ་གྱི་ཚེ་ན། ས་བོར་བར་འགྱུར་ཏེ། འཕོས་པའི་ཕྱིར། ཞེ་ན། དེའི་ཚེ་བསམ་གཏན་དང་པོའི་དགེ་བ་དག་པ་པ་དག་ལ་རོ་མྱང་བའི་སྲེད་པ་སྤྱད་པས་བདེན་པའི་རྣམ་པ་ཅན་མ་ཡིན་པའི་དགེ་བ་དག་པ་བ་ཉམས་པ་ཆ་ཐུན་དེ་དོར་བས་དང༌། བསམ་གཏན་གཉིས་པའི་དངོས་གཞི་ཐོབ་པས་ས་འཕོས་པར་འཇོག་མོད། ས་དེ་བོར་བ་ནི་མ་ཡིན་ཏེ། བདེན་པའི་རྣམ་པ་ཅན་ངེས་འབྱེད་ཆ་མཐུན་དུ་གྱུར་པའི་བསམ་གཏན་དང་པོའི་ས་མ་བོར་བའི་ཕྱིར། དེས་ན་ས་བོར་བ་ནི་རིས་མཐུན་བཏང་བ་སྟེ། བསམ་གཏན་དང་པོའི་དགེ་བ་དག་པ་བས་བསམ་གཏན་གཉིས་པར་ཉིང་མཚམས་སྦྱོར་སེམས་བྱས་པའི་ཚེ་ནི། ས་དེའི་རྣམ་སྨིན་སྐྱེས་ཀྱང་གཏོང་ལ། རྣམ་སྨིན་སྐྱེས་ཀྱིས་ཉིང་མཚམས་སྦྱོར་སེམས་བྱས་པའི་དགེ་བ་དག་པ་དེ་ཡང་གཏོང་བའོ། །དེས་ན་ངེས་འབྱེད་ཆ་མཐུན་ས་འཕོས་པ་ཙམ་གྱིས་མི་གཏོང་བ་ནི། དེ་དང་པོར་ཐོབ་པའི་ཚེ་ཡང་ས་འཕོས་པ་ཙམ་གྱིས་ཐོབ་པ་མ་ཡིན་གྱི། སྦྱོར་བས་ཐོབ་པ་ལ་ཐུག་གོ །ཡང༌། འཕགས་མིན་འཆི་བས་སོ། །ཞེས་པ། སོ་སྐྱེའི་རྒྱུད་ཀྱི་ངེས་ཆའི་ཐོབ་པ་དེ་གཏོང་བའང་སྔ་མ་ལྟར་ས་བོར་བ་ལ་རག་ལས་སམ་ཞེ་ན། མ་ཡིན་ཏེ། དེ་ནི་ས་འཕོ་ཡང་རུང༌། མི་འཕོ་ཡང་རུང་སྟེ། འཆི་བ་ཁོ་ན་གཏོང་རྒྱུ་ཡིན་གྱི། ས་བོར་བ་གཏོང་རྒྱུ་མ་ཡིན་པའི་ཕྱིར། འདི་ལ་ས་བོར་བ་ཇི་ལྟར་ཡོད། དེ་གཏོང་རྒྱུ་མ་ཡིན་པའི་ཤེས་བྱེད་ཅི་ཞེ་ན། ས་འདོར་བ་ནི། འདོད་རྟེན་ཅན་གྱི་སྦྱོར་ལམ་པ་བསམ་གཏན་གཉིས་པར་སྐྱེ་བའི་ཚེ་ལྟ་བུའོ། །སྦྱོར་ལམ་གང་ལ་སྐྱེ་བའི་ས་བསམ་གཏན་དང་པོ་དེ་བོར་བའི་ཕྱིར། དེ་ཙམ་གྱིས་དེ་དེའི་གཏོང་རྒྱུར་མི་རུང་སྟེ། ཉམས་པ་ཆ་མཐུན་ནི་གོང་ནས་འཕོས་ཟིན་པའི་ཕྱིར་དང༌། ངེས་འབྱེད་ཆ་མཐུན་དང༌། གནས་པ་ཆ་མཐུན་འཕོ་བ་ནི་གོང་དུ་སྐྱེས་ཟིན་པ་ལ་རག་ལས་ལ། ཁམས་གོང་གི་བར་སྲིད་ཀྱི་ཚེ་ཡང་སྦྱོར་ལམ་བཏང་ཟིན་པའི་ཕྱིར་དང༌། བར་སྲིད་ལ་ནི་མངོན་པར་འགྲུབ་པ་ཞེས་བྱའི། དེར་སྐྱེ་བ་བྱ་བའི་ཐ་སྙད་མེད་པའི་ཕྱིར་རོ། །འདི་ལྟར་ཡང་ཤེས་དགོས་ཏེ། སྦྱོར་ལམ་པ་ཁམས་གོང་དུ་སྐྱེས་པའི་ཚེ་སྦྱོར་ལམ་བཏང་ཡང༌། དེ་གང་ལ་བརྟེན་པའི་ས་ནི་བཏང་བ་མ་ཡིན་ཏེ། དེ་བཏང་ན་དེར་སྐྱེས་པ་འགལ་བའི་ཕྱིར་རོ། །དེས་ན་འདི་ལ་ནི་ངེས་འབྱེད་ཆ་མཐུན་བཏང་ལ། གནས་པ་ཆ་མཐུན་སོགས་མ་བཏང་བ་ཞེས་བྱའོ། །ཡང་འདོད་རྟེན་ཅན་གྱི་སྦྱོར་ལམ་པ་འདོད་པར་འཆི་འཕོ་བའི་ཚེ་ནི། ངེས་འབྱེད་ཆ་མཐུན་དུ་མ་ཟད། །གཞན་གསུམ་ཡང་བཏང་བ་ཞེས་བྱ་སྟེ། མཉམ་གཞག་གི་ས་མཐའ་དག་བཏང་བའི་ཕྱིར། འཕགས་མིན་འཆི་བས་གཏོང༌། ཞེས་པ་འདི་ཡང༌། གཙོ་བོར་དྲོད་རྩེ་གཉིས་ཀྱི་དབང་དུ་བྱས་པ་དང༌། ཉེར་བསྡོགས་ལ་བརྟེན་པའི་དབང་དུ་བྱས་པ་ཡིན་ཏེ། བཟོད་མཆོག་པ་དང་དངོས་གཞི་ལ་བརྟེན་པ་ནི་ཚེ་དེ་ཉིད་ལ་བདེན་པ་མཐོང་བར་ངེས་པའི་ཕྱིར། འོ་ན་སྦྱོར་ལམ་པ་ཁམས་གོང་དུ་སྐྱེ་བ་ཇི་ལྟར་ཞེ་ན། དངོས་གཞི་ཁྱད་པར་ཅན་ལ་བརྟེན་པ་སྟེ། དེ་དང་མི་ལྕོགས་མེད་ལ་བརྟེན་པ་ནི། ཉམས་སྲིད་པས་ཚེ་དེ་ལ་བདེན་པ་མཐོང་བར་མ་ངེས་པའི་ཕྱིར། དང་པོ་གཉིས་ཡོངས་ཉམས་པས་ཀྱང༌། ཞེས་པ་འདི་ནི་རྟེན་གྱི་གང་ཟག་སོ་སྐྱེའི་དབང་དུ་བྱས་པ་ཡིན་ཏེ། འཕགས་པ་ལ་དེ་མེད་པའི་ཕྱིར། འཕགས་པ་ལའང་དེ་གཉིས་རྣམ་པར་ཉམས་པས་གཏོང་བ་ནི་ཡོད་དེ། ས་བོར་བས་གཏོང་བའི་ཕྱིར། དེ་ལྟར་ན། ཡོངས་ཉམས་ལ་ནི་མེད་དོ། །ཉམས་པས་ཁྱབ་ལ་རྣམ་པར་ཉམས་པ་ལ་ནི་ཉེས་པས་དང༌། ཡོན་ཏན་གྱིས་ཉམས་པ་གཉིས་ཀ་ཡོད་དོ། །ཆོས་དེ་དང་དེའི་མི་ལྡན་པའམ་མ་ཐོབ་པ་ཉིད་དུ་ནི་ཁྱད་པར་མེད་དོ། །དྲོད་རྩེ་ལས་ཉམས་པ་དེ་ལོག་ལྟ་དང་མཚམས་མེད་ཀྱི་ལས་བྱེད་པ་དང༌། ངན་སོང་དུ་སྐྱེ་བ་དག་སྲིད་ཀྱང༌། རྩེ་མོ་ཐོབ་ནས་དགེ་རྩ་ཆད་པ་མི་སྲིད་ལ། དྲོད་དུ་དེ་ཆད་པ་སྲིད་ཀྱང༌། དེ་མ་ཐག་ཏུ་མཚམས་སྦྱོར་བས་ངེས་པར་མྱ་ངན་ལས་འདའ་བའི་རིགས་ཅན་ནོ། །ཡང༌། དངོས་གཞིའི་དེ་ཉིད་ལ་བདེན་མཐོང༌། དངོས་གཞི་འདི་ལ་གཉིས་ཏེ། འདོད་པ་འདི་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། ས་གཞན་ལ་ཡང་སྔོན་དུ་སོང་བའོ། །དང་པོ་ནི། བསམ་གཏན་དང་པོའི་དངོས་གཞི་སྟེ། དེ་བརྟེན་པའི་དྲོད་ཀྱིས་ཀྱང་ཚེ་དེ་ཉིད་ལ་བདེན་པ་མངོན་དུ་བྱེད་ནུས་ཏེ། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་བས་ཆོས་བཟོད་མངོན་དུ་བྱེད་པར་སླ་བའི་ཕྱིར་དང༌། ངེས་ཆ་ལས་ཉམས་བྱེད་ནི་འདོད་པའི་ཉོན་མོངས་པ་ཁོ་ནར་ངེས་པའི་ཕྱིར། གཉིས་པ་ནི། ཅི་ཡང་མེད་ནས་བསམ་གཏན་དང་པོའི་བར་ས་བརྒྱད་པོ་གང་ལ་ཆགས་བྲལ་སྔོན་དུ་སོང་ཡང་རུང༌། དེ་འདྲའི་དྲོད་ཀྱིས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་ཡང་མངོན་དུ་བྱེད་ནུས་ཏེ། ཁམས་གོང་ལ་ཆགས་བྲལ་སྔོན་དུ་སོང་བས་དེ་ལྟར་སླ་བའི་ཕྱིར་དང༌། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར། དཔེར་ན་བསེ་རུ་ལྟ་བུ་བཞིན་ནོ། །ཡང་ཉེར་བསྡོགས་ལ་བརྟེན་པའི་དྲོད་རྩེ་ཅན། བཟོད་ཆེན་མ་སྐྱེས་པའི་བར་དེར་བསམ་གཏན་གསུམ་པ་མན་ཆད་ལ་ཆགས་བྲལ་བྱེད་པ་ནི་སྲིད་ལ། བསམ་གཏན་བཞི་པ་སོགས་ལ་ཆགས་བྲལ་བྱེད་པ་ཡོད་དམ་མེད་ནི་བརྟག་དགོས་ཏེ། གཟུགས་མེད་ངེས་ཆའི་རྟེན་དུ་མི་རུང་བའི་ཕྱིར། དེ་ལྟ་ན་ཡང༌། དྲོད་རྩེ་བའི་རྒྱུད་ལ་ཡོད་པའི་སྙོམས་འཇུག་གང་ཡིན་ངེས་འབྱེད་ཆ་མཐུན་དུ་འཆད་མི་དགོས་ཏེ། ཞི་རགས་ཀྱི་རྣམ་པ་ཅན་དག་དེར་མི་རུང་བའི་ཕྱིར་ཏེ། ངེས་ཆ་ལ་ནི་བདེན་པའི་རྣམ་པ་ཅན་ལས་གཞན་མ་བཤད་པའི་ཕྱིར། དེའི་ཕྱིར་སྐབས་དེར་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པ་དག་སྲིད་དོ། །དེ་འདྲ་བསམ་གཏན་དངོས་གཞི་ཁྱད་པར་ཅན་ལ་བརྟེན་ནས་བཟོད་མཆོག་སྔོན་དུ་བྱས་པ་ཞིག་སྲིད་པ་དེའི་ཚེ། དེ་འདྲ་དེ་བཟོད་པ་ནས་ཟད་ཤེས་ཀྱི་བར་མཉམ་གཞག་ཐུན་གཅིག་ལ་མངོན་དུ་རུང་བ་ཡིན་ཏེ། དེ་ལྟར་རུང་བའི་རྒྱུ་ཚོགས་གྲངས་ཚངས་བའི་ཕྱིར། དེ་དུས་ཀྱི་མི་སློབ་པ་དེའི་རྒྱུད་ལ་ངེས་འབྱེད་ཆ་མཐུན་དང་ལྡན་པ་ཡིན་ཏེ། སྐྱེས་ནས་གཏོང་རྒྱུ་མ་བྱུང་བའི་ཕྱིར། དེ་ལྷག་མེད་དུ་འདས་པའི་ཚེ་ཡང༌། འཕགས་པ་ལ་འཆི་འཕོ་བ་དེའི་གཏོང་རྒྱུར་མ་བཤད་པའི་ཕྱིར། ཞེས་ཀྱང་རྣམ་པར་བརྟག་གོ །སྦྱོར་ལམ་པ་ཁམས་གོང་མ་ནས་གོང་མ་དག་ཏུ་སྐྱེས་པ་དེ། སྦྱོར་བའི་ལམ་ལས་རྣམ་པར་ཉམས་པ་ནི་མ་ཡིན་ཏེ། ཡོན་ཏན་གྱི་དབང་གིས་དེའི་ཐོབ་པ་བཏང་བའི་ཕྱིར། དེ་འདྲ་དེ་གཟུགས་མེད་དུ་སྐྱེ་སྲིད་པའི་རྒྱུ་མཚན་བརྟག་དཀའ་བས་དྲོད་རྩེ་སྔོན་དུ་བྱས་ནས་མཐོང་ལམ་མ་སྐྱེས་པའི་བར་དེར་བསྐལ་པ་དུ་མར་རྣམ་པར་འཁྱམས་པ་མ་ཡིན་ནམ་ཞེས་ཀྱང་བརྟག་པར་བྱའོ། །དེ་ནས། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་པ་དེར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་ཐག་བསྲིངས་པ་ཞེས་འགྲེལ་པར་བཤད་ཀྱང༌། སྤངས་པ་ནི་མ་ཡིན་ཏེ། ད་དེ་དག་སྤོང་བྱེད་ཀྱི་གཉེན་པོར་མི་རུང་བའི་ཕྱིར་ཏེ། དེའི་གཉེན་པོ་བར་ཆད་མེད་ལམ་ལ་མཐོང་སྒོམ་གཉིས་ལས་གཞན་མེད་དོ། །དེའི་ཕྱིར་དེ་དག་ཏུ་སྐྱེ་བ་སོ་སོར་བརྟགས་མིན་གྱི་འགོག་པས་ཁེགས་པའི་ཆོས་ཉིད་ཐོབ་པའོ། །རྩ་བར་ངན་སོང་གསུམ་ལས་མ་སྨོས་ཀྱང༌། འགྲེལ་པར་ངན་སོང་གི་འགྲོ་བ་རྣམས་དང༌། སྒོ་ང་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། བྱང་གི་སྒྲ་མི་སྙན་དང༌། ཚངས་པ་ཆེན་པོར་སྐྱེ་བ་རྣམས་དང༌། ཟ་མ་དང༌། མ་ནིང་དང༌། མཚན་གཉིས་པའི་ལུས་རྣམས་དང༌། བརྒྱད་པ་ལ་སོགས་པའི་སྲིད་པ་རྣམས་དང༌། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱི་མི་སྐྱེ་བའི་ཆོས་ཉིད་ཐོབ་བོ། །དེ་དག་གི་ཅི་རིགས་པར། ཆུང་ངུས་ནི་ངན་སོང་གི་འགྲོ་བ་རྣམས་ཀྱི་མི་སྐྱེ་བར་ཐོབ་ལ། ཆེན་པོས་ནི་གཞན་དག་གིའོ། །ཞེས་བཤད། འདི་ལྟར་ན། ཉེར་བསྡོགས་ལ་བརྟེན་པའི་བཟོད་པ་ཆུང་ངུ་ཅན་ཤི་འཕོས་པ་མི་སྲིད་པར་ཁས་ལེན་པའམ། སྲིད་ན་ཡང་དེ་འདྲ་དེ་དེ་ལ་ངན་སོང་དུ་སྐྱེ་མི་སྲིད་པ་ལ་སོགས་པའི་ཡོན་ཏན་དྲུག་པོ་དེ་དག་ཡོད་པར་ཁས་ལེན་དགོས་སོ། །དྲུག་པོ་གང་ཞེ་ན། འགྲོ་བ་དང༌། སྐྱེ་གནས་དང༌། སྐྱེ་བ་དང༌། ལུས་དང༌། སྲིད་པ་དང༌། ཉོན་མོངས་པ་རྣམས་སོ། །དེ་ལྟར་བཤད་པ་དེའི་ཕྱིར་བཟོད་པ་ཐོབ་པའི་ཉན་ཐོས་སངས་རྒྱས་སུ་འགྱུར་བ་ནི་མི་སྲིད་དེ། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་ལ་ཕན་འདོགས་པའི་དབང་གིས་ངན་སོང་དུ་ཡང་འགྲོའོ། །ཞེས་འགྲེལ་པར་བཤད་པ་དེ་ལ་འདི་ལྟར་བརྟག་དགོས་ཏེ། བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ངན་སོང་དུ་མི་འགྲོ་ཡང༌། དྲོད་རྩེ་ཐོབ་པའི་བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བ་སྲིད་ཅེས་པ་གཅིག་དོན་གྱིས་ཐོབ་ལ། དེ་ལྟར་ན་ཉན་ཐོས་དྲོད་རྩེ་ཅན་མ་ཤིག་གོང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཤི་ནས་སྦྱོར་ལམ་བཏང་སྟེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་སོག་པ་གཅིག་ཡོད་པར་གྲུབ་བོ། །དེའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཉན་ཐོས་ཀྱི་སྦྱོར་ལམ་གྱི་གཏོང་རྒྱུར་ཁས་ལེན་ནམ་མི་ལེན། ལེན་ན་ཡོངས་སུ་ཉམས་པ་ལས་འོས་མེད་པས་ཉམས་ནས་བྱང་ཆུབ་སེམས་དཔར་འགྲོ་བ་ཞེས་ཁས་ལེན་དགོས་ལ། དང་པོ་ལྟར་ན་ནི། ཉན་ཐོས་ཀྱི་སྦྱོར་ལམ་རྒྱུད་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་ཁས་ལེན་དགོས་སོ། །དེ་བས་ན་ཉན་ཐོས་ཀྱི་དྲོད་རྩེ་ཅན་བྱང་ཆུབ་སེམས་དཔར་སོང་བ་དེའི་ཚེ་ན། ཉན་ཐོས་ཀྱི་དྲོད་རྩེ། བྱང་ཆུབ་སེམས་དཔའི་དྲོད་རྩེར་གནས་འགྱུར་བ་ནི་མ་ཡིན་ཏེ། ཡིན་ན། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་བྱ་བའི་དོན་དང་འགལ་བར་འགྱུར་རོ། །བཟོད་པ་ཐོབ་ནས་རང་སངས་རྒྱས་སུ་འགྱུར་བར་བཤད་པ་འདི་ཡང༌། དེས་རང་རྒྱལ་གྱི་བཟོད་པའི་གོ་ཆོད་པ་ནི་མ་ཡིན་ཏེ། རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པ་ལ་ནི་དེར་སེམས་བསྐྱེད་ནས་བསྐལ་ཆེན་བརྒྱར་ཚོགས་སོག་སྔོན་དུ་འགྲོ་དགོས་ལ། རང་རྒྱལ་གྱི་ནི་དྲོད་ནས་ཟད་ཤེས་ཀྱི་བར་སྟན་ཐོགས་གཅིག་ལ་སྔོན་དུ་བྱེད་པའི་ཕྱིར། དེ་ལྟར་བརྟགས་པ་ན། ཉན་ཐོས་ཀྱི་བཟོད་པ་ཐོབ་ནས་རང་རྒྱལ་གྱི་དྲོད་དུ་མ་ཞུགས་པའི་བར་དེར་བསྐལ་ཆེན་བརྒྱར་ཚོགས་སོག་དགོས་པས་ཉན་ཐོས་ཀྱི་བཟོད་པ་ཤི་འཕོས་པས་གཏོང་བ་དང༌། དེའི་སེམས་རྟེན་འདོད་པའི་སེམས་ལ་བྱེད་པ་ནི། བཙུན་པ་དབྱངས་བསྒྲོགས་ཀྱི་ལུགས་ལའང་མི་རུང་བས་བསམ་གཏན་གྱི་སེམས་ལས་འོས་མེད་ལ། དེ་འདོད་པའི་ཉོན་མོངས་ཀྱིས་ཉམས་པར་མ་བྱས་པར་ནི་འདོད་པར་མི་སྐྱེ་བས། ཉན་ཐོས་ཀྱི་བཟོད་པ་ཡོངས་སུ་ཉམས་པས་གཏོང་བ་ཞིག་ཡོད་པར་ཡང་ཁས་ལེན་དགོས་སོ། །ཡང་ན་ནི་འཆི་འཕོ་བཞིན་པའི་ཚེ་བཏང་ཡང་ཉམས་པ་མ་ཡིན་ལ། ཤི་འཕོས་པའི་ཚེ་ཉམས་ཀྱང་བཏང་བ་མ་ཡིན་ཞེས་ཁས་ལེན་དགོས་སོ། །ཐེག་པ་གཞན་གཉིས་ལ་ནི་དྲོད་ཐོབ་ནས། གཞན་དུ་མི་འགྱུར་བས་ཁྱབ་པ་དང༌། གཉིས་པོའི་ངེས་ཆ་ཡིན་ན་ས་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་པས་ཁྱབ་པ་དང༌། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་ཁྱབ་པ་ཁས་ལེན་པ་དང༌། བསྐལ་ཆེན་བརྒྱད་དང་གྲངས་མེད་གསུམ་དུ་ཚོགས་སོག་པ་དེ་ཐར་པ་ཆ་མཐུན་གྱི་སྐབས་ཡིན་པར་ཁས་ལེན་ནོ། །ཉན་ཐོས་ཀྱི་ཡིན་ཀྱང༌། ཐར་ཆ་དང་ངེས་ཆ་ཚེ་གཅིག་ཁོ་ན་ལ་སྐྱེད་པ་ནི་མི་སྲིད་དེ། དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་བཤད་པའི་ཕྱིར་དང༌། མྱུར་ན་ཚེ་གསུམ་གྱིས་ཐར་པར་བཤད་པ་དེ་ཡང༌། ཐར་པ་ཆ་མཐུན་ནི་ཚེ་སྔ་མ་ལ་ངེས་པར་སྐྱེད་དགོས་པའི་ཕྱིར། མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་བཤད་པ་དེ་ནི་ཉན་རང་གི་དབང་དུ་བྱས་ཀྱི། བྱང་སེམས་ཀྱི་ཐར་ཆ་ནི་དུད་འགྲོའི་རྟེན་ལ་ཤིན་ཏུ་མང་བར་འདུལ་བའི་ལུང་ལས་བཤད་དོ། །གསུམ་པ་མཐོང་བའི་ལམ་ནི་གཞུང་འགྲེལ་ཇི་ལྟ་བ་བཞིན་ཏེ། ལུགས་འདིའི་ཐུན་མོང་མ་ཡིན་པའི་རྣམ་པར་བཞག་པ་ལ་ནི་དཔྱད་པར་བྱ་བ་ཉུང་བའི་ཕྱིར། དེ་ལྟ་མོད་ཀྱི། བདེན་པ་མངོན་པར་རྟོགས་པ་ལ་མཐོང་བའི་ལམ་གྱིས་མ་ཁྱབ་པ་དང༌། མཐོང་བ་དང༌། དམིགས་པ་དང༌། བྱ་བའི་མངོན་པར་རྟོགས་པ་གསུམ་ཀ་ཡང༌། བདེན་པ་མངོན་པར་རྟོགས་པ་མཚན་ཉིད་པ་ཡིན་པ་དང༌། དེར་གྱུར་པའི་ཤེས་པ་ལ་བདེན་པའི་རྣམ་པ་ཅན་གྱིས་ཁྱབ་ཀྱང༌། དེ་མ་ཡིན་པའི་མངོན་རྟོགས་ལ་བདེན་པའི་རྣམ་པ་ཅན་ཡིན་པས་མ་ཁྱབ་སྟེ། རྣམ་པ་ཤེས་རབ། ཅེས་འཆད་པའི་ཕྱིར། ཆགས་བྲལ་སྔོན་སོང་གི་ཚེ་ཡང༌། ཤེས་བཟོད་གཉིས་བདག་ཏུ་ལྟ་བ་སྤོང་བ་ལ་ལྟོས་པའི་བར་ཆད་མེད་ལམ་དང་རྣམ་པར་གྲོལ་བའི་ལམ་དུ་བཤད་པས་ཆོག་པ་རྣམས་ཤེས་པར་བྱའོ། །དེ་ལྟར་འཕགས་པའི་ལམ་ཇི་ལྟར་སྐྱེ་བའི་ཚུལ་བཤད་ནས། ལམ་དེ་ལ་གནས་པའི་གང་ཟག་གི་དབྱེ་བ་འཆད་པ་ལ། གསུམ་སྟེ། བརྒྱད་དུ་དབྱེ་བ། བདུན་དབྱེ་བ། གཉིས་སུ་དབྱེ་བ་རྣམས་སོ། །དང་པོ་ལ་སྤྱིར་ཞུགས་གནས་གཉིས་ལས་ཞུགས་པ་ལའང་ཆོས་བཟོད་ཀྱི་རྟོགས་པ་ཐོབ་མྱོང་བ་ཞིག་ངེས་པར་དགོས་ཏེ། དབང་པོ་རྣོ་རྟུལ་དེ་དག་ཏུ། །ཞེས་འཆད་པའི་ཕྱིར། འབྲས་གནས་སུ་འཇོག་པ་ལ། ཐ་ནའང་བཅུ་དྲུག་པའི་རྟོགས་པ་ཐོབ་མྱོང་བ་གཅིག་དགོས་ཏེ། བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་འཆད་པའི་ཕྱིར། འདིར་འབྲས་བུ་དང༌། དེ་ལ་ལྟོས་པའི་རྒྱུ་ངོས་མ་ཟིན་ན། རྒྱུ་ལ་ལྟོས་པ་དང༌། འབྲས་བུ་ལ་གནས་པའི་དབྱེ་བ་མང་པོ་པ་དེ་དག་ལ་རྨོངས་པར་འགྱུར་བའི་ཕྱིར། རྒྱུ་ནི་དགེ་སྦྱོང་གི་ཚུལ་ཏེ། དེ་མེད་ན་འདིར་འཆད་པའི་འབྲས་བུ་དེ་མི་འབྱུང་བའི་ཕྱིར། དེ་གང་ཞེ་ན། ཟག་པ་མེད་པའི་བར་ཆད་མེད་ལམ་དེ། འཆལ་བའི་ཚུལ་ཁྲིམས་ཀྱི་ཐོབ་པ་གཅོད་པའི་ཕྱིར། འཆལ་ཚུལ་ལ་ཡང་གཉེན་པོ་སྡོམ་པ་གསུམ་གྱི་དབྱེ་བས་གསུམ་ཡོད་ཀྱང༌། འདིར་ཟག་མེད་སྡོམ་པ་ལ་ལྟོས་པ་ཡིན་ཏེ། དོན་དམ་པའི་དགེ་སྦྱོང་དུ་བྱེད་པའི་བྱེད་ཆོས་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ལའང་མཐོང་སྒོམ་གྱི་དབྱེ་བས་གཉིས་ཏེ། སྤང་བྱ་གཉིས་ཀྱི་དབྱེ་བས་སོ། །དང་པོ་ལ་བཟོད་པ་བརྒྱད་དང༌། ཕྱི་མ་ལ་སྤང་བྱའི་དབྱེ་བས་བརྒྱད་ཅུ་རྩ་གཅིག་གོ །འཇིག་རྟེན་པའི་སྒོམ་ལམ་བར་ཆད་མེད་ལམ་རྣམས་ནི་དེར་མི་རུང་སྟེ། ཕྱི་རོལ་པ་ལ་དགེ་སྦྱོང་གི་ཚུལ་མེད་པའི་ཕྱིར་དང༌། དེས་ཐོབ་པའི་རྣམ་གྲོལ་ལམ་དང་སོ་སོར་བརྟགས་འགོག་གཉིས་ཀ་ལ་འཛིན་བྱེད་ཀྱི་ཐོབ་པ་མེད་པའི་ཕྱིར། འོ་ན་ཆགས་བྲལ་སྔོན་དུ་སོང་བ་ལ་སྐབས་འདིའི་འབྲས་བུ་བཞག་མི་རིགས་པར་འགྱུར་ཏེ། འཐོབ་བྱེད་དགེ་སྦྱོང་གི་ཚུལ་མེད་པའི་ཕྱིར། སྙམ་ན། མ་གྲུབ་སྟེ། མཐོང་ལམ་བཟོད་པ་བརྒྱད་པོ་ཉིད་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་འཐོབ་བྱེད་དགེ་སྦྱོང་གི་ཚུལ་དུ་འཇོག་པའི་ཕྱིར། མ་ཡིན་ཏེ། དེ་གཉིས་པོའི་སྤང་བྱའི་གཙོ་བོ་མ་སྤངས་པའི་ཕྱིར། ཞེ་ན། མ་ཡིན་ཏེ། འབྲས་བུ་བར་པ་གཉིས་སུ་མ་ཟད། འབྲས་བུ་བཞི་ཆར་གྱི་སྤང་བྱའི་གཙོ་བོ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་དག་ཡིན་ལ། དེ་ལའང་ཉི་ཚེ་བ་དང༌། ཁྱབ་པ་གཉིས་ལས། ཕྱི་མ་ནི་དགྲ་བཅོམ་པའི་འབྲས་བུ་ཉིད་ཀྱི་སྤང་བྱའི་གཙོ་བོ་ཡིན་ལ། དང་པོ་ནི། མཐོང་སྤང་སྟེ། དེ་ལའང་སྒོམ་སྤང་དང་མ་འགྲེལ་བར་སྤངས་པས་ཆོག་པ་དང༌། སྒོམ་སྤང་དང་འགྲེལ་ནས་སྤོང་དགོས་པ་གཉིས་ལས། དང་པོ་ནི། རྒྱུན་ཞུགས་ཀྱིས་འབྲས་བུའི་སྤང་བྱའི་གཙོ་བོ་དང༌། གཉིས་པ་ལ། འདོད་ཉོན་དྲུག་པ་དང་སྦྲེལ་ནས་སྤོང་དགོས་པ་དང༌། དགུ་པ་དང་སྦྲེལ་ནས་སྤོང་དགོས་པ་གཉིས་ལས། དང་པོ་ནི། ཕྱིར་འོང་གི་འབྲས་བུའི་སྤང་བྱའི་གཙོ་བོ་དང༌། གཉིས་པ་ཕྱིར་མི་འོང་གི་འབྲས་བུའི་སྤང་བྱའི་གཙོ་བོར་འཇོག་དགོས་པས་སོ། །དེ་ལ་འདི་སྙམ་དུ། དེ་ལྟར་མ་ཡིན་ཏེ། མཐོང་སྤང་སྤངས་ཟིན་ཀྱང༌། ཇི་སྲིད་འདོད་ཉོན་དྲུག་པ་དང་དགུ་པ་མ་སྤངས་པ་དེ་སྲིད་དུ་འབྲས་བུ་གཉིས་བཞག་ཏུ་མི་རུང་བས་སོ། །ཞེ་ན། ཁྱབ་པ་འཁྲུལ་བ་ཡིན་ཏེ། འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང་འགོག་བདེན་གྱི་ལྡོག་པ་ནས་འབྲས་བུ་བར་པ་དེ་དང་དེར་བཞག་མི་ནུས་པའི་ཕྱིར། ནུས་ན་མཐོང་ལམ་གྱི་སྔ་རོལ་དུའང་དེ་གཉིས་ཡོད་པར་ཐལ་བ་དང༌། རྗེས་སུའང་འབྲས་བུ་བར་པ་གཉིས་སུ་འཇོག་པ་ལ་འཇོག་བྱེད་ཀྱི་རྒྱུ་ལྔ་ཚང་མི་དགོས་པར་ཐལ་བའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། ཟག་མེད་བར་ཆད་མེད་ལམ་གྱིས་ཐ་མའི་ཆ་མཐུན་ལྔ་ལས་ཕལ་ཆེར་སྤངས་པ་དང༌། མ་ལུས་པར་སྤངས་པ་ལ་འབྲས་བུ་གཉིས་པོ་དེ་དང་དེར་འཇོག་ལ། ལྔའི་ནང་ནས་གསུམ་ནི་མཐོང་སྤང་ཁོ་ནར་ངེས་ཤིང༌། གཞན་གཉིས་པོ་ལའང་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་ལས། མཐོང་སྤང་གི་ཆ་དེ་མ་སྤངས་པར་ནི་འབྲས་བུ་དེ་དང་དེར་བཞག་དུ་མི་རུང་བ་ཡིན་ནོ། །དེས་ན་བོད་ཕྱི་མ་རྣམས་ཀྱིས་འབྲས་བུའི་སྤང་བྱའི་གཙོ་བོ་དང༌། གང་ཟག་གི་སྤང་བྱའི་གཙོ་བོ་མ་ཕྱེད་པས་ནོངས་པ་ཡིན་ཏེ། གང་ཟག་དེ་ཕྱིར་འོང་དང་ཕྱིར་མི་འོང་དུ་འཇོག་པའི་སྤང་བྱའི་གཙོ་བོ་ནི། འདོད་ཉོན་དྲུག་པ་དང་དགུ་པ་ཉིད་ཡིན་པ་དང༌། དེའི་འབྲས་བུ་དེ་དེ་དང་དེ་ནི་མཐོང་སྤང་སྤངས་པ་ལ་ལྟོས་ནས་འཇོག་དགོས་པའི་བཤན་མ་ཕྱེད་པའི་ཕྱིར། གཏན་ཚིགས་གཉིས་པ་བསྒྲུབས་ཟིན་ལ། དང་པོའི་ཤེས་བྱེད་ནི། གང་ཟག་དེ་འདོད་པར་སྐྱེ་བ་ལན་གཅིག་ལེན་པ་དང་མི་ལེན་པ་ནི། གང་ཟག་དེ་ཕྱིར་འོང་དང་ཕྱིར་མི་འོང་དུ་འཇོག་པའི་ཤེས་བྱེད་ཀྱི་གཙོ་བོ་ཡིན་ལ། དེའི་སྒྲུབ་བྱེད་ཀྱང༌། འདོད་པའི་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པ་མ་ལུས་པ་དང༌། ཕལ་ཆེ་བར་སྤངས་པའི་བྱེ་བྲག་ལ་བཞག་པའི་ཕྱིར། དོན་དེ་དག་ཀྱང༌། ཇི་སྐད་དུ། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་སོ། །འདི་ལའང་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང་རིམ་གྱིས་པའོ། །དང་པོའི་དབང་དུ་བྱས་ན། འགོག་བདེན་བསྲེ་བ་ཡིན་གྱི། རྣམ་པར་གྲོལ་བའི་ལམ་སྔོན་ཐོབ་པ་དེ་ནི་དེར་བསྲེ་རྒྱུ་མེད་དོ། །འོ་ན་གང་ཞིག་དུས་ནམ་གྱི་ཚེ་ཞེ་ན། སྔོན་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འགོག་པ་དེ་བཅུ་དྲུག་པའི་ཚེ་ནའོ། །གང་དང་ཚུལ་ཇི་ལྟར་དུ་ཞེ་ན། མཐོང་སྤང་སྤངས་པའི་འགོག་པ་དེ་དང་ཐོབ་པ་ཐུན་མོང་བ་གཅིག་གིས་འཛིན་པར་བསྲེ་བའོ། །གཉིས་པོ་ཐུན་མོང་དུ་སྡོམ་བྱེད་ཀྱི་ཐོབ་པ་དེ་གང་ཞེ་ན། སྔོན་གྱི་འགོག་པ་དེའི་ཐོབ་པ་ཟག་བཅས་ཡིན་པ་ལས། འདིར་ནི་མཐོང་སྤང་སྤངས་པའི་ཐོབ་པ་ཟག་མེད་སྡོམ་བྱེད་ཐག་པ་དང་འདྲ་བ་དེའི་ཁོངས་སུ་བསྡམས་པའོ། །དེས་ན་དེ་ཕྱིན་ཆད་སྔོན་གྱི་སྤངས་པ་དེ་ཐོབ་པ་ཟག་མེད་ཀྱིས་བཟུང་བས་ན། བསྲེས་དང་ཐོབ་འཛིན། ཞེས་པའི་དོན་ཚང་བའོ། །ཡང་རིམ་གྱིས་པའི་དབང་དུ་བྱས་ན། འཇིག་རྟེན་པའི་ལམ་ཞི་རགས་ཅན་གྱིས་འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་ཚེ། རྣམ་པར་གྲོལ་བའི་ལམ་ནི་ཟག་བཅས་ཁོ་ན་ཡིན་པས་འབྲས་བུར་མི་རུང་ངོ༌། །དེ་དང་དེ་སྤངས་པའི་འགོག་བདེན་ཐོབ་པ་ཟག་བཅས་ཀྱིས་བཅིངས་པ་དེ་ནི། སྐབས་དེར་བརྟག་པ་མཐར་བཟུང་བ་ཡིན་མོད། འབྲས་བུ་བར་མ་གཉིས་སུ་མི་རུང་སྟེ། རྒྱུ་ལྔ་མ་ཚང་བའི་ཕྱིར། མ་ཚང་བ་ཇི་ལྟར་ཞེ་ན། སྔོན་མཐོང་སྤང་སྤངས་པའི་འགོག་པ་དང༌། སྡོམ་བྱེད་ཀྱི་ཐོབ་པ་ཐུན་མོང་གཅིག་གིས་བསྡོམས་པའི་འགོག་པ་དེ་དང་དེའོ། །དེའི་ཚེ་ཡང་སྤངས་པ་འཛིན་བྱེད་ཀྱི་ཐོབ་པ་ནི་མཐོང་སྤང་སྤངས་པའི་འགོག་བདེན་གྱི་ཐོབ་པ་དེ་ཉིད་ཡིན་ལ། དེ་འདྲ་དེས་ལམ་ཟག་བཅས་ཀྱི་སྤངས་པ་འདི་མ་བཟུང་ན། སྔོན་སོ་སོ་སྐྱེ་བོའི་དུས་སུ་འདོད་ཉོན་དྲུག་དགུ་སྤངས་པའི་འགོག་པ་ལས་ཉམས་བཞིན་པའི་ངང་ནས་སྐྱེ་བ་ལེན་པ་དེ་བཞིན་དུ། འདིར་ཡང་དེ་ལྟར་ཐལ་བ་ལས། འདིར་ལན་གཅིག་ཉམས་ཀྱང་མི་འཆི་བ་ནི་འཛིན་བྱེད་ཟག་མེད་དེའི་མཐུ་ལས་ཡིན་ནོ། །དོན་དེ་ཡང༌། ཇི་སྐད་དུ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་སོ། །དེ་ལྟར་འབྲས་བུའི་རྒྱུ་བཤད་ནས། དེས་ཐོབ་པའི་འབྲས་བུ་ནི། གཉིས་ཏེ། འདུས་བྱས་དང༌། འདུས་མ་བྱས་སོ། །གཉིས་པ་ནི། རྒྱུ་མཐུན་དང༌། བྲལ་བའི་འབྲས་བུ་སྟེ། སྐྱེད་འབྲས་དང༌། ཐོབ་འབྲས་སུ་འདུག་པས་སོ། །འབྲས་བུ་འདུས་མ་བྱས་པ་ནི་འགོག་པའི་བདེན་པ་ཉིད་དུ་ངེས་ལ། དེ་ལ་དབྱེ་ན་བརྒྱད་ཅུ་རྩ་དགུར་ཡོད་པ་ལས། འདོད་ཉོན་དྲུག་དགུ་སྤངས་པའི་འགོག་བདེན་གཉིས་པོ་མ་གཏོགས། གཞན་རྣམས་ལ་ལམ་ཟག་བཅས་ཀྱི་སྤངས་པ་མི་བཞག་སྟེ། དེས་སྤངས་པ་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་བའི་ཕྱིར། གཉིས་པོ་དང་མི་མཚུངས་པ་ནི། སྐབས་གཉིས་པོ་དེར་ཟད་པ་རྣམས་ཐོབ་པ་ཟག་མེད་ཀྱི་ཕྱོགས་གཅིག་ཏུ་སྡོམ་པ་ཞེས་བྱ་བ་ཡོད་ལ། གཞན་ལ་དེ་མེད་པའི་ཕྱིར། གཉིས་པོ་ཡང་ལམ་ཟག་མེད་ཀྱིས་སྤངས་པའི་ཚེ་ན་ནི་ངག་ཏུ་བརྗོད་པའི་ཚུལ་ལ། ལམ་ཟག་མེད་ཀྱི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་འདོད་ཉོན་དྲུག་པ་སྤངས་པའི་དང༌། དགུ་པ་སྤངས་པའི་འགོག་བདེན་གཉིས་པོ་རེ་རེ་ནས་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་མ་ཡིན་ཏེ། སྤང་བྱའི་གཙོ་བོ་མཐོང་སྤང་སྤངས་པ་ལ་ལྟོས་པའི་འབྲས་བུ་མ་ཡིན་པའི་ཕྱིར། སྤྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་ཡིན་ཏེ། དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་པའི་གྲངས་ཚང་དགོས་པའི་ཕྱིར། འབྲས་བུ་འདུས་བྱས་ནི། ཇི་སྐད་དུ། གྲོལ་ལམ། ཞེས་བཤད་མོད། དེ་ལ་རྣམ་གྲོལ་ལམ་གྱིས་ཁྱབ་པ་མ་ཡིན་ཏེ། ལམ་ཟག་བཅས་ཀྱིས་ཐོབ་པའི་འགོག་བདེན་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་པ་གཅིག་ཡོད་པ་དེའི་ཚེ། རྣམ་པར་གྲོལ་བའི་ལམ་དེའི་འབྲས་བུར་མི་རུང་བའི་ཕྱིར་ཏེ། དེ་དུས་ཀྱི་རྣམ་པར་གྲོལ་བའི་ལམ་དེ་ཟག་བཅས་ཡིན་པའི་ཕྱིར། དེས་ན་མཐོང་སྤང་སྤངས་པའི་འགོག་པ་དང་ཕྱོགས་གཅིག་པར་སྡོམ་བྱེད་ཀྱི་ཐོབ་པ་ཟག་མེད་དེའོ། །འདི་ནི་མཐོང་སྤང་སྤངས་པའི་ཁྱད་པར་གྱི་ལམ་ཡིན་གྱི་ངོས་སྐལ་གྱི་སྒོམ་སྤང་སྤངས་པའི་རྣམ་གྲོལ་བའི་ལམ་དུ་ནི་མི་བཞག་ཏེ། སྤོང་བྱེད་ཟག་བཅས་ལ་གྲོལ་ལམ་ཟག་མེད་མི་འབྱུང་བའི་ཕྱིར། དེ་ལྟར་འཆད་པ་འདི་ཡང༌། འབྲས་བུ་བར་པ་གཉིས་ལམ་ཟག་བཅས་ཀྱིས་ཐོབ་པའི་ཚེ་ནའོ། །འབྲས་བུ་འདུས་བྱས་དེ་ལའང་བརྒྱད་ཅུ་རྩ་དགུ་སྟེ། སྤང་བྱའི་དབྱེ་བ་ལས་སོ། །སྒོམ་སྤང་སྤོང་བྱེད་ཀྱི་གཉེན་པོ་ཟག་བཅས་ལ་རྫས་ཀྱི་སྒོ་ནས་བརྒྱད་ཅུ་རྩ་གཅིག་དགོས་ཀྱང༌། ཟག་མེད་ལ་ནི་ལྡོག་པས་འབྱེད་པ་ཙམ་མ་གཏོགས་རྫས་ཀྱི་སྒོ་ནས་བཅོ་བརྒྱད་ལས་ལྷག་པ་མེད་དེ། གོང་མའི་ས་བརྒྱད་ཀྱི་སྤང་བྱ་བདུན་བཅུ་རྩ་གཉིས་པོ་ལན་དགུར་དྲིལ་ནས་སྤོང་བའི་ཕྱིར། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་སྒོམ་ལམ་དུ་གྱུར་པ་དེས་ས་བརྒྱད་ཀའི་སྡུག་བདེན་རྣམས་བསྡོམས་པ་ལ་དམིགས་ཤིང༌། དེ་འདྲའི་རྗེས་ཤེས་ཆུང་ངུའི་ཆུང་ངུ་དེས་ས་བརྒྱད་ཀའི་ཉོན་མོངས་ཆེན་པོའི་ཆེན་པོ་རྣམས་ཅིག་ཆར་དུ་སྤོང་བ་བཞིན་ནོ། །དེ་དུས་ཀྱི་འགོག་བདེན་རྣམས་ནི་རྫས་སོ་སོ་བ་བདུན་བཅུ་རྩ་གཉིས་སུ་འགྱུར་ལ། རྣམ་པར་གྲོལ་བའི་ལམ་ནི་རྫས་ཀྱི་སྒོ་ནས་དགུར་ངེས་ཏེ། རྒྱུ་མཐུན་བར་ཆད་མེད་ལམ་དགུར་གྲངས་ངེས་པའི་ཕྱིར། སྒོམ་སྤང་གི་སྐབས་འདིར་མཐོང་ལམ་ལྟར་ཁམས་གོང་འོག་གི་བདེན་པ་ལ་འཕར་འབབ་རེས་ཀྱི་བྱེད་པ་ནི་མ་ཡིན་ཏེ། འདོད་པ་ལ་ཆགས་བྲལ་བྱས་རྗེས་སུ་གོང་མ་ནས་ཆགས་བྲལ་གྱི་ཐོག་མ་འཛིན་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱད་ཅུ་རྩ་དགུ་པོ་དེ་དག་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་པོ་དེར་འདུ་བ་ནི་མ་ཡིན་ཏེ། གྱ་དགུའི་ནང་ནས་བཞི་མ་གཏོགས་གྱ་ལྔ་པོ་ཐམས་ཅད་བཞི་པོ་གང་རུང་དུ་མི་འདུ་བའི་ཕྱིར། བཞི་པོ་གང་ཞེ་ན། མཐོང་སྤང་སྤངས་པའི་དུས་ཀྱི་དང༌། འདོད་ཉོན་དྲུག་པ་དང༌། དགུ་པ་དང༌། སྲིད་ཉོན་དགུ་པ་སྤངས་པའི་དུས་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་གང་ཡིན་པ་དེ་ཉིད་དོ། །དེ་ལྟ་མོད་ཀྱི་འབྲས་གནས་བརྒྱད་ཅུ་རྩ་དགུ་པོ་ནི་ཕལ་ཆེར་རྒྱུན་ཞུགས་འབྲས་གནས་སོགས་བཞི་པོ་གང་རུང་དུ་འདུས་སོ། །མ་འདུས་པ་གང་ཞེ་ན། མཐོང་ལམ་དུ་གྱུར་པའི་ཤེས་པ་ཐོག་མ་བདུན་པོ་དག་སྟེ། དེའི་ཤེས་བྱེད་ཀྱང༌། རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཡང་ཐོབ་མ་མྱོང་བའི་ཕྱིར་རོ། །དེ་ལྟར་འཆད་པ་འོ་ན། མདོ་ལས་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་ལས་གཞན་མ་བཤད་པས་གནོད་དོ་ཅེ་ན། དེའི་ལན་དུ། འབྲས་བུ་བཞི་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཞེས་པ་རྒྱུ་ཚང་བའི་འབྲས་བུའི་དབང་དུ་བྱས་ནས་བཞི་ཁོ་ནར་བཤད་པ་ཡིན་གྱི། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཙམ་གྱི་དབང་དུ་བྱས་པ་མ་ཡིན་པས་ཉེས་པ་མེད་དོ། །རྒྱུ་ལྔ་པོ་གང་ཞེ་ན། འབྲས་ལས་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་སྡོམས་དང༌། །ཤེས་པ་བརྒྱད་ཚན་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་པ་ལ། སྔོན་ལམ་ནི་ཞུགས་པའི་ལམ་སྟེ། ཟག་མེད་ཁོ་ནའོ། །བཏང་བ་ཞེས་བྱ་བ་ནི། ཐོབ་པ་བཏང་ནས་མ་ཐོབ་པ་སྐྱེས་པ་ཞེས་བྱ་བའི་དོན་ཏེ། འབྲས་བུ་བཞི་པོ་གང་རུང་ཐོབ་པའི་ཚེ་དེ་ཉིད་ཀྱི་ཞུགས་ལམ་གང་ཡིན་པ་དེ་གཏོང་དགོས་པའི་ཕྱིར། གཞན་ཐོབ་དང༌། ཞེས་པ་ཞུགས་པ་ལས་གཞན་པའི་འབྲས་བུ་ནི་བཞི་པོ་ཁོ་ན་སྟེ། འབྲས་བུ་བརྒྱད་ཅུ་རྩ་ལྔ་གཞན་ལ་ཞུགས་འབྲས་གཉིས་སུ་ཕྱེ་ནས་འཆད་པ་མེད་པའི་ཕྱིར་དང༌། འབྲས་བུ་དེ་དག་གི་ཚེ་ན་ཞུགས་ལམ་བཏང་བའི་རྣམ་གཞག་ཀྱང་མེད་དོ། །ཞེས་པ་ནི། གཞན་ཐོབ་ཅེས་པ་རྒྱས་པར་འཆད་པ་སྟེ། སྔོན་སྤང་བྱ་ཇི་སྙེད་སྤངས་པ་ཐམས་ཅད་བསྡོམ་པའི་ཐོབ་པ་ཐུན་མོང་བ་གཅིག་གསར་དུ་རྙེད་པའོ། །དེའི་ཚེ་འགོག་བདེན་ཐོབ་པ་དང་བཅས་པ་ནི་རྒྱུ་ལྔ་ཚང་བའི་འབྲས་བུ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་གཞིའོ། །དེ་ལྟར་བཤད་པ་ན། བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རང་ལྡོག་ནས་ནི། རྒྱུན་ཞུགས་ཀྱི་འབྲས་བུར་འཆད་དཀའ་བ་ཡིན་ཏེ། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི། ཁམས་གོང་གི་ལམ་མཐོང་སྤང་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར། དེ་ལྟ་ན་ཡང་དེ་དུས་ཀྱི་ཐོབ་པ་ཟག་མེད་དེ་མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་དུ་འཆད་པ་ལ་འགལ་བ་མེད་དོ། །རྒྱུ་མཚན་བཞི་པ། ཤེས་པ་བརྒྱད་ཚན་ཐོབ་པ་ཞེས་བྱ་བ་ནི། བདེན་པ་བཞི་ལ་ཆོས་ཤེས་དང་རྗེས་ཤེས་ཀྱི་དབྱེ་བས་བརྒྱད་པོ་དེ་ཐོབ་ཅེས་པ་བརྒྱད་ཀའི་ལྡན་པ་ཚང་བ་ལ་བྱ་བ་ཡིན་གྱི། ཤེས་པ་དེ་ཉིད་ཚང་དགོས་པ་ནི་མ་ཡིན་ནོ། །འོ་ན་བཅུ་དྲུག་པའི་ཚེ་ཤེས་པ་བརྒྱད་ཚན་ཇི་ལྟར་ཐོབ་སྟེ། ཤེས་པ་དང་པོ་བདུན་ནི་ཞུགས་ལམ་ཡིན་པས་བཏང་ཟིན་པའི་ཕྱིར། སྙམ་ན། ཞུགས་ལམ་གྱི་ངོ་བོར་གྱུར་པའི་དེ་དག་བཏང་ཡང༌། བཅུ་དྲུག་པ་དང་དུས་མཉམ་དུ་སྔ་མ་བདུན་པོའི་ཐོབ་པ་འབྲས་བུའི་ངོ་བོར་གྱུར་པ་ཞིག་གསར་དུ་རྙེད་པའོ། །དེའི་རྒྱུ་མཚན་ཡང༌། དུས་དེར་ཁམས་གོང་གི་བདེན་པ་བཞི་ལ་ལྟོས་པའི་མཐོང་སྤང་བརྒྱད་ཀ་སྤངས་པའི་སོ་སོར་བརྟགས་འགོག་འཛིན་བྱེད་ཀྱི་ཐོབ་པ་ཟག་མེད་གཅིག་རྙེད་པ་དེ་དང༌། ཤེས་པ་བརྒྱད་ཀའི་ཐོབ་པ་ཐུན་མོང་བ་ཡིན་ལ། དེ་རྙེད་པ་ན་ཤེས་པ་བརྒྱད་ཀ་ལྡན་པར་འཇོག་ནུས་པའི་ཕྱིར། དཔེ་དེ་བཞིན་དུ། སྒོམ་ལམ་ཟག་པ་ཡོད་མེད་གང་རུང་གི་འདོད་ཉོན་དྲུག་དགུ་སྤངས་པའི་ཚེ་ན་ཤེས་པ་བརྒྱད་ཚན་ཐོབ་པ་ཡིན་ཏེ། དེ་ལྡན་པའི་ཕྱིར། ཇི་ལྟར་ཞེ་ན། ཁམས་གོང་འོག་གི་མཐོང་སྤང་བརྒྱད་པོ་སྤངས་པའི་འགོག་བདེན་འཛིན་བྱེད་ཀྱི་ཐོབ་པ་ཐུན་མོང་བ་ཞིག་རྙེད་ལ། དེ་ཤེས་པ་བརྒྱད་ཀའི་ཐོབ་པ་ཐུན་མོང་བ་ཡིན་པའི་ཕྱིར། གཏན་ཚིགས་དང་པོ་གྲུབ་སྟེ། འབྲས་བུ་བར་པ་གཉིས་ཀྱང་མཐོང་སྤང་བརྒྱད་པོ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར། མཐོང་སྤང་སྤངས་པའི་འགོག་པ་དང་ལྷན་ཅིག་ཏུ་མ་སྡོམས་པའི་འདོད་ཉོན་དགུ་དྲུག་སྤངས་པའི་འགོག་བདེན་རང་ལྡོག་ནས་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུར་བཞག་ཏུ་མི་རུང་བའི་ཕྱིར་ཏེ། ཐ་མའི་ཆ་མཐུན་ལྔ་ཕལ་ཆེར་རམ་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་མ་ཡིན་པའི་ཕྱིར། དེ་ལྟར་བཤད་པ་ན། འདོད་ཉོན་དྲུག་པ་དང་དགུ་པ་གང་རུང་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གང་རུང་ཡིན་པས་མ་ཁྱབ་པ་ཉིད་དུ་ཤེས་སོ། །རྣམ་པ་བཅུ་དྲུག་ཐོབ་པའི་དོན་ཀྱང༌། དེ་རང་གི་རྣམ་པ་ཅན་དུ་ཡོད་དགོས་པ་ནི་མ་ཡིན་གྱི། བཅུ་དྲུག་པའི་ཐོབ་པ་གསར་དུ་རྙེད་པའོ། །བཅུ་དྲུག་ཚང་དགོས་པའི་ཤེས་བྱེད་ཀྱང༌། དེ་མ་ཚང་བར་ནི་བདེན་པ་བཞི་མི་ཤེས་ཤིང༌། དེ་མ་ཤེས་པར་ནི་བདེན་པ་རྣམས་མངོན་པར་མི་རྟོགས་ལ། དེ་མ་རྟོགས་པར་ནི་མཐོང་སྤང་སྤངས་པ་མི་འབྱུང་ཞིང༌། དེ་མེད་པར་འབྲས་བུ་བཞི་པོ་གང་དུ་ཡང་འཇོག་མི་ནུས་པའི་ཕྱིར། དེ་ཡང་སྤངས་པ་འཛིན་བྱེད་ཀྱི་ཐོབ་པ་ཟག་མེད་དེ་ཉིད་རྣམ་པ་བཅུ་དྲུག་གི་ཐོབ་པར་ཁས་ལེན་པའམ། དུས་མཉམ་པ་ཉིད་དུ་རྙེད་པ་གང་རུང་མེད། རྣམ་པ་བཅུ་དྲུག་པ་འདི་ཡང༌། ཁམས་གོང་འོག་གཉིས་ཀའི་བདེན་པ་བཞི་རྣམ་པ་ཡོངས་སུ་རྫོགས་པའི་དབང་དུ་བྱས་པ་ཡིན་གྱི། གང་རུང་གཅིག་གི་བདེན་པའི་རྣམ་པ་རྣམས་ཚང་བ་ཙམ་གྱིས་ནི་མི་ཆོག་སྟེ། འབྲས་བུ་བཞི་པོ་དེ་དང་དེར་འཇོག་པ་ལ་ཁམས་གོང་མའི་མཐོང་སྤང་ཡང་སྤངས་དགོས་པའི་ཕྱིར། འོ་ན་ཤེས་པ་བརྒྱད་ཚན་ཐོབ་པར་བཤད་པ་ཉིད་ཀྱིས་ཆོག་མོད། རྣམ་པ་བཅུ་དྲུག་ཐོབ་པ་ལོགས་སུ་བཤད་མི་དགོས་སོ་སྙམ་ན། ཐོབ་བྱའི་རྫས་སོ་སོ་བ་རྣམས་ཀྱི་ཐོབ་པ་ཡང་རྫས་སོ་སོར་ཁས་ལེན་དགོས་པའི་ཕྱིར། འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་ཚེ་རྣམ་པ་བཅུ་དྲུག་ཐོབ་པ་ཇི་ལྟར་ཡོད་དེ། བར་ཆད་མེད་ལམ་ཟག་བཅས་ལ་རྣམ་པར་གྲོལ་བའི་ལམ་ཟག་བཅས་ལས་མེད་ཅིང༌། དེས་ཐོབ་པའི་འགོག་བདེན་ལ་ཡང་ཐོབ་པ་ཟག་བཅས་ལས་གཞན་མེད་པའི་ཕྱིར། ཞེ་ན། སྤང་གཉེན་དེ་ལ་ལྟོས་ནས་དེ་ལྟར་ངེས་ཀྱང༌། འབྲས་བུ་བཞི་ནི་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བར་བཤད་པ་དེའི་ཚེ། དེ་ལ་ལྟོས་པའི་འགོག་བདེན་འཛིན་བྱེད་ཀྱི་ཐོབ་པ་ལ་རྣམ་པ་བཅུ་དྲུག་གི་ཐོབ་པ་ཚང་དགོས་པའི་ཕྱིར། འདི་དག་ནི་ཐོབ་བྱའི་ཆོས་འདས་པའི་ཐོབ་པ་ད་ལྟར་བ་ཞེས་བྱ་བ་དེ་ཡིན་ནོ། །དེ་ནས་ཞུགས་ལམ་གྱི་ངོ་བོ་ཡང་ངོས་གཟུང་བར་བྱ་སྟེ། བོད་ཀྱི་རྣམ་བཤད་མཛད་པ་དག་གི་བསམ་པ་ལ་འདོད་པའི་ཉོན་མོངས་དང་པོ་ནས་ལྔ་པའི་བར་ཐམས་ཅད་ཕྱིར་འོང་ལ་ལྟོས་པའི་སྤང་བྱ་དང༌། དེ་བཞིན་དུ་འདོད་ཉོན་བདུན་བརྒྱད་ཕྱིར་མི་འོང་ལ་དང༌། བསམ་གཏན་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་དགྲ་བཅོམ་པ་ལ་ལྟོས་པའི་སྤང་བྱ་ཡིན་ཞིང༌། དེ་དག་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཟག་པ་ཡོད་མེད་གང་ཡིན་ཀྱང་དེ་དང་དེའི་ཞུགས་ལམ་ཡིན་པས་ཁྱབ་པར་ཁས་འཆེའོ། །དེ་མི་འཐད་པ་ལ་གཉིས་ཏེ། སྤང་བྱ་ངོས་མ་ཟིན་པ་དང༌། ཞུགས་ལམ་ངོས་མ་ཟིན་པའི་ཉེས་པའོ། །དང་པོ་ལ། ཕྱིར་འོང་གི་སྤང་བྱ་ལ་དཔྱད་པ་དང༌། དེས་ལྷག་མ་མཚོན་པའོ། །དང་པོ་ནི། འདོད་ཉོན་དང་པོ་ནས་ལྔ་པའི་བར་ཕྱིར་འོང་ལ་ལྟོས་པའི་སྤང་བྱ་མ་ཡིན་ཏེ། དེ་དང་དེ་སྤངས་མ་སྤངས་ལས་རྒྱུན་ཞུགས་ཀྱི་ཁྱད་པར་དེ་དང་དེ་དག་ཏུ་འཇོག་པ་ཡིན་གྱི། ཕྱིར་འོང་གི་ཁྱད་པར་དག་ཏུ་འཇོག་པ་མེད་པའི་ཕྱིར། དེར་འགྱུར་བ་ལ་དེ་དག་སྤངས་དགོས་པས་དེ་ལ་ལྟོས་པའི་སྤང་བྱར་འཇོག་ན་ནི། མཐོང་སྤང་རྣམས་ཀྱང་དེ་ལ་ལྟོས་པའི་སྤང་བྱ་ཉིད་དུ་འགྱུར་རོ། །འོ་ན་དེ་དག་སྤོང་བ་ལ་བརྩོན་བཞིན་པ་རྣམས་ཕྱིར་འོང་ཞུགས་པར་འཇོག་པ་ཅི་ཞེ་ན། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་ལ་གནས་པ་དང༌། དེའི་རྒྱུ་མཚན་ཡང༌། སྤང་བྱ་ལྷག་མ་སྤོང་བ་ལ་བརྩོན་པས་ཡིན་གྱི། ཕྱིར་འོང་གི་སྤང་བྱ་སྤོང་བ་ལ་བརྩོན་པས་ཕྱིར་འོང་ཞུགས་པར་འཇོག་པ་ནི། འདོད་ཉོན་དྲུག་པ་སྤོང་བ་ལ་བརྩོན་པ་དེ་ལས་གཞན་མེད་དོ། །གཉིས་པ་ནི། ལྷག་མ་གཞན་ལའང་དེ་བཞིན་དུ་སྦྱར་བར་བྱ་ཞིང༌། མདོར་ན། རྒྱུན་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་གསུམ་པོ་གང་ཡིན་ཀྱང་རུང་སྟེ། འབྲས་གནས་ཙམ་པོར་འཇོག་བྱེད་ཀྱི་སྤང་བྱ་སྤངས་པ་ལས་ཙམ་པོ་དང༌། ཁྱད་པར་ཅན་ལ་ལྟོས་པའི་སྤང་བྱ་དེའི་གཉེན་པོ་ཐོབ་པ་ལས་ཁྱད་པར་ཅན་དུ་འཇོག་པ་ཡིན་ནོ། །གཉིས་པ་ལ། མི་འཐད་པའི་ཆ་དགག་པ་དང༌། འཐད་པ་ངོས་བཟུང་བའོ། །དང་པོ་ནི། ཞུགས་ལམ་ཟག་བཅས་ནི་གཏན་མི་སྲིད་པ་ཡིན་ཏེ། ཞུགས་ལམ་ནི་རང་རང་ལ་ལྟོས་པའི་འབྲས་དུས་སུ་གཏོང་བར་ངེས་ལ། ཟག་བཅས་ལ་གཏོང་ཚུལ་དེ་འདྲ་མ་བཤད་པའི་ཕྱིར་དང༌། འབྲས་བུ་ཕྱི་མའི་ཞུགས་ལམ་ཡིན་ན། སྔ་མའི་ཁྱད་པར་གྱི་ལམ་ཡིན་དགོས་ཤིང༌། དེ་ལ་ཟག་བཅས་མི་སྲིད་པའི་ཕྱིར། འོ་ན་བཅུ་དྲུག་པའི་རྗེས་སུ་ལམ་ཟག་བཅས་ཀྱིས་འདོད་ཉོན་དང་པོ་སོགས་སྤོང་བ་ལ་བརྩོན་པ་དེ་ཕྱིར་འོང་ཞུགས་པ་མ་ཡིན་པར་འགྱུར་ཏེ། དེ་ལ་དེའི་ཞུགས་ལམ་མེད་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་པ་ཉིད་དེ། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་རྒྱུད་ལ་ཡོད་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་རྒྱུད་ལ་ཡོད་པ་དེ་ཉིད་ཁྱད་པར་ཅན་དུ་བྱ་བའི་ལམ་ལ་ཞུགས་པའི་ཕྱིར། དེ་བཞིན་དུ་འདོད་ཉོན་དང་པོ་སོགས་ནས་ལྔ་པའི་བར་སྤོང་བྱེད་ཀྱི་ཟག་མེད་བར་ཆད་མེད་ལམ་ཡང་ཕྱིར་འོང་གི་ཞུགས་ལམ་དུ་མི་རུང་སྟེ། དེ་རང་རང་གིས་ཐོབ་པའི་འབྲས་བུ་དེ་རྒྱུ་ལྔ་ཚང་བའི་འབྲས་བུར་མི་རུང་བའི་ཕྱིར། ཁྱབ་པ་ལུང་གིས་གྲུབ། གཏན་ཚིགས་ནི། འདོད་ཉོན་དྲུག་པ་སྤོང་བའི་ཟག་མེད་བར་ཆད་མེད་ལམ་དེ་རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་དུ་མི་རུང་བའི་རྒྱུ་མཚན་གྱིས་ཕྱིར་འོང་གི་ཞུགས་ལམ་དུ་མི་འཇོག་པ་བཞིན་ནོ། །གཉིས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུའི་ངོས་འཛིན་བཤད་མ་ཐག་པ་དེ་ཉིད་ལ། ཙམ་པོ་དང༌། ཁྱད་པར་ཅན་གཉིས་ལས། གཉིས་པ་དེ་ཞུགས་ལམ་དུ་འཇོག་པ་ཡིན་ལ། དེ་འབྲས་བུ་ཁྱད་པར་ཅན་དུ་བྱེད་ཆོས་ནི། སྤང་བྱ་ལྷག་མ་སྤོང་བ་ལ་བརྩོན་ཟིན་པའི་ལམ་ཟག་པ་ཡོད་མེད་གང་ཡང་རུང་བ་དེའོ། །དེས་ཁྱད་པར་དུ་བྱས་པའི་ལམ་བདེན་རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་དུ་བཞག་པ་དེ་ཆོས་ཅན། ཕྱིར་འོང་གི་ཞུགས་ལམ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། མཐོང་སྤང་སྤངས་པའི་ཁྱད་པར་གྱི་ལམ་ཡིན་པའི་ཕྱིར། རྩ་བའི་ཁྱབ་འབྲེལ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་གྱི་རིགས་འདྲའི་རྒྱུན་དེ་ཉིད་སྤངས་པ་གཞན་དང་བསྲེས་པ་ནི་ཕྱིར་འོང་གི་འབྲས་བུར་འཇོག་པ་དང༌། ཞུགས་ལམ་གྱི་རྒྱུན་དེ་ཉིད་རྒྱུ་ལྔ་ཚང་བའི་ཚེ་འབྲས་བུར་འཇོག་པ་ལ་ཐུག་གོ །གལ་ཏེ་འོ་ན། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དེ་ཞུགས་ལམ་ཡིན་ནམ་མ་ཡིན། མ་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུའི་ཞུགས་ལམ་གྱི་མཚན་གཞི་གང་ལ་བྱེད། ཡིན་ན་བཅུ་དྲུག་པའི་ཚེ་དེ་དག་གི་ཐོབ་པ་མི་ལྡན་པར་འགྱུར་ཏེ། འབྲས་དུས་སུ་ཞུགས་ལམ་མི་ལྡན་པའི་ཕྱིར། ཞེ་ན། ལན་ལ་གཉིས་ཏེ། བཅོ་ལྔ་པོ་ཞུགས་ལམ་ཡིན་པར་བསྟན་པ་དང༌། དེ་ལ་ཉེས་པས་མི་གནོད་པའོ། །དང་པོ་ནི། མཐོང་ལམ་ལ་གཉིས་ཏེ། ཆགས་བྲལ་སྔོན་དུ་མ་སོང་བ་དང༌། སོང་བའོ། །དང་པོ་ལ། གཉིས་ཏེ། འདོད་ཉོན་དང་པོ་ནས་ལྔ་པའི་བར་གང་རུང་ལ་ཆགས་བྲལ་སྔོན་དུ་མ་སོང་བ་དང༌། སོང་བའོ། །དང་པོ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་པོའི་ཞུགས་པ། གཉིས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་གྱི་ཞུགས་པ། ཆགས་བྲལ་སྔོན་དུ་སོང་བའི་མཐོང་ལམ་ལའང་གཉིས་ཏེ། འདོད་ཉོན་དྲུག་པ་ལ་དང༌། དགུ་པ་ལའོ། །དང་པོ་ལ། དྲུག་པ་ཉིད་ལ་དང༌། ལྷག་མ་གཞན་ལ་ཡང་ཆགས་བྲལ་ལོ། །དང་པོ་ནི་ཕྱིར་འོང་གི་འབྲས་བུ་ཙམ་པོའི་ཞུགས་ལམ་དང༌། གཉིས་པ་ནི་དེ་ཁྱད་པར་ཅན་གྱིའོ། །གཉིས་པ་ལ། དགུ་པ་ཉིད་ལ་དང༌། ལྷག་མ་གཞན་ལ་ཆགས་བྲལ་སྔོན་སོང་ངོ༌། །དང་པོ་ནི་ཕྱིར་འོང་གི་འབྲས་བུ་ཙམ་པོ་དང༌། གཉིས་པ་ནི་ཁྱད་པར་ཅན་གྱི་ཞུགས་ལམ་མོ། །འོ་ན་རྒྱུན་ཞུགས་ཁྱད་པར་ཅན་གྱི་ཞུགས་ལམ་དེས་ཁྱད་པར་ཅན་གྱིས་འབྲས་བུ་དེ་དུས་ནམ་གྱི་ཚེ་མངོན་དུ་བྱས་ཞུགས་ལམ་ཙམ་པོས་འབྲས་བུ་ཙམ་པོ་མངོན་དུ་བྱས་པ་དང་དུས་མཚུངས་སམ་ཞེ་ན། མ་ཡིན་ཏེ། འབྲས་བུ་ཙམ་ཁྱད་གཉིས་པོ་ཐོབ་པའི་དུས་མི་མཚུངས་པའི་ཕྱིར། གཅིག་ནི་མཐོང་སྤང་ལས་གྲོལ་ཙམ་གྱི་ཚེ་ན་ཡིན་ལ། ཅིག་ཤོས་ནི་དེས་སྤངས་པའི་ཁྱད་པར་གྱི་ལམ་གྱི་དུས་སུ་ཐོབ་པས་སོ། །ཁྱད་པར་གྱི་ལམ་ནི་གསུམ་སྟེ། རྣམ་གྲོལ་གྱི་ལམ་གང་ཡིན་པ་དེའི་རྗེས་ཐོགས་སུ་བྱུང་ཞིང༌། མི་མཐུན་ཕྱོགས་སྤོང་བ་དང༌། ཡོན་ཏན་མངོན་དུ་བྱེད་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །འདིར་ནི་མི་མཐུན་ཕྱོགས་སྤོང་བས་བརྩོན་པ་ནས་ཁྱད་པར་གྱི་ལམ་དུ་བཞག་དགོས་ཏེ། བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་ལ་གཞན་གཉིས་མི་འབྱུང་བའི་ཕྱིར། འོ་ན་འབྲས་བུ་ཁྱད་པར་ཅན་དུ་འཇོག་པ་ཁྱད་པར་ཅན་གྱི་ཞུགས་ལམ་སྔོན་དུ་སོང་མ་སོང་འདྲ་བར་འགྱུར་ཏེ། ཇི་སྲིད་སྤང་བྱ་ཕྱི་མ་སྤོང་བའི་ལམ་མ་ཐོབ་པ་དེ་སྲིད་དུ་ནི་འབྲས་བུ་ཁྱད་པར་ཅན་འཇོག་མི་ནུས་པའི་ཕྱིར། ཞེ་ན། སྤྱི་ཙམ་ནི། ཇི་སྐད་དུ། མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་འབྲས་བུ་ཁྱད་པར་ཅན་དུ་འཇོག་པ་ལ། ལམ་ཕྱི་མ་ལ་བརྩོན་པ་ཞིག་དགོས་པར་བཤད་ཀྱང༌། ཆགས་བྲལ་སྔོན་དུ་སྔོན་སོང་བའི་རིགས་ནས་རིགས་སྐྱེ་དང་ཚེ་གཅིག་བར་ཆད་གཅིག་པ་ཡིན་ན་འབྲས་གནས་ཁྱད་པར་ཅན་ཡིན་དགོས་པ་དང༌། སྤང་བྱ་ཕྱི་མ་སྤོང་བ་ལ་མི་བརྩོན་པས་ཁྱབ་པར་འགྲེལ་པ་ཉིད་དུ་བཤད་ལ། དེ་ལྟ་བུའི་དབང་དུ་བྱས་ནས་འབྲས་བུ་ཁྱད་པར་ཅན་ལ་ལྟོས་པའི་ཞུགས་པ་འཆད་པ་མི་འགལ་ལོ། །གཉིས་པ་ནི། དེ་ལྟར་ཁས་བླངས་པ་ལ་འབྲས་བུའི་དུས་སུ་ཤེས་པ་དང་མི་ལྡན་པར་ཐལ་བའི་ཉེས་པ་མེད་དེ། དེའི་ཚེ་ཞུགས་ལམ་གྱིས་བསྡུས་པའི་ཤེས་པ་བཏང་བར་འདོད་པ་ཡིན་གྱི། འབྲས་བུའི་མིང་ཅན་གྱི་ཤེས་པ་དེ་བཏང་བར་མི་འདོད་པའི་ཕྱིར། མདོར་ན་འབྲས་བུའི་མིང་ཐོབ་པ་ན་ཞུགས་ལམ་གྱི་མིང་དོར་བ་དེ་ཙམ་ལ་བཏང་བའི་ཐ་སྙད་བྱས་སོ། །གལ་ཏེ། འོ་ན། བཟོད་པ་བརྒྱད་པོ་རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་ཞུགས་པར་འཆད་ན། འདོད་ཉོན་དྲུག་དགུ་དང་སྲིད་ཉོན་དགུ་པ་སྤོང་བའི་ཟག་མེད་བར་ཆད་མེད་ལམ་འབྲས་བུ་ཕྱི་མ་གསུམ་གྱི་ཞུགས་ལམ་དུ་མི་འཆད་པ་འགལ་ལོ་ཞེ་ན། ལན་ལ་ཕྲ་རགས་གཉིས་ལས། རགས་པར་ན། མཚུངས་པ་མ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ནི་མཐོང་སྤང་སྤངས་པ་ཙམ་གྱིས་རབ་ཏུ་ཕྱེ་བས། དེ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དུ་རུང་ལ། འབྲས་བུ་ཕྱི་མ་གསུམ་ནི། འདོད་ཉོན་དྲུག་པ་དང༌། དགུ་པ་དང༌། སྲིད་ཉོན་དགུ་པ་ཙམ་སྤང་བས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར། འབྲས་བུ་དེའི་ཕྱོགས་གཅིག་ཐོབ་བྱེད་ཀྱི་ལམ་ཡིན་པས་ཞུགས་ལམ་དུ་འཇོག་ན། བཟོད་པ་བརྒྱད་པོ་དགྲ་བཅོམ་པ་དང༌། རིམ་གྱིས་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུའི་ཞུགས་ལམ་དུ་འགྱུར་རོ། །གཉིས་པ་ནི། ཞིབ་མོར་ན། བཟོད་པ་བརྒྱད་པོ་རེ་རེ་ནས་འབྲས་བུ་དང་པོའི་ཞུགས་ལམ་དུ་མི་འཇོག་པར་བརྒྱད་ཀའི་རང་ལྡོག་ནས་འཇོག་པ་དང༌། ཤེས་པ་བདུན་པོ་ཞུགས་ལམ་དངོས་སུ་མི་འཇོག་པ་དང༌། ཞུགས་པ་ཡིན་ན་ཞུགས་ལམ་ལ་གནས་བཞིན་པ་ཡིན་པས་མ་ཁྱབ་པ་དང༌། འདོད་ཉོན་དྲུག་པ་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཟག་བཅས་དང་ལྷན་ཅིག་པའི་བཟོད་པ་བརྒྱད་པོ་དེ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་གི་ཞུགས་ལམ་ཡིན་པ་དང༌། འདོད་ཉོན་དགུ་པ་སྤང་པའི་འགོག་བདེན་གྱི་ཐོབ་པ་ཟག་བཅས་དང་ལྷན་ཅིག་པའི་བཟོད་པ་བརྒྱད་པོ་དེ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུ་ལ་ལྟོས་པའི་ཞུགས་ལམ་ཡིན་པ་དང༌། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཟག་མེད་སྤང་བྱ་ཕྱི་མ་སྤོང་བའི་ལམ་གྱིས་ཁྱད་པར་དུ་བྱས་པ་དེ་རིམ་གྱིས་པའི་ཕྱིར་འོང་གི་ཞུགས་ལམ་དང༌། མཐོང་སྤང་ཀུན་སྦྱོར་གསུམ་དང་འདོད་ཉོན་དྲུག་པ་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཟག་མེད་སྤང་བྱ་ཕྱི་མ་སྤོང་བའི་ལམ་གྱིས་ལམ་སྔ་མའི་ཁྱད་པར་གྱི་ལམ་དུ་བྱས་པ་དེ་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུའི་ཞུགས་ལམ་དང༌། ཐ་མའི་ཆ་མཐུན་ལྔ་སྤངས་པའི་འགོག་བདེན་གྱི་ཐོབ་པ། ཁམས་གོང་གི་ཉོན་མོངས་སྤོང་བའི་ལམ་གྱིས་ལམ་ལྔ་མའི་ཁྱད་པར་གྱི་ལམ་དུ་བྱས་པ་དེ། དགྲ་བཅོམ་པའི་འབྲས་བུའི་ཞུགས་ལམ་གྱི་མཚན་གཞིའོ། །དེ་ལྟར་བཤད་པ་ན། ལམ་སྔ་མའི་ཁྱད་པར་གྱི་ལམ་དང༌། ལམ་ཕྱི་མའི་བར་ཆད་མེད་ལམ་གྱི་གཞི་མཐུན་ཡོད་ཅེས་བྱ་བ་ནི་མ་ཡིན་གྱི། ལམ་ཕྱི་མའི་བར་ཆད་མེད་ལམ་དེས་སྔ་མའི་རྣམ་གྲོལ་ལམ་གྱི་རིགས་རྒྱུན་བཟང་པོར་བྱས་པ་དེ་ལ་སྔ་མའི་ཁྱད་པར་གྱི་ལམ་ཞེས་འཆད་པའོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱབ་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་སོགས། གཞུང་འདིའི་དོན་ལ་བོད་ཀུན། རྒྱུན་ཞུགས་སོགས་ཁྱད་པར་ཅན་ཡིན་ན། ཕྱི་མའི་ཞུགས་པ་ཡིན་པས་ཁྱབ་པ་དང༌། ཞུགས་པ་ཡིན་ན། ཕྱི་མ་ཐོབ་ཕྱིར་དུ་སྤང་བྱ་སྤོང་བ་ལ་བརྩོན་པས་ཁྱབ་པ་ཁས་ལེན་པར་བྱེད་དོ། །ཁྱད་པར་ཅན་ལ་ཞུགས་པས་ཁྱབ་པ་དེ་ལྟ་མོད་ཀྱི་ཕྱི་མ་ནི་མ་ངེས་ཏེ། ཆགས་བྲལ་སྔོན་དུ་སོང་བའི་རིགས་ནས་རིགས་སྐྱེ་དང་ཚེ་གཅིག་བར་ཆད་གཅིག་པ་རྒྱུན་ཞུགས་ཀྱི་འབྲས་བུའི་ཁྱད་པར་གྱི་ལམ་གནས་པ་དེས་མ་ངེས་སོ། །དེ་སྤང་བྱ་ལྷག་མ་སྤོང་བ་ལ་བརྩོན་པ་ནི་མ་ཡིན་ཏེ། དེ་ལྟ་ན་སྐྱེ་བའི་ཁྱད་པར་མི་འགྲུབ་པའི་ཕྱིར། སྐབས་འདིར་རྒྱུན་ཞུགས་ལ་ཆགས་བྲལ་སྔོན་དུ་སོང་བ་མེད་དོ། །ཞེས་མཐུན་པར་སྨྲ་ཡང༌། ཞིབ་ཏུ་འབྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། རྣམ་པ་ལྔ་ཡི་བར་བཅོམ་པ་དང༌། །ཞེས་པས་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་དུ་ཞུགས་པ་ཞིག་བཤད་ལ། ལྔ་པའི་བར་དེ་དག་རྒྱུན་ཞུགས་ལ་ལྟོས་པའི་སྤང་བྱ་ཉིད་དུ་ངེས་པའི་ཕྱིར། དེ་ཙམ་གྱི་རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་ཡོད་པའི་གོ་མི་ཆོད་ན། ཕྱིར་འོང་དང་ཕྱིར་མི་འོང་ལའང་དེ་མི་སྲིད་པར་འགྱུར་རོ། །མི་མཚུངས་ཏེ། དེ་གཉིས་ཀྱི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་སྲིད་པའི་ཕྱིར་རོ། །ཞེ་ན། སྤང་བྱའི་གཙོ་བོ་གང་ལ་ལྟོས་ནས་འཇོག གང་ཟག་ལ་ལྟོས་ནས་སམ། འབྲས་བུ་ལ་ལྟོས་ནས་ཡིན། དང་པོ་ལྟར་ན། རྒྱུན་ཞུགས་ལ་དེ་ཡོད་པར་འགྱུར་ཏེ། གང་ཟག་དེ་རིགས་ནས་རིགས་སྐྱེར་འཇོག་པའི་སྤང་བྱའི་གཙོ་བོ་ནི་འདོད་ཉོན་གསུམ་པ་ཡིན་ལ། དེ་སྔོན་བྱིས་པའི་ལམ་གྱིས་སྤངས་པ་སྲིད་པའི་ཕྱིར། དཔེར་ན་ཕྱིར་འོང་དང་ཕྱིར་མི་འོང་དུ་འཇོག་པའི་སྤང་བྱའི་གཙོ་བོ་འདོད་ཉོན་དྲུག་པ་དང་དགུ་པ་དག་ཡིན་པའི་རྒྱུ་མཚན་གྱིས་གཉིས་པོ་ལ་ཆགས་བྲལ་སྔོན་སོང་འཇོག་པ་བཞིན་ནོ། །གཉིས་པ་ལྟར་ན། གཉིས་པོ་ལའང་ཆགས་བྲལ་སྔོན་སོང་མི་སྲིད་པར་འགྱུར་ཏེ་འབྲས་བུ་གཉིས་པོའི་སྤང་བྱའི་གཙོ་བོ་སྔོན་གྱི་ལམ་གྱིས་སྤངས་པ་མི་སྲིད་པའི་ཕྱིར། གཉིས་པོའི་སྤང་བྱའི་གཙོ་བོ་ནི་ཐ་མའི་ཆ་དང་མཐུན་པ་ལྔ་པོ་དག་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཟག་མེད་ཐོབ་འཛིན་ཕྱིར། ཞེས་པའི་འགྲེལ་པར་མདོ་དྲངས་པ་ལས། ལན་གཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་སྲབ་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་ན། སྔ་རབས་པ་མང་པོ་དག ཆགས་བྲལ་སྔོན་སོང་གཉིས་ཞུགས་པ་དང་གནས་པ་ལ་སྤངས་པའི་ཁྱད་པར་མེད་ཅིང༌། རྟོགས་པའི་ཁྱད་པར་གྱིས་འབྱེད་དོ་ཞེས་ཟེར་བ་མི་རིགས་ཏེ། གཉིས་པོ་ལ་མཐོང་སྤང་སྤངས་པ་དགོས་མི་དགོས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། དེ་ལས་གཞན་དུ་ན། ཟག་མེད་ལམ་གྱི་འདོད་ཉོན་དྲུག་དགུ་སྤངས་པའི་རྣམ་གྲོལ་ལམ་གཉིས་པོ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གོ་ཆོད་པོར་འགྱུར་ཏེ། ཉོན་མོངས་དྲུག་དགུ་གཉིས་པོ་འབྲས་བུ་གཉིས་པོའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་དེ་ལྟར་འདོད་མཁན་ཡང་མང་བས་རྒྱུ་ལྔ་ཚང་བའི་འབྲས་བུར་ཐལ་བ་དང༌། ཐ་མའི་ཆ་མཐུན་ལྔ་ཕལ་ཆེར་དང་མ་ལུས་པར་སྤངས་པའི་རྣམ་གྲོལ་ལམ་དུ་ཐལ་བར་འགྱུར་རོ། །རྣམ་པར་གྲོལ་བའི་ལམ་གང་ཞིག ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། དེ་ཡང་ཟག་མེད་བར་ཆད་མེད་ལམ་གྱིས་འདོད་ཉོན་དྲུག་དགུ་སྤངས་པའི་འགོག་བདེན་གཉིས་པོ་རེ་རེ་ནས་ཆོས་ཅན། མཐོང་ལམ་བར་ཆད་མེད་ལམ་གྱི་བྲལ་འབྲས་སུ་འགྱུར་ཏེ། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་འདུས་མ་བྱས་དག་ཡིན་པའི་ཕྱིར། དེ་ལྟ་ན་འབྲས་བུ་བཞི་པོ་ནི། རང་རང་གི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་དུ་སོང་བ་མི་སྲིད་ལ། འབྲས་བུ་བརྒྱད་ཅུ་རྩ་དགུའི་ནང་གི་འབྲས་བུ་རྣམས་ལ་ནི་ཆགས་བྲལ་སྔོན་སོང་ཤིན་དུ་མང་བ་ཡིན་ཏེ། སྔོན་ཅི་ཡང་མེད་མན་ཆད་ལ་ཉོན་མོངས་ཀྱི་རྣམ་པ་རེ་རེ་བ་ནས་ཆགས་བྲལ་སྔོན་དུ་སོང་བའི་སྒོམ་ལམ་པ། ལམ་བཞིའི་ནང་ནས་ཁྱད་པར་ལམ་ལ་གནས་པ་དེའི་རྒྱུད་ཀྱི་འདོད་ཉོན་དང་པོ་སྤངས་པའི་འགོག་བདེན་ནས། ཅི་ཡང་མེད་ཀྱི་དགུ་པ་སྤངས་པའི་འགོག་བདེན་གྱི་བར་ཐམས་ཅད། འབྲས་བུ་རང་རང་ལ་ལྟོས་པའི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔར་བྱིས་པའི་ལམ་གྱིས་སྤངས་པ་གང་ཞིག དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། དེའི་འབྲས་བུ་ཡིན་ཏེ། དེ་དག་སྤངས་པ་གང་ཞིག སྤངས་པ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར་ཏེ། བྲལ་བ་དེ་དག་འཛིན་བྱེད་ཀྱི་ཟག་མེད་ཀྱི་ཐོབ་པ་རྙེད་པའི་ཕྱིར། ཇི་སྐད་དུ་ཡང༌། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་སོ། །བསྲེས་དང་ཞེས་པའི་དོན་ནི་འདི་ལ་ཚང་དགོས་པ་མ་ཡིན་ནོ། །དེ་ལྟར་ན་རྒྱུན་ཞུགས་ཕྱིར་འོང༌། ཕྱིར་མི་འོང་གསུམ་ཀའི་འབྲས་བུ་ལ་ནི་ཆགས་བྲལ་སྔོན་སོང་མི་སྲིད་ལ། གང་ཟག་ལ་ནི་ཆགས་བྲལ་སྔོན་སོང་སྲིད་པར་རིགས་པས་ཐོབ་ཅིང་གཞུང་ལས་བཤད་པ་དེ་ལྟ་མོད་ཀྱི། དགྲ་བཅོམ་པའི་ནི་འབྲས་བུར་མ་ཟད་གང་ཟག་ལ་ཡང་ཆགས་བྲལ་སྔོན་སོང་མེད་དེ། དགྲ་བཅོམ་པ་ལ་ལྟོས་པའི་སྤང་བྱ་ནི་སྣ་གཅིག་ཀྱང་སྔོན་བྱིས་ལམ་གྱིས་སྤངས་པ་མེད་པའི་ཕྱིར་དང༌། གཞུང་ལས་ཀྱང་མ་བཤད་པའི་ཕྱིར། འོ་ན་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་ཐོབ་པའི་དགྲ་བཅོམ་པ་ལ་ཆགས་བྲལ་སྔོན་སོང་ཡོད་པའི་གཏན་ཚིགས་སུ་འགྱུར་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་པའི་རྣམ་པ་གང་ཡིན་ཀྱང༌། དགྲ་བཅོམ་པ་ལ་ལྟོས་པའི་སྤང་བྱར་མི་རུང་བའི་ཕྱིར། དེས་ན་གང་ཟག་གི་ཆགས་བྲལ་སྔོན་སོང་འཇོག་པའང༌། གང་ཟག་དེ་ཉིད་ཀྱི་ཁྱད་པར་ལ་ལྟོས་པའི་སྤང་བྱ་ལ་ཆགས་བྲལ་སྔོན་དུ་སོང་བ་ཞིག་དགོས་ཏེ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་དུ་འཇོག་པ། དེ་ལ་ལྟོས་པའི་སྤང་བྱ་ཞིག་བྱིས་ལམ་གྱི་སྤངས་དགོས་པ་བཞིན། དེས་ན་འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ནས་མཐོང་ལམ་བཟོད་པ་བརྒྱད་པོ་གང་རུང་ལ་གནས་པ་དེ་ནི་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། ཕྱིར་མི་འོང་གི་འབྲས་བུ་ལ་ལྟོས་པའི་སྤང་བྱ་སྤོང་བ་ལ་བརྩོན་བཞིན་པ་ཡིན་པའི་ཕྱིར། དེའི་ཕྱིར་ཡང་ཕྱིར་མི་འོང་གི་སྤང་བྱ་ལ་ཆགས་བྲལ་སྔོན་སོང་མ་ཡིན་ནོ། །འདིས་ཐོབ་པའི་ཕྱིར་མི་འོང་གི་འབྲས་བུ་དེ་ལ་བོད་ཀྱི་སློབ་དཔོན་དག་འབྲས་བུ་ཐོད་རྒལ་བའི་མིང་གིས་འདོགས་པར་མཛད་ལ། འགྲེལ་པར། སྒོམ་པས་སྤང་བྱ་མ་སྤངས་ན་ཞེས་པ་མན་ཆོད་ལ་མཐར་གྱིས་འཇུག་པ་ཞེས་པ་ལ་དཔག་པ་ཡིན་མོད། དེའི་དོན་ནི་འབྲས་བུ་ལ་མཐར་གྱིས་འཇུག་པ་ཞེས་བྱ་བའི་དོན་ནི་མ་ཡིན་ཏེ། སྤང་བྱ་སྤོང་ཚུལ་མཐར་གྱིས་པ་ཞེས་བྱ་བའི་དོན་ཡིན་པས། སྔ་མ་ལ་མཐར་གྱིས་པ་མ་ཡིན་པའམ། ཆགས་བྲལ་སྔོན་སོང་ཉིད་ཀྱི་ཐ་སྙད་མཛེས་སོ། །འབྲས་བུ་ཐོད་རྒལ་བར་འདོད་པ་དེ་ལྟ་ན། མཐོང་སྤང་སྤངས་པའི་འབྲས་བུ་མངོན་དུ་མ་བྱས་པར། སྒོམ་སྤང་སྤངས་པའི་འབྲས་བུ་མངོན་དུ་བྱས་པ་ཞིག་འདོད་དགོས་པར་འགྱུར་རོ། །གལ་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་མ་བྱས་པར། ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པས་དེར་བཏགས་སོ་སྙམ་ན། དེ་མ་བྱས་པར་མི་འགྲུབ་སྟེ། མཐོང་སྤང་སྤངས་པའི་འབྲས་བུ་མངོན་དུ་མ་བྱས་པར། སྒོམ་སྤང་སྤངས་པའི་ཕྱིར་རོ། །དེ་སྤངས་ཀྱང་དེའི་རྒྱུད་ལ་འབྲས་བུ་དེ་ཡོད་མ་མྱོང་ངོ་ཞེ་ན། ཡོད་མ་མྱོང་ཡང་གསུམ་ཀའི་སྤངས་རྟོགས་ལྡན་པ་ཡིན་ཏེ། སྤངས་པ་གསུམ་ཀ་དང་ལྡན་པའི་ཕྱིར། དེ་ལྟ་ན་ཡང་གང་ཟག་དེ་རྒྱུན་དུ་ཞུགས་པ་ལ་སོགས་པར་མི་འཇོག་སྟེ། ཕྱིར་མི་འོང་ཉིད་དུ་སོང་བའི་ཕྱིར། དེ་ཉིད་ཀྱིས་ན་འབྲས་བུ་ཐོད་རྒལ་བར་གྲུབ་བོ། །ཅེ་ན། མ་ཡིན་ཏེ། དེ་ཙམ་གྱི་ནི་གང་ཟག་ཐོད་རྒལ་བར་སོང་གི འབྲས་བུའི་དོན་ནི་མངོན་དུ་མ་བྱས་པ་གང་ཡང་མེད་པའི་ཕྱིར་རོ། །ཐ་སྙད་མངོན་དུ་མ་བྱས་པ་ཙམ་གྱིས་དེར་འཇོག་ན་ནི། རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་ཚེ་གཅིག་ལ་མངོན་དུ་བྱས་པ་དེ་ཡང་འབྲས་བུ་ཐོད་རྒལ་བར་འགྱུར་ཏེ། སྲིད་པ་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་སོགས་ཀྱི་ཐ་སྙད་མངོན་དུ་མ་བྱས་པར་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པའི་ཕྱིར། དེས་ན་འབྲས་བུ་ཐོད་རྒལ་བའི་ཐ་སྙད་ནི་གཞུང་འགྲེལ་ནས་མི་འབྱུང་ལ། ཆགས་བྲལ་སྔོན་དུ་སོང་བ་དང༌། ཆགས་བྲལ་མཐར་གྱིས་བྱེད་པའི་ཐ་སྙད་འབྲེལ་པ་ལས་འབྱུང་བ་ཡིན་ནོ། །དེ་ཙམ་གྱིས་འབྲས་བུ་ཐོད་རྒལ་བར་འགྲུབ་བོ་ཅེ་ན། མ་ཡིན་ཏེ། ཆགས་བྲལ་ཐོད་རྒལ་དུ་བྱས་ཀྱང༌། འབྲས་བུ་ནི་བརྒྱད་ཅུ་རྩ་དགུ་པོ་རིམ་ཅན་དུ་བྱས་པའི་ཕྱིར། དཔེར་ན་འདོད་པ་ལ་ཆགས་བྲལ་སྔོན་སོང་གིས། བཅུ་དྲུག་པའི་རྗེས་སུ་འདོད་པའི་བདེན་པ་རྣམས་ལ་དམིགས་པའི་སྒོམ་ལམ་ཆོས་ཤེས་ཆུང་འབྲིང་དགུ་རིམ་གྱིས་སྐྱེས་པ་ན། སྔོན་སྤངས་པའི་འདོད་ཉོན་དགུ་པོའི་གཉེན་པོ་ཟག་མེད་ཀྱི་དབང་པོ་རིམ་ཅན་དུ་སྐྱེས་པ་ཡིན་ལ། དེའི་ཚེ་ན་སྔོན་གྱི་སྤངས་པ་དགུ་པོ་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་པའི་ཕྱིར། བཅུ་དྲུག་པའི་རྟོགས་པ་ལ་གནས་ཙམ་གྱི་ཚེ་དེ་དག་དེར་འཇོག་པ་མ་ཡིན་ཏེ། དེའི་ཚེ་ན་འདོད་ཉོན་དགུ་པོ་སྤངས་པའི་འགོག་པ་དེ་སྤྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་ཀྱང༌། ས་དགུ་པོ་རང་རང་གི་གཉེན་པོར་གྱུར་བའི་དགེ་སྦྱོང་ཚུལ་གྱིས་ཐོབ་པ་མ་ཡིན་པའི་ཕྱིར། སྤྱིར་ནི་ཡིན་ཏེ། མཐོང་ལམ་བཟོད་པ་བརྒྱད་ཀྱིས་ཐོབ་པའི་འགོག་བདེན་དང་བྲལ་ཐོབ་གཅིག་གིས་བཅིངས་པའི་ཕྱིར། དེ་ལྟར་བཤད་པ་ན། སྤྱིར་ཕྱིར་མི་འོང་གི་འབྲས་བུ་ཡིན་ན་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་དགོས་ཀྱང༌། འདོད་ཉོན་དགུ་པ་སྤངས་པའི་ཕྱིར་མི་འོང་གི་འབྲས་བུ་ལ་འབྲས་བུ་གྱ་དགུ་པོ་གང་རུང་ཡིན་པས་མ་ཁྱབ་སྟེ། བཅུ་དྲུག་པ་ལ་གནས་ཟིན་པའི་འདོད་ཉོན་དགུ་པ་སྤངས་པའི་འགོག་བདེན་གྱིས་མ་ངེས་སོ། །དེ་ནས། ཇི་སྐད་དུ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི། །ཞེས་པར། འབྲས་བུ་ཐོབ་པའི་གནས་སྐབས་ནི་གཉིས་ཏེ། འབྲས་བུ་ཙམ་ཐོབ་པའི་དང༌། འབྲས་བུའི་ཁྱད་པར་ཐོབ་པའི་གནས་སྐབས་སོ། །དང་པོ་ལ་གཉིས་ཏེ། སྤྱིར་བཏང་བ་དང༌། དམིགས་བསལ་འོག་ནས་འཆད་པའོ། །དང་པོ་ལ། ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་པ་དང༌། སྤང་བྱ་མཐར་གྱིས་པའི་དབང་དུ་བྱས་པའོ། །དང་པོ་ནི། ཆགས་བྲལ་སྔོན་སོང་གི་ཚེ། བཅུ་དྲུག་པའི་རྟོགས་པ་ལ་དང་པོར་གནས་ཙམ་གྱི་ཚེ་ཡིན་ལ། གཉིས་པ་ནི། ལམ་ཟག་པ་ཡོད་མེད་གང་རུང་གིས་འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ཙམ་གྱི་ཚེ་ནའོ། །གཉིས་པ་ལ་ཡང༌། ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་པ་དང༌། མཐར་གྱིས་པའི་དབང་དུ་བྱས་པའོ། །དང་པོ་ནི། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་ཞུགས་པས་བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་ཉོན་མོངས་ལྷག་མ་སྤོང་བའི་ཟག་བཅས་ཀྱི་ལམ་མངོན་དུ་བྱེད་པ་ཙམ་གྱིས་ནི་མི་ཆོག་གི ཟག་མེད་ཀྱི་དབང་པོ་མངོན་དུ་བྱེད་པ་གཅིག་དགོས་པས་ན་འདོད་པའི་བདེན་པ་ལ་དམིགས་པའི་སྒོམ་ལམ་ཆོས་ཤེས་ནམ་ཐོབ་པ་དེའི་ཚེ་ན་ཕྱིར་འོང་གི་འབྲས་བུ་ཁྱད་པར་ཅན་ཐོབ་པ་ཡིན་ཏེ། དེའི་ཚེ་ན་སྔོན་སྤངས་པའི་དྲུག་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར། ཕྱིར་མི་འོང་ལའང་དེ་བཞིན་ཏེ། མཐོང་སྤང་གི་གཉེན་པོ་ལམ་རྗེས་ཤེས་ཀྱི་འཇུག་ཐོགས་སུ་སྒོམ་སྤང་གི་གཉེན་པོ་སྡུག་ཀུན་ལ་རྗེས་ཤེས་ཀྱིས་ཐོབ་པ་མངོན་དུ་བྱེད་དགོས་པའི་ཕྱིར། གཉིས་པ་མཐར་གྱིས་པའི་དབང་དུ་བྱས་ན། རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་པོའི་རྗེས་སུ་འདོད་ཉོན་དང་པོ་སྤོང་བྱེད་ཀྱི་སྒོམ་ལམ་ཟག་མེད་ཀྱི་ཐོབ་པ་ཙམ་གྱིས་མི་ཆོག་པར་དེ་ཉིད་མངོན་དུ་གྱུར་པ་དགོས་ཏེ། སྤང་བྱ་དེ་དག་ཕྱིས་སྤང་བར་བྱ་རྒྱུ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཚེ་རྒྱུན་ཞུགས་ཀྱི་འབྲས་བུའི་ཁྱད་པར་གྱི་ལམ་མངོན་དུ་བྱས་པ་ཞེས་བྱ་སྟེ། ལམ་ལྔ་མའི་རྣམ་གྲོལ་གྱི་རྗེས་སུ་ཕྱི་མའི་སྤང་བྱ་སྤོང་བར་མ་ཞུགས་པའི་ཕྱིར། ལམ་ཟག་བཅས་ཀྱི་འདོད་ཉོན་དང་པོ་སྤོང་བ་ལ། འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དང་པོ་སྤོང་བ་སོགས་ཀྱིས་ནི་མི་ཆོག་སྟེ། འཇིག་རྟེན་པའི་ལམ་དག་ནི་འཇིག་རྟེན་ལས་འདས་པའི་ཁྱད་པར་གྱིས་ལམ་དུ་མི་རུང་ཞིང༌། དེའི་ཁྱད་པར་གྱི་ལམ་མེད་པར་ཡང་འབྲས་བུ་སྔ་མ་ཁྱད་པར་ཅན་དུ་བྱེད་མི་ནུས་པའི་ཕྱིར། དེ་དང་འདྲ་བར། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་གྱི་དེ་མ་ཐག་ཏུ། ཁམས་གོང་མའི་ཉོན་མོངས་སྤོང་བྱེད་ཀྱི་གཉེན་པོ་ཟག་མེད་མངོན་དུ་བྱས་ན། དེའི་ཚེ་ཕྱིར་མི་འོང་གི་འབྲས་བུ་དེ་ཁྱད་པར་ཅན་དུ་བྱེད་པ་ཡིན་གྱི། ཟག་བཅས་ཀྱིས་དེར་མི་བྱེད་པ་ནི་སྔ་མ་བཞིན་ནོ། །དེའི་ཕྱིར་འབྲས་གནས་ཁྱད་པར་ཅན་ལ་ཕྱི་མའི་ཞུགས་པས་ཁྱབ་ཀྱང༌། རིམ་གྱིས་པའི་ཞུགས་པ་ཕྱི་མ་ལ་སྔ་མའི་འབྲས་གནས་ཁྱད་པར་ཅན་གྱིས་མ་ཁྱབ་སྟེ། དེའི་འབྲས་བུ་ཁྱད་པར་ཅན་ལ་གནས་པས་མ་ཁྱབ་པའི་ཕྱིར། མདོར་བསྡུ་ན། ལམ་ཟག་བཅས་ནི་གང་དང་གང་གི་འབྲས་བུ་ཙམ་པོ་འཐོབ་བྱེད་དུ་རུང་གི་ཁྱད་པར་ཅན་གྱི་མི་རུང་ལ། ཟག་མེད་ནི་ཙམ་ཁྱད་གཉིས་ཀའི་འཐོབ་བྱེད་དུ་རུང༌། དེ་ལྟ་ན་ཡང་ཙམ་པོ་ཐོབ་བྱེད་ཀྱི་ཟག་མེད་ནི་ཁྱད་པར་ཅན་འཐོབ་བྱེད་ཀྱི་ཟག་མེད་དུ་མི་རུང་སྟེ། སྤངས་བྱ་རིགས་ཐ་དད་ཀྱིས་ཆོད་པའི་ཕྱིར། གཉིས་པ་དམིགས་ཀྱིས་བསལ་ནི། ཆགས་བྲལ་སྔོན་སོང་བཅུ་དྲུག་པའི་ཚེ་ན་འབྲས་གནས་ཁྱད་པར་ཅན་མ་ཡིན་པར་ངེས་སམ་ཞེ་ན། འགྲེལ་པ་ལས། གང་ཞིག་བསམ་གཏན་གསུམ་པ་ལས། འདོད་ཆགས་དང་བྲལ། ས་འོག་མ་ལ་བརྟེན་ཏེ་ངེས་པར་འཇུག་པ་དེ་ནི་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་དོ། །དེ་ལྟ་མ་ཡིན་ན་དེའི་གོང་དུ་སྐྱེས་པ་དེ་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ། །ཞེས་གསུངས། དེའི་དོན་ནི། བསམ་གཏན་གསུམ་པ་མན་ཆད་ལ་ཆགས་བྲལ་བྱས་པའི་སོ་སོ་སྐྱེ་བོས་བསམ་གཏན་དང་པོ་ཉེར་བསྡོགས་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་དང་པོ་གཉིས་ཏེ་བཞི་པོ་གང་རུང་ལ་བརྟེན་ནས། བདེན་པ་མངོན་པར་རྟོགས་པའི་ཚེ། དང་པོ་བཅོ་ལྔ་ལ་གནས་པ་ཕྱིར་མི་འོང་ཞུགས་པ་དང༌། བཅུ་དྲུག་པ་ལ་གནས་པའི་ཚེ་ཕྱིར་མི་འོང་འབྲས་གནས་ཡིན་པ་ནི་རྟོགས་སླ་མོད། དེའི་ཚེ་ཙམ་པོ་ནི་མ་ཡིན་ཏེ། སྔོན་སྤངས་ཟིན་པའི་སྤང་བྱ་དེ་དག་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར། དེ་གང་ཞེ་ན། བསམ་གཏན་གསུམ་པའི་བདེ་བ་ནི་ངེས་པར་ཐོབ་ལ། དེ་ཟག་མེད་ཀྱི་དབང་པོར་ངེས་པའི་ཕྱིར། དེ་ཐོབ་པའི་རྒྱུ་མཚན། བསམ་གཏན་གསུམ་པ་ལ་ཆགས་བྲལ་བྱས་ཟིན་པས་བསམ་གཏན་ས་དྲུག་གི་ཚོར་བའི་དབང་པོ་རྣམས་ལས་གང་རུང་གཅིག་མངོན་དུ་བྱས་པ་ན་གཞན་ཡང་ལྡན་པའི་ཕྱིར་དང༌། མི་ལྡན་ན་དེ་དུས་ཀྱི་སྒོམ་ལམ་པ་དེ་ཁམས་གོང་མར་སྐྱེས་པའི་ཚེ། བསམ་གཏན་བཞི་པ་དང་གཟུགས་མེད་ཀྱི་རྟེན་གང་རུང་དུ་ངེས་ལ། རྟེན་དེ་ལ་བདེ་བའི་དབང་པོ་མི་ལྡན་པར་འགྱུར་ཏེ། རང་ས་ན་མེད་ཅིང༌། ས་འོག་མའི་བདེ་བ་དང་མི་ལྡན་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་ཤེས་པའི་དབང་པོ་དང་ལྡན་པའི་ཕྱིར། དེ་ལྟར་ལྡན་པ་དེ་ཟག་བཅས་ཀྱི་དབང་པོར་ཁས་ལེན་པ་ནི་མ་ཡིན་ཏེ། ཟག་བཅས་ནི་ས་འཕོས་པས་བཏང་བའི་ཕྱིར། འོ་ན་ཟག་མེད་ཀྱི་དེ་འདྲ་དེས་སྔོན་སོ་སྐྱེའི་ཚེ། བསམ་གཏན་གསུམ་པའི་དགེ་བ་ཟག་བཅས་ནི་བཏང༌། ཟག་མེད་ནི་མ་ཐོབ་པའི་བར་དེར་བཅུ་དྲུག་པ་མངོན་དུ་བྱས་པ་ན། བཅུ་དྲུག་པ་དེ་བསམ་གཏན་ས་དྲུག་པོ་གང་ལ་རྟེན་པའི་ས་དེར་གཏོགས་པའི་ཚོར་བའི་དབང་པོ་གང་དང་གང་ཡིན་པ་དེ་ནི་མཐོང་སྤང་ལ་ལྟོས་པའི་གཉེན་པོ་ཡིན་པས་ཙམ་པོའི་ལམ་ཡིན། དེ་གང་ལ་མ་རྟེན་པའི་བསམ་གཏན་གྱིས་ས་དེར་གཏོགས་པའི་ཚོར་བའི་དབང་པོ་དེ་ནི་ཁྱད་པར་ཅན་གྱི་ལམ་ཡིན། དེའི་ཕྱིར་ངེས་འཇུག་བསམ་གཏན་གསུམ་པ་ལ་བརྟེན་ན་ཟག་མེད་ཀྱི་ཡིད་བདེ་དང༌། དེ་བཞི་པ་ལ་བརྟེན་ན་ཟག་མེད་ཀྱི་བདེ་བ་དང་ཡིད་བདེ་བ་གང་རུང་ཁྱད་པར་ཅན་གྱི་ལམ་མོ། །ཞེས་པ་འདི་ངེས་པར་འཛིན་དགོས་སོ། །ཟག་མེད་ཀྱི་དབང་པོ་དེ་སྔོན་སྤངས་ཟིན་པའི་སྤང་བྱ་དེ་དག་གི་གཉེན་པོ་ཇི་ལྟར་ཡིན་ཞེ་ན། ཁམས་གོང་མའི་བདེན་པ་ལ་དམིགས་པའི་སྒོམ་ལམ་རྗེས་ཤེས་ནི་ཁམས་གོང་མའི་ཉོན་མོངས་པ་དག་གི་གཉེན་པོར་གནས་པའི་ཕྱིར། དེ་ལྟར་གནས་མོད། དེ་བཅུ་དྲུག་པའི་ཚེ་ཐོབ་པའི་རྒྱུ་མཚན་ཅི་ཞེ་ན། གསུམ་པ་ལ་ཆགས་བྲལ་སྔོན་སོང་དང་སྒོམ་ལམ་གྱི་གཞི་མཐུན་ཡིན་པས་སོ། །དེ་ཡང་ཆགས་བྲལ་སྔོན་དུ་མ་སོང་ན་ནི་དབང་པོ་དེ་སྒོམ་སྤང་གི་གཉེན་པོར་མི་རུང་སྟེ། དེ་འདྲ་དེ་མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་ཉིད་དུ་འདུག་པས་སོ། །ཆགས་བྲལ་སྔོན་སོང་ལ་ནི་མཐོང་སྤང་སྤངས་པའི་ཁྱད་པར་གྱི་ལམ་དུ་སོང་བའོ། །དེ་ལྟར་ན་གཞུང་འདི་ལྟར་ཡང་ཤུགས་བསྟན་ལས་འབྱུང་བ་ཡིན་ཏེ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི། །ལམ་ཐོབ་ཡོད་པ་འགའ་ཞིག་ལ། །འབྲས་གནས་ཁྱད་པར་བྱ་བའི་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་ན་ཡང་ཞུགས་པ་ཡིན། །ཞེས་པའོ། །འོ་ན་བཤད་མ་ཐག་པའི་རྣམ་གཞག་དེ་འདོད་པ་ཙམ་དང༌། བསམ་གཏན་དང་པོ་དང་གཉིས་པ་ཙམ་ལ་ཆགས་བྲལ་སྔོན་དུ་སོང་བ་ལ་མི་འཆད་པ་ཅི་ཞེ་ན། ཇི་སྐད་དུ། འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཞེས་རྗེས་ཤེས་འདོད་པའི་གཉེན་པོར་མི་རུང་བ་དང༌། བསམ་གཏན་གསུམ་པ་ལ་ཆགས་བྲལ་མ་བྱས་པའི་འཕགས་རྒྱུད་ཀྱི་བདེ་ཡིད་བདེ་བཏང་སྙོམས་གསུམ་པོ་གང་རུང་ལ་ཟག་མེད་ཀྱིས་མ་ཁྱབ་པའི་ཕྱིར། མ་ཁྱབ་སྟེ། བསམ་གཏན་དང་པོ་གསུམ་དུ་སྐྱེས་བའི་འཕགས་རྒྱུད་ལ་རང་ས་ཟག་བཅས་ཀྱིས་བསྡུས་པའི་ཚོར་བ་གསུམ་པོ་དེ་ཡོད་པའི་ཕྱིར། འོ་ན་བསམ་གཏན་གསུམ་པ་ལ་ཆགས་བྲལ་གྱིས་བསམ་གཏན་གསུམ་པ་ལ་བརྟེན་ནས་ཆགས་བྲལ་མངོན་དུ་བྱས་པ་དེའི་ཚེ་འབྲས་བུ་ཁྱད་པར་ཅན་མངོན་དུ་བྱེད་པར་མ་ངེས་པ་ཅི་ཞེ་ན། དེའི་ཚེ་བཅུ་དྲུག་པ་ལ་བསམ་གཏན་གསུམ་པའི་སས་བསྡུས་པའི་བདེ་བའི་དབང་པོ་འབྱུང་སྲིད་པའི་ཕྱིར། སྔ་མ་དང་མི་མཚུངས་ཏེ། འདིར་ས་མ་འཕོས། སྔར་བཤད་པ་དག་ལས་འཕོས་པའི་ཕྱིར། ཞེས་བྱ་བ་འདི་ཡིན་ནོ། །དེའི་འོག་ཏུ་སྤང་བྱ་མཐར་གྱིས་པ་འཆད་པ་ནི། ས་དང་ས་ན་ཉེས་རྣམ་དགུ། །ཞེས་སོགས་ཏེ། འདིར་བཤད་པའི་སྤང་གཉེན་ལ་དགུར་ཕྱེ་བ་དེ་དག་ནི་སྒོམ་སྤང་གཉེན་པོ་དང་བཅས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། སྤང་བྱ་མཐར་གྱིས་པ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། མཐོང་སྤང་གི་གཉེན་པོ་མཐོང་ལམ་ཆུང་འབྲིང་དུ་དབྱེ་བ་མ་བཤད་པའི་ཕྱིར། འདིར་དེ་ལྟར་བཤད་པའི་དགོས་པ་ནི། འོག་ནས་འབྱུང་བའི་འབྲས་གནས་ཀྱི་དབྱེ་བ་མང་པོ་པ་དེ་དག་བདེ་བླག་ཏུ་རྟོགས་པའི་ཕྱིར་ཡིན་ལ། དེ་ཡང་གཙོ་བོར་ནི་གཉེན་པོ་ཞི་རགས་ཀྱི་དབང་དུ་བྱས་པ་མང་བ་ཡིན་ཏེ། ཁམས་གོང་མར་ཉེར་འགྲོ་དག་དེ་དབང་དུ་བྱས་ནས་འཆད་དགོས་པའི་ཕྱིར། རིགས་ནས་རིགས་སུ་སྐྱེ་བ་དང༌། ཚེ་གཅིག་བར་ཆད་གཅིག་པ་ལ་ནི། གཙོ་བོར་གཉེན་པོ་ཟག་མེད་ཀྱི་དབང་དུ་བྱས་ནས་འཆད་དེ། དེ་ཉིད་རྒྱས་པར་འཆད་པ་ལ་བཞི་ལས། དང་པོ་རྒྱུན་ཞུགས་ལ་དབྱེ་གཞི་ནི། གོང་དུ་བཤད་ཟིན་པ་ཉིད་ཀྱིས་རྟོགས་པས། དབྱེ་བ་ལ་གཉིས་ལས། དང་པོ་ནི། འབྲས་གནས་སྒོམ་སྤང་བྱ་མ་ཟད། །ཅེས་པ། རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པའི་སྒོམ་སྤང་དང་པོ་ཙམ་ཡང་མ་སྤངས་པ་དེ་ལ། ཐམས་ཅད་ཀྱི་ཐ་ཤལ་དུ་གྱུར་པ་དང༌། དེ་མ་ཡིན་པའོ། །དང་པོ་ནི། དེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་པ་ཡིན་ལ། གཉིས་པ་ལ། སྤྱིར་སྐྱེ་བ་མི་ལེན་པ་དང༌། ལེན་པ་གཉིས། ལེན་པ་ལ། གཅིག་ཁོ་ན་ལེན་པ་དང༌། གཉིས་ལ་སོགས་པ་ལེན་པའོ། །དང་པོ་ལ་ཁམས་གོང་མར་སྐྱེ་བ་ལེན་མི་ལེན་གཉིས་ཡོད་ལ། གཉིས་པ་ལ་ནི་ཁམས་གོང་མར་སྐྱེ་བ་མེད་དེ། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་སོ། །འདོད་པར་མི་ལེན་པ་ལ། ཁམས་གོང་མར་ལེན་མི་ལེན་གཉིས། ལེན་པ་ནི་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ནས་ཡིན་ལ། དེ་ནི་ཁམས་གོང་མར་ཉེར་འགྲོའི་དབྱེ་བ་འོག་ནས་འབྱུང་བ་རྣམས་སོ། །འདོད་པར་ལེན་པ་ལའང༌། ཕྱིར་འོང་དུ་གྱུར་ནས་ལེན་པ་དང༌། དེར་མ་གྱུར་བར་ལེན་པའི་དབྱེ་བས་གཉིས་ཡིན་ལ། གཉིས་པ་ལ། མ་གྱུར་གོང་དུ་ལན་གཅིག་ལེན་པ་དང༌། མི་ལེན་པ་གཉིས་སུ་ངེས་ལ། རྒྱུན་ཞུགས་ཀྱི་རྟེན་ལ་སྐྱེ་བ་གཉིས་ཚུན་ཆད་བླངས་ནས་ཕྱིར་འོང་དུ་གྱུར་པ་ནི། འདོད་པར་སྐྱེ་བ་ལེན་པ་མི་སྲིད་དོ། །ཅེས་གཞན་དག་གསུང་ངོ༌། །རྒྱུན་ཞུགས་སྲིད་པ་ལན་བདུན་པའི་རྒྱུད་ཀྱི་སྒོམ་ལམ་གྱི་སེམས་བརྟེན་དུ་པའི་བསམ་གཏན་དང་པོའི་ཉེར་བསྡོགས་ནི། དགེ་བ་དག་པ་བ་ཞི་གནས་ཀྱི་ངོ་བོར་གྱུར་པ་དེ་ཉིད་ཡིན་གྱི། ཞི་རགས་ཀྱི་རྣམ་པ་ཅན་ནི་མ་ཡིན་ཏེ། ཡིན་ན་འདོད་པའི་ཉོན་མོངས་པ་དག་སྤོང་བཞིན་པར་ཐལ་བའི་ཕྱིར་རོ། །སྲིད་པ་བདུན་ལེན་པ་ཡང༌། རྒྱུན་ཞུགས་ཀྱི་རྟེན་དེ་ཉིད་ལ་འདོད་པར་འཕེན་བྱེད་ཀྱི་ལས་གསོག་པ་ཡིན་གྱི། སྔོན་སོ་སྐྱེའི་དུས་སུ་གསོག་དགོས་པ་ལ་སོགས་པའི་བཤད་པ་ལུགས་འདི་ལ་མེད་དོ། །འདིར་འགྲེལ་པ་ལས་འབྱུང་བའི་བཤད་པ་ཕལ་ཆེར་ནི་གོ་བར་ཟད་ལ། འདི་སྐད་ཅེས། གང་ཞིག་མིའི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདས་ལ། གང་ཞིག་ལྷག་དག་གི་ནང་དུ་ཞུགས་པར་གྱུར་པ་ནི། དེ་ཁོ་ནར་འོངས་ཏེ་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་འབྱུང་བ་ནི། རྒྱུན་ཞུགས་ཐོབ་རྗེས་སུ་སྐྱེ་བ་ལེན་པའི་ཐོག་མ་མི་ནས་བཟུང་བའི་ཁྱད་པར་རོ། །འདིས་སྲིད་པ་བདུན་ལེན་པའི་ཤེས་བྱེད་དུ་ཐ་མའི་ཆ་མཐུན་གཉིས་ལུས་པ་དང༌། བརྒྱད་ལས་ལྷག་པ་མི་ལེན་པའི་ཤེས་བྱེད་དུ་དེ་སྲིད་ཀྱིས་རྒྱུད་ཡོངས་སུ་སྨིན་པའི་ཕྱིར། ཞེས་གསུངས་ལ། དེ་ཉིད་ཀྱི་རྒྱས་བཤད་དུ། བར་སྐབས་སུ་འཕགས་པའི་ལམ་མངོན་དུ་བྱེད་ཅིང༌། མྱ་ངན་ལས་འདའ་བར་མི་བྱེད། ཅེས་གསུངས། དེའི་དོན། གཞན་དག་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པ་ལ་འཆད་ཀྱང༌། དེ་ནི་སྲིད་པ་ཐ་མའི་ཚེ་ཁོ་ན་ལ་མངོན་དུ་བྱེད་པར་བཤད་ན་ལེགས་ཏེ། ཕྱིར་འོང་དང་གཉིས་ཀ་བསྡོམས་པའི་སྲིད་པ་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར། དེས་ན་ཟག་མེད་ལམ་གྱིས་ཉོན་མོངས་པའི་རྣམ་པ་བཞི་པའི་བར་སྤོང་བ་ལ་བཤད་ན་ལེགས་སོ། །འགྲེལ་པར། ཀུན་ཏུ་སྦྱོར་བ་བདུན་པོ་ཐ་མའི་ཆ་མཐུན་གཉིས་དང་གོང་མའི་ཆ་མཐུན་ལྔ་ལུས་པའི་ཕྱིར། ཞེས་པ་འདི། སྲིད་པ་བདུན་དང་ཀུན་སྦྱོར་བདུན་བསྒྲུབ་བྱ་སྒྲུབ་བྱེད་དུ་འཆད་པ་ཉིད་འགྲེལ་པའི་དགོས་པར་བྱས་ནས། སློབ་དཔོན་འདུལ་བཟང་ལ་སོགས་པའི་བརྒལ་ལན་མང་པོ་ཡོད་པར་སྣང་ཡང༌། ཕྱིས་དཔྱད་པར་བྱའོ། །ཡང་ཇི་སྐད་དུ། སངས་རྒྱས་འབྱུང་བ་མེད་ན་ཁྱིམ་པ་ཁོ་ནས་དགྲ་བཅོམ་པ་ཉིད་ཐོབ་ལ་ཁྱིམ་ན་མི་གནས་སོ། །ཆོས་ཉིད་ཀྱིས་ཐོབ་པའི་དགེ་སློང་གི་མཚན་མ་ཡང་ཐོབ་བོ། །ཞེས་འབྱུང་བ་དེའི་དོན་ནི། སངས་རྒྱས་ཀྱི་འཁོར་དུ་བྱུང་བའི་ཉན་ཐོས་ཡིན་ཀྱང༌། སྲིད་པ་བདུན་པའི་སྐབས་སུ། སངས་རྒྱས་མ་བྱོན་པའི་འདོད་པའི་ཁམས་ཀྱི་ཁྱད་པར་ལ་ལར་སྐྱེས་ནས། ཉན་ཐོས་ཀྱི་དགྲ་བཅོམ་པ་ནི་མངོན་དུ་མི་བྱེད་དེ། དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ངེས་པར་ལྟོས་པའི་ཕྱིར། དེས་ན་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་ལ། དེ་བྱས་ནས་དགེ་སློང་གི་མཚན་མ་མངོན་དུ་བྱེད། ཅེས་པ་ནི་དོན་དམ་པའི་དགེ་སློང་ལ་དགོངས་པ་མ་ཡིན་གྱི། རིས་བརྒྱད་ཀྱི་དགེ་སློང་ཉིད་ལ་འཆད་དགོས་པ་ཡིན་ཏེ། སོ་ཐར་སྡོམ་པའི་ཐོབ་རྒྱུ་བཅུའི་ནང་ན། དགེ་སློང་གི་མཚན་མ་ཞེས་པ་ན། ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ་ཡིན་གྱི། དོན་དམ་པའི་དགེ་སློང་གི་ཀུན་སྤྱོད་ལ་འཆད་དགོས་པ་ནི་མ་ཡིན་ནོ། །འབྱུང་བ་མེད་ན་ཁྱིམ་པ་ཁོ་ན་ཞེས་པའི་ཤུགས་ལ། འབྱུང་བ་ཡོད་ན་སློབ་འབྲས་གསུམ་པོ་རབ་ཏུ་བྱུང་བའི་རྟེན་ལ་མངོན་དུ་བྱེད་པར་གསལ་ལོ། །སངས་རྒྱས་འབྱུང་བ་དང་མ་ཕྲད་ན་སྐྱེ་སྲིད་བརྒྱད་ལས་ལྷག་པ་ལེན་ནམ་སྙམ་པའི་དོགས་པ་བཅས་པའི་ཕྱིར་དུ་འདི་དག་གསུངས་པ་ཡིན་ཏེ། སྲིད་པ་ཐ་མའི་ཚེ་ཆོས་སྟོན་པའི་སློབ་དཔོན་མེད་ན་འབྲས་བུ་ཕྱི་མ་མངོན་དུ་བྱེད་མི་ནུས་པའི་ཕྱིར་སྙམ་པའི་དོགས་པ་ཡོད་པས་སོ། །ཡང་ཇི་སྐད་དུ། ཅིའི་ཕྱིར་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ཞེ་ན། དེར་འགྲོ་བའི་ལས་མི་གསོག་པའི་ཕྱིར་དང༌། རྒྱུད་རྣམ་པར་སྨིན་པ་དང་མི་མཐུན་པའི་ཕྱིར། ཞེས་བཤད། དོན་ནི། རྒྱུན་ཞུགས་ཀྱི་རྟེན་དེ་ངན་འགྲོར་འཕེན་བྱེད་ཀྱི་ལས་མི་སོག་པ་དང༌། སྔོན་བསགས་པ་ཡང་རྫོགས་པར་མི་བྱེད་ཅེས་པའི་དོན་ཡིན་ལ། དེའི་ཤུགས་ལ། བདེ་འགྲོར་འཕེན་བྱེད་ཀྱི་ལས་ནི་རྟེན་དེ་ལ་སོག་པ་ཡོད་པར་བསྟན་ནོ། །ཡང་ཇི་སྐད་དུ། མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མི་བརྗོད་དོ། །ཞེས་བཤད། དེའི་དོན་ལ་ཕལ་ཆེ་བ་དག་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཉིད་ལ། མྱོང་བར་ངེས་པ་དང༌། མ་ངེས་པ་གཉིས་སུ་འབྱེད་ཅེས་གསུངས་ཡང༌། གཞན་ཞེས་པ་འཕགས་པ་ལས་གཞན་སོ་སོ་སྐྱེ་བོ་རྒྱུད་ཡོངས་སུ་སྨིན་པ་དག་ཡིན་ལ། མ་ངེས་ཞེས་པ་ནི་སྲིད་པ་བརྒྱད་ལ་སོགས་པ་ལེན་སྲིད་པས་འདིར་མི་བརྗོད་ཅེས་པའི་དོན་ཡིན་གྱི། བདུན་ལས་ཉུང་བ་ནི་འདིར་བརྗོད་ཟིན་པ་ཡིན་ཏེ། འབྲས་གནས། རེ་ལྟར་ཐོགས་ན། ཞེས་པ་རྩ་འགྲེལ་གྱིས་དོན་དེ་ཉིད་བསྟན་ཟིན་པའི་ཕྱིར། དེ་ནས། །རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་པ། སྤངས་པ་དང༌། སྐྱེ་བའི་ཁྱད་པར་རྩ་བར་དངོས་སུ་བསྟན་ནས། འགྲེལ་པར། དབང་པོ་ལས་ནི་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་རོ། །ཞེས་གསུངས། དོན་ནི། རྒྱུན་ཞུགས་ཙམ་པོ་ཐོབ་རྗེས་སུ། ཟག་མེད་པར་ཆད་མེད་པའི་ལམ་གྱི་རྣམ་པ་གསུམ་སྤངས་པ་ངེས་པར་དགོས་ཀྱི། ཟག་བཅས་ཀྱིས་ནི་མི་ཆོག་སྟེ། ཟག་བཅས་ཀྱི་སྤངས་པ་ལོག་ནས་སོར་མ་ཆུད་པར་སྐྱེ་བ་གསུམ་ལས་མང་བ་ལེན་སྲིད་པའི་ཕྱིར། རིགས་ནས་རིགས་སྐྱེ་ལ་རྒྱུན་ཞུགས་ཁྱད་པར་ཅན་གྱིས་ཁྱབ་པར་ཀུན་གྱིས་འཆད་པ་དེའི་ཤེས་བྱེད་ནི་སྤང་བྱ་ལྷག་མའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ལས་ཡིན་གྱི། ཕྱིར་འོང་ཐོབ་ཕྱིར་དུ་བརྩོན་པ་ཙམ་གྱིས་ནི་མ་ཡིན་ཏེ། ཟག་བཅས་ཀྱི་སྤངས་པ་ལམ་དང་བཅས་པ་ནི་ཞུགས་ལམ་དུ་མི་རུང་བའི་ཕྱིར། ཇི་སྐད་དུ། དེ་ཡི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་མ་སྨོས་ཀྱང་འགྲུབ། ཅེས་པའི་དོན། སྤངས་པ་དང་སྐྱེ་བའི་ཁྱད་པར་གཉིས་ཚོགས་པས་འགྲུབ་པ་ཡིན་ཏེ། གཉེན་པོ་དེ་མ་ཐོབ་ན་སྐྱེ་བའི་ངེས་པ་དེ་མི་རུང་བའི་ཕྱིར། དབྱེ་ན་གཉིས་ལས། ལྷའི་རིགས་ནས་རིགས་སྐྱེ་ནི། ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་པ་ཞིག འདོད་པའི་ལྷར་སྐྱེ་བ་གཉིས་སམ་གསུམ་བླངས་ནས་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །འགྲེལ་པའི་ཚིག་རིགས་ལ། ལྷ་དག་གི་ནང་དུ་གཉིས་སམ་གསུམ་འཁོར་ནས། ལྷའི་རིགས་དེའམ། ཞེས་སྐྱེ་བ་བཞི་ལེན་པ་ལྟ་བུར་བཤད་ཀྱང༌། གསུམ་ཉིད་ལས་མ་འདས་སོ། །ཡང་གཞུང་འདིའི་ཤུགས་ལ། རྣམ་གཅིག་རྣམ་གཉིས་ལས་གྲོལ་བ། །ཚེ་བཞི་ཚེ་ལྔ་རིགས་ནས་རིགས། །ཞེས་འདོན་དགོས་ཏེ། འདི་ནི་བཤད་པ་བྱེད་པ་རྣམས་ཀྱིས་དཔྱད་པ་མི་སྣང་བས་དཔྱད་དགོས་སོ། །ཞེས་ཟེར་བ་དང༌། ཡང་གཞན་དག་ན་རེ། དེ་ལྟར་དཔྱོད་དགོས་པ་བདེན་ཏེ། གཅིག་ཀྱང་མ་སྤངས་པ་དང༌། གསུམ་ནས་དགུའི་བར་ལ་རེ་རེ་ཞིང་རྣམ་པར་དཔྱད་པ་གཞུང་ལས་མཛད་ཟིན་པའི་ཕྱིར། ཞེས་གསུངས་སོ། །གཞུང་རིགས་པ་མཚུངས་པར་སྦྱོར་བ་འཐད་དུ་ཆུག་ཀྱང༌། དེ་འདྲ་དེ་རིགས་ནས་རིགས་སྐྱེར་ནི་མི་རུང་སྟེ། རྩ་འགྲེལ་ནས་བཤད་པའི་མཚན་ཉིད་མ་ཚང་བའི་ཕྱིར། རྣམ་པ་གཅིག་དང་གཉིས་སྤངས་པ་ལ་མ་དཔྱད་པ་མ་ཡིན་ཏེ། སྲིད་པ་ལེན་བདུན་པའི་རིགས་རྒྱུན་གྱི་ནང་དུ་འདུས་པའི་ཕྱིར། འདི་དཔྱད་དགོས་ཏེ། རིགས་ནས་རིགས་སུ་སྐྱེ་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཞེས་བྱ་བ་གཅིག་ངོས་བཟུང་དུ་ཡོད་དམ་མེད། ཡོད་ན་གང་ཡིན། མེད་ན་དེ་རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་ལ་གནས་པར་འགྱུར་རོ། །ཞེ་ན་ལམ་ཟག་མེད་ཀྱིས་འདོད་ཉོན་གསུམ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། འགོག་པའི་བདེན་པ་རིགས་ནས་རིགས་སྐྱེའི་རྒྱུད་ལ་ཡོད་པ་དེ་ནི། སྤྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ཀྱང༌། རྒྱུན་ཞུགས་གྱི་འབྲས་བུ་མ་ཡིན་ཏེ། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་དེའི་འབྲས་བུ་ཁྱད་པར་ཅན་དུའང་མི་རུང་ངོ༌། །དེས་ན་རིགས་ནས་རིགས་སྐྱེ་རྐྱང་པར་མ་ཟད། འབྲས་གནས་བཞི་པོའི་དབྱེ་བ་མཐའ་དག་ལ་དེ་དང་དེའི་འབྲས་བུ་ལོགས་པ་འཛིན་རྒྱུ་ཡོད་པ་གཞུང་འགྲེལ་ལས་མ་བཤད་ཅིང༌། རིགས་པས་མི་འཐད་དོ། །འོ་ན་དེའི་རྒྱུད་ཀྱི་རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་དེ་གང་ལ་བྱ། ཞེ་ན། ཙམ་པོ་ནི་མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་འགོག་བདེན་དང༌། དེ་འཛིན་བྱེད་ཀྱི་ཐོབ་པ་བཅུ་དྲུག་པ་ལམ་རྗེས་ཤེས་ཀྱིས་བསྡུས་པ་དེ་ཉིད་ཡིན་ལ། ཁྱད་པར་ཅན་ནི། སྔ་མ་དེའི་སྟེང་དུ་སྡུག་ཀུན་ལ་ཆོས་ཤེས་ཀྱིས་བསྡུས་པའི་ཐོབ་པས་ཁྱད་པར་དུ་བྱས་པའོ། །ཆོས་ཤེས་དེ་ལའང་ཆུང་འབྲིང་གི་དབྱེ་བ་དགུ་ལས། འདིར་ངོས་འཛིན་ནི་འབྲིང་པོ་སྐོར་གསུམ་ཚུན་ཆད་ཀྱི་ཐོབ་པ་དང་ལྷན་ཅིག་པའོ། །དེ་ཡང་དཔེར་ན། འདོད་ཉོན་དྲུག་པའི་གཉེན་པོ་ལམ་ཟག་མེད་ཀྱི་ཐོབ་པ་དང་ལྷན་ཅིག་པའི་མཐོང་སྤང་སྤངས་པའི་འགོག་བདེན་དང༌། དེའི་སྡོམ་པ་ཟག་མེད་ལྟ་བུའོ། །དེ་ནས་ཇི་སྐད་དུ། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་གཞིར་བྱས་པ་ལ། ཟག་མེད་དུ་མ་ཟད། ཟག་བཅས་ཀྱིས་ཀྱང་རྣམ་པ་གཅིག་ནས་ལྔའི་བར་བཅོམ་པ་དེ་ནི་གཉིས་པ་ལ་ཞུགས་པ་ཞེས་བྱ་སྟེ། དེ་ཐོབ་ཕྱིར་དུ་བརྩོན་པའི་འབྲས་གནས་ཡིན་པའི་ཕྱིར། དེ་འདྲ་དེ་འབྲས་གནས་ཁྱད་པར་ཅན་དུ་འཇོག་བྱེད་ཀྱི་འབྲས་བུ་ནི་ངོས་བཟུང་བར་དཀའ་བ་ཡིན་ཏེ། ཁྱད་པར་ཅན་དུ་འཇོག་བྱེད་ཀྱི་ལམ་ཐོབ་པ་མེད་པའི་ཕྱིར། དེ་ལྟར་བྱས་ན་འདི་སྐད་དུ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི། །ལམ་ཐོབ་མེད་ཀྱང་ཕྱི་མ་ལ། །བརྩོན་བཞིན་པ་དེ་ཞུགས་པ་ཡིན། །ཞེས་ཀྱང་སྦྱར་རོ། །དེ་ནས། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་གཅིག་ཕྱིར་འོང་བ། །ཞེས་པར། གཞུང་དེས་གང་ཟག་ཕྱིར་འོང་ངོས་འཛིན་པ་ཡིན་གྱི། འབྲས་བུ་ངོས་འཛིན་པ་མ་ཡིན་ཏེ། དེ་དེའི་འབྲས་བུར་མི་རུང་བའི་ཕྱིར་དང༌། སྤང་བྱའི་ངོས་འཛིན་རྒྱ་ཆུང་བའི་ཕྱིར། དེ་ནས། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་པར། རྩ་བར་མ་བཤད་པའི་ཁྱད་པར་གསུམ་པ་ནི་སྤང་བྱ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ཞིག་དགོས་སོ། །དེ་གང་ཞེ་ན། འདོད་པའི་སྒོམ་སྤང་གི་གཉེན་པོ་ཡིན་པའི་ཕྱིར་ན་སྒོམ་ལམ་ཆོས་ཤེས་ལས་འོས་མེད་ལ། དེ་ལ་བར་ཆད་མེད་ལམ་དང་རྣམ་པར་གྲོལ་བའི་ལམ་གཉིས་ལས། རིམ་གྱིས་པའི་སྐབས་འདིར་ནི་བར་ཆད་མེད་པའི་ལམ་ཐོབ་པ་ལ་འཆད་དོ། །འོ་ན་འདིར། ཉོན་མོངས་བརྒྱད་པ་སྤངས་ན་དགུ་པ་ཡང་ཚེ་འདི་ཉིད་ལ་གདོན་མི་ཟ་བར་སྤོང་བ་མ་ཡིན་ནམ། ཞེ་ན་མ་ཡིན་ཏེ། འདིར་ནི་ཁམས་ལས་འདའ་དགོས་པས་དེ་སྤོང་བ་ཤིན་ཏུ་དཀའ་བའི་ཕྱིར། ཞེས་བཤད་ལ། དེའི་དོན་ནི། འདོད་པ་ཁམས་ཀྱི་རྣམ་སྨིན་དང་རྒྱུ་མཐུན་མྱོང་འགྱུར་ལས་འདའ་དགོས་པའོ། །དེའི་ཚེ་ལྔ་པ་སྤངས་ན་དྲུག་པ་གདོན་མི་ཟ་བར་སྤོང་བ་དང་མཚུངས་པ་མ་ཡིན་ནོ། །སྐབས་འདིར་འགྲེལ་པ་ལས། སྔོན་རྣམ་པ་གསུམ་དང་བཞི་སྤངས་པའམ། བདུན་དང་བརྒྱད་སྤངས་པ་འབྲས་བུ་ཐོབ་པ་ན། ཇི་སྲིད་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བའམ་བར་ཆད་གཅིག་པ་མ་ཡིན་ནོ། །ཞེས་གསུངས། དེའི་ཤུགས་བསྟན་ལ་ཁྱད་པར་ཅན་གྱི་ལམ་ཐོབ་པའི་ཚེ་དེ་དང་དེར་འཇོག་པར་གསལ་བས། གཉིས་པོ་ལ་ཆགས་བྲལ་སྔོན་སོང་གྲུབ་པ་ཡིན་ཏེ། གང་ཟག་གི་ཁྱད་པར་དེ་དང་དེར་འཇོག་བྱེད་ཀྱི་ཁྱད་པར་གསུམ་པོ་ཚང་བར་བཤད་པའི་ཕྱིར། ཁྱད་པར་ཅན་གྱི་ལམ་དེ་ནམ་གྱི་ཚེ་མངོན་དུ་བྱས་ཞེ་ན། རྣམ་པ་གསུམ་མམ་བདུན་ལྟ་བུ་སྔོན་བྱིས་པའི་ལམ་གྱི་སྤངས་ཟིན་པ་དེ་དག་གི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་དབང་པོ་ནམ་ཐོབ་པ་དེའི་ཚེ་ནའོ། །དེ་ཡང་ནམ་གྱི་ཚེ་ཞེ་ན། བཅུ་དྲུག་པའི་ཚེ་ན་མ་ཡིན་ཏེ། བཅུ་དྲུག་པ་ལམ་རྗེས་ཤེས་དེ་འདོད་པའི་ཉོན་མོངས་ཀྱི་གཉེན་པོའི་རིགས་སུ་མ་གྱུར་པའི་ཕྱིར་དང༌། འདོད་པའི་དགུ་པ་ལ་ཆགས་བྲལ་སྔོན་དུ་སོང་བ་ཡང་མ་ཡིན་པའི་ཕྱིར། དེ་བས་ན་འབྲས་བུ་ཕྱི་མའི་དོན་དུ་ཟག་པ་མེད་པའི་ལམ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་ནའོ། །དངོས་སུ་སྐྱེ་དགོས་པ་ནི་མ་ཡིན་ཏེ། ཐོབ་པ་སྔར་སྐྱེ་ཡོད་པའི་ཕྱིར། དེའི་ཤུགས་ཀྱིས་ལམ་ཟག་བཅས་ཀྱིས་སྤང་བྱ་ཕྱི་མ་སྤོང་བ་ལ་ཞུགས་པ་ཡིན་ན་ནི། གཉིས་པོ་རང་རང་གི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་དུ་སོང་ཡང༌། དེ་དང་དེ་མི་འཇོག་སྟེ། དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་མི་ཐོབ་པའི་ཕྱིར། འགྲེལ་ཚིག་འདིའི་ཤུགས་བསྟན་ལ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱས་ན་ཟག་མེད་ཀྱི་དབང་པོ་ཐོབ་པས་ཁྱབ་པར་བསྟན་པ་ཡིན་ཏེ། དེ་མངོན་དུ་བྱས་ན་གཉིས་པོ་དེ་དང་དེར་འཇོག་བྱེད་ཀྱི་ཆོས་གསུམ་ཚང་བར་བཤད་པའི་ཕྱིར། བཅུ་དྲུག་པའི་ཚེ་འདོད་པའི་གཉེན་པོ་ཟག་མེད་མི་ཐོབ་པར་བཤད་པ་འདི་ཡང༌། གོང་མའི་དངོས་གཞི་ལ་ཆགས་བྲལ་སྔོན་དུ་མ་སོང་བའི་དབང་དུ་བྱས་པ་ཡིན་ཏེ། དེ་སྔོན་དུ་སོང་བ་ལ། སྔོན་སྤང་བྱ་ཟག་བཅས་ལམ་གང་གིས་སྤངས་པའི་ལམ་དེའི་ཐོབ་པ་ཟག་བཅས་ས་འཕོས་པས་བཏང་ནས། བཅུ་དྲུག་པའི་ཚེ་ཟག་མེད་ཀྱི་དབང་པོ་རྙེད་པ་གཅིག་སྲིད་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ཡང༌། བཅུ་དྲུག་པ་ཉེར་བསྡོགས་དེ་ཉིད་ལ་རྟེན་པའི་ཚེ་ནི། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་དེ་ཉིད་ཟག་མེད་ཀྱི་དབང་པོ་ཡིན་ཀྱང༌། དེར་ཉེར་བསྡོགས་ཟག་བཅས་ཀྱི་ཐོབ་པ་ནི་བཏང་བ་མ་ཡིན་ཏེ། ས་མ་འཕོས་པའི་ཕྱིར་དང༌། དེའི་ཚེ་འདོད་ཉོན་དགུ་པ་སྤངས་པའི་འགོག་བདེན་ཐོབ་པ་ཟག་བཅས་ཙམ་པོ་ཡིན་གྱི། ཁྱད་པར་ཅན་མ་ཡིན། དེའི་དུས་ཀྱི་ཟག་མེད་ཀྱི་དབང་པོ་དེ་ཉིད་ནི་རྗེས་ཤེས་ཀྱིས་བསྡུས་པས་འདོད་པའི་གཉེན་པོར་མི་རུང་བའི་ཕྱིར་དང༌། ཇི་སྲིད་ཙམ་པོའི་ལམ་མ་བཏང་བ་དེ་སྲིད་དུ་ཁྱད་པར་གྱི་ལམ་མི་འབྱུང་བའི་ཕྱིར། དེ་ནས་ཇི་སྐད་དུ། དེ་དགུ་ཟད་པ་ཕྱིར་མི་འོང༌། །ཞེས་པ་འདི་ཡང༌། འབྲས་བུ་ངོས་བཟུང་བ་ནི་མ་ཡིན་ཏེ། སྤང་བྱ་རྒྱ་ཆུང་བའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར་ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཕྱིར། ཞེས་འབྱུང་བ་ནི་སྤངས་པ་བསྡོམས་པའི་ཕྱིར་ཏེ། གདོན་མི་ཟ་བར་སྔོན་གཉིས་སམ་གསུམ་སྤངས་པ་ཡིན་ནོ། །དེར་གཉིས་ཞེས་བཤད་པ་ནི་ཆགས་བྲལ་སྔོན་སོང་དང༌། གསུམ་ཞེས་བཤད་པ་ནི་རིམ་གྱིས་པའི་དབང་དུ་བྱས་པའོ། །དེ་དག་གི་དབྱེ་བ་ལ། ཁམས་གོང་མར་འགྲོ་བ་དང༌། མི་འགྲོ་བ་གཉིས་ལས། དང་པོ་ལ། གཟུགས་སུ་དང༌། གཟུགས་མེད་དུ་འགྲོ་བ་གཉིས། དང་པོ་ལ། བར་འདའ་བ། སྐྱེས་འདའ་བ། གོང་འཕོ་དང་གསུམ། གསུམ་པོའི་ཁྱད་པར་ནི། ཇི་སྐད་དུ། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་པ་ཉིད་ཡིན་ལ། དེ་ཡང་ཁམས་གོང་མ་འགྲུབ་བྱེད་ཀྱི་ལས་ནི་འཕགས་པའི་རྟེན་ལ་བསགས་པ་ལས་འོས་མེད་ལ། འཕེན་བྱེད་ཀྱི་ལས་ནི། ཆགས་བྲལ་སྔོན་དུ་སོང་ན་སོ་སོ་སྐྱེ་བོའི་དུས་སུ་བསགས་ལ། སྤང་བྱ་མཐར་གྱིས་པས་ནི་འཕགས་པའི་རྟེན་ལ་བསགས་པ་ཡིན་ཏེ། བཅུ་དྲུག་པའི་རྗེས་སུ་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་ཕྱིར། འཕགས་པའི་རྟེན་ལ་ཉེར་བསྡོགས་ཟག་མེད་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་ན་ནི་མཐོང་ཆོས་ཞིའི་རིགས་ཅན་ནོ། །གཟུགས་སུ་ཉེར་འགྲོ་འདི་ལ་སྲིད་རྩེ་འགྲོ་ཞེས་བྱ་བ་ནི་འཕགས་པའི་རྟེན་ལ་སྲིད་རྩེར་འཕེན་བྱེད་ཀྱི་ལས་བསགས་ཟིན་པ་ནི་མ་ཡིན་ཏེ། གཟུགས་ལ་ཆགས་བྲལ་མ་བྱས་པར་དེར་འཕེན་བྱེད་ཀྱི་ལས་མི་བསོགས་པའི་ཕྱིར། འོག་མིན་དུ་འཕེན་བྱེད་ཀྱི་ལས་ནི་འཕགས་པའི་རྟེན་དེ་ཉིད་ལ་བསགས་པ་ཡིན་ཏེ། དེར་འཕེན་བྱེད་ཀྱི་ལས་ནི་བསམ་གཏན་སྤེལ་མ་ལ་རག་ལས་པའི་ཕྱིར། ཇི་ལྟར་ཞེ་ན། ཟག་བཅས་ཀྱིས་བསམ་གཏན་བཞི་པ་ལ་རོ་མྱངས་པས་ནི་སྤྱིར་བསམ་གཏན་བཞི་པར་འཕངས་ལ། ཟག་མེད་ཀྱིས་ནི་སོ་སོ་སྐྱེ་བོའི་ས་འགྲུབ་པ་ཁེགས་པའི་ཕྱིར། སྤྱིར་བསམ་གཏན་སྤེལ་མ་སྒོམ་པ་འདི་གོང་དུ་འཕོ་བ་ཁོ་ནའི་རྒྱུ་མ་ཡིན་ཏེ། གནས་གཙང་མ་ལྔའི་སྐྱེ་འདའ་བ་ལ་ཡང་བསམ་གཏན་སྤེལ་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ན་སྤེལ་མ་ལས་མ་ཉམས་པའི་དབང་དུ་བྱས་ལ། ཉམས་ན་འཕར་བ་ལ་སོགས་པའི་དབྱེ་བས་གསུམ་མོ། །མ་ཉམས་པའི་ཚེ་ནི་འཕངས་པ་ཡིན་ལ། ཉམས་ནས་འགྲུབ་བྱེད་ཀྱི་ལས་བསོགས་ཚུལ་གྱི་དབྱེ་བས་གསུམ་མོ། །འཕེན་བྱེད་ལ་རྣམ་པ་ལྔའི་དབྱེ་བས་འབྲས་བུ་གནས་གཙང་མ་ལྔའོ། །དེ་དག་གི་ངོས་འཛིན་ལ། འགྲེལ་པ་ལས། དེ་ལས་འཕར་བ་ཞེས་བྱ་བ་ནི། འདིར་བསམ་གཏན་རྣམ་པར་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ། བསམ་གཏན་གསུམ་པ་ལས་ཡོངས་སུ་ཉམས་པ་ཚངས་རིས་པ་དག་གི་ནང་དུ་སྐྱེས་ནས། སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་པ་དག་གི་ནང་དུ་སྐྱེས་པ་གང་ཡིན་པ་སྟེ། དེ་ནི་བར་དུ་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །ཞེས་བཤད། འདིར་ཞེས་པས་འཕེན་བྱེད་ཀྱི་ལས་བསྟན། མྱངས་ཏེ་ཞེས་པས་གོང་མ་གསུམ་ལས་ཉམས་བྱེད་ཀྱི་རྒྱུ་བསྟན་ནས་འགྲུབ་བྱེད་ཀྱི་ལས་མེད་པར་བསྟན། སྔོན་ཞེས་སོགས་ཀྱིས་སླར་འགྲུབ་བྱེད་ཀྱི་ལས་སོག་པའི་ཚུལ་བསྟན་ནོ། །ཡང་ཇི་སྐད་དུ། ཆེད་དུ་འཕར་བ་ཞེས་བྱ་བ་ནི། དེ་ནས་གནས་གཙང་མ་རྣམས་སུ་སྐྱེས་ལ། བར་ནས་གནས་གཞན་འགའ་ཙམ་རྒལ་ཏེ་འོག་མིན་དུ་འཇུག་པའོ། །ཞེས་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་ནི། གནས་གཞན་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། །ཞེས་བཤད། དེའི་དོན་འཁྲུལ་པར་བཤད་པར་མང་བས། འདི་ལྟར་ཤེས་དགོས་ཏེ། ཚངས་རིས་སུ་སྐྱེས་པའི་བར་འཕར་བ་དང་འདྲ་ལ། རྟེན་དེ་ལ་སྤེལ་སྒོམ་དང་པོ་གསུམ་སོར་ཚུད་པར་བྱས། དེའི་ཕྱི་མ་ལ་གནས་གཙང་མ་དང་པོ་གང་རུང་སྐྱེས། རྟེན་དེ་ལ་སྤེལ་སྒོམ་ཆེ་ཤོས་སོར་ཚུད་པར་བྱས། དེ་ནས་འོག་མིན་དུ་སྐྱེ་བའོ། །ཐམས་ཅད་དུ་འཆི་འཕོ་བ་ཡང༌། གཞན་འདྲ་བ་ལ། ཚངས་རིས་ཀྱི་རྟེན་དེར་བསམ་གཏན་དང་པོའི་སྙོམས་འཇུག་འབྲིང་དུ་བསྒོམས་པས་མདུན་ན་འདོན་དུ་སྐྱེས། དེར་འབྲིང་དུ་བསྒོམས་པས་ཚངས་ཆེན་དུ་སྐྱེས། རྟེན་དེར་བསམ་གཏན་གསུམ་པའི་ཉེར་བསྡོགས་ཀྱིས་དང་པོ་ལ་ཆགས་བྲལ་བྱས་ཤིང༌། གཉིས་པོའི་དངོས་གཞི་ཆུང་ངུར་བསྒོམས་པས་འོད་ཆུང་དུ་སྐྱེ་བ་སོགས་རིམ་པར་བྱས་ནས། བསམ་གཏན་བཞི་པའི་རྟེན་ལ་སྤེལ་སྒོམ་ཆུང་ངུ་བྱས། མི་ཆེ་བར་སྐྱེས། རྟེན་དེ་ལ་འབྲིང་དྲུག་སྤེལ་བྱས། མི་གདུང་བར་སྐྱེས་པ་ནས། གྱ་ནོམ་སྣང་གི་རྟེན་ལ་སྤེལ་སྒོམ་ཆེ་ཤོས་སོར་ཚུད་པས་ཕྱི་མ་འོག་མིན་དུ་སྐྱེས་པའོ། །ཕྱིར་མི་འོང་འདི་དག་སྐྱེ་ས་གཅིག་ཏུ་ལན་གཉིས་སྐྱེ་བ་ནི་མེད་དེ། ཁྱད་པར་དུ་འགྲོ་བའི་ཕྱིར། འོག་མིན་ནས་གཟུགས་མེད་དུ་སྐྱེ་བ་ལེན་པ་ནི་མི་སྲིད་དེ། དེའི་མཐར་ཐུག་འགྲོ་ཞེས་བཤད་པའི་ཕྱིར་དང༌། གཟུགས་མེད་ཀྱི་རྟེན་ལ་འདའ་བ་དེ་ཡིན་ན། གནས་གཙང་དུ་མི་འགྲོ་བས་ཁྱབ་པའི་ཕྱིར། འདིའི་ཐད་ཀྱི་འགྲེལ་པར། འདི་ལྟར་ན་འདིས་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། གང་དུ་སྐྱེས་པ་དེ་དང་དེའི་འོག་སར་ཕྱིར་མི་འོང་བའི་ཕྱིར། ཞེས་བཤད། མི་སྐྱེ་བ་དེ་ལྟ་མོད་ཀྱི། དེར་སྐྱེ་བའི་ལས་གྲངས་གཞན་ལ་མྱོང་གྱུར་གྱི་ལས་མ་ངེས་པ་ཞིག་སོགས་པར་ནི། གོང་དུ། འདོད་ཆགས་བྲལ་བ་མི་རྟེན་པའི། འཕགས་པས། ཞེས་འདོན་དགོས་པ་ཉིད་ཀྱིས་བསྟན་ནོ། །དེ་ལྟར་བཤད་པ་དེ་རྟེན་འདོད་པ་ཁོ་ནའི་དབང་དུ་བྱས་སོ་སྙམ་ན། དེའི་ཤེས་བྱེད་གོང་སའི་རྟེན་ལ་འོག་སའི་ཉོན་མོངས་མི་འབྱུང་བ་ལ་བསམས་པ་ཡིན་མོད། དེ་ལྟར་གོང་མའི་རྟེན་ལ་སོ་སོ་སྐྱེ་བོས་ཀྱང་འོག་མར་འཕེན་བྱེད་ཀྱི་ལས་གསོག་པ་མི་སྲིད་པ་ཉིད་དུ་འགྱུར་རོ། །ཡང་བར་འདའ་བའི་ཐད་ཀྱི་འགྲེལ་པར། སྲིད་པ་བར་མར་ཡོངས་སུ་མྱ་ངན་འདའོ། །ཞེས་དང༌། སྐྱེ་འདའ་བའི་ཐད་དུ། ཕུང་པོའི་ལྷག་མ་དང་བཅས་པར་འདའ་བ་ཞེས་བཤད་པ་ལ་བརྟེན་ནས་སྔ་མ་རྣམས་འདིས་ལྷག་བཅས་མངོན་དུ་མ་བྱས་པར་ལྷག་མེད་དུ་འདའ་བ། ཞེས་དང༌། གཞན་དག་དེ་འདྲ་མི་སྲིད་པས་ལྷག་མེད་ཉེ་བ་ལ་དགོངས་པ་ཡིན་ནོ། །ཞེས་དང༌། ཁ་ཅིག གཉིས་པོ་མཉམ་པོར་མངོན་དུ་བྱས་པ་ཡིན། ཞེས་ཟེར་རོ། །ལུགས་ཕྱི་མ་ནི། ཁོ་བོའི་མ་མོ་བཤམ་མོ་ཞེས་ཟེར་བ་དང་འདྲ་བས། མི་སྲིད་ལ། ལྷག་བཅས་སྔོན་དུ་སོང་བའི་ལྷག་མེད་དུ་མ་ཟད་དེ་སྔོན་དུ་མ་སོང་བའི་ལྷག་མེད་ཀྱང་སྲིད་པར་མངོན་ཏེ། བར་དོའི་ཕུང་པོའི་རྒྱུན་འགག་པ་དང་དུས་མཉམ་དུ་ཉོན་མོངས་མ་ལུས་པར་སྤངས་པ་འབྱུང་བ་ལ་འགལ་བ་མེད་པའི་ཕྱིར། སྔོན་དུས་ཀྱི་སྲིད་པ་དང་མི་མཚུངས་ཏེ། དེར་ནི་ཕུང་པོའི་རྒྱུན་འགག་དཀའ་བའི་ཕྱིར། ཡང་བསམ་གཏན་དང་པོ་ནས་ཤི་འཕོས་ནས་གཉིས་པའི་བར་དོར་འདའ་བ་ལྟ་བུ་མི་སྲིད་དེ། བསམ་གཏན་དང་པོ་ནས་གཉིས་པར་སྐྱེ་བའི་བར་དོ་ནི་འདུ་ཤེས་མི་གསལ་ལ། འདོད་པ་ནས་ཤི་འཕོས་པའི་བར་དོའི་འདུ་ཤེས་གསལ་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྤྱིར་འདོད་ཁམས་པ་འདུ་ཤེས་གསལ་བས་བར་དོར་འདའ་བར་བྱའོ། །སྙམ་པའི་འདུ་ཤེས་སྔོན་དུ་གཏོང་བའི་ཕྱིར་དང༌། ཅིག་ཤོས་ལ་དེ་མེད་པའི་ཕྱིར། ཞེས་སྔ་མ་རྣམས་གསུང་ངོ༌། །སྐྱེ་འདའ་བའི་འགྲེལ་པར། གཞན་དག་ན་རེ། དེ་ཡང་ཕུང་པོ་ལྷག་པ་མེད་པས་སོ། །ཞེས་ཟེར་རོ། །མ་ཡིན་ཏེ། ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ། །ཞེས་བཤད་པ་དེའི་དོན་ནི། རྟེན་དེ་ལ་ལྷག་མེད་མངོན་དུ་མི་བྱེད་པའི་དོན་ནི་མ་ཡིན་ཏེ། ཡིན་ན་རྟེན་དེ་ལ་མི་འཆི་བར་ཐལ་བའི་ཕྱིར་རོ། །དེས་ན་བར་འདའ་བ་ཚེ་འདོར་བ་ལ་དབང་མ་ཐོབ་ཀྱང༌། ཕུང་པོའི་རྒྱུན་འདོར་སླ་བའི་རྒྱུ་མཚན་གྱིས་ཚེ་ཚད་མ་རྫོགས་པར་དུས་མིན་དུ་ལྷག་མེད་མངོན་དུ་བྱེད་པ་དང་འདྲ་བ་མ་ཡིན་ཞེས་པའི་དོན་ནོ། །སླ་བའི་དོན་ཀྱང༌། དེར་འཕེན་བྱེད་ཀྱིས་འཕངས་ཀྱང༌། རྫོགས་བྱེད་ཀྱིས་རྫོགས་དགོས་པ་མ་ཡིན་པའི་དོན་གྱིས་སོ། །སྐྱེ་འདའ་བ་གསུམ་གྱི་གོ་རིམ་ནི། བྱེད་བཅས་སྔར་འབྱུང་བ་བསྟན་ཆོས་ཀྱི་ལུགས་དང༌། བྱེད་མེད་སྔར་འཆད་པ་མདོའི་ལུགས་སོ། །ཞེས་པ་འགྲེལ་པ་ལས་འབྱུང་ངོ༌། །གོང་འཕོ་ཡིན་ན་སྤྱིར་གཟུགས་ཁམས་ཀྱི་གོང་དུ་སྐྱེས་པ་ཉིད་དུ་མི་འདའ་བར་དེའི་གོང་དུ་འགྲོ་དགོས་པས་ནི་ཁྱབ་ལ། འོག་མིན་དང་སྲིད་རྩེར་འགྲོ་དགོས་པས་ནི་མ་ཁྱབ་སྟེ། འགྲེལ་པར། གོང་དུ་འཕོ་བ་ནི་གོང་དུ་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བ་གང་ཡིན་པ་སྟེ། ཞེས་དང༌། གོང་དུ་འཕོ་བ་བར་སྐབས་སུ་ཡང་མྱ་ངན་ལས་འདའ་བ་རུང་བར་ལྟའོ། །ཞེས་བཤད་པས་སོ། །སྲིད་རྩེའི་མཐར་ཐུག་འགྲོ་ལ། ངོས་འཛིན་གོང་དུ་འཕོ་བ་གཞིར་བྱས་ལ། བསམ་གཏན་མ་སྤེལ་བ་ཙམ་ཞིག་ལས་མ་བཤད་ཀྱང༌། འདོད་པའི་རྟེན་ལ་སྲིད་རྩེའི་སེམས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཅི་ཡང་མེད་ལ་ཆགས་བྲལ་བྱས་པ་ཞིག་ངེས་པར་དགོས་ཏེ། དེར་འཇོག་པ་ལ་སྲིད་རྩེར་འཕེན་བྱེད་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་ལྡན་པ་ཞིག་དགོས་པའི་ཕྱིར་དང༌། སྔོན་སོ་སྐྱེའི་དུས་སུ་ཡོད་པ་ནི་ས་འཕོས་པས་བཏང་བའི་ཕྱིར་དང༌། མ་བཏང་ན་ཡང་དེ་ཙམ་གྱིས་དེར་འཇོག་ན་འཆོལ་བར་འགྱུར་བའི་ཕྱིར། དེ་ལྟར་བྱས་ཀྱང༌། བསམ་གཏན་དང་པོའི་རོ་མྱངས་པ་སོགས་ཀྱིས་གཟུགས་ཁམས་སུ་རིམ་གྱིས་སྐྱེས་ཏེ། སྲིད་རྩེར་འགྲོ་བའོ། །འདིས་གཟུགས་ཀྱི་རྟེན་ལ་བསམ་གཏན་མི་སྤེལ་བ་ཅི་ཞེ་ན། འདིས་འདོད་པའི་རྟེན་ལ་ནི་མ་སྤེལ་ལ། འདོད་པའི་རྟེན་ལ་སྤེལ་བ་སྔོན་དུ་མ་སོང་ན་གཟུགས་ཀྱི་རྟེན་ལ་སྤེལ་མི་ནུས་པའི་ཕྱིར། འདོད་པའི་རྟེན་ལ་སྤེལ་མི་སྤེལ་གཉིས་འབྱུང་བའི་རྒྱུ་མཚན་ནི། ཞི་གནས་སྤྱད་པ་དང༌། ལྷག་མཐོང་སྤྱད་པའི་དབྱེ་བ་ལས་སོ། །བསམ་གཏན་སྤེལ་མ་ལས་ཉམས་བྱེད་བསམ་གཏན་དང་པོ་རོ་མྱང་ལ་བཤད་པ་འདི་ཡང་མཚོན་པ་ཡིན་གྱི། བསམ་གཏན་གཉིས་པའི་རོ་མྱངས་པ་དང༌། བསམ་གཏན་གསུམ་པའི་རོ་མྱངས་པས་ཉམས་པ་དག་དེ་དང་དེར་སྐྱེས་ནས། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བར་ཡང་བྱེད་དོ། །བསམ་གཏན་བཞི་པའི་རོ་མྱངས་པས་སྤྲིན་མེད་ལ་སོགས་པར་སྐྱེ་བ་དང་ཡོད་མོད། ཉམས་བྱེད་མ་ཡིན་ཏེ། ས་གཅིག་པའི་ཕྱིར། སྤྲིན་མེད་དུ་སྐྱེས་པ་དེ་ཡང་འཕར་བ་སོགས་བྱེད་པ་ལ་འགལ་བ་མེད་དེ། རིགས་པ་མཚུངས་པའི་ཕྱིར། གཟུགས་མེད་ཉེར་འགྲོ་ནི་འདོད་པའི་རྟེན་ལ་གཟུགས་ཀྱི་ཆགས་བྲལ་བྱས་ཤིང༌། དེ་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱིས་བྱས་པ་ཡིན་ཏེ། ཟག་མེད་ཀྱིས་ནི་ཁམས་གོང་མ་གཉིས་ལ་ཅིག་ཆར་དུ་ཆགས་བྲལ་བྱེད་པའི་ཕྱིར། དེ་ལའང་སྐྱེ་འདའ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་ལ། དེའི་ཚེ་གོང་འཕོར་འཇོག་པ་ལ་ནི། འདོད་པའི་རྟེན་ལ་སྲིད་རྩེའི་ཉེར་བསྡོགས་ཀྱིས་སྲིད་རྩེར་འཕེན་བྱེད་ཀྱི་ལས་བསགས། དེ་ལས་ཉམས་ནས་གཟུགས་མེད་དང་པོ་གསུམ་གང་རུང་དུ་སྐྱེས་ནས་མྱོང་འགྱུར་གྱི་ལས་བྱས་པ་ཞིག་དགོས་པ་ཡིན་ཏེ། འཕགས་པས་སྲིད་རྩེར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་འདོད་པའི་རྟེན་ལ་བསགས་ན། དེའི་གོང་འཕོར་མི་རུང་བའི་ཕྱིར་རོ། །འདི་དང་གཟུགས་སུ་ཉེར་འགྲོའི་སྲིད་རྩེ་འགྲོ་གཉིས་ཁྱད་པར་ནི། འདོད་རྟེན་ལ་གཟུགས་ཀྱི་ཆགས་བྲལ་བྱས་པར་འདྲ་ཡང༌། ཆགས་བྲལ་དེ་ལས་མི་ཉམས་པ་དང༌། ཉམས་པའི་ཁྱད་པར་དག་ཡིན་ཏེ། ཉམས་ན་གཟུགས་སུ་ཉེར་འགྲོ་དག་ཏུ་ཐལ་བའི་ཕྱིར་རོ། དེ་ནས། ཇི་སྐད་དུ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་པ། ཕྱིར་མི་འོང་གཞིར་བྱས་ནས་ཁམས་གོང་མར་འགྲོ་བ་ལས་གཞན་ཞེས་པ་ཡིན་ལ། གཙོ་བོར་ནི་ལམ་ཟག་མེད་ཀྱི་ཁམས་གོང་མ་ལ་ཆགས་བྲལ་བྱེད་པ་དག་སྟེ། གོང་མར་འཕེན་འགྲུབ་ཀྱི་ལས་གསོག་པ་མེད་པའི་ཕྱིར་རོ། །འདི་ལའང༌། བདེན་པ་མཐོང་བའི་ཚེ་དེ་ཉིད་ལ་འདའ་བ་དང༌། བདེན་པ་མཐོང་རྗེས་ཀྱང་ཚེ་གཞན་གྱི་དབང་དུ་བྱས་པ་གཉིས་ཡོད་དོ། །སྤྱིར་མཐོང་ཆོས་ཞིར་འཇོག་པ་ལ་ཕྱིར་འོང་ཡིན་པ་ཡན་ལག་ཏུ་དགོས་པ་ནི་མ་ཡིན་ཏེ། མཐོང་བའི་ཆོས་ལ་མྱང་འདས་མངོན་དུ་བྱེད་པ་ལ་དེའི་སྒྲ་བཤད་ཚང་བའི་ཕྱིར། དེ་ལྟ་ན་ཡང་ཁམས་གོང་མའི་རྟེན་ཅན་ནི་མ་ཡིན་དགོས་ཏེ། གཞན་ནི་ཞེས་པའི་ཚིག་གིས་ལོགས་སུ་བཀར་བའི་ཕྱིར་དང༌། ཁམས་གོང་འགྲོ་མ་ཡིན་པའི་ཕྱིར་མི་འོང་སླར་འདོད་པར་སྐྱེ་བ་ཡོད་དམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་འདི་སྨོས་པ་ཡིན་ནོ། །འོ་ན་ཁམས་གོང་མར་ཉེར་འགྲོ་འཇོག་པ་འདི་འདོད་རྟེན་ཅན་ཡིན་པ་གཞིར་བྱས་ནས། འབྲས་བུ་དང་པོ་གསུམ་ཚེ་གཅིག་ལ་མངོན་དུ་བྱས་པ་ཞིག་གི་དབང་དུ་བྱེད་དམ། རྒྱུན་ཞུགས་ཐོབ་པའི་ཚེ་གཉིས་པ་ལ་ཕྱིར་མི་འོང་ཐོབ་པ་སོགས་ལ་ཡང་ཁམས་གོང་འགྲོའི་རྣམ་གཞག་འཇོག་རྒྱུ་ཡོད་དམ་ཞེ་ན། དང་པོ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །ཞེས་འཆད་པ་ནི། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་པའོ། །དེས་ན་འདི་ཡང་མཐོང་ཆོས་ཞི་ཁོ་ནའོ། །ཡང་ཚེ་དང་པོ་ལ་རྒྱུན་ཞུགས་མངོན་དུ་བྱས། ཚེ་གཉིས་པ་ལ་ཕྱིར་འོང་མངོན་དུ་བྱས་པ་དེའི་ཚེ་དེ་ཉིད་ལ་འདའ་འམ་ཞེ་ན། དེ་ལྟར་བྱེད་པའམ། ཡང་ན་ཚེ་ཕྱི་མ་ལ་འདོད་པའི་ཁམས་སུ་ཕྱིར་མི་འོང་མངོན་དུ་བྱས་ཏེ་འདའ་བའོ། །དེས་ན་ཚེ་ཡོངས་གྱུར་དུ་འཇོག་པ་ལ། འཕགས་པ་ཐོབ་རྗེས་འདོད་པར་སྐྱེ་བ་གཅིག་བླངས་པ་ཙམ་གྱིས་ཆོག་པ་ཡིན་གྱི། སྐྱེ་བ་དུ་མ་ལེན་དགོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཚེ་གཅིག་བར་ཆད་གཅིག་པ་ཡང་ཁམས་གོང་མར་སྐྱེ་བ་ལེན་པ་མེད་ན། རིགས་ནས་རིགས་སྐྱེ་དང་སྲིད་པ་ལན་བདུན་ལྟ་ཅི་སྨོས། འོ་ན་བརྒྱ་བྱིན་གྱིས། ཇི་སྐད་དུ། བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་སྨྲས་པ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། བརྒྱ་བྱིན་གྱིས་ཆོས་མངོན་པ་མི་ཤེས་པས་ལན་ནོ། །ཞེས་ཟེར། བཅོམ་ལྡན་འདས་ཀྱིས་དགག་པར་རིགས་སོ་ཞེ་ན། བརྒྱ་བྱིན་དགའ་བར་བྱ་བའི་ཕྱིར་མ་བཀག་པ་ཡིན་ནོ། །ཞེས་ཟེར། འདིའི་དོན་ནི། བརྒྱ་བྱིན་དུས་དེར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཡིན་པར་བསམས་པ་མ་ཡིན་གྱི། དུས་དེར་རྒྱུན་ཞུགས་ཡིན་ལ། དེ་ནས་ཤི་ནས་མིའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་སྨོན་ལམ་བཏབ། དེར་མྱང་འདས་མངོན་དུ་མ་བྱས་ན་འོག་མིན་དུ་སྐྱེ་བའི་སྨོན་ལམ་བཏབ་པའོ། །དེ་སྐད་དུ་ཡང༌། བརྒྱ་བྱིན་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་བདག་ནི་རྒྱུན་ཞུགས་བདེར་གཤེགས་རྒྱུན་ཞུགས་ཏེ། ཞེས་རྒྱུན་ཞུགས་སུ་ཡང་བཤད། ཡང་ཇི་སྐད་དུ། བདག་འདི་ནས་ཤི་འཕོས་ནས་མིའི་ནང་དུ་མྱ་ངན་ལས་འདའ་བར་གྱུར་ཅིག དེར་མྱང་འདས་མ་ཐོབ་ན་གཟུགས་ཀྱི་ཁམས་སུ་སྐྱེ་བར་གྱུར་ཅིག ཅེས་བཤད་པ་ལ་བསམས་པའོ། །གཟུགས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་འགྲོ་བ་སྲིད་དེ། གཟུགས་སུ་ཉེར་འགྲོའི་སྲིད་རྩེ་མཐར་ཐུག་འགྲོ་བ་བཞིན་ནོ། །འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཁམས་གོང་མར་ཉེར་འགྲོ་འཇོག་པའི་གཞི་ནི། ཆགས་བྲལ་སྔོན་འགྲོ་ལ་ཡིན་ཏེ། སྤང་བྱ་མཐར་གྱིས་པ་ནི་འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ཉིད་དུ་ངེས་པས་སོ། །དེའི་ཤེས་བྱེད་ཀྱང༌། རྒྱུན་ཞུགས་ཀྱི་རྗེས་སུ་འདོད་ཉོན་སྤོང་ཚུལ་ལ། རིགས་ནས་རིགས་སྐྱེ་དང༌། ཚེ་གཅིག་བར་ཆད་གཅིག་པའི་རྣམ་གཞག་བྱས་ཀྱི། མཐོང་ལམ་གྱི་ལུས་རྟེན་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པའི་རྣམ་གཞག་མ་བཤད་པའི་ཕྱིར། ཞེས་ཀྱང་བརྟག་པར་ནུས་སོ། །ཡང༌། མྱུར་བ་སྲིད་པ་གསུམ་གྱི་འཐར། །ཞེས་པའི་སྐབས་ནས་འབྱུང་བ་ལྟར། ཚེ་གསུམ་ལ་འཕགས་ལམ་ཡོངས་སུ་རྫོགས་པར་སྐྱེད་ན་ནི། མཐོང་ཆོས་ཞིར་ངེས་པའི་ཕྱིར་དེ་བས་ཀྱང་དཀའ་བ་ཉིད་དོ། །ཅེས་ཀྱང་དཔྱད་པར་བྱའོ། །ཡང་དེ་འདྲ་དེ་ཁམས་གོང་དུ་མི་འགྲོ་བར་མ་ཟད། ཡོངས་སུ་ཉམས་པ་དང༌། དབང་པོ་འཕོ་བ་ཡང་མི་བྱེད་དོ། །དེ་བཞིན་དུ་ཁམས་གོང་མར་སྐྱེས་པའི་འཕགས་པ་ཡང་དབང་པོ་མི་འཕོ་ཞིང༌། ཡོངས་སུ་ཉམས་པར་མི་འགྱུར་རོ། །དེའི་ཤེས་བྱེད། འགྲེལ་པར། ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་རྣམས་ཚེ་ཡོངས་སུ་སྨིན་པའི་ཕྱིར་དང༌། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར། ཞེས་བཤད། གཏན་ཚིགས་དང་པོ་ནི་མི་ཉམས་པའི་ཤེས་བྱེད་དང༌། གཉིས་པ་ནི་དབང་པོ་མི་འཕོ་བའི་ཤེས་བྱེད་དུ་སྦྱོར་དགོས་པ་ལྟ་བུ་སྣང་ཡང་ཞིབ་མོར་འབྱེད་དགོས་ཏེ། འདོད་པར་ཚེ་ཡོངས་གྱུར་ཁམས་གོང་དུ་མི་འགྲོ་བ་དང༌། ཁམས་གཞན་དུ་མི་ཉམས་པ་དང༌། དབང་པོ་མི་འཕོ་བའི་ཤེས་བྱེད་ནི། གཏན་ཚིགས་དང་པོ་ཡིན་ལ། གོང་མར་སྐྱེས་པའི་འཕགས་པ། མི་ཉམས་པ་དང༌། དབང་པོ་མི་འཕོ་བའི་ཤེས་བྱེད་ནི་གཏན་ཚིགས་གཉིས་པ་དེའོ། །དེ་ཡང་དབང་པོ་འཕོ་བའི་དགོས་པ་ནི། ཉམས་ཀྱིས་དོགས་པ་དང༌། སྤང་བྱ་ལྷག་མ་སྤོང་བའི་ཕྱིར་ཡིན་ལ། ཆོས་ཅན་དུ་བཟུང་བྱ་གཉིས་པོ་ཡོངས་སུ་ཉམས་པ་མི་སྲིད་ཅིང༌། གཅིག་ནི་སྤང་བྱ་སྤངས་དཀའ་བ་རྣམས་སྤངས་ཟིན་པས་དེའི་ཕྱིར་དུ་འཕོ་མི་དགོས་པ་དང༌། སྤངས་དཀའ་བ་གང་ཞེ་ན། འདོད་པའི་ཉོན་མོངས་སོ། །དེ་སྤངས་ཟིན་ཀྱང་རྟེན་ཁྱད་པར་ཅན་མ་ཐོབ་ན་ལྡོག་སྲིད་པས་དེ་ཐོབ་པའི་ཕྱིར། ཞེས་སྨོས་སོ། །དང་པོ་མི་ཉམས་པའི་ཤེས་བྱེད་དུ་ཚེ་རབས་གཞན་ནས་འདྲིས་པ་དང༌། དབང་པོ་མི་འཕོ་བའི་ཤེས་བྱེད་དུ་རྒྱུད་ཡོངས་སུ་སྨིན་པ་གཏན་ཚིགས་སུ་བཀོད་པའོ། །གཞུང་འདིའི་དངོས་བསྟན་ལྟར་ན། ཇི་སྐད་དུ། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་ཞེས་བཤད་པའི་རིགས་དང་འབྲས་བུ་ཉམས་པ་དེ་ཡང་འདོད་པའི་རྟེན་ཁོ་ནའི་དབང་དུ་བྱས་པ་དང༌། འདོད་རྩེའི་མི་བརྟན་པའང་མིན། །ཞེས་པའི་སྐབས་ཀྱི་འཕགས་པས་ས་གང་ལ་ཆགས་བྲལ་བྱས་ཀྱང༌། བརྟན་པོ་མ་བྱས་པའི་ས་དེར་འཕེན་བྱེད་ཀྱི་ལས་སོག་པར་བཤད་པ་དང༌། ལམ་ཟག་བཅས་ཀྱི་སྤངས་པ་ལས་འཕགས་པ་རྣམས་ཉམས་པར་བཤད་པ་དེ་ཡང་འདོད་པ་ཁོ་ནའི་དབང་དུ་བྱས་པར་འཆད་དགོས་མོད། ཞིབ་མོར་ན། ཁམས་གོང་མའི་རྟེན་ཅན་གྱི་འཕགས་པ་འོག་མར་མི་སྐྱེ་ཡང༌། དེར་འཕེན་བྱེད་ཀྱི་ལས་སོག་པ་མི་འགལ་ཏེ། ལུགས་འདིར་འཕེན་བྱེད་ཀྱི་ལས་ནི་རྣམ་སྨིན་དང་ས་གཅིག་པ་མི་དགོས་པའི་ཕྱིར། དཔེར་ན། འཕགས་པ་གང་དུ་སྐྱེས་ཟིན་པའི་གོང་ས་དེ་ཉིད་དུ་སླར་མི་སྐྱེ་ཡང༌། དེར་འཕེན་བྱེད་ཀྱི་ལས་སོག་པ་མི་འགལ་བ་བཞིན། ཡང༌། ཁམས་གོང་གི་འཕགས་པ། དབང་པོ་འཕོ་བ་དང༌། ཉམས་པ་མི་སྲིད་ཀྱང༌། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་རིགས་དྲུག་འབྱེད་པ་མི་འགལ་བར་ནི། ཕྱིར་མི་འོང་སྐྱེ་འདའ་བ་སོགས་ལ་རྟེན་གྱི་དབྱེ་བ་འཆད་པའི་སྐབས་ལས་རྟོགས་པར་འགྱུར་རོ། །འོ་ན་རྒྱུན་ཞུགས་དང་ཕྱིར་འོང་འདོད་ཁམས་ཀྱི་བར་དོའི་རྟེན་ལ་འདའ་བ་དག་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། ལན་ལ། སློབ་དཔོན་རང་ཉིད་ཀྱི་དང༌། བྱེ་སྨྲའི་གཉིས་ལས། དང་པོ་ནི། ཇི་སྐད་དུ། ལམ་མ་འདྲིས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་དང༌། ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མ་ཡིན་པའི་ཕྱིར། ཞེས་གསུངས། གཉིས་པ་ནི། ཇི་སྐད་དུ། འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ། འདིས་ཉོན་མོངས་པ་མི་དགེ་བ་དང་ལུང་མ་བསྟན་པ་དང༌། དགེ་སྦྱོང་ཚུལ་གྱི་འབྲས་བུ་གཉིས་མ་གསུམ་ཐོབ་པ་དང༌། ཁམས་གསུམ་ལས་ཡང་དག་པར་འདའ་བ་དང༌། མང་པོ་ཞིག་བྱ་དགོས་ལ། དེ་ཡང་སྲིད་པ་བར་མ་ལ་གནས་པས་བྱ་བར་མི་ནུས་སོ། །ཞེས་ཟེར་རོ། །ཞེས་བཤད། དེ་ནས་བསམ་གཏན་སྤེལ་མ་སྒོམ་པའི་ཚུལ་བཤད་པ་ནི། སྦྱོར་བ་དང༌། དངོས་གཞི་གཉིས་ལས། དང་པོ་ནི། དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་པ། དངོས་བསྟན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་གྱི་སྦྱོར་བ་བཤད་ཀྱང༌། བསམ་གཏན་དང་པོ་གསུམ་ཀའི་སྤེལ་སྒོམ་དོན་གྱི་ཐོབ་པར་བསྟན་ཅིང༌། ཇི་སྐད་དུ། བསམ་གཏན་དང་པོའི་རོ་མྱངས་པས་ཉམས། །ཞེས་པའང་སྤེལ་སྒོམ་གྱི་སར་སླེབ་པའི་དབང་དུ་བྱས་སོ། །དང་པོ་གསུམ་ལ་འབྲས་བུ་གནས་གཙང་མའི་གྲངས་མེད་པར་སྤེལ་སྒོམ་ལྔའི་གྲངས་ངེས་མ་བཤད་ཀྱང༌། དགོས་པ་བདེ་བར་གནས་པ་དང༌། ཉོན་མོངས་པ་ཐག་སྲིང་བའི་ཕྱིར་དུ་སྤེལ་བར་བྱེད་དོ། །སྤེལ་བའི་དོན་ནི། ཟག་བཅས་དང་ཟག་མེད་སྤེལ་བ་ཡིན་ལ། དེའི་ཚུལ་ཡང་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་བར་བཤད་དོ། །དེ་ཡང་སྦྱོར་བའི་དུས་སུ་རྒྱུན་ལྡན་དང་དངོས་གཞིའི་ཚེ་ན་སྐད་ཅིག་བསྲེས་ནས་སྤེལ་བའོ། །སྐད་ཅིག་མ་ནི་བསྲེས་པས་འགྲུབ། །ཅེས་པ་གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་འཇུག་ཐོགས་སུ་ཟག་པ་དང་བཅས་པ་མངོན་དུ་བྱེད། ཟག་པ་དང་བཅས་པའི་འཇུག་ཐོགས་སུ་ཡང་ཟག་པ་མེད་པ་མངོན་དུ་བྱེད་ལ། དེ་ལྟར་ཟག་པ་དང་བཅས་པའི་སྐད་ཅིག་མ་དང༌། ཟག་པ་མེད་པ་དག་ཏུ་བསྲེས་པས་སྤེལ་མ་གྲུབ་པ་ཡིན་ཏེ། སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ལ། གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ། །ཞེས་ཟེར་རོ། །ཞེས་བཤད་པ་དེའི་དོན་ནི། དུས་ཀྱི་ཐུང་བའི་མཐར་ཐུག་པའི་ཟག་མེད་གཉིས་ཀྱི་བར་དུ་དེར་གྱུར་པའི་ཟག་བཅས་གཅིག་བསྲེ་ཞེས་བཤད་ཀྱི། འདིར་སྤེལ་ཞེས་མ་བཤད་པས་གསུམ་བསྲེས་དེ་གྲུབ་པའི་ཚད་དོ། །དེ་དུས་ཀྱི་ཟག་མེད་དང་པོ་ཟག་བཅས་དབུས་མ་ནི་བར་ཆད་མེད་ལམ་དང༌། ཟག་མེད་ཐ་མ་དེ་རྣམ་པར་གྲོལ་བའི་ལམ་མོ། །ཞེས་པ་ཉིད་རྣམ་བཤད་མཛད་པ་རྣམས་ཀྱི་འཆད་ཚུལ་ཡིན་ཀྱང༌། གོ་བ་ཆེར་མི་སྣང་བས་འདི་ལྟར་ཡང་བརྟག་ནུས་ཏེ། དངོས་གཞི་ལ་གཉིས་ཏེ། བར་ཆད་མེད་ལམ་དང༌། རྣམ་པར་གྲོལ་བའི་ལམ་མོ། །དང་པོ་ནི། ཟག་བཅས་དང་ཟག་མེད་གང་ཡང་རུང་བ་ཆ་མེད་པའི་སྐད་ཅིག་གི་རྗེས་སུ་ཅིག་ཤོས་དེ་མངོན་དུ་བྱེད་པའོ། །དེ་འདྲ་དེ་ལན་གཉིས་ཐལ་བའི་རྗེས་སུ་ནི་སྐད་ཅིག་སྔ་ཕྱིའི་རིམ་པ་མེད་པར་གཉིས་པོ་གཅིག་ཏུ་བསྲེས་པའོ། །བསྲེས་པའི་དོན་ཀྱང༌། གཅིག་མངོན་དུ་བྱས་པ་ན་ཅིག་ཤོས་མངོན་དུ་འགྱུར་བའོ། །དེ་ལ་ནི་རྣམ་པར་གྲོལ་བའི་ལམ་ཞེས་བྱའོ། །ཞེས་པ་ཉིད་དོ། །སློབ་དཔོན་ནི། དེ་ལྟར་བྱེད་པ་སངས་རྒྱས་ལས་གཞན་ལ་མི་འབྱུང་བས་རྒྱུན་ཇི་ལྟར་འདོད་པ་བཞིན་སྤེལ་ནུས་པའོ། །ཞེས་གསུངས། དེའི་ཚེ་སྦྱོར་བ་འབད་རྩོལ་གཅིག་གིས་རྒྱུན་ལྡན་གསུམ་སྤེལ་བ་དང་སྦྱོར་བ་གཅིག་གིས་གསུམ་པོ་དེ་ཉིས་འགྱུར་དུ་བྱེད་ཐུབ་པ་དང༌། སྦྱོང་བ་གཅིག་གི་ནང་དུ་དེ་ཉིད་ལན་གསུམ་བྱེད་ནུས་པ་ནས་ལྔ་ནུས་པའི་བར་རོ། །སྤེལ་སྒོམ་དེ་ནི་དང་པོར་མིའི་རྟེན་ཁོ་ན་ལ་བྱེད་ཅིང༌། ཕྱིས་ནི་གཟུགས་ཀྱི་ཁམས་སུ་ཡང་མངོན་དུ་བྱེད་དོ། །ཞེས་བཤད་ཅིང༌། ཡང་ཇི་སྐད་དུ། དེ་ལ་ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་སྐྱེའོ། །ཞེས་གསུངས་སོ། །དེ་ནས། ཇི་སྐད་དུ། འགོག་པ་ཐོབ་པ་ཕྱིར་མི་འོང༌། །ལུས་ཀྱི་མངོན་སུམ་བྱེད་པར་འདོད། །ཅེས་པ། འགོག་པའི་སྙོམས་འཇུག་ཐོབ་པ་མ་གཏང་བ་ཙམ་གྱིས་དེར་འཇོག་མི་ནུས་ཏེ། དེ་འདྲ་དེ་ནི་སྲིད་རྩེའི་རྟེན་ལ་ཡང་སྲིད་པའི་ཕྱིར། དེ་སྐད་དུ། འགྲེལ་པར། འདི་ལ་འགོག་པ་ཡོད་པས་ན་འགོག་པ་ཐོབ་པ་སྟེ། ཞེས་སོ། །ཅིའི་ཕྱིར་དེ་ཞེས་བྱ་ན། འདི་ལ་བྱེ་སྨྲའི་ལུགས་དང༌། སློབ་དཔོན་རང་གི་ལུགས་གཉིས་ལས། དང་པོ་ནི། སྙོམས་འཇུག་དེ་སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱེད་པས་ན་དེ་ཞེས་བྱའོ། །གཉིས་པ་ནི། ཇི་སྐད་དུ། འདི་ལྟ་བུ་ཡིན་པར་འགྱུར་ཏེ། དེ་འགོག་པ་དེ་ལས་ལངས་ནས་འདི་སྙམ་དུ། ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་དེ་ནི། མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ། རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་འཐོབ་པར་འགྱུར་ཏེ། དེ་ལྟར་ན་འདིས་དེའི་ཞི་བ་ཉིད་དུ་ལུས་ཀྱི་མངོན་དུ་བྱས་པ་ཡིན་ཏེ། ཐོབ་པ་དང་ཤེས་པས་མངོན་དུ་བྱེད་པ་དག་གིས་མངོན་སུམ་དུ་གྱུར་པ་ནི་མངོན་དུ་བྱེད་པ་ཡིན་ནོ། །ཞེས་བཤད། དེའི་དོན་ནི། རྗེས་ཐོབ་ཏུ་ལུས་ཞི་བ་ཉམས་སུ་མྱོང་བའི་རྟགས་ཀྱིས། མཉམ་གཞག་ཏུ་ལུས་ཞི་བ་དེ་ཐོབ་པར་དཔོག་པའོ། །དེ་ལྟར་དཔགས་པ་ལས་འགོག་པའི་སྙོམས་འཇུག་དེ་མྱང་འདས་དང༌། འདྲ་བར་ཞི་བ་ཉིད་དུ་རྟོགས་པ་ཡིན་ཏེ། དེ་ལས་ལངས་པའི་དུས་སུ་ལུས་ཞི་བ་སྔོན་ཉམས་སུ་མྱོང་བ་ཞིག་ཐོབ་པའི་ཕྱིར། མདོར་ན་མཉམ་གཞག་གི་འགོག་སྙོམས་ཞི་བ་ཉིད་དུ་བྱས་པས་ན་དེ་ཞེས་བྱའོ། །ཞིབ་མོར་ན། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་བུའི་གཏན་ཚིགས་ལ་རྟེན་པའི་རྗེས་དཔག་ཡིན་ཏེ། འགོག་སྙོམས་ལས་ལངས་རྗེས་ཀྱི་ལུས་ཤིན་ཏུ་སྦྱངས་པ་འདི་ཆོས་ཅན། མྱང་འདས་དང་འདྲ་བའི་ཞི་བ་སྔོན་དུ་སོང་བ་ཡིན་ཏེ། རྣམ་པར་ཤེས་པ་དང་བཅས་པའི་ལུས་ཀྱི་ཞི་བ་སྔོན་སྙོམས་པར་ཞུགས་གོང་དུ་མེད་པ་ཞིག་འདིར་མངོན་དུ་གྱུར་པའི་ཕྱིར། ཞེས་པ་སྟེ། རྗེས་ཐོབ་ཀྱི་ཞི་བ་ཉམས་སུ་མྱོང་བ་དང༌། མཉམ་གཞག་གི་ཞི་བ་ལུས་ཀྱི་རྟགས་ལས་དཔོག་པའོ། །འོ་ན་མདོ་ལས་སློབ་པ་བཅོ་བརྒྱད་གསུངས་པའི་ནང་དུ་ལུས་མངོན་བྱེད་མ་བཤད་པས་བསྟན་བཅོས་ལས་རང་བཟོར་བཤད་དོ། །ཅེ་ན། སློབ་པར་འཇོག་བྱེད་ནི་བྲལ་རྒྱུ་དང་བྲལ་འབྲས་གང་རུང་གི་ཡིན་ལ། འགོག་པའི་སྙོམས་འཇུག་འདི་ནི་གཉིས་པོ་གང་རུང་དུ་ཡང་མི་རུང་བའི་ཕྱིར། ཞེས་འཆད་པ་ནི། འགྲེལ་པར། འགོག་པའི་སྙོམས་པར་འཇུག་པ་ནི་བསླབ་པ་ཡང་མ་ཡིན། བསླབ་པའི་འབྲས་བུ་ཡང་མ་ཡིན་ཏེ། དེའི་ཕྱིར་སློབ་པའི་ཁྱད་པར་དུ་མ་གསུངས་སོ། །ཞེས་སོ། །སློབ་པ་བཅོ་བརྒྱད་ནི། མདོ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞུས་པ། བཅོམ་ལྡན་འདས་འཇིག་རྟེན་ན་ཡོན་གནས་སུ་ཞིག་མཆིས། གཉིས་ཏེ། སློབ་པ་དང༌། མི་སློབ་པའོ། །སློབ་པ་ནི་བཅོ་བརྒྱད་དེ། མི་སློབ་པ་ནི་དགུའོ། །བཅོ་བརྒྱད་གང་ཞེ་ན། རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་ཞུགས་པའི་བར་བདུན་དང༌། དད་ཐོབ་གཉིས་དང༌། རིགས་སྐྱེ་དང༌། ཚེ་གཅིག་པ་དང༌། བར་འདའ་བ་ནས་གོང་བུའི་བར་ལྔའོ། །མི་སློབ་པ་དགུ་ནི། རིགས་དྲུག་དང༌། ཡོངས་སུ་མི་ཉམས་པའི་ཆོས་ཅན་དང༌། ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ནས་རྣམ་པར་གྲོལ་བ་རྣམས་སོ། །ལུས་མངོན་བྱེད་ནི། ཕྱིར་མི་འོང་ལ། མཐོང་ཆོས་ཞི་དང༌། ཁམས་གོང་མར་ཉེར་འགྲོ་གཉིས་སུ་ངེས་པའི་ནང་ནས་གང་དུ་འཇོག་ཅེ་ན། གཉིས་ཀའི་ཆ་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། མ་ངེས། ཞེས་པས་མྱོང་བར་མ་ངེས་པའི་ལས་ཅན་དང༌། ཇི་སྐད་དུ། སྲིད་རྩེར་སྐྱེས། ཞེས་དང༌། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་པ་རྣམས་ཀྱིས་དེ་ལྟར་གྲུབ་པའི་ཕྱིར། དེ་ཡང་སྲིད་རྩེར་སྐྱེས། ཞེས་པས་ནི་གཟུགས་མེད་ཉེར་འགྲོའི་སྐྱེ་འདའ་བ་བསྟན་པ་ཡིན་ལ། གཟུགས་རྟེན་ཅན། ཞེས་པ་ནི། འདོད་པའི་རྟེན་ལ་འགོག་སྙོམས་ལས་ཉམས་ཏེ། ཕྱི་མ་གཟུགས་ཀྱི་ཁམས་སུ་འོག་སའི་སྙོམས་འཇུག་སོར་ཆུད་པར་བྱས་ནས། མཐར་སྲིད་རྩེར་སྐྱེ་བ་ལེན་པ་དང༌། མི་ལེན་པ་གཉིས་ཀ་སྲིད་དོ། །སྐབས་འདིར་འགྲེལ་པ་ལས་ཕྱིར་མི་འོང་གི་དབྱེ་བ། ཁྲི། ཉིས་སྟོང༌། དགུ་བརྒྱ་དང་དྲུག་ཅུ་ཡོད་པར་གསུངས་སོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ལ། དབང་པོ་རྟུལ་པོ་དང༌། འབྲིང་དང༌། རྣོན་པོའི་བྱེ་བྲག་གིས་གསུམ་མོ། །དེ་ཉིད་སའི་བྱེ་བྲག་གིས་བཞིའོ། །རིགས་ཀྱི་བྱེ་བྲག་གིས་དྲུག་གོ །ས་དང༌། འདོད་ཆགས་བྲལ་བའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་སྟེ། གཟུགས་ཀྱི་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པ་ནས། བསམ་གཏན་བཞི་པའི་རྣམ་པ་བརྒྱད་ལ་འདོད་ཆགས་དང་བྲལ་བའི་བར་རོ། །གནས་གཞན་དང༌། རིགས་དང༌། འདོད་ཆགས་དང་བྲལ་བ་དང༌། དབང་པོའི་བྱེ་བྲག་གིས། ཉིས་སྟོང༌། ལྔ་བརྒྱ། དགུ་བཅུ་རྩ་གཉིས་ཏེ། ཇི་ལྟར་བྱས་པས་ཞེ་ན། གནས་གཅིག་ན་རིགས་དྲུག་གོ །རིགས་རེ་རེ་ལ་འཆིང་བ་མཐའ་དག་དང་ལྡན་པ་ནས། རང་གི་གནས་ཀྱི་རྣམ་པ་བརྒྱད་ལ་འདོད་ཆགས་དང་བྲལ་བའི་བར་གང་ཟག་དགུ་དགུ་སྟེ། དགུ་ཚན་དྲུག་ན་ལྔ་བཅུ་བཞིའོ། །ལྔ་བཅུ་རྩ་བཞི་ཕྲ་བཅུ་དྲུག་ནི། བརྒྱད་བརྒྱ་དྲུག་ཅུ་རྩ་བཞིའོ། །ཡང་དབང་པོའི་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ། དེ་ལྟར་བྱས་པས་སོ། །འདྲ་བར་རྩི་བའི་ཕྱིར། བསམ་གཏན་འོག་མའི་རྣམ་པ་དགུ་ལས། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་གོང་མའི་འཆིང་བ་མཐའ་དག་དང་ལྡན་པར་བཤད་པ་ཡིན་ནོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཇི་ལྟ་བར་གོང་དུ་འཕོ་བའི་བར་ལ་ཡང་དེ་དང་འདྲ་བས། ཐམས་ཅད་བསྡུས་ན་ཕྱིར་མི་འོང་བ། ཁྲི། ཉིས་སྟོང༌། དགུ་བརྒྱ་རྩ་དྲུག་ཅུ་ཡིན་ནོ། །ཞེས་གསུངས། དེ་ལྟར་བཤད་པ་འདི་ནི། གཟུགས་སུ་ཉེར་འགྲོ་ལྔ་པོ་ཁོ་ནའི་དབང་དུ་བྱས་པར་སྣང་ལ། དེའི་རིགས་པས་གཟུགས་མེད་ཉེར་འགྲོ་ལའང༌། རྟེན་གྱིས་བཞི་དང༌། དབང་པོས་གསུམ་དང༌། རིགས་ཀྱིས་དྲུག་དང༌། འདོད་ཆགས་དང་བྲལ་བས་དགུ་དགུ་དང༌། ངོ་བོའི་སྒོ་ནས་སྐྱེ་འདའ་བ་སོགས་བཞི་སྟེ། རེ་རེ་ལ་དྲུག་བརྒྱ་བཞི་བཅུ་རྩ་བརྒྱད་རེ་ཡོད་པས། ཐམས་ཅད་བསྡོམས་ན་ཉིས་སྟོང༌། ལྔ་བརྒྱ། དགུ་བཅུ་རྩ་གཉིས་སུ་འགྱུར་རོ། །མཐོང་ཆོས་ཞི་ལ། རིགས་ཀྱིས་དྲུག་དང༌། དབང་པོས་གསུམ་གྱི་དབྱེ་བ་ཤེས་པར་བྱའོ། །རྟེན་དང་ཆགས་བྲལ་གྱི་དབྱེ་བ་མེད་དོ། །ཞེས་ཁ་ཅིག་གསུངས་ལ། གཞན་དག་ན་རེ། རྟེན་གླིང་གསུམ་དང༌། འདོད་ལྷ་རིགས་དྲུག་སྟེ་དགུ་དང༌། ཆགས་བྲལ་གྱི་དབྱེ་བ་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དགུ་བརྒྱ་བདུན་ཅུ་རྩ་གཉིས་སྦྱར་བས། ཁྲི་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞིར་འགྱུར་རོ། །ཞེས་ཁ་ཅིག་ཟེར་རོ། །ལུགས་ཕྱི་མ་འདི་འཐད་པར་མ་མཐོང་སྟེ། འདོད་པ་ཁམས་ཀྱི་རྟེན་གྱི་དབྱེ་བས་འབྱེད་པ་གཞུང་འགྲེལ་ལས་མ་བཤད་པ་དང༌། ཆགས་བྲལ་གྱི་དབྱེ་བ་ཆགས་བྲལ་སྔོན་སོང་ལ་རྩིའམ། མཐར་གྱིས་པ་ལ་རྩི། གཉིས་པ་ལྟར་ན། ཞི་རགས་ཀྱི་རྣམ་པ་ཅན་གྱིས་སམ། བདེན་པའི་རྣམ་པ་ཅན་གྱིས་ཆགས་བྲལ་བྱས་པའི་དབང་དུ་བྱེད། དང་པོ་ལྟར་ན། ཁམས་གོང་མར་ཉེར་འགྲོ་ལས་མ་འདས་ཏེ། འཕགས་པའི་རྟེན་ལ་ཁམས་གོང་དུ་འཕེན་བྱེད་ཀྱི་ལས་རིམ་པར་བསགས་པའི་ཕྱིར། གཉིས་པ་ལྟར་ན། དབྱེ་བ་བདུན་བཅུ་རྩ་གཉིས་མི་འཐད་དེ། ས་བརྒྱད་ཀྱི་ཉོན་མོངས་པ་ཆུང་ངུ་རྣམས་ཅིག་ཆར་དུ་སྤོང་བ་ལ་སོགས་པ་ཉིད་ཀྱི་ཕྱིར། ཆགས་བྲལ་སྔོན་འགྲོའི་དབང་དུ་བྱེད་ན་ཡང་ཁམས་གོང་མར་ཉེར་འགྲོ་ལས་མ་འདས་ཏེ། དཔེར་ན་འདོད་པ་ལ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཆགས་བྲལ་བྱས་པའི་ཚེ་བསམ་གཏན་དང་པོར་འཕེན་བྱེད་ཀྱི་ལས་བསགས་པ་ཡིན་ལ། ལས་དེ་ཡང་ས་མ་འཕོས་ན་ཕྱིར་མི་འོང་ཙམ་གྱིས་མི་གཏོང་བའི་ཕྱིར། དེ་བཞིན་དུ་བོད་ཀྱི་རྣམ་བཤད་མཛད་པ་དག ཕྱིར་མི་འོང་ཁམས་གོང་མར་ཉེར་འགྲོའི་དབྱེ་བ་འགྲེལ་པར་གསུངས་པ་འདི་ལ་འདྲ་ལེན་བྱས་ནས། རྒྱུན་ཞུགས་དང༌། ཕྱིར་འོང་ཞུགས་གནས་སོགས་ལ་ཡང་རྟེན་དང་ཆགས་བྲལ་གྱི་སྒོ་ནས་དབྱེ་བ་རྒྱས་པར་བཤད་མོད། ལེགས་པར་བཤད་པའི་ཆ་ཡོད་པ་མ་ཡིན་ཏེ། ཕྱིར་མི་འོང་ཞུགས་པ་ལ་ཡང་དེ་ལྟར་དབྱེ་བ་མི་འཐད་ན་གཞན་རྣམས་ལྟ་ཅི་སྨོས་པའི་ཕྱིར། དེ་ལ་མི་འཐད་པ་ཅི་ཞེ་ན། རྟེན་གྱི་དབྱེ་བ་མི་འཐད་པ་དང༌། ཆགས་བྲལ་གྱི་དབྱེ་བ་མི་འཐད་པའོ། །དང་པོ་ནི། ཞུགས་གནས་དང་པོ་ལྔ་ལ། རྟེན་གླིང་གསུམ་དང༌། འདོད་ལྷའི་དབྱེ་བས་དགུར་འབྱེད་ན། བར་འདའ་བ་སོགས་གཟུགས་སུ་ཉེར་འགྲོ་ལྔ་ལ་རྟེན་གྱི་དབྱེ་བ་དེ་ལྟར་མི་འབྱེད་པ་ཅི་ཡིན། དེ་ལ་དབྱེ་བ་དེ་མེད་པར་འདོད་དམ། ཡོད་ཀྱང་དེར་མི་འབྱེད་ན་ནི་ལྔ་པོ་རྣམས་ལའང་མི་འབྱེད་པར་མཚུངས་སོ། །གལ་ཏེ་དེ་དག་ལ་གཟུགས་ཁམས་གནས་རིགས་བཅུ་དྲུག་གི་དབྱེ་བ་བཤད་པས་རྟེན་གྱི་དབྱེ་བ་འགྲུབ་བོ་ཅེ་ན། དེ་དང་ཁྱེད་ཀྱི་འདོད་པ་མི་འདྲ་སྟེ། དེ་ནི་བར་འདའ་བ་གང་དུ་སྐྱེ་འགྱུར་གྱི་གནས་ཀྱི་དབྱེ་བ་ཡིན་གྱི། བར་འདའ་བ་དངོས་ཀྱི་ལུས་རྟེན་འཆད་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ཆོག་ན་ནི། ཞུགས་གནས་དང་པོ་ལྔ་ལའང་གནས་རིགས་བཅུ་དྲུག་གི་དབྱེ་བ་འཆད་རིགས་པར་འགྱུར་ཏེ། དེ་དག་ཀྱང་དེར་འཕེན་བྱེད་ཀྱི་ལས་དང་ཅི་རིགས་པར་ལྡན་པའི་ཕྱིར། དཔེར་ན་འདོད་ཉོན་དང་པོ་ལ་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་ཞུགས་དེ་བསམ་གཏན་དང་པོར་འཕེན་བྱེད་ཀྱི་ལས་དང་ལྡན་པ་བཞིན། ཕྱིར་མི་འོང་ཞུགས་པ་ལ་ཆགས་བྲལ་གྱི་རིམ་པས་སོ་སོར་འབྱེད་པ་འཐད་ན། གང་དུ་སྐྱེ་འགྱུར་གྱི་གནས་ཀྱི་དབྱེ་བས་འབྱེད་པར་ཡང་མཚུངས་ཏེ། འཇིག་རྟེན་པའི་ལམ་གྱིས་བྱས་པའི་ཆགས་བྲལ་གྱི་རིམ་པ་དེ་དག་ནི་ཁམས་གོང་མར་འཕེན་བྱེད་ཀྱི་ལས་དང་བཅས་པའི་ཕྱིར། དེས་ན་ཕྱིར་མི་འོང་འབྲས་གནས་ཁམས་གོང་མར་ཉེར་འགྲོ་ལ་གང་དུ་སྐྱེ་འགྱུར་གནས་ཀྱི་དབྱེ་བ་བཤད་པ་དེ། ཞུགས་གནས་གཞན་ལ་ད་ལྟ་ལུས་རྟེན་གྱི་དབྱེ་བ་འཆད་པའི་རྒྱུ་མཚན་དུ་སྦྱོར་བ་དང༌། ཁམས་གོང་མར་ཉེར་འགྲོ་ལ་ཆགས་བྲལ་གྱི་དབྱེ་བས་གོང་མར་སྐྱེ་འགྱུར་གྱི་ལས་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པ་གང་དང་གང་ཡོད་པ་དེའི་ངོས་འཛིན་དང་དབྱེ་བ་འཆད་རྒྱུ་ཡིན་པ་དེ། ཞུགས་གནས་གཞན་ལ་དེ་ལྟ་བུའི་རྒྱུ་མཚན་མེད་བཞིན་དུ་སྦྱར་བས་ལེགས་པར་བཤད་པ་མ་ཡིན་ཏེ། དཔེར་ན་འདོད་པ་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པའི་རྒྱུན་ཞུགས་ནས་ལྔ་པའི་བར་སྤངས་པའི་དབྱེ་བ་བཤད་པ་ཙམ་གྱིས། གང་དུ་སྐྱེ་འགྱུར་གྱི་རྒྱུན་ཞུགས་ཀྱི་དབྱེ་བ་རྒྱས་པར་མི་རྟོགས་པ་བཞིན་ནོ། །ཞུགས་གནས་སྔ་མ་རྣམས་ལ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གི་དབྱེ་བ་འབྱེད་ཚུལ་དད་པའི་རྗེས་འབྲང་གི་དབྱེ་བ་འཆད་པའི་འགྲེལ་ཚིག་ལ་དཔགས་ནས་འདྲ་མཚུངས་སུ་མི་སྦྱོར་ཁ་མེད་བྱུང་ན། འདི་ལྟར་སྦྱོར་རིགས་པ་ཡིན་ཏེ། སྲིད་པ་ལན་བདུན་པ་ལ། གང་དུ་སྐྱེ་འགྱུར་གྱི་གླིང་གསུམ་དང་འདོད་ལྷ་རིགས་དྲུག་ཏུ་དབྱེ་བ་དང༌། རིགས་ནས་རིགས་སྐྱེ་དང་ཚེ་གཅིག་བར་ཆད་གཅིག་པ་ལའང་གང་དུ་སྐྱེ་འགྱུར་གྱི་ལྷ་དང་མིའི་དབྱེ་བ་དང༌། དེ་རེ་རེ་ལའང་གླིང་གསུམ་དང༌། འདོད་ལྷ་རིས་དྲུག་སོགས་སུ་དབྱེར་རིགས་པ་ལས། དེ་ལྟར་ནི། ཁྱེད་ཀྱིས་མ་བཤད་པས་འཆད་དགོས་པ་མ་བཤད་པའི་ཉེས་པ་དང་ཡང་བཅས་སོ། །དེ་ལྟ་མོད་ཀྱི། གནས་གཙང་མ་ལྔའི་གནས་རེ་རེ་ལ། འཆིང་བ་མཐའ་དག་དང་ལྡན་པ་སོགས་དགུ་དགུར་བཤད་པ་དེ་གང་ལ་ངོས་འཛིན་པ་དང༌། གཟུགས་གཟུགས་མེད་ཀྱི་གོང་འཕོ་གཉིས་ཀྱི་སྐབས་སུ་འདའ་བ་བཞི་ལོགས་སུ་གནས་བཅུ་དྲུག་དང་བཞི་པོ་རེ་རེ་བཞིན་ཡང༌། ཆགས་བྲལ་གྱི་དབྱེ་བ་དགུ་དགུར་བཤད་པ་དེ་དག་མ་འདྲེས་པར་ཕྱེད་དགོས་པ་དང༌། ཡང་ལ་ལ་དག་གི་བསམ་པ་ལ། བསམ་གཏན་དང་པོ་ལ་ལྟོས་པའི་ཆགས་བྲལ་གྱི་རིམ་པ་དགུ་པོ་ལས་གསུམ་ཚན་རེ་རེས་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་ས་གསུམ་པོ་རེ་རེ་ནས་སྐྱེ་བའི་རྒྱུ་བྱེད་པ་དང༌། དེར་སྐྱེས་པའི་ཚེ། ཚངས་ཆེན་གྱིས་ཚངས་པ་འདུན་ན་འདོན་ལ་ཆགས་བྲལ་བྱེད་པ་ཡོད་དམ་སྙམ་པར་དོགས་པ་དག་སྲིད་པས་དེ་སྤངས་དགོས་སོ། །དེ་ལྟར་གསུམ་ལས། དཔྱད་པ་དང་པོའི་ལན་ནི། བསམ་གཏན་བཞི་པའི་ཉོན་མོངས་དགུ་ལས་ལོགས་སུ་གནས་གཙང་མར་སྐྱེ་བ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པ་དགུའི་ངོས་འཛིན་ནི། གཅིག་ལ་དཔེར་མཚོན་ན། ཆུང་ངུ་གསུམ་སྤེལ་གྱི་ནང་ཚན་དུ་གྱུར་པའི་ཟག་བཅས་ལ་རོ་མྱང་བའི་སྲེད་པ་ཆུང་ངུ་འབྲིང་ཆེན་པོ་དགུ་སྟེ། འདི་ཡང་འཇིག་རྟེན་པའི་བསམ་གཏན་བཞི་པའི་སས་བསྡུས་པ་ཡིན་གྱི། བསམ་གཏན་བཞི་པ་ལ་ཆགས་པ་དང་བྲལ་རྗེས་སུ་དགུ་པོ་འདི་ལོགས་སུ་སྤངས་དགོས་པ་མ་ཡིན་ནོ། །དེའི་ཕྱིར་བསམ་གཏན་བཞི་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་འཕགས་པས་གནས་གཙང་མ་ལྔར་སྐྱེ་བ་ལེན་པར་ནི་བྱེད་པ་མ་ཡིན་ནོ། །དེས་ན་གང་ལ་སྲེད་པའི་གཞི་སྤེལ་སྒོམ་གྱི་ནང་མཚན་ཡིན་མིན་གྱི་དབྱེ་བས་ལྡོག་ཆ་སོ་སོར་ཕྱེ་བའོ། །དཔྱད་པ་གཉིས་པའི་ལན་ནི། གཟུགས་ཀྱི་གོང་འཕོ་ལ་གནས་རིས་བཅུ་དྲུག་གི་དབྱེ་བ་དང༌། རེ་རེ་ལ་ཆགས་བྲལ་གྱི་དབྱེ་བ་དགུ་དགུར་ཕྱེ་བ་དེ་ནི། སྤྱིར་གོང་འཕོ་ཞེས་པ་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་དུ་སྐྱེས་པ་དེ་ཉིད་དུ་དགྲ་བཅོམ་མངོན་དུ་མི་བྱེད་པར་དེའི་ཡང་གོང་དུ་འགྲོ་བ་ཞིག་ལ་བྱ་བ་ཡིན་པས། ཐ་ནའང་འདོད་པའི་རྟེན་ལ་བསམ་གཏན་གཉིས་པ་ཡན་ཆད་དུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་ཞིག་དགོས་སོ། །དེ་ནས་བཟུང་སྟེ་འོག་མིན་དང་སྲིད་རྩེའི་བར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པ་དགུ་པོ་དག་གོ །དེ་དུས་གཞིར་བཞག་པ་ན། བསམ་གཏན་དང་པོར་སྐྱེ་འགྱུར་གྱི་ལས་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པ་གང་ཡིན་པ་དེ་དག སྐྱེ་འདའ་བའི་ལས་ཀུན་ནས་སློང་བྱེད་མ་ཡིན་ཏེ། གང་ཟག་དེ་སྐྱེ་འདའ་བ་མ་ཡིན་པའི་ཕྱིར། མདོར་ན་བསམ་གཏན་གཉིས་པ་ཡན་ཆད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གོང་འཕོ་སྲིད་ལ། བསམ་གཏན་དང་པོའི་ཡང་ཚངས་རིས་ཀྱི་རྟེན་ལ་འདའ་བའི་གོང་འཕོ་ནི་མི་སྲིད་པར་ངེས་མོད། གཞན་གཉིས་སུ་སྐྱེ་བའི་གོང་འཕོ་སྲིད་པས། དེའི་སྟེང་ནས་ངོས་བཟུང་བར་བྱའོ། །རྣམ་པར་དཔྱད་པ་གསུམ་པའི་ལན་ནི། ཚངས་རིས་ནས་ཚངས་པ་འདུན་ན་འདོན་དུ་སྐྱེ་བ་དེའི་ཚེ་ཚངས་རིས་ལ་ཆགས་བྲལ་བྱེད་དགོས་པ་མ་ཡིན་ཏེ། དེ་ལྟར་མི་ནུས་པ་དང༌། མི་དགོས་པའི་ཕྱིར། མི་ནུས་ཏེ། རང་སའི་གཉེན་པོ་ཟག་བཅས་ཀྱིས་རང་སའི་ཉོན་མོངས་པ་སྤོང་མི་ནུས་པའི་ཕྱིར་དང༌། ཁྱབ་འབྲེལ་ནི། དེ་དག་ས་གཅིག་པའི་ཕྱིར། དགོས་པ་ཡང་མ་ཡིན་ཏེ། གནས་གསུམ་པོ་འགྲུབ་བྱེད་བཟང་ངན་གྱི་དབྱེ་བས་སོ་སོར་ཕྱེ་བ་ཡིན་གྱི། འཕེན་བྱེད་ལ་ཁྱད་པར་མེད་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་བསམ་གཏན་དང་པོའི་ཉོན་མོངས་པའི་རྣམ་པ་དགུ་པོ་གང་ཡིན་ཀྱང་རུང་སྟེ། སྤོང་བྱེད་ཀྱི་དགེ་བ་དག་པ་བ་ནི་བསམ་གཏན་གཉིས་པའི་ཉེར་བསྡོགས་ལས་གཞན་མེད་དོ། །ཡང་ལ་ལ་དག་ན་རེ། བསམ་གཏན་དང་པོའི་ཉེར་བསྡོགས་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་བྱེད་དགོས་ཏེ། འབྲས་བུ་སྐྱེ་བའི་བསམ་གཏན་ལ་གསུམ་དུ་ངེས་པའི་ཕྱིར། ཞེས་ཟེར། དེ་ནི་མ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཚང་མ་དེས་འབྲས་བུ་སྐྱེ་བའི་བསམ་གཏན་དང་པོ་ཙམ་དུ་སྤྱིར་འཕངས་པ་དེ། འགྲུབ་བྱེད་ཀྱི་དབྱེ་བས་སོ་སོར་སོང་བ་ཡིན་གྱི། གཞན་དུ་ན། སྐྱེ་འདའ་བ་ཡིན་ན་གོང་འཕོ་ཡིན་པས་ཁྱབ་པར་འགྱུར་ཏེ། ཚངས་རིས་ཀྱི་རྟེན་ཅན་ཡིན་ན་ཚངས་པ་འདུན་ན་འདོན་སོགས་སུ་སྐྱེ་བའི་ལས་དང་ལྡན་པས་ཁྱབ་པའི་ཕྱིར། རྟགས་ཁྱོད་ཀྱིས་ཁས་བླངས་པ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་མ་རྫོགས་པར་ནི་ཚངས་རིས་ཙམ་དུ་ཡང་མི་སྐྱེ་ལ་དེ་རྫོགས་ན་ནི་གནས་གསུམ་ཆར་དུ་འཕངས་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །དེ་ནས་ཇི་སྐད་དུ། སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང༌། །ཞེས་པ། འགྲེལ་པར། བསམ་གཏན་དང་པོའི་རྣམ་པ་གཅིག་ལ་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་སྤངས་པས་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །ཞེས་བཤད་པ་འདི་ནི་ཞུགས་ལམ་ངོས་འཛིན་པའི་དབང་དུ་བྱས་པ་ཡིན་གྱི། གང་ཟག་དེ་ཞུགས་པར་འཇོག་པ་ལ་ནི། སྤང་བྱ་ལྷག་མ་རྣམས་སྤོང་བ་ལ་བརྩོན་བཞིན་པའི་སྒོ་ནས་ཀྱང་བཞག་པས་ཆོག་གོ །ཞུགས་ལམ་དངོས་དེ་གང་ཞེ་ན། སྤངས་པ་དེ་དག་གི་ཐོབ་པ་ཟག་མེད་དེའོ། །གཉེན་པོ་ལམ་ནི་ཟག་བཅས་ལྟ་ཞོག་གི་ཟག་མེད་ཀྱང་ཞུགས་ལམ་དུ་མ་བཞག་སྟེ། གཞུང་འགྲེལ་དུ་ཞུགས་པ་ངོས་འཛིན་པའི་སྐབས་ཐམས་ཅད་དུ། སྤངས་པའི་སྒོ་ནས་ངོས་འཛིན་པ་ཁོ་ན་བྱུང་བ་དེ་ནི་ཞུགས་ལམ་ལ་དགོངས་པའི་ཕྱིར། འོ་ན་ཟག་བཅས་ཀྱི་སྤངས་པ་ལ་ཐོབ་པ་ཟག་མེད་ཇི་ལྟར་ཞེ་ན། འཕགས་པས་དེ་ལྟར་སྤངས་ཀྱང་ཐོབ་པ་ཟག་མེད་ཀྱང་སྐྱེ་བར་བཤད་པ་ལས་སོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་པར། འགྲེལ་པ་ལས། རྡོ་རྗེ་ལྟ་བུའི་བྱེ་བྲག་མང་པོ་ཞིག་སྟེ། མི་ལྕོགས་པ་མེད་པས་བསྡུས་པ། སྲིད་པའི་རྩེ་མོ་པའི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པས་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང༌། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང༌། འགོག་པ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པ་ལྡན་པ། བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ནས། དེ་བཞིན་དུ་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་བཞི་དང༌། ལམ་ལ་རྗེས་སུ་ཤེས་པ་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་སྟེ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པ་ལ་དམིགས་པའི་ཕྱིར་རོ། །དེ་དག་ནི་ཤེས་པའི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར། རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་ནོ། །མི་ལྕོགས་པ་མེད་པས་བསྡུས་པ་ཇི་ལྟ་བར། བསམ་གཏན་བཞི་པས་བསྡུས་པའི་བར་དག་ཀྱང་དེ་དང་འདྲའོ། །ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་རྣམས་ནི། གྲངས་བཞིན་དུ། ཉི་ཤུ་རྩ་བརྒྱད་དང༌། ཉི་ཤུ་རྩ་བཞི་དང༌། ཉི་ཤུ་པ་ཡིན་ཏེ། དེ་དག་ན་ཆོས་ཤེས་པ་དང་རྗེས་སུ་ཤེས་པས་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པའི་ཕྱིར་རོ། །ས་འོག་མའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ། གང་དག་ལམ་ལ་རྗེས་སུ་ཤེས་པ་ཡང༌། ས་རེ་རེའི་གཉེན་པོ་ལ་དམིགས་པ་ཡིན་པར་འདོད་པ་དེ་དག་གི་ལྟར་ན། ཉི་ཤུ་རྩ་བརྒྱད་ལྷག་པར་བསྣན་ནས། མི་ལྕོགས་པ་མེད་པས་བསྡུས་པའི་རྡོ་རྗེ་ལྟ་བུ་ནི་བརྒྱད་བཅུ་ཐམ་པ་ཡིན་ཏེ། བསམ་གཏན་བཞི་པས་བསྡུས་པའི་བར་དུ་ཡང་དེ་དང་འདྲའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ནི། གོ་རིམ་བཞིན་དུ། བཞི་བཅུ་དང༌། སུམ་ཅུ་རྩ་གཉིས་དང༌། ཉི་ཤུ་རྩ་བཞི་ཡིན་ནོ། །རིགས་དང་དབང་པོའི་བྱེ་བྲག་གིས་ནི་ཆེས་མང་བ་ཡིན་ནོ། །ཞེས་གསུངས། འདིའི་དོན་བཤད་པ་ལ་གཉིས་ཏེ། བསམ་གཏན་གྱི་ས་པའི་རྡོ་རྗེ་ལྟ་བུའི་དབྱེ་བ་ངོས་བཟུང༌། གཟུགས་མེད་པ་པའི་རྡོ་རྗེ་ལྟ་བུ་ངོས་བཟུང་བའོ། །དང་པོ་ལ། མི་ལྕོགས་མེད་ལ་བརྟེན་པ་ངོས་བཟུང༌། དེས་གཞན་ཡང་མཚོན་པའོ། །དང་པོ་ནི། མི་ལྕོགས་མེད་ཀྱི་རྡོ་རྗེ་ལྟ་བུ་དེས་དམིགས་པ་ནི། གཉིས་ཏེ། ཟག་བཅས་དང༌། ཟག་མེད་དོ། །དང་པོ་ལ། རང་ས་སྡུག་ཀུན་གཉིས་ལ་དམིགས་པའི་རྗེས་ཤེས་ཀྱི་དབྱེ་བས་གཉིས་མི་རྟག་པ་ལ་སོགས་པའི་རྣམ་པའི་དབྱེ་བས་བརྒྱད་དོ། །གཞན་དག་ན་རེ། འདིས་སྲིད་རྩེའི་འོག་སར་གྱུར་པའི་སྡུག་ཀུན་ལ་དམིགས་ཏེ། དེ་ལ་ཆགས་པ་དང་བྲལ་ཟིན་པའི་ཕྱིར། ཞེས་ཟེར། དེས་དེ་ལ་མ་དམིགས་པས་ཁྱབ་པ་ནི་ཡོད་པ་མ་ཡིན་ཏེ། ཅི་ཡང་མེད་མན་ཆད་ལ་ཡང༌། ལམ་ཟག་མེད་ཀྱིས་ཆགས་བྲལ་བྱེད་པ་དེའི་ཚེ། ཁམས་གོང་འོག་གཉིས་ཀའི་སྡུག་ཀུན་ལ་ཅིག་ཆར་དུ་དམིགས་པ་ཡིན་གྱི། གཟུགས་ཁམས་སྡུག་ཀུན་ལ་རྗེས་ཤེས་ཀྱི་འོག་ཏུ་གཟུགས་མེད་གྱི་སྡུག་ཀུན་ལ་དམིགས་པའི་རྗེས་ཤེས་སྐྱེ་དགོས་པ་ནི་མ་ཡིན་པའི་ཕྱིར། དེ་ནི་དེ་བས་ཀྱང་མི་འཐད་དེ། ཅི་ཡང་མེད་མན་ཆད་ལ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱས་རྗེས་སུ་མི་ལྕོགས་པ་མེད་པས་སྲིད་རྩེ་ལ་ཆགས་བྲལ་བྱེད་པ་མི་སྲིད་པའི་ཕྱིར། ཞེ་ན། འོག་མའི་དངོས་གཞི་ཐོབ་ནས་ལམ་སླ་བ་པ་དངོས་གཞི་ལ་རྟེན་པར་དབང་བཞིན་དུ། དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་དོ་ཞེས་མངོན་པ་གོང་མ་བདག་གི་སྤྱི་སྐད་ལ་འཆད་ཀྱང༌། ལུགས་འདིར་ནི། འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱས་པ་དག་ཏུ་མ་ཟད། འདོད་པའི་རྟེན་དང་བསམ་གཏན་དང་པོའི་རྟེན་ལ་ནི་ཤིན་ཏུ་ཡང་སྲིད་པ་ཡིན་ཏེ། འདོད་པའི་རྟེན་ལ་ལྷག་མཐོང་ཤས་ཆེ་བ་དག་ཉེར་བསྡོགས་ལ་བརྟེན་ནས་ཆགས་བྲལ་བྱེད་པ་དང༌། བསམ་གཏན་དང་པོའི་རྟེན་ལ་ཡིད་བདེ་བས་སྐྱོ་ནས་ཉེར་བསྡོགས་ཀྱི་བཏང་སྙོམས་སྔོན་དུ་བྱེད་པར་བཤད་པའི་ཕྱིར། དེ་ལྟར་བརྒྱད་པོ་དེའི་སྟེང་དུ་འགོག་ལམ་ལ་ཆོས་ཤེས་ཀྱི་རྣམ་པ་བཞི་བཞི་བསྣན་པས་བརྒྱད་དང༌། འགོག་པ་ལ་རྗེས་ཤེས་ཀྱིས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་འགོག་པ་ལ་དམིགས་པ་བརྒྱད་པོ་ལ་རྣམ་པ་བཞི་བཞི་སྟེ་སུམ་ཅུ་རྩ་གཉིས་དང༌། ལམ་ལ་རྗེས་ཤེས་ཀྱི་རྣམ་པ་བཞི་སྟེ་ལྔ་བཅུ་རྩ་གཉིས་སོ། །དེ་དག་ལ་དོགས་པ་གཅོད་པའི་ཚུལ་འདི་ལྟར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འགོག་ལམ་ཆོས་ཤེས་གཉིས་བཤད་ནས། སྡུག་ཀུན་ལ་ཆོས་ཤེས་མི་འཆད་པ་ཅི་ཞེ་ན། སྡུག་ཀུན་ལ་ཆོས་ཤེས་ནི་ཁམས་གོང་མའི་གཉེན་པོར་མི་རུང་ལ། འགོག་ལམ་ལ་ཆོས་ཤེས་ནི། ཇི་སྐད་དུ། སྒོམ་པའི་ལམ་ལ་འགོག་པ་དང༌། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འཆད་པའི་ཕྱིར་རོ། །འགོག་པ་ལ་ཆོས་ཤེས་ཀྱི་རྣམ་པ་ལ་བཞི་ལས་མི་འཆད་པར། རྗེས་ཤེས་ལ་རྣམ་པ་སུམ་ཅུ་རྩ་གཉིས་འཆད་པ་ཅི་ཞེ་ན། འགོག་པ་ནི་གཅིག་ཡིན་པས་དེའི་གཉེན་པོ་འགོག་པ་ཡང་གཅིག་ཏུ་བཞག་ལ། གོང་མའི་ས་བརྒྱད་ཡོད་པས་དེའི་གཉེན་པོ་འགོག་པ་ལ་ཡང་བརྒྱད་དུ་ཕྱེའོ། །འོ་ན་གཉེན་པོ་ལམ་ལ་རྗེས་ཤེས་ཀྱང་སའི་དབྱེ་བས་བརྒྱད་དུ་མི་འབྱེད་པ་ཅི་ཞེ་ན། ལམ་ས་བརྒྱད་པོ་གཅིག་གི་གཉེན་པོ་གང་ཡིན་པ་དེ་ཉིད་གཞན་གྱིའང་གཉེན་པོ་ཡིན་པའི་ཕྱིར་རྫས་བརྒྱད་དུ་མི་འབྱེད་ལ། ས་སོ་སོའི་ཉོན་མོངས་དང་བྲལ་བའི་འགོག་པ་ནི་རྫས་སོ་སོ་བ་བརྒྱད་ཡོད་པའི་ཕྱིར་ན་རྫས་བརྒྱད་དུ་འབྱེད་པའོ། །དེའི་ཕྱིར་ན་བསམ་གཏན་དང་པོའི་ཉོན་མོངས་ཀྱི་གཉེན་པོ་ལམ་རྗེས་ཤེས་དེ་ཉིད་སྲིད་རྩེའི་ཡང་ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་ལམ་རྗེས་ཤེས་ཉིད་ཡིན་པའི་ཕྱིར་ན་ལམ་ཟག་མེད་ཀྱི་ཁམས་གོང་མ་གཉིས་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པར་ངེས་སོ། །འོ་ན་བསམ་གཏན་དང་པོའི་གཉེན་པོར་གྱུར་པའི་སྡུག་ཀུན་ལ་རྗེས་ཤེས་ཀྱིས་སྲིད་རྩེའི་ཡང་གཉེན་པོ་བྱེད་པར་མཚུངས་ལ། དེ་ལྟ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ས་དང་པོ་བདུན་གྱི་སྡུག་ཀུན་ལ་དམིགས་དགོས་ལ། དེ་ལྟ་ན་ཏིང་ངེ་འཛིན་དེའི་གྲངས་ངེས་ཉམས་སོ། །ཞེ་ན། མཚུངས་པ་ནི་འདོད་ལ། དེ་ལྟ་ན་ཡང་གྲངས་ངེས་ཉམས་པའི་ཉེས་པ་མེད་དེ། ས་འོག་མའི་སྡུག་ཀུན་ལ་དམིགས་ཀྱང༌། དེའི་ཆ་ནས་སྲིད་རྩེའི་གཉེན་པོར་མི་འཇོག་པའི་ཕྱིར། འོ་ན་ས་འོག་མའི་འགོག་ལམ་ལ་དམིགས་པའི་ཆ་ནས་ཀྱང་དེར་མི་འཇོག་པས་གྲངས་ངེས་ཉམས་སོ། །ཞེ་ན། མི་མཚུངས་ཏེ། སྡུག་ཀུན་ནི་རང་རང་གི་སས་བསྡུས་ལ། གཉིས་པོ་ལ་དེ་ལྟར་མ་ཡིན་པའི་ཕྱིར་དང༌། ལམ་ལ་ནི་ས་དགུ་ཀའི་གཉེན་པོའི་གཞི་མཐུན་སྲིད་པའི་ཕྱིར། ཁམས་གསུམ་ཀའི་ཉོན་མོངས་པ་མཐའ་དག་སྤངས་པའི་འགོག་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་དགྲ་བཅོམ་པའི་འབྲས་བུར་འཇོག་ལ། དེ་འཐོབ་བྱེད་ཀྱི་རྒྱུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གྱུར་པའི་འགོག་པ་ལ་རྗེས་ཤེས་དེ་ཉིད་ཡིན་པའི་ཕྱིར། དེ་ལ་དགོངས་ནས་ཇི་སྐད་དུ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས། འོ་ན། ཇི་སྐད་དུ། རང་གི་ས་པའི་འགོག་པ་དང༌། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡུལ་ཅན་ཉོན་མོངས་ཀྱིས་དམིགས་ཚུལ་ཡིན་གྱི། གཉེན་པོ་རྗེས་ཤེས་ཀྱིས་མ་ཡིན་ནོ། །གཉིས་པ་དེས་གཞན་ཡང་མཚོན་པ་ལ་གཉིས་ཏེ། བསམ་གཏན་གྱི་དངོས་གཞི་ས་བསྡུས་པའི་རྡོ་རྗེ་ལྟ་བུ་མཚོན་པ་དང༌། གཟུགས་མེད་དང་པོ་གསུམ་གྱི་རྡོ་རྗེ་ལྟ་བུ་ཡང་མཚོན་པའོ། །དང་པོ་ནི། བསམ་གཏན་བཞི་པས་བསྡུས་པའི་བར་དག་ཀྱང་དེ་དང་འདྲའོ། །ཞེས་པ་བསམ་གཏན་ས་དྲུག་ལས་ཕྱི་མ་ལྔ་ལའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལྔ་བཅུ་རྩ་གཉིས་རེ་ཡོད་དོ། །ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་བསམ་གཏན་ས་དྲུག་གིས་བསྡུས་པ་ལ། སུམ་བརྒྱ་དང་བཅུ་གཉིས་སོ། །གཉིས་པ་ནི། ནམ་མཁའ་མཐའ་ཡས་ཀྱི་ངོ་བོར་གྱུར་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་ཉི་ཤུ་རྩ་བརྒྱད་དེ། སྲིད་རྩེའི་སྡུག་ཀུན་ལ་དམིགས་པའི་རྗེས་ཤེས་ཀྱི་རྣམ་པ་བརྒྱད། འགོག་པ་ལ་རྗེས་ཤེས་ཀྱི་རྣམ་པ་ནི། གཟུགས་མེད་བཞིའི་གཉེན་པོ་འགོག་ལམ་ལ་དམིགས་པའི་རྣམ་པ་བཞི་ཚན་བཞིའི་དབྱེ་བས་བཅུ་དྲུག་ལམ་ལ་རྗེས་ཤེས་ཀྱི་རྣམ་པ་བཞི་རྣམས་སོ། །འདིར་སྔ་མའི་སྟེང་ནས་འགོག་ལམ་ལ་ཆོས་ཤེས་ཀྱི་རྣམ་པ་བརྒྱད་མི་འཇོག་སྟེ། གཟུགས་མེད་ནི་འདོད་པའི་ཁམས་ལས་རིང་བ་བཞིས་རིང་བས་དེའི་གཉེན་པོ་འགོག་ལམ་ལ་མི་དམིགས་པའི་ཕྱིར་རོ། །བསམ་གཏན་ས་བཞིའི་གཉེན་པོར་གྱུར་པའི་འགོག་པ་བཞིའི་རྣམ་པ་བཅུ་དྲུག་མི་རྩི་སྟེ། དེས་ས་འོག་མའི་འགོག་པ་ལ་དམིགས་པའི་ཕྱིར། དེས་དེའི་དགག་བྱ་ཉོན་མོངས་ལ་མི་དམིགས་ཤིང༌། དགག་བྱ་མ་བཟུང་བར་དེའི་འགོག་པ་མི་འཛིན་པའི་ཕྱིར་འགོག་པ་མི་འཛིན་པའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། གཟུགས་མེད་དངོས་གཞི་དགེ་རྣམ་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་དང་བསམ་གཏན་མི་མཚུངས་པའི་ཤེས་བྱེད། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་བཤད་པས་སོ། །དེ་བཞིན་དུ། རྣམ་ཤེས་ཀྱིས་ནམ་མཁའི་འགོག་པ་ལ་མི་དམིགས་པས། ཉི་ཤུ་རྩ་བརྒྱད་ཀྱི་སྟེང་ནས་བཞི་ཕྲི། ཅི་ཡང་མེད་ཀྱི་རྣམ་ཤེས་ལ་མི་དམིགས་པས་ཉི་ཤུ་རྩ་བཞིའི་སྟེང་ནས་བཞི་ཕྲི་བའོ། །དེ་ལྟར་ན་གཟུགས་མེད་དང་པོ་གསུམ་གྱི་རྡོ་རྗེ་ལྟ་བུ་ལ་བདུན་བཅུ་རྩ་གཉིས་ཏེ། སྔ་མ་དང་བསྡོམས་པས་སུམ་བརྒྱ་དང་བརྒྱད་ཅུ་རྩ་བཞིར་འགྱུར་རོ། །དེ་དག་ལ་ཡང་རིས་དྲུག་དང་དབང་པོ་གསུམ་གྱི་བསྒྱུར་ན། དྲུག་སྟོང་དགུ་བརྒྱ་བཅུ་གཉིས་སུ་འགྱུར་རོ། །གཉིས་པ་ལུགས་གཞན་བསྟན་པ་ནི། ཆོས་མངོན་པ་པ་གང་དག ལམ་གྱི་བདེན་པ་འགོག་བདེན་དང་འདྲ་བར། ས་རེ་རེ་ཞིང་དམིགས་པར་འདོད་པ་ལྟར་ན། ས་དགུའི་གཉེན་པོ་སོ་སོར་ངེས་པས། གོང་མ་མའི་ལམ་སྤྱི་ལ་དམིགས་པའི་རྗེས་ཤེས་བཞིའི་རྣམ་གཞག་སྔར་བཤད་པ་དེ་བོར་ནས། འདོད་པའི་ལམ་བདེན་ལ་དམིགས་པའི་ཆོས་ཤེས་བཞི། ས་བརྒྱད་ཀྱི་ལམ་བདེན་ལ་དམིགས་པའི་རྗེས་ཤེས་སུམ་ཅུ་རྩ་གཉིས་ཏེ། ལུགས་སྔ་མ་ལ་མེད་པའི་ཉི་ཤུ་རྩ་བརྒྱད་རེ་ལྷག་པར་བསྣན་པས། བསམ་གཏན་ས་དྲུག་པོ་རེ་རེ་ལ་བརྒྱད་ཅུ་བརྒྱད་ཅུ་སྟེ། བསྡོམས་པས་བཞི་བརྒྱ་བརྒྱད་ཅུ་དང་གཟུགས་མེད་དང་པོ་གསུམ་ལ། རང་ས་དང་གོང་སའི་ལམ་བདེན་ལ་དམིགས་པ་ནི། གོ་རིམ་བཞིན་དུ་བཅུ་གཉིས་དང༌། བརྒྱད་དང༌། བཞི་བསྣན་པས། བཞི་བཅུ་དང༌། སུམ་ཅུ་རྩ་གཉིས་དང༌། ཉི་ཤུ་རྩ་བཞི་ཡིན་པས་དགུ་བཅུ་རྩ་དྲུག་ཏུ་འགྱུར་བས། ཐམས་ཅད་བསྡོམས་ན་ལྔ་བརྒྱ་དང་བདུན་ཅུ་རྩ་དྲུག་ཏུ་འགྱུར་ལ། དེ་ཡང་རིགས་དང་དབང་པོས་བསྒྱུར་ན། རྡོ་རྗེ་ལྟ་བུ་ཁྲི་དང་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་རོ། །ཞེས་སྔ་མ་རྣམས་གསུངས་པ་འགྲེལ་པའི་དགོངས་པ་ཉིད་ཡིན་གྱི། ཆགས་བྲལ་གྱི་རིམ་པ་ལྟ་ཞོག རྟེན་གྱི་སྒོ་ནས་འབྱེད་པའང་དགོངས་པར་མི་རུང་ངོ༌། །ཁ་ཅིག་ཉི་ཤུ་རྩ་བརྒྱད་ལྷག་པར་བསྣན་པའི་དོན་ལ། སྲིད་རྩེའི་གཉེན་པོ་ལམ་ལ་དམིགས་པ་བཞི་མི་བརྩི་བར་ལམ་ཕྱི་མ་ལ་དམིགས་པ་བཞི་སོར་འཇོག་པར་བྱེད་དོ། །དེའི་ཤེས་བྱེད་ནི། སྲིད་རྩེའི་གཉེན་པོ་རྗེས་ཤེས་ནི་ས་འོག་མ་བདུན་པོ་དག་གིས་བསྡུས་པ་ལས་གཞན་མེད་པ་ལ་བསམས་སོ། །འདོད་པ་ལ་མཚུངས་པ་ནི། དེའི་གཉེན་པོ་ནི་ཆོས་ཤེས་ཁོ་ནར་ངེས་པས་སོ། །ཞེས་འཆད། ལུགས་ཕྱི་མ་འདི་ལྟར་ན། གོང་ས་བརྒྱད་པོའི་གཉེན་པོ་ལམ་བདེན་སོ་སོར་འཆད་ལ། དེའི་ལྟར་ན་ས་བརྒྱད་ལ་ཆགས་བྲལ་རིམ་གྱིས་བྱེད་པ་ཁོ་ནར་ངེས་པ་དང༌། སྲིད་རྩེའི་གཉེན་པོ་བསམ་གཏན་ས་དྲུག་གི་སྡུག་ཀུན་ལ་རྗེས་ཤེས་ཀྱིས་ས་འོག་མའི་སྡུག་ཀུན་ལ་མ་དམིགས་པར་བཤད་དུ་རུང་མོད། བྱེ་སྨྲའི་རང་ལུགས་མ་ཡིན་ཏེ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་བྱ་བའི་དོན་དང་འགལ་བའི་ཕྱིར། འོ་ན་ས་འོག་མ་ལ་དམིགས་པའི་སྡུག་ཀུན་ལ་རྗེས་ཤེས་འདིར་མི་བགྲང་བ་ཅི་ཞེ་ན། དེས་དེ་ལ་དམིགས་ཀྱང་དེ་ལ་དམིགས་པའི་རྣམ་པ་བཞི་ཚན་དེ་དག་ནི་སྲིད་རྩེའི་གཉེན་པོར་མི་རུང་བའི་ཕྱིར་ཏེ། ས་གང་དང་གང་གི་སྡུག་ཀུན་ལ་དམིགས་པའི་རྣམ་པ་དེ་དང་དེ་དག་ནི་ས་དེ་ཉིད་ཀྱི་གཉེན་པོར་བྱེད་པས་ཁྱབ་པའི་ཕྱིར། འོ་ན་ཅིག་ཆར་བ་འདིའི་ལུགས་ལ། བསམ་གཏན་དང་པོ་སོགས་ཀྱི་གཉེན་པོར་གྱུར་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁས་ལེན་དགོས་པས་དེའི་གཉེན་པོའི་དབྱེ་བ་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ལ་ནི། མི་ལྕོགས་པ་མེད་པ་དང༌། དང་པོ་བཞི་ཙམ་ཁྱད་གཉིས་ཏེ། གསུམ་གྱི་དབྱེ་བ་དང༌། གཉིས་པ་ལ་ཆགས་བྲལ་བྱེད་པའི་རྡོ་རྗེ་ལྟ་བུ་ལ་མི་ལྕོགས་མེད་དང༌། གཉིས་པའི་གཞི་ཟག་མེད་དང༌། དེ་བཞིན་དུ་སྦྱར་ནས་མི་ལྕོགས་མེད་དང༌། ཅི་ཡང་མེད་ཀྱི་དངོས་གཞི་ཟག་མེད་གང་རུང་གིས་སྲིད་རྩེ་ལ་ཆགས་བྲལ་བྱེད་པའི་བར་རོ། །དེས་ན་བསམ་གཏན་གཉིས་པའི་དངོས་གཞི་ཟག་མེད་ཀྱིས་བསམ་གཏན་དང་པོ་ལ་ཆགས་བྲལ་བྱེད་པ་ལྟ་བུ་ནི་ཡོད་པ་མ་ཡིན་ཏེ། ཉེར་བསྡོགས་ཀྱི་ཆགས་བྲལ་བྱས་ཟིན་པའི་ཕྱིར།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*