ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས། ཆ ༽

གོང་དུ་གནས་གཉིས་པར་འདུས་བྱས་ཀྱི་མཚན་ཉིད་འཆད་པའི་སྐབས་སུ་བཤད་པ་ལྟར། རྒྱུན་གྱི་དབང་དུ་བྱས་ན་བུམ་པ་ལྟ་བུ་སྐྱེས་པའི་དུས་དང༌། ཞིག་པའི་དུས་མཉམ་པ་མ་ཡིན་ཏེ། བར་དེར་གནས་པ་ཁས་ལེན་པའི་ཕྱིར། སྐད་ཅིག་གི་དབང་དུ་བྱས་ན། སྐྱེས་པ་དང་ཞིག་པ་དུས་མཉམ་པ་ཡིན་ཏེ། བར་དེར་གནས་པ་ཁས་མི་ལེན་པའི་ཕྱིར། དེས་ན་བུམ་པ་ལྟ་བུ་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་གཅིག་ཙམ་དུ་གནས་པ་སྲིད་ན། དེའི་ཚེ་ཞིག་འཇིག་དོན་གཅིག་པ་ཁས་ལེན་དུ་མི་རུང་ཡང༌། དེ་ལྟར་གནས་པ་མི་སྲིད་དེ། གཞན་དུ་ན་འདུས་བྱས་སྐད་ཅིག་པར་མི་འགྲུབ་པའི་ཕྱིར། ཇི་སྐད་དུ་ཡང༌། འགྲེལ་པ་ལས། འཇིག་པ་དེ་ནི་དངོས་པོ་སྐྱེས་པ་ཙམ་ལ་མ་ཡིན་ན། ཕྱིས་ཀྱང་མི་འགྱུར་ཏེ། དངོས་པོ་མཚུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་གནས་སྐབས་གཉིས་ལས། འདིར་དང་པོ་ཁས་ལེན་པ་ཡིན་ཏེ། འདུས་བྱས་སྐད་ཅིག་མ་ཉིད་དུ་བསྒྲུབ་པའི་སྐབས་ཡིན་པའི་ཕྱིར། རྣམ་འགྲེལ་མཛད་པ་ཡང་དོན་འདི་ཉིད་བཞེད་པ་ཡིན་ཏེ། ཇི་སྐད་དུ། མེད་པ་རང་ཉིད་ལ་ཡོད་ནའང༌། །རྣམ་རྟོག་འདི་ནི་མཚུངས་ཞེ་ན། །དེ་ཡིས་ཅུང་ཟད་མེད་འགྱུར་ཏེ། །མེད་པར་གྱུར་པ་ཙམ་ཞིག་ཡིན། །ཞེས་བཤད་དོ། །འོ་ན་གནས་པ་ཁས་མི་ལེན་པ་དེའི་ཚེ་ཞིག་འཇིག་དོན་གཅིག་ན། འཇིག་པ་འདུས་བྱས་ཀྱི་མཚན་ཉིད་དུ་ཇི་ལྟར་རུང་སྟེ། དངོས་པོར་མེད་པའི་ཕྱིར། སྙམ་ན། ཉེས་པ་མེད་དེ། འཇིག་པ་དེ་མཚན་ཉིད་དུ་འཇོག་པ་ནི། གནས་པ་ཁས་བླངས་ནས། མཚན་ཉིད་བཞི་ལྡན་དུ་འཆད་པ་དེའི་ཚེ་ཁོ་ནར་ངེས་པའི་ཕྱིར་དང༌། སྐད་ཅིག་གི་ཚེ་ནི་དེའི་མཚན་ཉིད་དུ་སྐྱེ་བ་ཅན་གཅིག་པུས་ཆོག་པའི་ཕྱིར། སྐྱེ་འཇིག་ཅན་ཞེས་བརྗོད་ན་ཡང་སྐྱོན་ཡོད་པ་མ་ཡིན་ཏེ། འདུས་མ་བྱས་ལ་ཞིག་པ་མི་སྲིད་པའི་ཕྱིར། ཞིག་པ་རང་ལྡོག་ནས་དངོས་མེད་ཡིན་ཀྱང༌། འདུས་བྱས་སུ་འཆད་པ་འགལ་བ་མེད་དེ། འཇིག་རྟེན་ན་གྲགས་པའི་ཕྱིར་དང༌། བསྟན་བཅོས་ལས་ཀྱང༌། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་བཤད་པ་ལྟར་རོ། །དེ་ལྟ་མོད་ཀྱི། སྐབས་འདིར་ནི་དེ་ལྟར་ཁས་ལེན་པའི་ངེས་པ་མེད་ལ། འདིར་དཀའ་བའི་གནས་ནི། དྲངས་མ་ཐག་པའི་འགྲེལ་པ་ལ་འདིར། འཇིག་པ་རྒྱུ་མེད་ཡིན་པ་དང༌། ཕྱིས་བྱུང་བ་ཡིན་པ་དང༌། དངོས་པོར་མེད་པ་ཡིན་པར་བཤད་པ་དེའོ། །དེ་ཡང་བུམ་པ་མ་སྐྱེས་གོང་དུ་ནི་མ་ཞིག་ལ། སྐྱེས་དུས་སུ་ཞིག་པ་དེ་ལ་བསམས་ནས་སྤྱིར་བྱུང་བ་ཞེས་བྱའོ། །བུམ་པ་ཞིག་ཟིན་པ་དེ་ཉིད་རང་གི་ངོ་བོ་དངོས་མེད་ཡིན་པས་དེའི་རྒྱུ་མེད་པས་ཁྱབ་བོ། །ཞེས་བྱ་བའི་དོན་ཡིན་གྱི། རྟོག་གེ་པ་དག་ལ་གྲགས་པ་ལྟར། བུམ་པའི་འཇིག་པ་ལ་ཕྱིས་རྒྱུ་ཡོད། ཕྱིས་རྒྱུ་དོན་གཞན་མེད་ཅེས་བྱ་བར་ཁས་བླང་བར་བྱ་བ་ནི་མ་ཡིན་ནོ། །དོན་འདི་ཉིད་རྣམ་འགྲེལ་ལས་ཀྱང་བཤད་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་བྱ་བ་ཅུང་ཟད་ཞིག །ཡོད་ན་གཞན་ལ་ལྟོས་འགྱུར་གྱི། །དངོས་གང་ཅུང་ཟད་མི་བྱེད་ལ། །ཅི་སྟེ་འགའ་ཞིག་གི་ལྟོས་འགྱུར། །ཞེས་པ་དང༌། མེད་པ་ཡིན་ཞེས་གསུངས་པ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན། །ཞེས་འཆད་ལ། དེས་ནི་དྲངས་མ་ཐག་པའི་འགྲེལ་པར་དེ་དག་གི་དོན་བཤད་པར་མངོན་ནོ། །དེས་ན་ཞིག་པ་རྒྱུ་མེད་དུ་བྱུང་ཞེས་པ་དེ་ལ། རྒྱུ་མེད་ནི་མཚན་ཉིད་པ་དང༌། བྱུང་བ་ནི་བཏགས་པ་བ་སྟེ། དཔེར་ན། སྣུམ་ཟད་པས་མར་མེ་ཤི་བ་དང༌། ཆར་མ་བབས་པས་ལོ་ཉེས་པ་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་བྱུང་ཞེས་པ་ལྟ་བུའོ། །གཉིས་པ་ནི། འཇིག་པ་རྒྱུ་བཅས་པ་དག་ཐོ་བས་བུམ་པ་བཅོམ་དུས་ཀྱི་བུམ་པ་ཞིག་པ་དེ་ཐོ་བས་བྱས་པ་དང༌། ཤིང་ཐལ་བར་སོང་བ་དེ་མེས་བྱས་པར་ཁས་ལེན་པ་དེ་ནི། འཇིག་པ་རྒྱུ་བཅས་སུ་སྨྲ་བའི་གོ་དོན་ཡིན་ལ། དེའི་ཚེ་ཤིང་དང་བུམ་པ་ཞིག་པ་དེ་ཆོས་ཅན། རྒྱུ་དེ་དང་དེས་བྱས་པ་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར། ཞེས་པའི་དོན་ཡིན་ལ། གལ་ཏེ་དེ་ལྟར་ཁས་མི་ལེན་གྱི། བུམ་པའི་འཇིག་པ་ཐོ་བས་བྱས་པར་ཁས་ལེན་ནོ། །ཞེ་ན། འོ་ན་འཇིག་པ་ཞེས་པ། བཟོད་འཇིག་པར་འགྱུར་བའི་དངོས་པོ་ལ་ཟེར་བར་འདུག་པས། དེ་ཆོས་ཅན། ཐོ་བས་བྱས་པ་མ་ཡིན་ཏེ། རང་གི་རྒྱུར་ཁས་ལེན་པའི་ཐོ་བ་དེའི་སྔ་རོལ་དུ་བྱུང་བའི་ཕྱིར། དེ་བཞིན་དུ། ཤིང་གི་འཇིག་པ་ཆོས་ཅན། ཤིང་གི་འཇིག་རྒྱུར་འདོད་པའི་མེས་བྱས་པ་མ་ཡིན་ཏེ། དེའི་སྔ་རོལ་དུ་བྱུང་བའི་ཕྱིར། དོན་དེ་རྣམ་འགྲེལ་ལས་ཀྱང༌། དེས་ན་འབྲས་གནས་མེད་པའི་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན། །ཞེས་སོ། །མདོར་ན། མེས་ཤིང་བསྲེགས་ནས་ཐལ་བར་སོང་བ་དེའི་ཚེ། ཤིང་རང་གི་ངང་གིས་ཞིག་ནས་ཤིང་དེའི་རིགས་འདྲའི་རྒྱུན་ཕྱི་མ་སྐྱེ་བ་ལ་མེས་གེགས་བྱས་པ་ཙམ་ཡིན་གྱི། སྔར་ཡོད་ཀྱི་ཤིང་མེས་བཤིག་པ་ནི་མ་ཡིན་ཏེ། མེའི་དུས་སུ་བུད་ཤིང་འདས་པའི་ཕྱིར། དཔེར་ན་རླུང་དང་ཕྲད་པ་ལས་མར་མེ་ཤི་བ་དང༌། ལག་པ་དང་ཕྲད་པ་ལས་དྲིལ་བུའི་སྒྲ་འགགས་པར་འཆད་པ་དེའི་ཚེ། གནོད་བྱེད་དེ་དང་དེས་གནོད་བྱ་དེ་དང་དེའི་རིག་འདྲའི་རྒྱུན་ཕྱི་མ་སྐྱེ་བ་ལ་གེགས་བྱས་པ་ཡིན་གྱི། སྔར་ཡོད་འཇིག་པ་མ་ཡིན་པ་བཞིན་ནོ། །དེ་ལྟར་ཤེས་པ་ན། ལུགས་འདིར། བུམ་པའི་འཇིག་པ་དོན་གཞན་ཞེས་བྱ་བའི་མིང་ཅན་གྱི་རྩ་བའི་མཚན་ཉིད་དེས། མཚན་གཞི་བུམ་པ་འཇིག་པར་བྱེད་དོ། །ཞེས་འཆད་པ་དེ་ཡང༌། སྐྱེས་ཟིན་འཇིག་པ་མ་ཡིན་གྱི། སྐྱེ་འཕྲོ་བཅོད་པར་བྱེད་པ་དང༌། སྐྱེ་བས་ཀྱང་སྐྱེས་ཟིན་སྐྱེད་པ་མ་ཡིན་གྱི། མ་འོངས་པའི་གནས་ནས་འདྲེན་པར་བྱེད་པ་ཡིན་ལ། གནས་པ་ཁས་ལེན་ན་སྐྱེས་ཟིན་གནས་པ་ལས་འོས་མེད་ཀྱང༌། དེ་ནི་སྐབས་འདིར་ཁས་མི་ལེན་ཏེ། བླངས་ན། ཇི་སྐད་དུ། འགྲོ་མིན། ཞེས་སོགས་ཀྱི་རིགས་པ་དང་འགལ་བའི་ཕྱིར་རོ། །ཡང་དོགས་པའི་གནས་འདི་ལྟར། ཞིག་པ་དངོས་པོར་མེད་པ་ལུགས་འདིར་ཁས་ལེན་རྒྱུ་ཡིན་ན། ཇི་སྐད་དུ། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད་དེ་དག །ཅེས་དུས་གསུམ་རྫས་སུ་ཡོད་པར་སྨྲ་བ་ཉིད་གྲུབ་པའི་མཐར་བཤད་པ་དང་འགལ་ལོ་ཞེ་ན། དེའི་ལན་ནི་ཕྱི་རབས་ཀྱི་རྟོག་གེ་པ་རྣམས་ཀྱི་གྲགས་པས་མ་སླད་པར་བཤད་དགོས་པ་ལས། འདི་ལྟར། བུམ་པ་ཞིག་པ་ནི་དོན་བྱེད་མི་ནུས་པའི་ཕྱིར་དངོས་པོར་མེད་ན་འདས་པའི་མཚན་གཞིར་གང་ལ་རུང་སྟེ། དེའི་མཚན་ཉིད་སྐྱེས་ལ་འགགས་པ་ཉིད་དུ་བཤད་པའི་ཕྱིར། མཚན་ཉིད་དང་ལྡན་པའི་རྒྱུ་མཚན་གྱི་མཚན་གཞིར་ཡང་རུང་ན་ནི། བུམ་པ་ཞིག་པ་ཆོས་ཅན། རྒྱུ་དང་བཅས་པར་ཐལ། སྐྱེས་པའི་ཕྱིར། ཞེས་པ་དང༌། དེ་ཆོས་ཅན། ཞིག་པར་ཐལ། འགགས་པའི་ཕྱིར། དེ་འདོད་ན། ཐོ་བས་བུམ་པ་བཅོམ་ཟིན་པའི་དུས་འདིར་ཆོས་ཅན། བུམ་པ་མ་ཞིག་པར་ཐལ། བུམ་པ་ཞིག་པའི་ཕྱིར། ཞེས་པའི་རིགས་པ་འཇུག་སྟེ། ཇི་སྐད་དུ། སྐྱེ་ཕྱིར་འཇིག་པ་འཇིག་ཅན་འགྱུར། །དེ་ལྟ་ན་ཡང་ཤིང་མཐོང་འགྱུར། །ཞེས་བཤད་པ་ལྟར་རོ། །དེ་བཞིན་དུ་བུམ་པ་མ་སྐྱེས་པ་ཡང་སྦྱར་བར་བྱ་སྟེ། བུམ་པ་སྐྱེས་པ་ནི་དངོས་པོར་མེད་པའི་ཕྱིར། མ་འོངས་པའི་མཚན་གཞིར་མི་རུང་སྟེ། སྐྱེ་བའི་ཡོད་ཅིང༌། མ་སྐྱེས་པ་ཞེས་བྱ་བའི་མཚན་ཉིད་དེ་དང་མི་ལྡན་པའི་ཕྱིར། དེ་འདྲ་དེ་སྐྱེ་བའི་རྒྱུ་ཡོད་ན་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པར་འགྱུར་ལ། དེ་ལྟ་ན་ད་ལྟར་གྱི་གནས་སུ་སྐྱེས་པ་གཅིག་སྲིད་དགོས་ཏེ། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལ་ནི་མཚན་ཉིད་སྐྱེ་སོགས་ཚང་ཡང༌། སྐྱེ་བའི་རྒྱུ་རྐྱེན་མེད་པའི་གཏན་ཚིགས་ཀྱིས་མི་སྐྱེ་བར་བཤད་པའི་ཕྱིར་རོ། །འདོད་ན་ནི་དེའི་ཚེ་བུམ་པ་མ་སྐྱེས་པར་འགྱུར་ཏེ། དེའི་ཚེ་བུམ་པ་མ་སྐྱེས་པ་དེ་སྐྱེས་པའི་ཕྱིར། མཚན་གཞི་དེ་ལ་མ་འོངས་པའི་མཚན་ཉིད་ཀྱི་ཟུར་གཉིས་པ་ཚང་བར་འདོད་ན། བུམ་པ་མ་སྐྱེས་པའི་དུས་འདིར་ཆོས་ཅན། བུམ་པ་མ་སྐྱེས་པ་དེ་མ་སྐྱེ་བར་ཐལ། དེ་མ་འོངས་པའི་མཚན་གཞི་ཡིན་པའི་ཕྱིར། འདོད་ན། དུས་དེར་ཆོས་ཅན། བུམ་པ་སྐྱེས་པར་ཐལ། བུམ་པ་མ་སྐྱེས་པ་མ་སྐྱེས་པའི་ཕྱིར། ཞེས་པ་འདི་གནོད་བྱེད་ཀྱི་རིགས་པ་ཡིན་ལ། རང་རྒྱུད་ཀྱི་སྒྲུབ་བྱེད་ནི། བུམ་པ་ཞིག་པ་ཆོས་ཅན། འདས་པའི་མཚན་གཞི་ཡིན་ཏེ། རང་དུས་ཀྱི་སྔ་རོལ་དུ་མ་འོངས་པ་དང༌། ད་ལྟར་བའི་དངོས་པོ་བྱེད་མ་མྱོང་བའི་ཕྱིར། དེ་བཞིན་དུ་བུམ་པ་མ་སྐྱེས་པ་ཆོས་ཅན། མ་འོངས་པའི་མཚན་གཞི་མ་ཡིན་ཏེ། ཁྱོད་ཀྱི་རིགས་འདྲའི་རྒྱུན་ཕྱི་མ་ད་ལྟར་གྱི་གནས་སུ་སླེབས་པ་མི་སྲིད། དེ་གཉིས་ཀ་སྲིད་ན་ནི་གཉིས་པོ་སོ་སོར་འདས་མ་འོངས་ཀྱི་མཚན་གཞིར་འཇོག་པ་འགལ་ལོ། །རྩ་བའི་རྟགས་མི་མཐུན་ཕྱོགས་ལས་ཟློག་པའི་ཤེས་བྱེད་ནི། གྲུབ་པའི་མཐའ་འདིར་དུས་གསུམ་གྱི་འཇོག་ཚུལ། རྫས་གཅིག་ཉིད་ལ་གནས་སྐབས་ཀྱི་སྒོ་ནས་འཇོག་རྒྱུ་ཡིན་པ་ལ། རྫས་གཅིག་པུ་དེ་མ་སྐྱེས་པ་དང༌། ཞིག་པ་དང༌། སྐྱེས་ལ་མ་འགགས་པའི་ཆ་དེ་ཉིད་དུས་གསུམ་གྱི་མཚན་གཞིར་བཤད་ན། རྫས་དེའི་རིགས་འདྲའི་རྒྱུན་མ་སྐྱེས་པ་དང༌། སྐྱེས་ནས་ཆད་པ་སོགས་ལ་བཞག་པར་སོང་གི རྫས་རྒྱུན་གཅིག་ལ་བཞག་པར་མ་སོང་བའི་ཕྱིར། དེ་ལྟར་གཞན་ལུགས་བཀག་ནས། རང་གི་ལུགས་འཇོག་ཚུལ་ནི། བུམ་པ་དང་ཆུ་ལ་སོགས་པ་ཀུན་རྫོབ་པའི་དངོས་པོ་རྣམས་ཀྱི་སྟེང་ནས་འཇོག་པ་མ་ཡིན་གྱི། ཕུང་པོ་ལྔ་ལྟ་བུའི་དོན་དམ་པའི་དངོས་པོ་རྣམས་ཀྱི་སྟེང་ནས་བཤད་ན། མ་འོངས་པའི་གནས་དུས་དེ་ན་ཡོད་པའི་སེམས་བྱུང་ཚོར་བ་ལྟ་བུ་དེ། རང་དུས་དེ་ན་ཡོད་པའི་མཚན་གཞི་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། དེ་འདྲ་དེ་རྒྱུ་རྐྱེན་ཚོགས་པའི་དབང་གིས་ད་ལྟར་གྱི་གནས་སུ་དང་དུས་སུ་སླེབས་པའི་ཚེ། ད་ལྟར་བའི་དུས་ཀྱི་མཚན་གཞི་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། དེ་འདྲ་དེ་ད་ལྟར་གྱི་གནས་དུས་དོར་ནས་འདས་པའི་གནས་དུས་སུ་སླེབས་པ་དེའི་ཚེ། འདས་པའི་མཚན་གཞིར་འཇོག་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། འོ་ན་དེ་འདྲ་དེ་མ་སྐྱེས་པ་དང་ཞིག་པ་ཡིན་ན་རྫས་སུ་ཡོད་པ་ཇི་ལྟར་ཞེ་ན། ད་ལྟར་གྱི་དུས་སུ་ཞིག་པ་དང་མ་སྐྱེས་པ་ཡིན་ཀྱང༌། རང་རང་གི་ས་དེ་ན་རྫས་སུ་ཡོད་པའི་ཕྱིར། འགལ་བ་མེད་དོ། །འདི་ཡང་དཔེར་ན། རྩིས་པའི་རིལ་བུ་གཅིག་ཉིད་བརྒྱའི་ཤོ་མིག་ཏུ་བཞག་པའི་ཚེ་བརྒྱ་ཟེར་ལ། བཅུ་དང་སྟོང་གི་ཤོ་མིག་ཏུ་གཞག་པའི་ཚེ་ཡང་དེ་དང་དེ་ཞེས་ཟེར་བ་ཡིན་ནོ། །འདིར་ཡང་ཞིབ་མོར་ན། རྫས་རྒྱུན་ལ་བསམ་པ་ཡིན་ཏེ། གཞན་དུ་ན། འགྲོ་མིན། ཞེས་པའི་གཞུང་དང་འགལ་བར་དོགས་པས་སོ། །འོ་ན་འདས་མ་འོངས་ཀྱི་དངོས་པོ་དེ་རང་རང་གི་གནས་དུས་དེར་རྫས་སུ་གྲུབ་ན། དེར་རང་རང་ཉིད་ཡིན་ནམ། དེ་ད་ལྟར་བ་ཡིན། དང་པོ་ལྟར་ན། དུས་དེ་དང་དེར་ཡང་འདས་པ་དང་མ་སྐྱེས་པར་འགྱུར་བས། དུས་དེ་ན་མེད་པར་ཐལ་བ་དང༌། དངོས་པོ་གང་ཡང་རང་དུས་དེར་ཡང་འདས་པ་དང་མ་འོངས་པར་འཇོག་ན་ཧ་ཅང་ཐལ་ལོ། །གཉིས་པ་ལྟར་ན། འདས་པ་དང་མ་འོངས་པའི་དངོས་པོ་ཆོས་ཅན་རང་དུས་དེར་སྐྱེས་ལ་མ་འགགས་པར་ཐལ། དུས་དེར་ད་ལྟར་བ་ཡིན་པའི་ཕྱིར། ཞེས་པའི་ཐལ་བས་གནོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རང་དུས་སུ་རང་ཡིན་ཀྱང༌། རང་དུས་དེ་ལ་ལྟོས་པའི་འདས་པ་དང་མ་འདས་དང་མ་འོངས་པར་འཇོག་པ་མ་ཡིན་པའི་ཕྱིར། དཔེར་ན། སང་ཉིན་གྱི་བུམ་པ་དེ་དུས་དེར་ཁོ་རང་ཡིན་པ་བཞིན་ནོ། །དུས་དེར་ཁོ་རང་ཉིད་སྐྱེས་པར་ཡང་ཁས་ལེན་ཏེ། གཞན་དུ་ན། དེ་རིང་གིས་བུམ་པ་ཡང་དེ་རིང་གི་དུས་སུ་མ་སྐྱེས་པར་ཐལ་བའི་ཕྱིར་རོ། །འོ་ན་སང་ཉིན་གྱི་བུམ་པ་ཆོས་ཅན། སྤྱིར་སྐྱེས་པར་ཐལ། སང་ཉིད་ཀྱི་དུས་དེར་སྐྱེས་པའི་ཕྱིར། ཞེ་ན་ནི། ཁྱབ་པ་མ་ངེས་པ་ཉིད་དོ། །ཡང་གལ་ཏེ་འདིར་འདས་མ་འོངས་རྫས་ཡོད་དུ་ཁས་ལེན་པ་དང༌། གནས་དགུ་པར་བཏགས་ཡོད་ཉིད་དུ་བཤད་པ་མི་འགལ་ལམ་ཞེ་ན། དེར་འཆད་པ་ནི་སློབ་དཔོན་རང་གི་རིགས་པས་གྲུབ་མཐའ་སྨྲ་བ་གོང་མ་དང་མཐུན་པའི་ཕྱིར་ཉེས་པ་མེད་དོ། །ཞེས་ཀྱང་འཆད་ནུས་ལ། ཡང་ན་ད་ལྟར་གྱི་དུས་ལ་ལྟོས་ནས་དེར་འཆད་པ་མི་འགལ་ལོ། །གཉིས་པ་མདོ་སྡེ་པའི་རིགས་པས་དབྱིབས་རྫས་གྲུབ་དགོས་པའི་གཞུང་ནི། གཉིས་བཟུང་འགྱུར་དེ་རྡུལ་ལ་མེད། །ཅེས་པ་འདི་ལ། ཐལ་འགྱུར་དང༌། རང་རྒྱུད་གཉིས་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། སྐྱེས་བུའི་ལུས་ཀྱི་དབྱིབས་རྫས་གཞན་དེ་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ནོ། །ཞེས་ཟེར་བ་དེ་ལ། མདོ་སྡེ་པ་ན་རེ། དབྱིབས་རྫས་སུ་གྲུབ་པའི་རྒྱུ་མཚན་ཅི་ཡིན། མིག་གི་དབང་པོས་མཐོང་བའི་ཕྱིར་ཞེ་ན། དེའི་རྒྱུ་མཚན་ཅི་ཡིན་མིག་གིས་ཁ་དོག་མཐོང་བ་ན། འདི་ནི་རིང་པོའོ། །འདི་ནི་ཐུང་ངུའོ། །སྙམ་པའི་བློ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་དབྱིབས་དེ་ལུས་ཀྱི་དབང་པོས་ཀྱང་མཐོང་བར་འགྱུར་ཏེ། ལུས་ཀྱི་དབང་པོས་རེག་བྱ་བཟུང་བ་ན། རིང་པོ་ལ་སོགས་པའི་བློ་སྐྱེས་པའི་ཕྱིར་འདོད་མི་ནུས་ཏེ། སྐྱེ་མཆེད་གཅིག་འཇལ་བྱེད་དུ་དབང་པོ་དུ་མ་དོན་མེད་པའི་ཕྱིར་རོ། །བྱེ་སྨྲ་ན་རེ། རྩ་ཁྱབ་མི་མཚུངས་ཏེ། རེག་བྱ་ལས་དབྱིབས་རྟོགས་པ་ནི་དྲན་བློ་ཡིན་གྱི། མངོན་སུམ་མ་ཡིན་པའི་ཕྱིར་ཞེ་ན། མཚུངས་ཏེ། ཁ་དོག་ལས་དབྱིབས་དཔོག་པའི་བློ་ཡང་དྲན་བློ་ཡིན་པའི་ཕྱིར། གལ་ཏེ་ཡིན་དུ་ཆུག་ཀྱང་དབྱིབས་རྫས་སུ་གྲུབ་སྟེ། དྲན་བློ་དེ་ཉིད་དོན་དང་མཐུན་པའི་ཕྱིར། དཔེར་ན་ཁ་དོག་ལས་རེག་བྱ་དཔོག་པ་བཞིན་ནོ། །ཞེ་ན། དཔེ་དོན་མཚུངས་པ་མ་ཡིན་ཏེ། ཚོགས་པ་གཅིག་པའི་ཁ་དོག་དང་རེག་བྱ་ལ་ནི་མེད་ན་མ་འབྱུང་བའི་འབྲེལ་པ་གྲུབ་ལ། ཁ་དོག་དབྱིབས་ལ་ནི་དེ་གྲུབ་པ་མ་ཡིན་ཏེ། དབྱིབས་ནི་རྟོག་པས་བརྟགས་པའི་ཕྱིར། །ཞེས་བཤད་པ་ཉིད་ཀྱིས་སྐབས་འདིའི་འགྲེལ་པའི་དོན་གྲོལ་བར་འགྱུར་ལ། རྣམ་བཤད་མཛད་པ་པོ་རྣམས་ཀྱིས་མདོ་སྡེ་པའི་རིགས་པ་ཕྱིན་ཅི་ལོག་ཏུ་བཤད་པར་སྣང་སྟེ། རྣམ་དཔྱོད་ཀྱི་མིག་གིས་བརྟགས་པས་ཤེས་པར་འགྱུར་རོ། །གཉིས་པ་རང་རྒྱུད་ནི། སྐྱེས་བུའི་ལུས་ཆོས་ཅན། ཁྱོད་ཀྱི་དབྱིབས་རྫས་སུ་མེད་དེ། ཡོད་ན་རང་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ལ་ཡོད་དགོས་པ་ལས་མེད་པའི་ཕྱིར་རོ། །རྟགས་དེ་ཆོས་ཅན་གྱི་སྟེང་དུ་མངོན་སུམ་གྱིས་འགྲུབ་ལ། མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ནི། ཐོགས་པ་དང་བཅས་པའི་གཟུགས་གང་ཞིག་རྫས་སུ་ཡོད་ན་དེའི་རྫས་དེ་རང་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ལ་ཡོད་པའི་ཕྱིར། འདི་ནི་བྱེ་མདོ་གཉིས་ཀྱི་ཐུན་མོང་གི་རིགས་པ་སྟེ། དེ་ཡང་འདི་ལྟར། གང་མངོན་སུམ་གྱིས་མཐོང་བའི་དོན་རྣམས་ནི་རྫས་སུ་ཡོད་པ་ཡིན་ལ། དེ་ཡང་བུམ་པ་དང་ཆུ་ལྟ་བུ་ལ་མཚོན་ན། དེ་དག་མངོན་སུམ་གྱིས་མཐོང་བ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་མེད་དེ། བཅོམ་པའམ་བཤིག་པས་དེར་འཛིན་གྱི་བློ་འདོར་བའི་ཕྱིར། འདོར་བ་ཡིན་ཏེ། བུམ་པ་ཐོ་བས་བཅོམ་པ་ན། བུམ་པའོ་སྙམ་དུ་འཛིན་པའི་བློ་འདོར་ཞིང༌། ཆུ་ལ་བློ་ཤེས་རབ་ཀྱིས་རྡུལ་རྫས་བརྒྱད་དུ་སོ་སོར་ཕྱེ་བ་ན་ཆུར་འཛིན་གྱི་བློ་ལྡོག་པའི་ཕྱིར། དེའི་ཕྱིར་བུམ་པ་དང་ཆུ་རྫས་སུ་མ་གྲུབ་སྟེ། གྲུབ་ན་རང་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ལ་ཡོད་དགོས་པ་ལས་མེད་པའི་ཕྱིར། དེར་མེད་དེ། དེར་ཡོད་ན། བློས་སོ་སོར་ཕྱེ་ནས་བརྟགས་པ་ན། རྡུལ་རྫས་སོ་སོའི་སྟེང་དུ་རྙེད་དགོས་པ་ལས་མ་རྙེད་པའི་ཕྱིར། འོ་ན་བུམ་པ་དང་ཆུ་མིག་གི་དབང་པོས་མཐོང་བའི་ཚེ་མངོན་སུམ་གྱི་དོན་གང་ཞེ་ན། དེ་དང་དེའི་རྡུལ་རྫས་བརྒྱད་པོ་སོ་སོ་བ་ཉིད་དོ། །འོ་ན་དེ་ཡང་བསྐལ་པ་འཇིག་པའི་ཚེ་བཅོམ་པ་ན་དེར་འཛིན་གྱི་མངོན་སུམ་མི་འཇུག་པས་རྫས་སུ་འགྱུར་རོ། །དེས་ན་བྱེ་སྨྲའི་སྐབས་འདིར་འབྱུང་བ་བཞིའི་རྡུལ་ཁོ་ནར་མ་ཟད། འབྱུང་གྱུར་བཞིའི་རྡུལ་ཀྱང་རྫས་སུ་གྲུབ་པར་ཁས་ལེན་ཏེ། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་འཆད་པའི་ཕྱིར། གཟུགས་ཀྱི་དབྱེ་བ་འཆད་པ་ན། །གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་འཆད་མོད། དེའི་ཚེ་དབྱིབས་རྫས་སུ་མེད་དོ། །ཁ་དོག་ནི་རྫས་སུ་ཡོད་དེ། མེད་ན་རྡུལ་རྫས་བརྒྱད་ཀྱི་ཟླས་ཕྱེ་བའི་གཟུགས་རྡུལ་མི་རྙེད་པའི་ཕྱིར། མདོ་སྡེ་པ་དག་གི་ལུགས་ལ་ནི། འབྱུང་བ་ལས་གྱུར་པ་རྣམ་པ་བཞི་ཀ་ཡང་རང་རྩོམ་བྱེད་ཀྱི་རྡུལ་ལ་མེད་པའི་ཕྱིར་རྫས་སུ་མེད་དོ། །དེའི་ཤེས་བྱེད་ཀྱང་རགས་པ་རྩོམ་པའི་ཚེ་འབྱུང་བཞིའི་རྡུལ་འདུས་པ་ལས་འབྱུང་གྱུར་རྣམས་གསར་དུ་དམིགས་པ་ཡིན་གྱི། འབྱུང་གྱུར་གྱི་རྡུལ་ཕྱོགས་སོ་སོ་ནས་འདུས་ཏེ་རྩོམ་པ་མེད་དོ། །འདིར་སྡེ་པ་གཞན་དག བྱེ་སྨྲའི་སྐབས་སུ་རྡུལ་ཕྲན་རྫས་སུ་གྲུབ་ཅིང༌། རྡུལ་ཕྲན་ཡིན་ན་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པས་ཁྱབ་ལ། དེའི་ཆ་ཤས་སུ་གྱུར་པའི་རྡུལ་རྫས་བརྒྱད་པོ་དེ་ནི་ཡན་གར་དུ་གནས་པ་མི་སྲིད་དེ། བསྐལ་པ་ཞིག་པའི་ཚེ་དེ་དག་ཡན་གར་དུ་གནས་ན། རགས་པ་རྩོམ་པའི་ཚེ་སྟོང་པའི་རྡུལ་གྱིས་རྩོམ་དགོས་པས་བྱེ་བྲག་པའི་ལུགས་དང་ཁྱད་པར་མེད་པར་ཐལ་བའི་ཕྱིར་དང༌། མངོན་སུམ་གྱིས་མི་མཐོང་བས་རེག་བྱ་ཅན་མ་ཡིན་པར་ཐལ་བའི་ཕྱིར་དང༌། རེག་བྱ་ཅན་མ་ཡིན་ན་བྱེ་བྲག་པའི་ངོར་རྡུལ་ཕྲ་རབ་མི་རྟག་པར་སྒྲུབ་པ་ལ་རེག་བྱ་ཅན་གཏན་ཚིགས་སུ་མི་རུང་བར་འགྱུར་རོ། །ཞེས་གསུངས། དེ་ལྟར་འཆད་པ་གཞུང་གི་དངོས་བསྟན་དང་འགྲིག་ཀྱང༌། མདོ་སྡེ་པ་ཡན་ཆད་ཀྱི་ལུགས་སུ་མི་རུང་བ་ཁོ་ནར་མ་ཟད། བྱེ་སྨྲའི་ལུགས་བཞིར་བྱས་པ་ལའང༌། གཟུགས་ཀྱི་ཆུང་མཐར་གྱུར་པའི་རྡུལ་ཕྲན་དེ་ཆོས་ཅན། རྫས་སུ་གྲུབ་པ་མེད་དེ། བློས་བཤིག་པ་ན་དེར་འཛིན་གྱི་བློ་དོར་བའི་ཕྱིར། འོ་ན་རྡུལ་ཕྲན་དེ་མངོན་སུམ་གྱིས་མ་གྲུབ་པར་འདོད་དམ་ཞེ་ན། དེ་ལྟ་ན་ཡང་གཟུགས་ཅན་གྱི་ཆུང་མཐར་གྱུར་པའི་རྡུལ་ཕྲན་དེའི་སྟེང་གི་རྡུལ་བརྒྱད་པོའམ། ཡང་ན་དེ་སྟེང་གི་གཟུགས་ལ་སོགས་པའི་དོན་ལྔ་པོ་ཆོས་ཅན། རྫས་སུ་གྲུབ་སྟེ། ཇི་ཙམ་བཅོམ་པ་དང་ཤིག་ཀྱང་དེ་འཛིན་གྱི་བློ་མི་འདོར་བའི་ཕྱིར། དེས་གཟུགས་ཅན་གྱི་ཆུང་མཐའ་ནི་དེའི་ཆ་ཤས་སུ་གྱུར་པའི་དེ་དག་གོ །འོ་ན་དེ་དག་མངོན་སུམ་གྱིས་མི་མཐོང་བར་བཤད་པ་མ་ཡིན་ནམ་ཞེ་ན། སོ་སོར་གྱེས་པའི་ཚེ་མི་སྣང་ཡང༌། ཚོགས་པ་གཅིག་པའི་ཚེ་མཐོང་བར་འདོད་པས་ཉེས་པ་མེད་དོ། །བྱེ་མདོ་གཉིས་ཀ་ལྟར་ན་ཡང༌། དེ་འདྲའི་རྡུལ་ཕྲན་དེ་ཆོས་ཅན། རྫས་སུ་མེད་དེ། ཐོག་པ་དང་བཅས་པའི་གཟུགས་རུང་གང་ཞིག རང་གི་ཆ་ཤས་སུ་གྱུར་པའི་རྡུལ་ལ་མེད་པའི་ཕྱིར་རོ། །མདོ་སྡེ་པ་ལྟར་ན། རྡུལ་ཕྲན་དེ་འདྲ་དེའི་ཆ་ཤས་སུ་གྱུར་པའི་འབྱུང་བ་བཞིའི་རྡུལ་རྫས་སུ་ཡོད་ཀྱང་འབྱུང་བ་ལས་གྱུར་པའི་རྡུལ་ནི་རྫས་སུ་མེད་དོ། །ཇི་སྲིད་འབྱུང་བ་བཞི་མ་ཚོགས་པ་དེ་སྲིད་དུ་འབྱུང་གྱུར་གྱི་རྡུལ་རེ་རེ་ཡང་མི་འབྱུང་བའི་ཕྱིར། དེས་ན་ཁ་དོག་གི་རྡུལ་ཆོས་ཅན། རྫས་སུ་མེད་དེ། ཐོག་བཅས་ཀྱི་གཟུགས་རུང་གང་ཞིག རང་གི་ཆ་ཤས་སུ་གྱུར་པའི་རྡུལ་སོ་སོ་བ་ལ་མེད་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་ཕྱི་རོལ་གྱི་དོན་ལྟ་བུའི་གནས་ཚུལ་རྡུལ་ཕྲན་དུ་གནས་པར་ནི་བྱེ་མདོ་གཉིས་ཀ་མཐུན་པ་ཡིན་ལ། དེ་ཡང་བྱེ་སྨྲའི་ལུགས་ལ། ཀ་བུམ་ལ་སོགས་པའི་རགས་པ་རྣམས་མངོན་སུམ་ལ་སྣང་བ་དེའི་ཚེ། དབང་པོ་ལྔ་པོ་སོ་སོ་ལ་ཐུག་ཕྲད་དུ་སྣང་བའི་དོན་ལྔ་པོ་ནི་དབང་པོ་སོ་སོ་ལ་མངོན་གྱུར་ཡིན་ཏེ། དབང་པོ་སོ་སོས་བཤད་མ་ཐག་པའི་དོན་ལྔའི་རྡུལ་ཕྲན་སོ་སོ་བ་དེ་དག་དབང་པོ་སོ་སོས་ཕྲད་ནས་འཛིན་པའི་ཕྱིར། དེ་དུས་ཀྱི་དོན་རགས་པ་དེ་ནི། དབང་པོ་སོ་སོ་ལ་ལྐོག་ཏུ་གྱུར་པ་ཡིན་ཏེ། དེ་དག་ལ་དངོས་སུ་མི་སྣང་བའི་ཕྱིར་དང༌། དབང་པོས་རྡུལ་ཕྲ་རབ་སོ་སོ་བ་མཐོང་བ་ལས། འདི་ནི་བུམ་པའོ་སྙམ་པ་ལ་སོགས་པའི་ཡིད་ཀྱི་རྟོག་པ་འདྲེན་པའི་ཕྱིར། འོ་ན་རྟགས་ཀྱིས་དཔོགས་པའི་དོན་ཡིན་ན་མངོན་སུམ་ཡོད་པར་འགྱུར་རོ་ཞེ་ན། ཉེས་པ་མེད་དེ། དེ་ལྟར་དཔོག་པའི་གཏན་ཚིགས་དེ་ཡང་དག་མ་ཡིན་ནོ། །ཞེས་བཤད་ཟིན་ནོ། །ལྐོག་ཏུ་གྱུར་ཀྱང་ཚད་མའི་འཇུག་ཡུལ་དུ་ནི་མི་རུང་སྟེ། རྫས་སུ་མེད་པའི་ཕྱིར་རོ། །དེས་ན་མངོན་སུམ་ལ་རྡུལ་ཕྲན་མངོན་དུ་གྱུར་ཅིང༌། རགས་པ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་ནི་བྱེ་སྨྲའི་གྲུབ་པའི་མཐའོ། །མདོ་སྡེ་པ་དག་གི་ལྟར་ན། དོན་དུ་སྣང་བའི་ཤེས་པ་ལ་སྣང་བ་འདི་ནི་དོན་གྱི་རྣམ་པ་ཡིན་གྱི་དོན་དངོས་མ་ཡིན་ཞིང༌། དོན་དངོས་ནི་ཤེས་པ་དེའི་དུས་སུ་འདས་ཟིན་པས་དེ་ལ་མི་སྣང་བའི་ཕྱིར་ལྐོག་ན་མོར་བཞག་པ་ཁོ་ནར་མ་ཟད། རྣམ་པ་གཅོད་བྱེད་ཀྱི་རྒྱུ་ནི་འབྱུང་བ་སྤྱིའི་རྡུལ་ཕྲ་རབ་ཁོ་ན་ལ་འཆད་དགོས་པ་དེའི་ཕྱིར་ཕྱི་རོལ་གྱི་དོན་ནི་རྣམ་པར་ཤེས་པའི་ཚོགས་དང་པོ་བཞིའི་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་ཏེ། རེག་བྱའི་ངོ་བོར་གནས་པའི་ཕྱིར། ཁྱབ་པ་མ་ངེས་ན་ནི། ཇི་སྐད་དུ། གཉིས་གཟུང་འགྱུར་ཏེ། ཞེས་བྱ་བའི་ཉེས་པ་དེར་འགྱུར་རོ། །འོ་ན་ལུས་ཤེས་མངོན་སུམ་ལ་ཕྱི་རོལ་གྱི་དོན་མངོན་དུ་གྱུར་པར་ཁས་ལེན་དགོས་ཏེ། དོན་གྱི་གནས་ཚུལ་རེག་བྱའི་བདག་ཉིད་དུ་གནས་པས་སོ། །ཤེ་ན། དེ་ཡང་སོ་སོ་འབྱེད་དགོས་ཏེ། འབྱུང་བ་ལས་འགྱུར་བའི་རེག་བྱ་ནི་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མ་ཡིན་པས་ན། ལུས་ཤེས་ལ་མངོན་དུ་འགྱུར་བ་ཉིད་དུ་མི་འདོད་ཅིང༌། འབྱུང་བ་བཞིའི་རྡུལ་ཕྲ་རབ་དེ་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུར་ཁས་ལེན་པ་ཡིན་མོད། དེའི་ཚེ་འབྱུང་བ་བཞི་ཚོགས་པའི་ཚོགས་དེ་ལ་མངོན་གྱུར་མ་ཡིན་ཏེ། དེའི་གཟུང་ཡུལ་མངོན་གྱུར་ཡང་མ་ཡིན། འཇུག་ཡུལ་མངོན་གྱུར་ཡང་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་ཏེ། དེས་དེ་མ་རྟོགས་པའི་ཕྱིར། གཉིས་པ་ཡང་མ་ཡིན་ཏེ། དེ་རགས་པ་ཡིན་པས་དོན་རང་མཚན་དུ་མི་རུང་བའི་ཕྱིར། འོ་ན་ཅི་ཞེ་ན། འབྱུང་བ་གཞན་གསུམ་དང་ཚོགས་པ་གཅིག་ན་གནས་པའི་ཆུའི་རྡུལ་ཕྲ་རབ་ལྟ་བུ་དེ། བུམ་གཟུགས་འཛིན་པའི་མིག་ཤེས་ཀྱི་མངོན་སུམ་དང༌། དེའི་གཟུང་དོན་དང༌། འཇུག་ཡུལ་མངོན་གྱུར་ཡིན་ཞེས་བརྗོད་པར་བྱའོ། །དེ་ལྟར་ལུས་ཀྱི་རྣམ་པར་རིག་བྱེད་འཕྲོས་དོན་དང་བཅས་པ་བརྗོད་ཟིན་ནས། ངག་གི་རིག་བྱེད་འཆད་པ་ནི། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་པ་ནི། འོ་ན་ལུས་ཀྱི་རྣམ་པར་བྱེད་ཅེས་བྱ་བ་རྣམ་སྨིན་གྱི་ལུས་ཀྱི་གསེབ་ན། ནགས་ལ་མེ་ཞུགས་པ་ལྟ་བུ་ཞིག་ཡོད་དོ། །ཞེས་འཆད་པ་ལྟར། ངག་གི་རྣམ་པར་རིག་བྱེད་ཀྱང་དེ་དང་འཇོག་ལུགས་མཚུངས་པར་འཆད་དམ་ཞེ་ན། མ་ཡིན་ཏེ། འདི་ལྟར་སྒྲག་པར་བྱའོ་སྙམ་པའི་དེ་དུས་ཀྱི་བསམ་པས་ཀུན་ནས་བསླངས་པའི་ངག་གི་སྒྲ་རང་མཚན་པ་དེ་ཉིད་དོ། །ལུས་ཀྱི་རིག་བྱེད་དང་འདྲ་བ་མ་ཡིན་ཏེ། རྣམ་སྨིན་གྱི་ལུས་ཉིད་ནི་དེར་མི་རུང་བའི་རྒྱུ་མཚན་གྱིས་དེའི་གསེབ་ན་རིག་བྱེད་གཞན་ཞིག་ཡོད་པས་ཁས་ལེན་དགོས་པར་བྱུང་བས་སོ། །བྱེ་སྨྲ་ལྟར་ན་འདི་ཡང་རྫས་སུ་ཡོད་མོད། མདོ་སྡེ་པ་ལྟར་ན། ཇི་སྐད་དུ། རྡུལ་ལ་མེད། ཅེས་པའི་རིགས་པས་རྫས་སུ་མེད་པར་འཆད་དགོས་པ་ཡིན་ཏེ། འདི་རྩོམ་བྱེད་ཀྱི་རྡུལ་ཡང་འབྱུང་བའི་རྡུལ་ཁོ་ནར་ངེས་པས་སོ། །བྱེ་སྨྲ་ལྟར་ན། འདི་རགས་པ་ཡིན་ཀྱང་རྫས་སུ་ཡོད་དེ། བཤིག་པས་དེར་འཛིན་གྱི་བློ་འདོར་བར་མི་ནུས་པའི་ཐོགས་བཅས་ཡིན་པས་སོ། །འོ་ན་རགས་པ་ཐམས་ཅད་རྫས་མེད་དུ་ཁས་ལེན་པ་མ་ཡིན་ནམ་ཞེ་ན། འདི་ལྟར་འབྱེད་དགོས་ཏེ། རི་བོ་འབིགས་བྱེད་ལྟ་བུ་རྡུལ་རྫས་བརྒྱད་ཀའི་ཚོགས་དོན་དེ་རགས་པ་ཡིན་གྱི། ཚོགས་པ་དེ་ནི་ཡོད་པའི་གཟུགས་དང་རེག་བྱའི་སྐྱེ་མཆེད་སོ་སོ་བ་དེ་དག་ནི་རགས་པ་མ་ཡིན་ཏེ། རྡུལ་རྫས་བརྒྱད་ཀྱི་ཚོགས་པ་མ་ཡིན་པའི་ཕྱིར། ཞེས་ཁས་ལེན་པའམ། ཡང་དེ་དག་རྡུལ་རྫས་བརྒྱད་ཀའི་ཚོགས་དོན་མ་ཡིན་ཀྱང༌། གཟུགས་རྡུལ་དུ་ཚོགས་པ་དང༌། འབྱུང་གྱུར་པའི་རེག་བྱའི་རྡུལ་དུ་མ་ཚོགས་པ་ཡིན་པས་རགས་པ་ཡིན་ཀྱང༌། ཇི་ཙམ་བཤིག་ཀྱང་གཟུགས་དང་རེག་བྱའི་བློ་མི་འདོར་བས་རྫས་སུ་ཡོད་ཅེས་ཁས་ལེན་ནོ། །འོ་ན་ཞར་ལ། འབྱུང་གྱུར་གྱི་རེག་བྱ་དང༌། འབྱུང་བའི་རེག་བྱ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྫས་བརྒྱད་ཀྱི་ཟླས་ཕྱེ་བའི་རེག་བྱའི་རྡུལ་ཕྲ་རབ་འབྱུང་བ་བཞི་ཀ་ཚོགས་པ་ལས་བྱུང་བའི་རྡུལ་ཕྲ་རབ་རྫས་གཞན། ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཞེས་ཏེ། རྒྱུ་འབྱུང་བ་མེད་པར་འབྲས་བུ་འབྱུང་གྱུར་གྱི་རྡུལ་མི་འབྱུང་བའི་ཕྱིར། དཔེར་ན། འཇམ་རྩུབ་དང༌། ལྕི་ཡང་དང༌། གྲང་དྲོ་བཀྲེས་སྐོམ་ལྟ་བུའོ། །འདི་ཡང་མདོ་སྡེ་པ་ལྟར། འབྱུང་བ་ལ་བཏགས་པའི་བཏགས་ཡོད་དུ་ནི་མི་འདོད་དེ། རྡུལ་ཕྲ་རབ་ཀྱི་རྫས་བརྒྱད། ཁོ་ན་ཁས་ལེན་པའི་ཕྱིར། འབྱུང་བའི་རེག་བྱ་ནི་ཉེར་ལེན་གྱི་རྡུལ་ཡང་རེ་རེ་བ་ཁོ་ན་ཡིན་གྱི། འབྱུང་གྱུར་གྱི་རེག་བྱ་ལྟར་ཉེར་ལེན་གྱི་རྒྱུ་འབྱུང་བ་བཞི་ཀ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། དཔེར་ན་མེའི་ཚ་བ་དེ་ཉེར་ལེན་གྱི་རྒྱུ་འབྱུང་བ་གཞན་གསུམ་ལ་ལྟོས་མི་དགོས་པ་བཞིན་ནོ། །དེ་ལྟར་ལུས་ངག་གི་རིག་བྱེད་ཁོ་ན་བསམ་པའི་ལས་དང་རྫས་སུ་གྲུབ་པ་བཀག་པ་ལ། བྱེ་སྨྲ་ན་རེ། དེ་ལྟར་ན་འོ་ན། རྣམ་པར་རིག་བྱེད་མེད་པའི་ཕྱིར་འདོད་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་པར་འགྱུར་རོ། །ཞེས་ཟེར། དེའི་ཁྱབ་འབྲེལ་ནི་རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་ལ་བསམ་པའོ། །མདོ་སྡེ་པ་ན་རེ། ཁྱབ་པ་མ་ངེས་ཏེ། རིག་བྱེད་མ་ཡིན་པ་ཡོད་དུ་ཆུག་ཀྱང༌། དེ་ལ་རྒྱུ་རིག་བྱེད་མི་དགོས་པར་ཁས་བླངས་པས་ཆོག་པའི་ཕྱིར། ཇི་ལྟར་ཞེ་ན། ལུས་ངག་གི་ལས་ཞེས་བྱ་བའི་མིང་ཅན་སེམས་བྱུང་སེམས་པ་དེ་ཉིད་ལས་རིག་བྱེད་མ་ཡིན་པའི་གཟུགས་སྐྱེ་བར་ཁས་བླངས་ན། བྱེ་སྨྲ་རང་ཉིད་ཀྱི་ལུགས་ལ་ཉེས་པ་མེད་པའི་ཕྱིར། བྱེ་སྨྲ་ན་རེ། དེ་ལྟར་ན་འདོད་པའི་རིག་བྱེད་མ་ཡིན་པ་སེམས་ཀྱི་རྗེས་འབྲངས་ཡིན་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སེམས་པའི་ཁྱད་པར་གྱིས། དེའི་ཕན་པའི་ཁྱད་པར་དག་ཡོད་པའི་ཕྱིར་དང༌། ཁྱེད་འདོད་པའི་རིག་བྱེད་ཡོད་དུ་ཆུག་ཀྱང༌། རིག་བྱེད་མ་ཡིན་པ་དེ་འཕེན་པ་ནི་སེམས་པའི་སྟོབས་ལས་རག་ལས་པ་ཡིན་ཏེ། ལུས་ཀྱི་རེག་བྱེད་ནི་བེམས་པོ་ཡིན་པས་བླུན་པའི་ཕྱིར། ཞེས་ཟེར་རོ། །གཉིས་པ་རིག་བྱེད་མ་ཡིན་པའི་གཟུགས་ལ། ངོ་བོ་ནི། སྔར་བཤད་ཟིན་པས་དེ་འདིར་མི་འཆད་པར་སྒྲུབ་བྱེད་དང་རྒྱུ་འབྱུང་བའི་ཁྱད་པར་གཉིས་འཆད་དོ། །དང་པོ་ནི། རྣམ་གསུམ་དྲི་མེད་གཟུགས་གསུང་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་པའོ། །འདིའི་སྐབས་ཀྱི་རྩོད་ལན་ཕལ་ཆེར་ནི་རྟོགས་པར་སླ་ལ། བྱེ་བྲག་ཏུ་སྨྲ་བའི་བསམ་པ་ནི། རིག་བྱེད་མ་ཡིན་པའི་གཟུགས་ཁས་མ་བླངས་ན་ལས་ལམ་གྱི་དངོས་གཞིར་གྱུར་པའི་དགེ་བ་དང་མི་དགེ་བ་གཞག་ཏུ་མ་རུང་སྟེ། རིག་བྱེད་ནི་སྦྱོར་བ་ཡིན་སེམས་པ་ནི། ཀུན་སློང་ཡིན། སེམས་ཀྱི་རྒྱུ་ནི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་གནས་གང་དུ་ཡང་འགྱུར་བའི་ཕྱིར། ཞེས་བསམ་པ་ཡིན་ལ། མདོ་སྡེ་པ་ནི། དེ་ཁས་མ་བླངས་ཀྱང་ལས་ཀྱི་ལམ་གཞག་པར་ནུས་ཏེ། སྦྱོར་བ་ཡོངས་སུ་རྫོགས་པ་ན་རྒྱུད་ཡོངས་སུ་འགྱུར་པའི་ཁྱད་པར་ཞེས་བྱ་བ་ཞིག་འབྱུང་བ་དེ་ལ་ལས་ལམ་གྱི་མིང་འདོགས་པའི་ཕྱིར། འདི་ནི་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་ཡིན་ཏེ། རྒྱུ་ཡོངས་སུ་འགྱུར་བའི་ཁྱད་པར་ཞེས་བྱ་བ་དེ་ནི་འབྲས་བུ་མང་པོ་སྒྲུབ་པའི་ནུས་པ་ཞིག་ལ་བྱ་བ་ཡིན་ལ། དེ་ནི་རྒྱུ་ལུས་ངག་གི་བྱ་བ་སྔོན་དུ་སོང་བ་ལས་འབྱུང་བའི་ཕྱིར། དཔེར་ན་བྱེ་སྨྲའི་ལུགས་ལ་རྒྱུ་རྣམ་པར་རིག་བྱེད་ཀྱི་མིང་གིས་འབྲས་བུ་རྣམ་པར་རིག་བྱེད་མ་ཡིན་པ་ལ་བཏགས་པ་བཞིན་ནོ། །ཇི་ལྟར་ཞེ་ན། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་འབྲས་བུར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་ལ་ལུས་ཀྱི་ལས་ཤེས་པ་བཏགས་པ་བཞིན་ནོ། །བྱེ་སྨྲ་ན་རེ། ད་ནི་གང་རྣམ་པར་རིག་བྱེད་མ་ཡིན་པ་ནི་སོང་བར་བྱེད་ཅིང༌། དེ་ཁོ་ན་དང་འདྲ་བར་མི་མངོན་པ་རྒྱུད་ཡོངས་སུ་འགྱུར་བའི་བྱེ་བྲག་ཁས་ལེན་པར་བྱེད་པའི་རབ་ཏུ་སྡང་བ་དེ་གང་ཞེ་ན། རབ་ཏུ་སྡང་བ་ནི་ཅི་ཡང་མེད་མོད་ཀྱི། འོན་ཀྱང་སེམས་ཀྱི་རྒྱུད་ལས་བྱུང་བའི་ལུས་ཀྱི་སྦྱོར་བས་བྱ་བ་ཡོངས་སུ་རྫོགས་ནས། སྦྱོར་བ་སོ་སོ་ལ་དེ་དག་དང་ཐ་དད་པར་གྱུར་པའི་ཆོས་གཞན་ཞིག་སྐྱེའོ། །ཞེས་བྱ་བ་འདི་ལ་ནི་ཡོངས་སུ་དགའ་མི་སྐྱེའོ། །གང་གིས་བྱས་པའི་སྦྱོར་བ་ལས་བྱུང་བའི་བྱ་བ་ཡོངས་སུ་རྫོགས་པ་ཁོ་ན་ལ་དེའི་རྒྱུ་མཚན་གྱི་རྒྱུད་ཡོངས་སུ་འགྱུར་བ་འབྱུང་ངོ༌། །ཞེས་བྱ་བ་ནི་ཡོངས་སུ་དགའ་བར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བའི་རྒྱུད་ལས་ཕྱི་མ་ལ་འབྲས་བུ་འབྱུང་བའི་ཕྱིར་རོ། །ཞེས་ཟེར། དབུ་མ་རྩ་བའི་ཤེས་རབ་ཏུ། མདོ་སྡེ་པས་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་རྒྱུན་ཁས་བླངས་ཞེས་བཤད་པ་ཡང་འདི་ཉིད་དོ། །རྩོད་ལན་དེ་དག་གི་འཕྲོས་ལ་བལྟས་ན་བྱེ་མདོ་གཉིས་ཀས་ཀྱང་ལུས་ངག་གི་ལས་ལམ་དངོས་གཞི་འཇོག་པའི་ཚེ། ལུས་ངག་གི་བྱ་བ་ནི་རྒྱུ་ཡིན་ལ། དེ་ལས་བྱུང་བའི་རིག་བྱེད་མ་ཡིན་པའི་གཟུགས་སམ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ནི་ལས་ལམ་དངོས་གཞིར་འཇོག་པ་ཉིད་དུ་ཤེས་སོ། །དེས་ན་གཉིས་ཀའི་ལུགས་ལ། ལས་ལམ་དངོས་གཞིའི་དུས་སུ་ལུས་ངག་གི་རིག་བྱེད་དམ། བྱ་བ་བེམས་པོར་གྱུར་པ་དག་ཡོད་དམ་མེད་ཀྱང་རུང༌། ལས་ལམ་དངོས་གཞི་ནི་རིག་མིན་གྱི་གཟུགས་སམ། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་དེ་ཉིད་དོ། །དངོས་གཞི་དང་དུས་མཉམ་པའི་རིག་བྱེད་ནི་ལས་ལམ་དངོས་མ་ཡིན་ཏེ། དེ་ནི་མཇུག་ཀུན་ནས་སློང་བྱེད་དུ་བཤད་པའི་ཕྱིར་རོ། །གཉིས་པ་རྒྱུ་འབྱུང་བའི་ཁྱད་པར་ལ་ཕལ་ཆེར་ནི་གོང་དུ་བཤད་ཟིན་ལ། འདིར་གང་ཟག་གཅིག་གི་རྒྱུད་ལ་རིག་བྱེད་དམ་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཅིག་ཆར་དུ་སྐྱེ་བའི་ཚེ། གཉིས་པོ་དེའི་རྒྱུར་གྱུར་པའི་འབྱུང་བ་བཞི་ཚན་ནི་རྫས་ཐ་དད་པ་ཁོ་ན་ཡིན་ཏེ། འབྲས་བུ་གཉིས་པོ་འགལ་བའི་ཕྱིར། འོ་ན་དེ་དུས་ཀྱི་འབྱུང་བ་བཞི་ཚན་གཉིས་པོ་དེ་སྐྱེ་བ་སྔ་མའི་ལས་ཀྱི་རྣམ་སྨིན་དུ་གྱུར་པའི་འབྱུང་བ་བཞི་ཚན་དག་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། བྱུང་བ་གསུམ་གྱི་ནང་ནས་རྒྱུ་མཐུན་པ་ཁོ་ན་ལས་བྱུང་བའི་འབྱུང་བ་བཞི་ཚན་ཐ་དད་པ་རེ་གསར་དུ་སྐྱེ་བ་ཡིན་པའི་ཕྱིར། གང་གི་སྟོབས་ལས་ཤེ་ན། ཀུན་སློང་སེམས་པའི་སྟོབས་ལས་སྐྱེ་བ་ཡིན་ལ། དེ་ཡང་གཅིག་ནི་རྒྱུའི་ཀུན་སློང་དང༌། རིག་བྱེད་ཀྱི་རྒྱུ་འབྱུང་བ་ནི་དུས་ཀྱི་ཀུན་སློང་ལས་སོ། །དེ་ལྟ་བུའི་འབྱུང་བ་བཞི་ཚན་སོ་སོ་བ་དེ་ནི་གཟུགས་གཉིས་པོའི་བཞིའི་འབྱུང་བ་ཡིན་ཏེ། གཟུགས་གཉིས་པོའི་ཉེ་བར་ལེན་པའི་རྒྱུ་དང་འཇུག་བྱེད་ཡིན་པའི་ཕྱིར། དཔེར་ན་འཁོར་ལོ་འཕུལ་བྱེད་ལག་པ་ལྟ་བུའོ། །ལུས་ཀྱི་འབྱུང་བ་སྔར་ཡོད་རྣམ་སྨིན་དུ་གྱུར་པ་ད་ལྟར་བ་དེ་ནི་རྟེན་གྱི་འབྱུང་བ་ཡིན་ཏེ། རྫས་སུ་འཇུག་བྱེད་ཡིན་པའི་ཕྱིར། དཔེར་ན་འཁོར་ལོ་འདྲིལ་བ་ན་རྟེན་བྱེད་པའི་ཕྱོགས་ལྟ་བུའོ། །དེ་ཡང་འདོད་པའི་རྟེན་ལ་བསམ་གཏན་གྱི་སྡོམ་པ་སྐྱེས་པའི་ཚེ། འདོད་པའི་ལུས་ཀྱི་འབྱུང་བས་སྐལ་མཉམ་གྱི་རྒྱུ་བྱས། བསམ་གཏན་གྱི་སས་བསྡུས་པའི་སེམས་པས་བདག་པོའི་རྐྱེན་བྱས་པ་ལས་བསམ་གཏན་གྱི་སས་བསྡུས་པའི་འབྱུང་བ་བཞི་ཚན་སྐྱེ་ཞིང༌། དེ་དང་དུས་མཉམ་དུ་བསམ་གཏན་གྱི་སྡོམ་པ་སྐྱེ་བའོ། །དེའི་དུས་ཀྱི་འབྱུང་བ་བཞི་ཚན་དེ་ནི་རྒྱུ་མཐུན་ལས་བྱུང་བ་མ་ཡིན་ཏེ། ཉེར་ལེན་གྱི་རྒྱུ་སྔོན་དུ་མ་སོང་བའི་ཕྱིར་ཏེ། འདོད་གཟུགས་ཀྱི་འབྱུང་བ་སྐལ་བ་མི་མཉམ་པའི་ཕྱིར། དེས་ན་དེ་དུས་ཀྱི་འབྱུང་བ་བཞི་ཚན་དེ་ནི་རྒྱས་པ་ལས་བྱུང་བ་ཡིན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར། གལ་ཏེ་རིག་བྱེད་མ་ཡིན་པའི་གཟུགས་ཐོགས་མེད་དུ་འཆད་མོད། དེའི་རྒྱུ་འབྱུང་བ་ཐོགས་བཅས་སུ་ཁས་ལེན་ནམ་ཐོགས་མེད་དུ་འདོད་ཅེ་ན། ཐོགས་བཅས་སུ་མི་འདོད་དེ། འབྱུང་བ་ཐོགས་བཅས་ཀྱི་འབྱུང་འགྱུར་ཐོགས་མེད་དུ་མི་འདོད་པའི་ཕྱིར་དང༌། ཐོགས་བཅས་ཡིན་ན་བསགས་པའི་རྡུལ་དུ་འགྱུར་ལ། དེ་ལྟ་ན་རིག་བྱེད་མ་ཡིན་པའི་དྲི་རོ་སོགས་རྫས་བརྒྱད་ཀ་ཁས་ལེན་དགོས་པར་ཐལ་བའི་ཕྱིར་རོ། །དེས་ན་གཞིའི་འབྱུང་བ་ནི་ཐོགས་མེད་དང༌། རྐྱེན་གྱི་འབྱུང་བ་ནི་ཐོགས་བཅས་ཏེ། རྣམ་སྨིན་གྱི་ལུས་རྟེན་དུ་འགྱུར་བའི་ཕྱིར། གསུམ་པ་ཆོས་ཀྱི་ཁྱད་པར་ལ་བདུན་ཏེ་ངོ་བོ་དང་སའི་ཁྱད་པར། དགེ་སོགས་ཀྱི་ཁྱད་པར། རིག་བྱེད་མ་ཡིན་པ་ཉིད་ཀྱི་དབྱེ་བ། ལྡན་འཐོབ་གཏོང་གསུམ་གྱི་ཚུལ་རྟེན་གྱི་ཁྱད་པར་རྣམས་སོ། །དང་པོ་ནི། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་པ་རིག་བྱེད་མ་ཡིན་པའི་གཟུགས་ལ་ལུང་མ་བསྟན་མི་སྲིད་དེ། ཡོད་ན་ཀུན་སློང་གིས་དེར་འགྱུར་དགོས་པ་ལས་ལུང་མ་བསྟན་གྱི་སེམས་ནི་སྟོབས་ཞན་པས་རིག་མིན་གྱི་གཟུགས་སློང་བར་མི་ནུས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རིག་བྱེད་མ་ཡིན་པའི་གཟུགས་དགེ་མི་དགེར་འཇོག་པ་ནི་ཀུན་སློང་གི་དབང་གིས་དེ་འཇོག་པའི་ཕྱིར། གཞན་ནི་རྣམ་གསུམ་ཞེས་པ་རིག་བྱེད་དང་སེམས་པའོ། །འོ་ན་རིག་བྱེད་ལ་ཡང་ལུང་མ་བསྟན་མི་སྲིད་པར་འགྱུར་ཏེ། རིག་བྱེད་ཀྱང་ཀུན་སློང་གིས་དགེ་སོགས་སུ་འཇོག་པ་ཡིན་ལ། ལུང་མ་བསྟན་གྱི་སེམས་སྟོབས་ཞན་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། རིག་བྱེད་ནི་དེ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་ཡིན་པས་དེ་ཙམ་གྱིས་ཆོག་ལ། རིག་བྱེད་མ་ཡིན་པ་ནི་རྒྱུ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་ཡིན་པས། ཀུན་སློང་འགགས་ནས་ཡུན་རིང་དུ་ལོན་པའི་རྗེས་སུའང་རྒྱུན་རྗེས་སུ་འབྲེལ་དགོས་པའི་ཕྱིར་དང༌། དེ་འདྲ་དེ་འཕེན་པ་ཀུན་སློང་སེམས་ཤུགས་དང་ལྡན་པ་དགོས་པའི་ཕྱིར་རོ། །ཡང་ན་གཟུགས་ནའང་རྣམ་རིག་མིན། །ཞེས་པར་གཟུགས་མེད་པའི་ཁམས་ནའང་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པར་འགྱུར་ཏེ། འཕགས་པ་གཟུགས་མེད་དུ་སྐྱེས་པའི་ཚེ་ཟག་མེད་ཀྱི་སྡོམ་པ་སྔར་ཡོད་མ་བཏང་བའི་ཕྱིར་ཞེ་ན། དེ་ན་འབྱུང་བ་ལས་གྱུར་པའི་གཟུགས་མེད་དེ། རྟེན་འབྱུང་བ་མེད་པའི་ཕྱིར། བསྟན་མེད་ཀྱི་འབྱུང་བ་ཡོད་པར་ཁས་བླངས་ན་ཉེས་པ་ཅི་ཡོད་ཅེ་ན། ཉེས་པ་དང་བཅས་ཏེ། ཉེར་ལེན་གྱི་རྒྱུ་ཐོགས་བཅས་ཀྱི་འབྱུང་བ་མེད་པར་ཐོགས་མེད་ཀྱི་འབྱུང་བ་མི་སྲིད་པའི་ཕྱིར་རོ། །རྒྱུ་འབྱུང་བ་གཟུགས་མེད་ཀྱི་སས་བསྡུས་པ་མེད་ཀྱང༌། འབྲས་བུ་རིག་བྱེད་མ་ཡིན་པའི་གཟུགས་འབྱུང་བ་མི་འགལ་ཏེ། རྒྱུ་འབྱུང་བ་ཟག་མེད་ཀྱི་སས་བསྡུས་པ་མེད་ཀྱང༌། འབྲས་བུ་ཟག་མེད་ཀྱི་གཟུགས་སྲིད་པ་བཞིན་ནོ། །ཞེ་ན། མཚུངས་པ་མ་ཡིན་ཏེ། ཟག་མེད་ཀྱི་སྡོམ་པ་ཁམས་སུ་གཏོགས་པས་དེའི་རྒྱུ་འབྱུང་བ་ཡང་ཁམས་སུ་མི་གཏོགས་པའི་ཕྱིར། དེའི་འབྲེལ་ཀྱང༌། ཁམས་སུ་མ་གཏོགས་པ་ནི་ཁམས་སུ་གཏོགས་པའི་འབྱུང་བ་དང་སྐལ་བ་མཉམ་མི་མཉམ་གྱི་དབྱེ་བ་མེད་པས། སྐལ་བ་མི་མཉམ་པས་རྒྱུ་བྱས་པར་ཐལ་བ་མེད་པའི་ཕྱིར་རོ། །འདོད་པའི་རྟེན་ལ་གཟུགས་ཁམས་ཀྱིས་བསྡུས་པའི་འབྱུང་བ་བཞི་སྐྱེས་པ་དེ་བཞིན་དུ། འདོད་གཟུགས་ཀྱི་རྟེན་ལ་གཟུགས་མེད་ཀྱི་སྡོམ་པ་སྐྱེ་བ་མི་འགལ་བར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། བསམ་གཏན་གྱི་སེམས་ནི་དམིགས་པ་གཟུགས་ལ་རྒྱབ་ཀྱིས་མ་ཕྱོགས་པས། གཟུགས་ཀྱི་འབྱུང་བ་སྐྱེད་པར་ནུས་ལ། གཟུགས་མེད་པའི་སེམས་ནི་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པས་དེ་སྐྱེད་པར་མི་ནུས་པའི་ཕྱིར་རོ། །རྣམ་གྲངས་གཅིག་ལ། བྱེ་སྨྲ་ན་རེ། གཟུགས་མེད་ཁམས་ན་སྡོམ་པ་མེད་དེ། འཆལ་བའི་ཚུལ་ཁྲིམས་ནི་འདོད་པའི་སས་བསྡུས་པ་ཡིན་ལ། གཟུགས་མེད་པར་ནི་འདོད་པའི་གཉེན་པོར་མི་རུང་བའི་ཕྱིར། མི་རུང་སྟེ། རིང་བ་བཞིས་རིང་བའི་ཕྱིར། བཞི་ནི། རྟེན་དང༌། རྣམ་པ་དང༌། དམིགས་པ་དང༌། གཉེན་པོའོ། །ཡང་ཇི་སྐད་དུ། རྣམ་རིག་དཔྱོད་དང་བཅས་དག་ན། །ཞེས་པར། འོ་ན་ཇི་སྐད་དུ། རྟོག་དང་བཅས་དག་ན། ཞེས་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལྟ་ན་བསམ་གཏན་དང་པོ་ན་མེད་པར་ཐལ་བའི་ཕྱིར་རོ། །དེ་ན་དེ་ཡོད་པ་ཅི་ཞེ་ན། ཚངས་པ་ཆེན་པོ་ལ་གཡོས་ཀུན་ནས་བསླངས་པའི་ངག་གི་ལས་ཡོད་དེ། དེ་འཁོར་གྱི་ནང་ན་འདུག་པའི་ཚེ། ཚེ་དང་ལྡན་པ་རྟ་ཐུལ་གྱིས་འབྱུང་བ་ཆེན་པོ་བཞི་གང་དུ་འགག་ཅེས་དྲིས་པས། བདག་ཉིད་བཀུར་བའི་ཕྱིར་ཁོ་བོ་ནི་ཚངས་པའོ་ཞེས་གཏམ་རླུང་ལ་བསྐུར་བར་གྲགས་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ཡན་ཆད་ན་རྣམ་པར་རིག་བྱེད་མེད་ན་སྒྲའི་སྐྱེ་མཆེད་ཇི་ལྟར་ཡོད་ཅེ་ན། ཕྱིའི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་སྒྲ་དག་ཡོད་དོ་ཞེས་འཆད་དགོས་པ་ཡིན་ཏེ། འོ་ན་བསམ་གཏན་བཞི་པ་ཡན་ཆད་ན་ལུས་གཡོ་འགུལ་དང༌། ངག་སྨྲ་བརྗོད་བྱེད་པ་མེད་དམ་ཞེ་ན། གཞུང་འདིའི་རྩ་འགྲེལ་གྱི་དངོས་བསྟན་ལྟར་ན་མེད་པ་ལྟ་བུར་ཡང་བཤད་མོད། འདི་ལྟར་ཁས་བླངས་ན་ལེགས་པ་ཡིན་ཏེ། དེ་ཡན་ཆད་ན་ལུས་ངག་གི་རིག་བྱེད་ཇི་ལྟར་ཡོད་པ་དེ་ལུང་མ་བསྟན་ཁོ་ནར་ངེས་པའི་རྒྱུ་མཚན་གྱིས། དེ་དག་ན་དགེ་བ་དང་མི་དགེ་བ་དང་ཉོན་མོངས་ཅན་གྱི་རྣམ་པར་རིག་བྱེད་དགེ་བ་ཡང་མེད། ཉོན་མོངས་ཅན་ཀྱང་མེད་དོ། །མེད་པའི་ཤེས་བྱེད་བསམ་གཏན་གཉིས་ཀ་ཡན་ཆད་ཀྱི་རིག་བྱེད་ནི། བསམ་གཏན་དང་པོའི་རྟོག་དཔྱོད་མངོན་དུ་བྱས་ནས་སློང་བར་བྱེད་དགོས་ལ། གཉིས་པ་ཡན་གྱི་རྟེན་ལ་རྟོག་དཔྱོད་དགེ་བ་ཡང་མེད་ཉོན་མོངས་ཅན་ཀྱང་མེད་པའི་ཕྱིར། དེ་མེད་དེ། ས་འོག་མའི་དགེ་བ་དམན་པའི་ཕྱིར་དང༌། ས་འོག་མའི་ཉོན་མོངས་སྤངས་ཟིན་པའི་ཕྱིར། དེས་ན་གོང་སའི་རྟེན་ལ་མངོན་དུ་བྱེད་པའི་རྟོག་དཔྱོད་ནི་ལུང་མ་བསྟན་ཁོ་ནར་ངེས་པ་ཡིན་ཏེ། ཇི་སྐད་དུ། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་རྟོགས། །དང༌། དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་བཤད་དོ། །དེས་ན་གཞུང་འདི་ལྟར། དགེ་བ་དང་ནི་ཉོན་མོངས་པའི། །རྣམ་རིག་དཔྱོད་དང་བཅས་དག་ན། །ཞེས་སྦྱོར་རོ། །འོ་ན། འགྲེལ་པར། ཇི་སྐད་དུ། སྔ་མ་ཁོ་ནར་བརྗོད་དོ། །ཞེས་གཞུང་གི་དངོས་བསྟན་གཞན་དུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འཆད་པའི་ཚེ་འདི་ལྟར། ཀུན་སློང་བསམ་གཏན་དང་པོར་གཏོགས་ན། རྣམ་པར་རིག་བྱེད་ཀྱང་བསམ་གཏན་དང་པོར་གཏོགས་དགོས་ཏེ། ཀུན་ནས་སློང་བའི་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡང་ཀུན་སློང་གར་གཏོགས་དེར་གཏོགས་དགོས་པའི་ཕྱིར། ཞེས་པ་ཉིད་དོ། །ཡང་འདོད་པ་ན་ཡང་སྒྲིབས་མེད། །ཅེས་པ། འདོད་པའི་ཁམས་ན་སྒྲིབས་ལ་ལུང་མ་བསྟན་གྱི་མཚན་གཞི་ནི། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་ཡིན་ལ། དེ་ནི་མཐོང་སྤངས་ཁ་ནང་ཉིད་དུ་བལྟས་པ་ཡིན་ལ། དེས་ཁ་ཕྱིར་བལྟས་ཀྱི་རིག་བྱེད་སློང་བར་མི་བྱེད་པའི་ཕྱིར་རོ། །དེས་ན་སྒྲིབས་ལ་ལུང་མ་བསྟན་གྱི་རིག་བྱེད་ཀུན་ནས་སློང་བྱེད་ནི་སྒོམས་པས་སྤང་བར་བྱ་བ་དང༌། དེ་ཡང་ཁ་ཕྱིར་རོལ་དུ་བལྟས་པ་ཁོ་ནར་ངེས་སོ། །ཁམས་གོང་མ་ལ་མི་མཚུངས་པ་ཅི་ཞེ་ན། ཁམས་གོང་མའི་ཉོན་མོངས་པ་ནི་ཐམས་ཅད་ལུང་མ་བསྟན་དུ་ངེས་པའི་ཕྱིར་རོ། །མཐོང་སྤང་གི་རིག་བྱེད་མི་སློང་བ་དེ་ལྟར་ན། བཅོམ་ལྡན་འདས་ཀྱིས་ལོག་པར་ལྟ་བ་དེ་ལས་ནི་ལོག་པར་རྟོག་པ་དང༌། ལོག་པའི་ངག་དང༌། ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འདི་ལ་གཉིས་ཏེ། དངོས་ལན་གདབ་པ་དང༌། འཕྲོས་དོན་བཤད་པའོ། །དང་པོ་ལ། བྱེ་སྨྲ་སྔ་རབས་པའི་ལུགས་དང༌། སློབ་དཔོན་གྱིས་དེ་ལ་དཔྱད་པའོ། །དང་པོ་ནི། འགལ་བ་མེད་དེ། མདོ་ལས་ནི་རྒྱུའི་ཀུན་སློང་ལ་དགོངས་ནས་གསུངས་པ་ཡིན་ལ། འདིར་བཤད་པ་ནི་དུས་ཀྱི་ཀུན་སློང་མི་བྱེད་པ་ལ་བསམ་པ་ཡིན་ནོ། །འོ་ན་རྣམ་པར་རིག་བྱེད་ཀྱི་རྒྱུའི་ཀུན་སློང་དབང་བཙན་པ་ཡིན་ནམ་དུས་ཀྱི་ཀུན་སློང་དབང་བཙན་པ་ཡིན། དང་པོ་ལྟར་ན། བཤད་མ་ཐག་པ་དང་དངོས་སུ་འགལ། གཉིས་པ་ལྟར་ན་དུས་ཀྱི་ཀུན་སློང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཅན་གྱིས་སོ་ཐར་སྡོམ་པའི་རྣམ་པར་རིག་བྱེད་དགེ་བ་ཡོད་པ་མི་འགྱུར་རོ། །ཞེ་ན། དེའི་ལན་ལ། རྣམ་པར་རིག་བྱེད་མ་ཡིན་པ་ལ་ནི་རྒྱུའི་ཀུན་སློང་དབང་བཙན་པ་ལྟ་ཅི་སྨོས་ཏེ། རིག་བྱེད་ལ་སྤངས་བྱའི་རིས་ཐ་དད་གྱིས་བར་དུ་མ་ཆོད་ན་རབ་ཏུ་འཇུག་བྱེད་དབང་བཙན་ལ་བར་དུ་ཆོད་ན་དབང་མི་བཙན་ནོ། །ཞེས་པ་ནི་བྱེ་སྨྲ་སྔ་རབས་པའི་ལན་ཡིན་ལ། གཉིས་པ་སློབ་དཔོན་གྱིས་དཔྱད་པ་ནི། ཇི་སྐད་དུ། གལ་ཏེ་རྗེས་སུ་འཇུག་པ་བྱེད་པའི་དབང་གིས་དགེ་བ་ལ་སོགས་པ་ཉིད་མ་ཡིན་ན། འོ་ན་ནི། མདོ་ལས་རྒྱུའི་ཀུན་སློང་ལ་དགོངས་ནས་གསུངས་ཀྱི། དེའི་དུས་ཀྱི་ཀུན་སློང་ལས་ནི་མ་ཡིན་པས་དེའི་ཕྱིར་འདི་ན་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་མེད་དོ། །ཞེས་ནི་བརྗོད་པར་མི་བྱ་ཡི། འདི་སྐད་དུ། གཞན་གྱིས་ཆོད་པའི་རྒྱུའི་ཀུན་སློང་ལ་དགོངས་ནས་གསུངས་སོ། །ཞེས་བརྗོད་པར་བྱའོ། །ཞེས་བཤད་དོ། །དེའི་དོན་ནི། ལོག་ལྟས་ལོག་པའི་ངག་ཀུན་ནས་བསླངས་པ་དེའི་ཚེ། རྒྱུའི་ཀུན་སློང་དངོས་ནི་སྒོམ་སྤང་དུ་ཁས་ལེན་དགོས་ཏེ། བདེན་པ་བཞི་མེད་པར་ལྟ་བ་ནི་ལོག་ལྟ་དངོས་ཡིན་ལ། དེ་གཞན་ལ་བསྟན་པར་བྱའི་སྙམ་པའི་རྟོག་དཔྱོད་དེ་ནི། རྒྱུའི་ཀུན་སློང་དང་རབ་ཏུ་འཇུག་བྱེད་དངོས་ཡིན་ཏེ། དེས་ཀུན་ནས་བསླངས་པའི་ངག་གི་རིག་བྱེད་ནི་དེ་དང་མཐུན་པ་ཡིན་གྱི། སྔ་མ་ལོག་ལྟ་དངོས་དེ་དང་མི་མཐུན་པའི་ཕྱིར། དེས་ན་མཐོང་སྤང་ནི་རྒྱུའི་ཀུན་སློང་དངོས་དེའི་བརྒྱུད་པའི་རྒྱུར་སོང་གི ཀུན་སློང་དངོས་སུ་མ་སོང་ངོ༌། །གལ་ཏེ་སྔ་མ་ལོག་ལྟ་དེ་རྒྱུའི་ཀུན་སློང་དང༌། དེ་གཞན་ལ་བསྟན་པར་བྱའོ་སྙམ་པ་དེ་དུས་ཀྱི་ཀུན་སློང་དུ་འདོད་ན། བྱ་བ་དང་ལྷན་ཅིག་ཏུ་མི་འཇུག་པ་དུས་ཀྱི་ཀུན་སློང་དུ་མི་རུང་མོད། དེ་ལྟ་ན་ཡང་འདི་ལྟར་ལུས་ངག་གི་རིག་བྱེད་དགེ་བར་འཇོག་པ་རྒྱུའི་ཀུན་སློང་དབང་བཙན་ནམ། དུས་ཀྱི་ཀུན་སློང་དབང་བཙན། དང་པོ་ལྟར་ན། འདོད་པ་ན་བསྒྲིབས་པའི་རིག་བྱེད་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་རྒྱུའི་ཀུན་སློང་ངེས་འབྱུང་གི་བསམ་པས་ཀུན་ནས་བསླང་བའི་སོ་ཐར་གྱི་སྡོམ་པ་ལེན་པར་བྱེད་པའི་བརྗོད་པ་གཉིས་པའི་སྐབས་ལྟ་བུར། བསྒྲུབ་བྱ་ལ་ཞེ་སྡང་དྲག་པོ་སྐྱེས་པ་དེའི་ཚེ་ན། རྩོག་པུར་འདུག་པ་དང༌། ཐལ་མོ་སྦྱོར་བ་ལྟ་བུའི་ལུས་ཀྱི་རིག་བྱེད་དགེ་བར་མི་འགྱུར་རོ། །དེ་ལ་འདོད་པར་མི་ནུས་པ་ནི་བྱེ་བྲག་ཏུ་སྨྲ་བ་ཉིད་ཀྱི་གྲུབ་པའི་མཐའོ། །ཞེས་བྱ་བའི་དོན་ནོ། །གཉིས་པ་འཕྲོས་དོན་ལ་གཉིས། ཀུན་སློང་གཉིས་ཀྱི་ཁྱད་པར་དང༌། དགེ་སོགས་བཞིའི་སྐབས་སུ་དོགས་པའི་མཐའ་སྤོང་བའོ། །དང་པོ་ནི། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་པ་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་པ་འདིར་ཀུན་སློང་དངོས་ནི་ཉོན་མོངས་པ་དང་སེམས་པ་གཉིས་ཡིན་ལ། དེ་ཡང་རྒྱུའི་ཀུན་སློང་ནི་ཞེ་སྡང་གིས་སྲོག་བཅད་པར་བྱའོ་སྙམ་པའི་བློ་ལོ་དང་ཟླ་བ་དང་སྐད་ཅིག་ལ་སོགས་པས་བྱ་བ་དངོས་ཀྱི་བར་དུ་ཆོད་པ་དེའོ། །དུས་ཀྱི་ཀུན་སློང་ནི་སྲོག་བཅོད་པའི་བྱ་བ་ལ་དངོས་སུ་ཞུགས་པའི་དུས་ཀྱི་ལུས་ངག་གི་རིག་བྱེད་དང་ལྷན་ཅིག་ཏུ་འཇུག་པའི་ཉོན་མོངས་པ་དང་སེམས་པའོ། །འདི་གཉིས་ནི་འཁོར་ལོ་འདྲིལ་བ་ཕུལ་བྱེད་ལག་པ་ལྟ་བུ་དང༌། རྟེན་བྱེད་ས་གཞི་ལྟ་བུའི་དཔེ་དོན་དང་སྦྱོར་བའི་ཕྱིར། རབ་ཏུ་འཇུག་བྱེད་དང༌། རྗེས་སུ་འཇུག་བྱེད་ཅེས་ཀྱང་བྱའོ། །འོ་ན་རྒྱུའི་ཀུན་སློང་ཉིད་ཀྱིས་ལུས་ངག་གི་བྱ་བ་དང་མཐུན་པར་བསླངས་ཟིན་པའི་ཕྱིར་དུས་ཀྱི་ཀུན་སློང་དགོས་པ་མེད་དོ་ཞེ་ན། རིག་བྱེད་མ་ཡིན་པའི་གཟུགས་ལ་ནི་ཀུན་སློང་གི་ཆ་ནས་རྒྱུའི་ཀུན་སློང་གཅིག་པུས་ཆོག་ཀྱང༌། རིག་བྱེད་ལ་ནི་དུས་ཀྱི་ཀུན་སློང་མེད་ན་མི་འབྱུང་བའི་ཕྱིར་ངེས་པར་དགོས་སོ། །རིག་བྱེད་མ་ཡིན་པ་ལ་ཡང་ཀུན་སློང་གི་ཆ་ནས་རྗེས་སུ་འཇུག་བྱེད་མི་དགོས་ཀྱང༌། རྒྱུ་རྣམ་པར་རིག་བྱེད་མེད་ན་འབྲས་བུ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མི་འབྱུང་བའི་ཕྱིར། དེ་སྐད་དུ་ཡང༌། ད་ནི་བྱ་བ་དེ་ལ་དེའི་ནུས་པ་ཅི་ཞིག་ཡོད། འཕངས་སུ་ཟིན་ཀྱང་དེ་མེད་ན་ཤི་བ་གཞན་དུ་དེ་ཡོད་པར་མི་འགྱུར་རོ། །ཞེས་གསུངས། དེ་ལ་འཕྲོས་ནས་ཇི་སྐད་དུ། འོ་ན་སེམས་མེད་པའི་སྡོམ་པ་སྐྱེ་བ་ལ་ཇི་ལྟར་ཡོད། ཅེས་པའི་དྲི་བ་བཀོད་ནས། ཇི་སྐད་དུ། འོ་ན་ནི་སེམས་དང་བཅས་པ་ལ་ཆེས་གསལ་བ་ཡིན་པས། ནུས་པ་ནི་དེ་ཡིན་ནོ། །ཞེས་བཤད་པ་དེའི་དོན་ནི། སྡོམ་པ་ལ་དུས་ཀྱི་ཀུན་སློང་ཡང་ངེས་པར་དགོས་པ་དེ་ལྟ་ན། འགོག་པའི་སྙོམས་འཇུག་ཐོབ་ལ་མ་གཏང་བའི་དགེ་ཚུལ་ཞིག་གིས་བསྙེན་རྫོགས་བྱས་པའི་ཚེ། སྡོམ་པ་མི་སྐྱེ་བར་འགྱུར་ཏེ། དེ་ལ་དུས་ཀྱི་ཀུན་སློང་རྟོག་དཔྱོད་མེད་པའི་ཕྱིར། ཞེས་ཟེར་བ་ལ། གོང་དུ་བཤད་པ་དེ་སེམས་དང་བཅས་པའི་དབང་དུ་བྱས་པ་ཡིན་ལ། སེམས་མེད་ཀྱི་སྙོམས་འཇུག་མངོན་དུ་བྱས་པ་ལྟ་བུ་ལ་ནི་དེར་མ་ངེས་སོ་ཞེས་པའི་དོན་ཏེ། འདི་ཡང་དཔེར་ན་འགོག་སྙོམས་ཐོབ་པའི་དགེ་ཚུལ་གྱིས་འགོག་སྙོམས་ལས་ལངས་ཏེ། ལས་ཀྱི་གནས་སུ་འཇུག་པ་སོགས་མངོན་གྱུར་གྱི་ཆོས་རྣམས་དུས་ཀྱི་ཀུན་སློང་དང་བཅས་པ་ཚང་ཡང༌། བརྗོད་པ་གསུམ་པའི་ཚེ་འགོག་སྙོམས་མངོན་དུ་གྱུར་པའི་ལུས་ཀྱི་རིག་བྱེད་མ་ཉམས་པར་ཡོད་པ་དེའི་ངང་ལ་བརྗོད་པ་གསུམ་པ་མ་ཐོས་ཀྱང་སྡོམ་པ་སྐྱེས་པར་བསྟན་པ་ཡིན་ནོ། །དེ་ལྟར་བཤད་པ་ན་ལུས་ཀྱི་རིག་བྱེད་དུས་ཀྱི་ཀུན་སློང་ལ་མི་ལྟོས་པ་གཅིག་ཀྱང་བྱུང་བས། དམིགས་ཀྱིས་བསལ་བ་ཡིན་ནོ། །འདི་ཡང་བསྙེན་རྫོགས་ལ་ཡིན་གྱི། དགེ་བསྙེན་དང་དགེ་ཚུལ་ལྟ་བུ་ལ་ནི་མི་སྲིད་དེ། བརྗོད་པ་གསུམ་པའི་རྗེས་བཟློས་བྱེད་དགོས་པའི་ཕྱིར་དང༌། དེ་མི་དགོས་པའི་དམིགས་བསལ་ཡོད་པའི་ཚེ་ཡང་དོན་གོ་བ་ཞིག་ངེས་པར་དགོས་པའི་ཕྱིར། ཡང༌། མཐོང་བས་སྤངས་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། ཞེས་པར། འོ་ན་དེ་རྣམ་པར་རིག་བྱེད་ཀྱི་རྒྱུའི་ཀུན་སློང་དུ་རུང་ན། དེས་ཀུན་ནས་བསླངས་པའི་རིག་བྱེད་སྲིད་དམ་ཞེ་ན། མི་སྲིད་དེ། སྲིད་ན་དེ་འདྲ་དེ་མཐོང་སྤངས་ཡིན་པ་ཉིད་དུ་ཐལ་བ་ལས། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་ཅན་མིན་མཐོང་སྤངས་མིན། །གཟུགས་མིན་ཞེས་འཆད་པའི་ཕྱིར། དེ་ལྟར་བཤད་པ་ན་མཐོང་སྤང་གི་རྣམ་ཤེས་རྒྱུའི་ཀུན་སློང་དུ་འགྱུར་ཡང༌། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་མི་སྲིད་དོ། །ཞེས་ཁས་ལེན་དགོས་སོ། །དེའི་ཕྱིར་ཡང་དག་པར་ན་མཐོང་སྤང་གི་ཤེས་པ་ནི་རྒྱུའི་ཀུན་སློང་གི་ཡང་རྟེན་ཙམ་ཡིན་གྱི། ཀུན་སློང་དངོས་མ་ཡིན་ནོ། །ཞེས་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། མཐོང་བས་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བའི་བྱེད་པ་དཔྱོད་པ་དང་རྟོག་པ་དག་གི་གཞིར་གྱུར་པའི་ཕྱིར། ཞེས་གསུངས་སོ། །དེས་ན་ཀུན་སློང་གཉིས་པོ་གང་རུང་མཚན་ཉིད་པ་ལ་ནི་སྒོམ་སྤང་གིས་ཁྱབ་པ་ཡིན་ཏེ། མཐོང་སྤང་དང་ཟག་མེད་ནི་དེ་གཉིས་ཀ་ཡང་མི་རུང་བའི་ཕྱིར། འོ་ན་ཟག་མེད་ཀྱི་སྡོམ་པ་ཀུན་ནས་སློང་བྱེད་ཀྱི་སེམས་པ་མེད་པར་འགྱུར་ཏེ། ཟག་མེད་ནི་ཀུན་སློང་དུ་མི་རུང༌། ཟག་བཅས་ནི་སྐལ་བ་མི་མཉམ་པས་དེའི་ཀུན་སློང་དུ་མི་རུང་བའི་ཕྱིར་སྙམ་ན། དེའི་ཚུལ་ནི་དེ་མ་ཐག་ཀུན་སློང་གི་དགེ་བ་ལ་དཔྱོད་པའི་སྐབས་སུ་འཆད་པར་འགྱུར་རོ། །ཡང༌། ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །ཞེས་པ་དུས་ཀྱི་ཀུན་སློང་དུ་བཤད་པས་སྒྲ་དོན་འཛིན་པའི་རྟོག་པ་དང་བཅས་པར་ནི་གྲུབ་ལ། རྣམ་བཤད་མཛད་པ་དག རྣམ་པར་མི་རྟོག་པའི་ཕྱིར། རྒྱུའི་ཀུན་སློང་དུ་མི་རུང་ངོ༌། །ཞེས་འཆད་པ་ནི་ཡིད་རྟོག་ཏུ་འདོད་དགོས་པ་ཡིན་ཏེ། རྒྱུའི་ཀུན་སློང་ལ་ཡིད་ཀྱི་ཤེས་པ་རྟོག་བཅས་ཀྱིས་ཁྱབ་པའི་ཕྱིར། འོ་ན་མིག་ཤེས་རིག་བྱེད་ཀྱི་དུས་ཀྱི་ཀུན་སློང་དུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། མིག་གི་དབང་པོས་སེར་པོ་མཐོང་བ་ན། མིག་དེ་ལ་བརྟེན་པའི་ཤེས་པས་ནི། འདི་ནི་སེར་པོའོ་སྙམ་དུ་འཛིན་ལ། དེས་ཀུན་ནས་བསླངས་ནས་སེར་པོ་ལ་བལྟ་བའི་ལུས་ཀྱི་རིག་བྱེད་དང༌། འདི་ནི་སེར་པོའོ་ཞེས་བརྗོད་པའི་ངག་གི་སྒྲ་འབྱུང་བ་ལྟ་བུའོ། །འོ་ན་དེ་ཡིད་རྟོག་ཏུ་འདོད་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྲིད་མིག་གི་དབང་པོ་ལ་བརྟེན་པ་དེ་སྲིད་དུ་ནི་གཟུགས་གསལ་བར་སྣང་བ་ཡིན་ལ། དེའི་ཚེ་ནི་དབང་ཤེས་ཁོ་ནར་འཇོག་ཅིང༌། མིག་བཙུམ་པའི་ཚེ་སེར་པོ་དྲན་པའི་བློ་ནི་ཡིད་ཀྱི་རྟོག་པ་ཁོ་ནའོ། །ཡང་རབ་ཏུ་འཇུག་བྱེད་དགེ་སོགས་ལ། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་གྱུར། །ཞེས་བཤད་པ་འདི་ལ། གཉིས་པོ་མ་མཐུན་པ་དེའི་ཚེ་གང་དབང་བཙན་པ་ཡིན་ཞེ་ན། རྣམ་པར་རིག་བྱེད་མ་ཡིན་པ་ལྟ་ཅི་སྨོས། རྣམ་པར་རིག་བྱེད་ལ་ཡང་རབ་ཏུ་འཇུག་བྱེད་དབང་བཙན་པ་ཡིན་ཏེ། རྗེས་སུ་འཇུག་བྱེད་དབང་བཙན་ན་ནི། ཇི་སྐད་དུ། གལ་ཏེ་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་ནོ། །ཞེ་ན་ནི། སེམས་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཅན་གྱི་སོ་སོ་ཐར་པའི་རྣམ་པར་རིག་བྱེད་དགེ་བར་མི་འགྱུར་རོ། །ཞེས་བཤད་པ་དང་འགལ་བར་འགྱུར་བས་སོ། །འདི་ཡང་ཀུན་སློང་གཉིས་ཀ་ཡོད་པ་ལ་བསམ་པ་ཡིན་གྱི། རྒྱུའི་ཀུན་སློང་སྔོན་དུ་མ་སོང་བ་ལ་ནི་དེ་དུས་ཀྱི་ཀུན་སློང་ཉིད་གཙོ་ཆེ་བར་ཁས་ལེན་དགོས་ཏེ། ཀུན་སློང་གིས་དགེ་སོགས་གསུམ་དུ་བཞག་དགོས་པ་ཡོད་པའི་ཕྱིར། འདིའང་བྱེ་སྨྲའི་མཐར་ཐུག་གི་གྲུབ་མཐའ་ཡིན་ནམ་ཞེས་འོག་ནས་དཔྱོད་པར་འགྱུར་རོ། །དེ་ལྟར་བཤད་པ་དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་ཀ་ཡང་དུས་ཀྱི་ཀུན་སློང་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པ་ལས་སྐྱེ་དགོས་པའི་ཕྱིར། ངེས་འབྱུང་གིས་ཟིན་པར་འདྲ་ཡང༌། རྒྱུའི་ཀུན་སློང་འཇིག་སྐྱོབ་སོགས་སོ་སོར་ངེས་པའི་དབང་གིས་ངེས་འབྱུང་གི་ཚུལ་ཁྲིམས་སོགས་གསུམ་སོ་སོར་ངེས་སོ། །མདོ་སྡེ་པ་སོགས་ཀྱི་ལྟར་ན་ནི། དེའི་ཚེ་དུས་ཀྱི་ཀུན་སློང་དབང་བཙན་པ་ཡིན་ཏེ། སྡོམ་པ་སེམས་པའི་ངོ་བོར་སྐྱེ་བའི་ཕྱིར། གཉིས་པ་དགེ་སོགས་ཀྱི་སྤྲོས་པ་ལ། གོང་དུ་རྣམ་པར་རིག་བྱེད་ཀུན་སློང་གི་རྗེས་སུ་འཇུག་ལྡོག་བྱེད་པ་ལ་འཕྲོས་ནས། འོ་ན་དགེ་སོགས་ཀྱང་ཀུན་སློང་ཁོ་ནའི་དབང་གི་འཇོག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཀུན་སློང་གིས་དགེ་སོགས་སུ་འཇོག་པ་ཞིག་ཡོད་པར་མ་ཟད་ངོ་བོ་ཉིད་དང༌། མཚུངས་ལྡན་དང༌། དོན་དམ་པས་ཀྱང་དགེ་སོགས་སུ་འཇོག་པ་དག་ཡོད་པའི་ཕྱིར། ཞེས་འཆད་པ་ནི། ཐར་པ། །དམ་པའི་དོན་དུ་དགེ་རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱི། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །བྱ་བ་ལ་སོགས་ཀུན་སློང་བས། །ལྡོག་པ་མི་དགེ་དོན་དམ་པར། །ལུང་མ་བསྟན་པ་བསྟན་པ་དག །ཅེས་སོ། །འདིའི་སྤྲོས་པ་ལ་གཉིས་ཏེ། དོན་དམ་གྱི་དགེ་སོགས་ལ་དཔྱད་པ་དང༌། ཀུན་རྫོབ་ཀྱི་དགེ་སོགས་ལ་དཔྱད་པའོ། །དང་པོ་ནི། འོ་ན་འདིར་དགེ་སོགས་འཇོག་པའི་ཚེ་དོན་དམ་དང་ཀུན་རྫོབ་གང་དབང་བཙན་པ་ཡིན་ཞེ་ན། འདིར་དམ་པའི་ཆོས་ཀྱི་ཁང་བཟངས་སུ་འཇུག་པའི་སྒོ་ནི་གཉིས་ཏེ། ཤེས་རབ་ཀྱི་ཉོན་མོངས་སྤོང་བ་དང༌། ཐབས་ལ་མཁས་པས་ཚོགས་གསོག་པ་གཉིས་ལས། དང་པོའི་སྐབས་སུ་དོན་དམ་གཙོ་ཆེ་བ་ཡིན་ཏེ། སྐབས་དེར་ཀུན་རྫོབ་ཀྱི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པས་དེ་དག་སོ་སོའི་གོ་མི་ཆོད་པའི་ཕྱིར། འདིའི་སྒྲུབ་པ་ལ་གསུམ་ལས། དང་པོ་ནི། ཀུན་རྫོབ་ཀྱི་དགེ་བས་དགེ་བའི་གོ་མི་ཆོད་དེ། ཟག་པ་དང་བཅས་པའི་དགེ་བ་རྣམས་ནི་སྤང་བྱ་ཁོ་ནར་ངེས་པའི་ཕྱིར། དཔེར་ན་མ་རིག་པ་དང་སྲེད་ལེན་གྱིས་ཀུན་ནས་བསླངས་པའི་ལས་དགེ་བ་རྣམས་བཞིན་ནོ། །སྒྲུབ་བྱེད་གཉིས་པ་ནི། ཀུན་རྫོབ་ཏུ་མི་དགེ་བས་མི་དགེ་བའི་གོ་མི་ཆོད་དེ། དེའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པ་ཀུན་རྫོབ་ཀྱི་དགེ་བས་དགེ་བའི་གོ་མི་ཆོད་པ་བཞིན་ནོ། །ཞེས་པ་ནི། ཤེས་བྱེད་ཀྱི་དཔེ་ཡིན་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི། མི་དགེ་བ་སོགས་གསུམ་པོ་གང་ཡིན་ཀྱང་རུང༌། དེ་དང་དེ་གོ་ཆོད་པོ་ཡིན་ན་འཕགས་པས་དེ་དང་དེར་གཟིགས་དགོས་ལ། དེ་ཡང་འཕགས་པའི་ཡེ་ཤེས་ཀྱིས་ཡིན་གྱི། རྣམ་པར་ཤེས་པ་ཙམ་གྱིས་ནི་མ་ཡིན་པས་ན། ཀུན་རྫོབ་ཀྱི་དགེ་སོགས་གསུམ་པོ་ཙམ་གྱིས་ནི་མཐར་ཐུག་གི་དགེ་སོགས་དཔྱིས་ཕྱིན་པ་མ་ཡིན་པའི་ཕྱིར། གསུམ་པ་ཀུན་རྫོབ་ཀྱི་ལུང་དུ་མ་བསྟན་པས་ཀྱང་དེའི་གོ་མི་ཆོད་པའི་དཔེ་དང༌། ཤེས་བྱེད་ཀྱི་གཏན་ཚིགས་དེ་སྔ་མ་དེ་དང་འདྲའོ། །དེས་ན་དགེ་བ་གོ་ཆོད་པོ་ཡིན་ན། དོན་དམ་པའི་དགེ་བ་ཡིན་དགོས་ཏེ། དེ་ཡིན་ན་མཐར་ཐུག་གི་དགེ་བ་ཡིན་དགོས་པའི་ཕྱིར། མི་དགེ་བ་གོ་ཆོད་པོ་ལའང་དོན་དམ་པའི་མི་དགེ་བས་ཁྱབ་པ་ཡིན་ཏེ། དེ་ཡིན་ན་དོན་དམ་པའི་དགེ་བ་དེའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་དགོས་པའི་ཕྱིར། ལུང་མ་བསྟན་ལ་ཡང་དེ་དང་འདྲ་སྟེ། མདོར་ན་དགེ་སོགས་གསུམ་པོ་གང་རུང་གོ་ཆོད་པོ་ཡིན་ན། དོན་དམ་བདེན་པར་གྱུར་པའི་དེ་དང་དེ་ཡིན་དགོས་ཏེ། དེ་ཡིན་ན་བཅོམ་པའམ་བཤིག་པས་དགེ་སོགས་ཀྱི་བློ་མི་འདོར་དགོས་པའི་ཕྱིར། གནས་སྐབས་གཉིས་པའི་དབང་དུ་བྱས་ན། ཀུན་རྫོབ་ཀྱི་དགེ་སོགས་ཀྱི་དེའི་གོ་ཆོད་དགོས་ཏེ། ཀུན་རྫོབ་ཀྱི་བདེན་པར་གྱུར་པའི་འབྲས་བུ་བདེ་སྡུག་གིས་དེ་དང་དེའི་གོ་ཆོད་པའི་ཕྱིར་དང༌། སྐབས་འདིར་ནི་ཀུན་རྫོབ་ཀྱི་བདེན་པ་ལ་རྣམ་པར་མི་དཔྱོད་པའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་པར། འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་མཆོག་ཏུ་མི་བདེ་བའི་ཕྱིར་དོན་དམ་པར་མི་དགེ་བ་ཡིན་ནོ། །དེ་ལྟར་ན་ནི་ཟག་པ་དང་བཅས་པ་ཅུང་ཟད་ཀྱང་ལུང་དུ་མ་བསྟན་པའམ། དགེ་བར་མི་འགྱུར་རོ། །ཞེ་ན། དོན་དམ་པར་དེ་སྐད་དུ་བཤད་ཀྱི། ཟག་པ་དང་བཅས་པ་གང་ཞིག རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་དེ་ནི་ལུང་མ་བསྟན་པ་ཞེས་བྱ་ལ་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ནི་དགེ་བ་ཞེས་བྱའོ། །ཞེས་གསུངས་སོ། །ཞེའོ། །བོད་ལ་ལ་ན་རེ། དོན་དམ་པའི་དགེ་མི་དགེ་ནི་གཏགས་པ་ཙམ་མོ། །ཞེས་ཟེར། དོན་དམ་པར་དགེ་སོགས་ཁས་མི་ལེན་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དེ་ཕར་ཞོག་ལ། ཇི་སྲིད་བདེན་པ་གཉིས་ཀྱི་རྣམ་དབྱེ་ཁས་ལེན་པ་དེ་སྲིད་དུ་དོན་དམ་པའི་ཆོས་དེ་དང་དེས་དེ་དང་དེའི་གོ་མི་ཆོད་ན། སྤྱིར་དོན་དམ་པའི་བདེན་པས་བདེན་པའི་གོ་མི་ཆོད་པ་དང༌། དོན་དམ་པར་དོན་བྱེད་ནུས་པས་དོན་བྱེད་ནུས་པའི་གོ་མི་ཆོད་པ་སོགས་ཧ་ཅང་ཐལ་བར་འགྱུར་ཞིང༌། བྱེ་བྲག་ཏུ་དངོས་པོར་སྨྲ་བའི་ལུགས་ལས་ཉམས་སོ། །གཞན་ཡང་དོན་དམ་པའི་བདེ་བས་བདེ་བའི་གོ་མི་ཆོད་ན་ནི། ལུགས་འདིར་ཡང་མཐར་ཐུག་གི་ལྟ་བའི་ཚེ་བདེ་བ་ཁས་ལེན་རྒྱུ་མེད་པར་འགྱུར་ལ། གོ་ཆོད་ན་ནི་དམ་བཅའ་སྔ་མ་ཉམས་ཏེ། འདིར་དོན་དམ་པའི་བདེ་བ་དང་དགེ་བ་དོན་གཅིག་ཏུ་མཛད་པའི་ཕྱིར། དེ་སྐད་དུ་ཡང༌། དེ་བས་ན་མཆོག་ཏུ་བདེ་བའི་ཕྱིར་དོན་དམ་པར་དགེ་བ་སྟེ། ནད་མེད་པ་བཞིན་ནོ། །ཞེས་བཤད། གཉིས་པ་ལ་གཉིས་ཏེ། བྱེ་སྨྲ་སྔ་རབས་པའི་ལུགས་དང༌། དེ་ལ་སློབ་དཔོན་གྱིས་དཔྱད་པའོ། །དང་པོ་ནི། བྱ་བ་ལ་སོགས་ཀུན་སློང་བས། །ཞེས་པར། དགེ་བའི་རྩ་བ་གསུམ་དང༌། ཡོད་པ་རྣམ་གཉིས་ཀྱིས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་རིག་བྱེད་ཡིན་མིན་དང༌། མཚན་ཉིད་སྐྱེ་སོགས་ཐོབ་པ་དང༌། སེམས་མེད་ཀྱི་སྙོམས་པར་འཇུག་པ་རྣམ་གཉིས་ནི་ཀུན་ནས་སློང་བའི་དགེ་བར་བཤད་པ་དང༌། ཡང་མི་དགེ་བའི་རྩ་བ་གསུམ་དང་མེད་པ་རྣམ་གཉིས་ཀྱིས་ཀུན་ནས་བསླང་བའི་དེ་འདྲ་དེ་ལ་ཀུན་སློང་གི་མི་དགེ་བར་བཤད་པ་ལ་འཕྲོས་ནས། ཇི་སྐད་དུ། ད་ནི་འདི་དཔྱད་པར་བྱ་སྟེ། གལ་ཏེ་ཀུན་ནས་སློང་བའི་དབང་གིས་ལུས་དང་ངག་གི་ལས་དག་དགེ་བ་དང་མི་དགེ་བ་ཉིད་ཡིན་ན། ཅི་སྟེ་འབྱུང་བ་ཆེན་པོ་རྣམས་མ་ཡིན་ཞེ་ན། བྱེད་པ་པོ་ནི་ལས་ལ་སེམས་པ་ཡིན་གྱི། འབྱུང་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་བཤད། དེའི་དོན་ནི། ཀུན་སློང་གི་དགེ་མི་དགེར་འཇོག་ནུས་པ་དེ་ལྟ་ན། རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཀྱི་སྐལ་མཉམ་གྱི་རྒྱུར་གྱུར་པའི་གཞིའི་འབྱུང་བ་དག་ཀྱང་ཀུན་སློང་གི་དགེ་བ་དང་མི་དགེ་བ་དག་ཏུ་ཐལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཀུན་སློང་གི་དགེ་བ་དང་མི་དགེ་བ་ཀུན་ནས་སློང་བར་བྱེད་པ་པོའི་སེམས་པ་ནི། ལུས་ངག་བྱ་བ་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་སེམས་པ་ཡིན་གྱི། དེའི་རྒྱུ་འབྱུང་བ་འདི་ལྟ་བུ་ཞིག་སྐྱེད་པར་བྱའོ་སྙམ་དུ་སེམས་པ་མ་ཡིན་པའི་ཕྱིར། ཞེས་པ་སྟེ། རིགས་པ་འདི་ནི་མཚན་ཉིད་སྐྱེ་སོགས་བཞི་དང༌། ཐོབ་པ་ལ་ཡང་མཚུངས་པར་འདྲ་བས་དཔྱད་དོ། །གཉིས་པ་ལ་གཉིས་ཏེ། ཐོབ་པ་ལ་དཔྱད་པ་དང༌། མཉམ་གཞག་གི་ས་པའི་རིག་བྱེད་མ་ཡིན་པ་ལ་དཔྱད་པའོ། །དང་པོ་ནི། ཇི་སྐད་དུ། སྐལ་བ་མི་མཉམ་པའི་སེམས་ཀྱིས་ཀུན་ནས་བསླངས་པའི་ཐོབ་པ་རྣམས་ཇི་ལྟར་དགེ་བ་ཉིད་ཡིན་པ་ནི་བརྗོད་དགོས་སོ། །ཞེས་གསུངས། དེའི་དོན་ནི། དགེ་རྩ་ཆད་པ་མཚམས་འབྱོར་བའི་ཚེ། ཇི་སྐད་དུ། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་པ་ལྟར། ཡང་དག་པའི་ལྟ་བས་མཚམས་སྦྱོར་བ་དང༌། རྩ་ཉོན་གྱི་ནང་ཚན་དུ་གྱུར་པའི་ཐེ་ཚོམ་གྱིས་མཚམས་འབྱོར་བ་གཉིས་ལས། ཐེ་ཚོམ་གྱིས་འབྱོར་བ་དེའི་ཚེ་དགེ་བ་དེའི་ཐོབ་པ་ཇི་ལྟར་དགེ་བ་ཡིན་ཏེ། མ་ཆགས་པ་ལ་སོགས་པ་ལྟར་ངོ་བོ་ཉིད་ཀྱི་དགེ་བ་ཡང་མ་ཡིན། ཚོར་བ་ལ་སོགས་པ་བཞིན་དུ། མཚུངས་ལྡན་གྱིས་ཀྱང་མ་ཡིན། མྱ་ངན་ལས་འདས་པ་ལྟར་དོན་དམ་པས་ཀྱང་མ་ཡིན། ཀུན་ནས་སློང་བས་ཀྱང་མ་ཡིན་ཏེ། ཐེ་ཚོམ་གྱིས་ཀུན་ནས་བསླང་བའི་ཕྱིར་ཞེས་པ་དང༌། དེ་བཞིན་དུ་སྲིད་པར་ཉིང་མཚམས་སྦྱོར་བའི་ཚེ། དགེ་བ་སྐྱེས་ཐོབ་ཀྱིས་ཐོབ་པ་དེ་ཡང་ཇི་ལྟར་དགེ་བ་ཡིན་ཏེ། ངོ་བོ་ཉིད་ལ་སོགས་པ་བཞི་པོ་གང་གི་སྒོ་ནས་ཀྱང་མ་ཡིན་པའི་ཕྱིར། སློང་བས་མ་ཡིན་ཏེ། ཉིང་མཚམས་སྦྱོར་སེམས་ཉོན་མོངས་ཅན་གྱིས་བསླངས་པའི་ཕྱིར། ཞེས་པའི་དོགས་པ་འདི་ལ་འགྲེལ་པ་ཉིད་དུ་ནི་ལན་མ་བཏབ་ལ། ཊཱི་ཀ་བྱེད་པ་དག་ན་རེ། དེའི་ཚེ་དེ་འདྲའི་ཐོབ་པ་དེ་ཐེ་ཚོམ་གྱིས་ཀུན་ནས་བསླང་བ་མིན་གྱི། དགེ་བའི་རྩ་བས་ཀུན་ནས་བསླངས་པའི་དགེ་བ་ཉིད་ཡིན་ལ། ཐེ་ཚོམ་གྱིས་ནི་ཐོབ་པ་དེ་རྒྱུད་ལ་ལྡན་པའི་གེགས་བསལ་ནས་རྒྱུད་ལ་ལྡན་པ་ཙམ་དུ་བྱེད་པའི་ཕྱིར། དཔེར་ན་རྫ་བུམ་རྫ་མཁན་གྱིས་བྱས་ནས་ཐག་པས་སྦྲེལ་བར་བྱེད་པ་བཞིན་ནོ། །ཞེས་འཆད་པ་དེ་ཉིད་རིགས་པར་མངོན་ཏེ། ཉིང་མཚམས་སྦྱོར་སེམས་ཉོན་མོངས་ཅན་གྱི་ཚེ་ན། ས་དེའི་དགེ་བའི་ཐོབ་པ་སྔར་བྱུང་ཀྱང༌། དགེ་བ་ནི་དེ་ལ་ལྟོས་པའི་མ་འོངས་པ་ཡིན་ལ། དེ་མ་འོངས་པ་རང་གི་གོ་ས་ན་དགེ་བར་གནས་ཀྱང༌། དེའི་ཐོབ་པ་ད་ལྟར་གྱི་གནས་སུ་འདྲེན་པ་དེ་ནི་ཉིང་མཚམས་སྦྱོར་སེམས་ཉོན་མོངས་ཅན་དེས་བྱས་པའི་ཕྱིར། གཉིས་པ་ནི། ཇི་སྐད་དུ། མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ནི་བསམ་པ་མེད་དོ། །མཉམ་པར་མ་གཞག་པའི་སེམས་ནི་སྐལ་བ་མི་མཉམ་པའི་ཕྱིར་དེ་ཀུན་ནས་སློང་བར་བྱེད་པ་མ་ཡིན་ན། ཇི་ལྟར་དེ་དགེ་བ་ཉིད་ཡིན་ཡང་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་བས་འདི་ལ་འབད་པར་བྱ་དགོས་སོ། །ཞེས་བཤད་པ་དེའི་དོན་ནི། གོང་དུ་ཀུན་སློང་དགེ་མི་དགེར་འཇོག་པ་ལ། རྒྱུ་ཀུན་སློང་དེ་འབྲས་བུ་ལས་ལ་དམིགས་ཤིང་སེམས་པ་ཞིག་དགོས་པར་བཤད་པ་ལ། འོ་ན་མཉམ་པར་གཞག་པའི་སས་བསྡུས་ཀྱི་རིག་བྱེད་མ་ཡིན་པའི་གཟུགས་གཉིས་པོ་དགེ་བ་བཞི་ལས་གང་ཡིན། ཀུན་སློང་གི་དགེ་བའོ་ཞེས་ཟེར་བ་ལས་འོས་མེད་པས་དེ་ཡང་མ་ཡིན་ཏེ། མཉམ་གཞག་གི་ས་པའི་རིག་བྱེད་མ་ཡིན་པ་འདི་ལྟ་བུ་ཞིག་སྐྱེ་བར་བྱའོ་སྙམ་པའི་ཀུན་སློང་མངོན་དུ་མ་སོང་བའི་ཕྱིར། གལ་ཏེ་ཇི་སྐད་དུ། རྣམ་རིག་དཔྱོད་དང་བཅས་དག་ན། །ཞེས་བཤད་པས་དེ་འདྲའི་ཀུན་སློང་མཉམ་གཞག་གི་ས་པ་མེད་ཀྱང་མཉམ་པར་མ་གཞག་པའི་ས་པ་ཡོད་དོ་ཞེ་ན། མཉམ་པར་མ་གཞག་པའི་ས་པ་ས་དེ་ཀུན་ནས་སློང་བར་བྱེད་མི་ནུས་ཏེ། སྐལ་བ་མི་མཉམ་པའི་ཕྱིར། ཞེས་པའོ། །དེ་ལྟར་བཤད་པ་ན། བསམ་གཏན་དང་ཟག་མེད་སྡོམ་པའི་རིག་བྱེད་མ་ཡིན་པ་གཉིས་དེ་དུས་ཀྱི་ཀུན་སློང་ལ་རག་ལས་པ་ལྟ་ཞོག རྒྱུ་དུས་ཀྱི་ཀུན་སློང་ཡང་མེད་དོ་ཞེས་ཁས་ལེན་དགོས་པ་ནི་བྱེ་སྨྲ་སྔ་རབས་པའི་གྲུབ་པའི་མཐའ་ཡིན་ན། དེའི་ཚེ་ཀུན་སློང་གི་དགེ་བར་འོངས་ས་མེད་པས་ངོ་བོ་ཉིད་ཀྱི་དགེ་བ་ཡིན་ཞེས་འཆད་དགོས་ལ། དེ་ལ་སློབ་དཔོན་གྱིས། འོ་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་ཏེ། མཉམ་པར་གཞག་པའི་སས་བསྡུས་པ་ཙམ་གྱིས་ངོ་བོ་ཉིད་དམ། ཡང་ན་ཀུན་སློང་གི་དགེ་བ་ཉིད་དུ་བཞག་ནུས་པའི་ཕྱིར། ཞེས་བྱ་བའི་དོན་ནོ། །གཉིས་པ་རིག་བྱེད་མ་ཡིན་པའི་དབྱེ་བ་རྒྱས་པར་བཤད་པ་ལ། སྤྱིར་སྡོམ་པའི་དབྱེ་བ། ནང་ཚན་སོ་སོའི་ཁྱད་པར་རོ། །དང་པོ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོ་ཐར་ཅེས་བྱ། །དེ་ནི་བསམ་གཏན་ཟག་མེད་སྐྱེས། །སྡོམ་པ་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ནི་འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ཡིན་ནོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །འདིར་བོད་ཀྱི་རྣམ་བཤད་མཛད་པ་དག སོ་ཐར་སྡོམ་པའི་ངོ་བོ་ལ་རིག་བྱེད་དང༌། རིག་བྱེད་མ་ཡིན་པ་གཉིས་དང༌། སྡོམ་པ་ཕྱི་མ་གཉིས་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་ཡིན་ནོ་ཞེས་ཟེར། འདི་མི་འཐད་པ་ལ་གཉིས་ཏེ། དང་པོ་མི་འཐད་པ་དང༌། ཕྱི་མ་གཉིས་མི་འཐད་པའོ། །དང་པོ་ལ་སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། དེ་ལ་དེས་མ་ཁྱབ་པ་དེ་ལྟ་ན། དེར་སྟོན་བྱེད་ཀྱི་ལུང་ཡོད་པར་རིགས་པ་ལས་དེ་ནི་མེད་དོ། །གལ་ཏེ། ཇི་སྐད་དུ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་དང༌། དེའི་འགྲེལ་པར། གཟུགས་མི་དགེ་བ་ནི་འཆལ་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་སྤོང་བ་ནི་ཚུལ་ཁྲིམས་ཡིན་ནོ། །སྤོང་བ་དེ་ཡང་རྣམ་པར་རིག་བྱེད་གང་གིས་སྤོང་བར་བྱེད་པ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་སྤོང་བ་གང་ཡིན་པའོ། །ཞེས་དང༌། ཇི་སྐད་དུ། དགེ་བ་བདུན་རྣམ་གཉིས། །ཞེས་ལུས་ངག་གི་དགེ་བ་བདུན་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་བཤད་པའི་ཕྱིར་དང༌། ཡང༌། ཇི་སྐད་དུ། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་རོ། །སྤངས་པའི་ཕྱིར། ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། ལུས་དང་ངག་སྡོམ་པའི་ཕྱིར་རོ། །ལས་ཀྱི་ལམ་ཞེས་ཀྱང་བྱ་ལ། སྐད་ཅིག་མ་གཉིས་པ་སོགས་པ་ནི། སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་ནོ། །ཞེས་བཤད་པས་སོ། །ཞེ་ན། དེ་དག་ནི་དེའི་ལུང་མ་ཡིན་ཏེ། ལུང་དང་པོས་དེ་ལྟར་མ་བསྟན་པ་དང༌། གཉིས་པས་དེ་ལྟར་མ་བསྟན་པ་དང༌། གསུམ་པས་ཀྱང་དེ་ལྟར་མ་བསྟན་པའོ། །དང་པོ་ནི། ལུང་དེས་ཚུལ་ཁྲིམས་ཀྱི་ངོ་བོར་གྱུར་པའི་རྣམ་པར་རིག་བྱེད་བསྟན་མོད། དེ་ཙམ་གྱིས་སྡོམ་པར་མི་འགྲུབ་སྟེ། སངས་རྒྱས་ཀྱིས་ནི་བཅས་པ་ཡང༌། །ཞེས་གསུངས་པས་བཅས་འགལ་སྤོང་བའི་རིག་བྱེད་དང་རེག་བྱེད་མ་ཡིན་པ་གཉིས་ཀྱང་ཚུལ་ཁྲིམས་སུ་གསུངས་པ་བཞིན་ནོ། །གལ་ཏེ་དཔེར་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་དོ་ཞེ་ན། འདི་ལ་དཔེ་སྒྲུབ་པ་དང༌། དོན་ལ་སྦྱར་བ་གཉིས། དང་པོ་ནི། འོ་ན་བཅས་ལྡན་དགེ་སློང་གིས་ཆང་འཐུང་བ་སྤངས་པའི་རིག་བྱེད་དང་རིག་བྱེད་མ་ཡིན་གཉིས་ཀ་དགེ་སློང་གི་སྡོམ་པར་ཁས་ལེན་དགོས་པས་དེ་འདྲ་དེ་རྩ་བའི་ལྟུང་བ་བཞི་སྤོང་བའི་ཚུལ་ཁྲིམས་སུ་འགྱུར་ཏེ། དགེ་སློང་གི་སྡོམ་པ་ཡིན་པའི་ཕྱིར། འདོད་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་སུ་འགྱུར་རོ། །གཉིས་པ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་རྣམ་པར་རིག་བྱེད་ཀྱི་ངོས་འཛིན་ནི། དགེ་སློང་གི་སྡོམ་པ་བླངས་ཟིན་པའི་འོག་ཏུ། སྲོག་གཅོད་པར་མི་བྱེད་དོ། །ཞེས་པའི་ངག་གི་སྒྲ་དང༌། དེ་ལྟར་མི་བྱེད་པའི་ལུས་ཀྱི་དབྱིབས་ཉིད་ལ་འཆད་པ་ཡིན་ལ། དེ་ནི་སོ་སོར་ཐར་པའི་སྡོམ་པ་མ་ཡིན་ཏེ། དེ་འདྲ་དེ་ལ་ནི་ཉོན་མོངས་པ་ཅན་དང་ལུང་མ་བསྟན་གྱི་ཀུན་ནས་བསླངས་པ་ཡང་ཡོད་ལ། དེ་ནི་སོ་ཐར་གྱི་སྡོམ་པ་ལེན་པའི་ཆོ་གས་ཐོབ་པ་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན། སྡོམ་པ་དེ་ཉོན་མོངས་པ་ཅན་དང་ལུང་མ་བསྟན་གྱིས་ཐོབ་པར་འགྱུར་བ་དང༌། རིག་བྱེད་དེ་སྐྱེས་པའི་ཉིན་མཚན་གྱི་དུས་དེ་ལ་ལྟོས་ནས་འདས་པ་དང་ལྡན་པ་ཡིན་པར་འགྱུར་ཏེ། སྡོམ་པ་བླངས་པའི་དུས་དེར་སྐྱེས་པའི་རིག་བྱེད་ཡིན་པའི་ཕྱིར། འདོད་ན། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །ཞེས་བཤད་པ་དང་འགལ་ལོ། །ཡང་སྔོན་སྡོམ་པ་བླངས་པའི་དུས་དེར་རིག་བྱེད་དེའི་ཐོབ་པ་སྔར་སྐྱེས་པ་ཡིན་པར་འདོད་ན་ནི། ཇི་སྐད་དུ། མ་འོངས་མེད། ཅེས་པ་དང་འགལ་ལོ། །རིག་བྱེད་མ་ཡིན་པ་ལ་མི་མཚུངས་ཏེ། དེ་ནི་རང་གི་རྟེན་འབྱུང་བ་དང་བཅས་པ་ཐོབ་ནས་ཇི་སྲིད་མ་བཏང་བ་དེ་སྲིད་དུ་རྒྱུན་མ་ཆད་པར་ཡོད་པའི་ཕྱིར། གཉིས་པ་ནི། ལུང་དེས་ཀྱང་ཁྱེད་ཀྱི་འདོད་པ་དེ་བསྟན་པ་མ་ཡིན་ཏེ། ལུང་དེས་ནི་ལུས་ངག་གི་དགེ་བ་བདུན་པོའི་དངོས་གཞིའི་དུས་སུ་རྣམ་པར་རིག་བྱེད་ཡོད་པར་བསྟན་པ་ཡིན་གྱི། རྣམ་པར་རིག་བྱེད་དེ་སྡོམ་པར་མི་སྟོན་པའི་ཕྱིར། དངོས་གཞི་དང་དུས་མཉམ་པའི་རིག་བྱེད་དེ་ཡང་ལས་ལམ་གྱི་མཇུག་ཏུ་སྟོན་པ་ཡིན་གྱི། དངོས་གཞིར་མི་འཆད་པའི་ཕྱིར། དེ་སྐད་དུ། དགེ་བ་བདུན་རྣམ་གཉིས། ཞེས་པའི་འགྲེལ་པར། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལས་རག་ལས་པའི་ཕྱིར། ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་རྣམ་པ་གཉིས་ཀ་ཡིན་ནོ། །ཞེས་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་དེ་རིག་བྱེད་ལས་སྐྱེ་བར་བཤད་ཀྱི། རིག་བྱེད་དངོས་སུ་མ་བཤད་པའི་ཕྱིར། གལ་ཏེ་ལུང་དེས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་གཉིས་ཀ་ཡིན་པར་བསྟན་པས་རིག་བྱེད་ཡོད་པར་ཡང་གྲུབ་བོ། །ཅེ་ན། ཚུལ་ཁྲིམས་སུ་གྲུབ་པས་སྡོམ་པར་མི་འགྲུབ་སྟེ། སྡོམ་པ་ཡང་དག་པར་ལེན་པའི་སྦྱོར་བའི་སྐབས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་བཞིན་ནོ། །ལུང་གསུམ་པའི་དོན་མ་ཡིན་པ་ལ་གཉིས་ཏེ། དངོས་དང༌། གྲུབ་དོན་བཤད་པའོ། །དང་པོ་ནི། སྡོམ་པ་ཡང་དག་པར་བླངས་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་གཉིས་ཀ་སོ་ཐར་སྡོམ་པར་སྟོན་པ་མ་ཡིན་ཏེ། དེའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་ནི། ལས་བརྗོད་པ་དང་པོ་དང་གཉིས་ཀའི་ཚེ་ལྟ་བུ་སྦྱོར་བའི་དུས་ཉིད་ནས་འབྱུང་བའི་ཕྱིར། དེ་སྐད་དུ་ཡང༌། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །ཞེས་བཤད་པའི་ཕྱིར། གལ་ཏེ་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་ཞེས་པ་སྡོམ་པ་སྐྱེས་པའི་དུས་ཀྱི་སྐད་ཅིག་དང་པོ་ལ་བསམ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་སྦྱོར་བའི་དུས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་པོ་སོ་སོར་ཐར་པ་མ་ཡིན་པར་འགྱུར་རོ། །སྡོམ་པ་ཞེས་ཀྱང་བྱ་སྟེ། ཞེས་པ་ནི། གང་གིས་སྡོམ་པར་བྱེད་པ་ལ་སྡོམ་པའི་མིང་གིས་བཏགས་པ་ཡིན་ཏེ། ལུས་དང་ངག་སྡོམ་པའི་ཕྱིར་རོ། །ཞེས་པའི་གཏན་ཚིས་དང་འབྲེལ་བས་སོ། །སྐད་ཅིག་གཉིས་པ་ལ་སོགས་པ། །ཞེས་པས་ནི་སྦྱོར་བ་ལ་ལྟོས་པའི་སྐད་ཅིག་གཉིས་པ་དང་དངོས་གཞི་དང་སོགས་པའི་སྒྲས་ནི་འཇུག་བསྡུས་པ་ཡིན་ཏེ། ཇི་སྐད་དུ། འཇུག་ཡིན་གྱི། ལུས་ཀྱི་ལམ་དངོས་ནི་མ་ཡིན་ནོ། །ཞེས་བཤད་པས་སོ། །ལུང་དེས་སྐད་ཅིག་གཉིས་པ་ལས་ལམ་གྱི་མཇུག་ཏུ་སྟོན་པ་ནི་མ་ཡིན་ཏེ། སྐད་ཅིག་དང་པོ་ནི་སྦྱོར་བ་ལ་འཆད་དགོས་པས་དངོས་གཞི་ངོས་བཟུང་དུ་མེད་པར་ཐལ་བའི་ཕྱིར་རོ། །ཇི་སྐད་དུ། སྡོམ་པ་ཡང་དག་པར་བླང་བ། །ཞེས་པས་སྡོམ་པ་སྐྱེས་པའི་དུས་ཀྱི་རིག་བྱེད་སོགས་ངོས་བཟུང་བ་ཡིན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། སྤྱིར་སྡོམ་པ་ལ་ཡང་དག་པར་བླངས་པའི་སྡོམ་པ་དང༌། ཆོས་ཉིད་ཀྱིས་ཐོབ་པའི་སྡོམ་པ་ཞེས་བྱ་བ་གཉིས་ཡོད་པ་ལས། དང་པོ་དེ་འཛིན་པའི་དབང་དུ་བྱས་ནས་བླངས་པ་ཞེས་སྨོས་པའི་ཕྱིར། འཆད་ཚུལ་དེ་ལས་གཞན་དུ་འགྲེལ་པའི་སྒྲ་ཇི་བཞིན་པ་ཉིད་དུ་བརྟག་ན་ནི། ཕྱི་རོལ་པའི་རྒྱུ་ལ་སོ་སོར་ཐར་པའི་སྡོམ་པ་ཡོད་པར་འགྱུར་ཏེ། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་སོ་སོར་ཐར་པའི་སྡོམ་པ་ཡིན་ཞེས་པ་དེ་སྒྲ་ཇི་བཞིན་པར་འདོད་པའི་ཕྱིར། དེའི་འབྲེལ་ནི། འགྲེལ་པར། ཇི་སྐད་དུ། ཡང་ཅི་ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་སྡིག་པ་ལས་སོ་སོར་ཐར་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་གསུངས། གཉིས་པ་གྲུབ་དོན་ནི། ཆོས་འདི་པ་དག་གི་ཚུལ་ཁྲིམས་ལ་གཉིས་ཏེ། མཉམ་པར་མ་བཞག་པའི་ས་པ་དང༌། མཉམ་པར་གཞག་པའི་ས་པའོ། །དང་པོ་ལ་ནི། རིག་བྱེད་དང༌། རིག་བྱེད་མ་ཡིན་པ་གཉིས་ཀ་དང༌། ལས་ལམ་གྱི་སྦྱོར་བ་དང༌། དངོས་དང༌། མཇུག་གསུམ་ཀ་ལས་སྐྱེ་དགོས་པ་ཡིན་ལ། ཕྱི་མ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཁོ་ནར་ངེས་པ་དང༌། ལས་ལམ་གྱི་དངོས་གཞི་ཁོ་ན་ལས་འཐོབ་ཀྱི། སྦྱོར་བ་དང་མཇུག་ལས་མ་ཡིན་པ་དང༌། སྔ་མས་ནི་བཅས་རང་གཉིས་ཀ་སྤོང་བ་དང༌། ཕྱི་མ་གཉིས་ཀྱིས་ནི་རང་བཞིན་ཁོ་ན་སྤོང་གི བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་མཉམ་པར་མ་གཞག་པའི་ས་པའི་ཚུལ་ཁྲིམས་ཀྱི་སྦྱོར་བ་དང་དངོས་གཞི་མཇུག་གསུམ་ལས། སྦྱོར་མཇུག་གཉིས་ལ་ནི། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད། དེ་ཡང་སྦྱོར་བ་ལ་ནི་རིག་བྱེད་གཙོ་ཆེ་ཞིང༌། མཇུག་ལ་རིག་བྱེད་མ་ཡིན་པ་གཙོ་ཆེ་བ་ཡིན་མོད། དངོས་གཞི་ནི་རིག་བྱེད་མ་ཡིན་པ་ཁོ་ནར་ངེས་ཏེ། རིག་བྱེད་ལ་སྦྱོར་བ་དང་མཇུག་ཁོ་ནའི་བཤད་པ་རྩ་འགྲེལ་གཉིས་ཀ་ན་ཡོད་པ་ཡིན་གྱི། དངོས་གཞིའི་བཤད་པ་མ་དམིགས་པའི་ཕྱིར། དངོས་གཞིའི་དུས་སུ་རིག་བྱེད་ཡོད་པར་བཤད་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་ནི་དངོས་གཞིར་མི་རུང་སྟེ། མཇུག་ཏུ་འཆད་དགོས་པའི་ཕྱིར། དཔེར་ན་ཇི་སྲིད་བསད་བྱའི་སྲོག་ཆད་མ་ཟིན་པ་དེ་སྲིད་དུ་ནི། སྲོག་གཅོད་པའི་རིག་བྱེད་ནི་སྦྱོར་བ་ཁོ་ན་ཡིན་ལ། ཤི་ཟིན་པའི་འོག་ཏུ་གསོད་པའི་སྦྱོར་བ་ནི་ཇི་སྙེད་པ་མཇུག་ཏུ་འཆད་དགོས་པ་བཞིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་དེ་ལ་སྡོམ་པ་ཡིན་མིན་ཀྱང་གཉིས་ཏེ། སྦྱོར་བའི་དུས་ཀྱི་ཇི་སྙེད་པ་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་ཡིན་ཏེ། རང་གི་འགལ་ཟླ་འཆལ་ཚུལ་གྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་ཕྱིར། དེ་ཡང་འཆལ་ཚུལ་ལ་སྦྱོར་དངོས་མཇུག་གསུམ་ཡོད་པའི་དབྱེ་བ་ལས་སོ། །དངོས་གཞི་ནི་སྡོམ་པ་ཁོ་ནར་ངེས་ཏེ། རིག་བྱེད་མ་ཡིན་པའི་གཟུགས་སུ་ངེས་པའི་ཕྱིར། མཇུག་ལ་ཡང༌། རིག་བྱེད་མ་ཡིན་པ་ནི་སྡོམ་པར་ངེས་ཤིང༌། རིག་བྱེད་ནི་སྡོམ་པར་མ་ཡིན་ཏེ། སྡོམ་པའི་མཇུག་གི་རིག་བྱེད་ལ་ཉོན་མོངས་ཅན་དང་ལུང་མ་བསྟན་གྱིས་ཀུན་ནས་སླང་བ་དག་ཡོད་པའི་ཕྱིར། དེ་ལྟ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཀྱི་རིག་བྱེད་དང་པོར་འཐོབ་པ་ནི་སྦྱོར་བའི་དུས་སུ་ཡིན་ལ། ལྡན་པ་དང་གཏོང་བ་ཡང་ཚུལ་ཁྲིམས་དེ་ཉིད་ཇི་ལྟ་བ་བཞིན་ནོ། །དེ་ཡང་སྡོམ་པའི་རིག་བྱེད་ནི་དང་པོར་སྦྱོར་བའི་དུས་མངོན་དུ་གྱུར་པ་དེ་ཉིད་ཡིན་ལ། ཕྱིས་ནི་དེའི་ལྡན་པ་ཡོད་པར་ཁས་ལེན་གྱི། སྡོམ་པའི་རིག་བྱེད་དངོས་ཡོད་པར་ཁས་མི་ལེན་ཏེ། སྡོམ་པ་བླངས་ཟིན་པའི་འོག་རོལ་ཏུ་བྱུང་བའི་སྤང་བྱ་བདུན་སྤོང་བའི་རིག་བྱེད་ནི་སྡོམ་པའི་རིག་བྱེད་དུ་ཁས་མི་ལེན་པའི་ཕྱིར། འོ་ན་ཅི་ཞེ་ན། བར་མ་དགེ་བ་སྟེ། དཔེར་ན་དགེ་སློང་གི་རྒྱུད་ཀྱི་རབ་བྱུང་བཞིན་ནོ། །རིག་བྱེད་མ་ཡིན་པའི་ཐོབ་ལྡན་གཏོང་གསུམ་གྱི་ཚུལ་ཡང་དེ་དང་འདྲ་མོད་ཀྱི་སྡོམ་པའི་ངོ་བོ་ནི་བརྗོད་པ་གསུམ་པའི་མཐའ་ནས་འཛིན་དགོས་པ་ཡིན་ཏེ། ལས་ལམ་གྱི་སྦྱོར་དངོས་མཇུག་གསུམ་ཆར་ལས་ཐོབ་དགོས་པའི་ཕྱིར། འོ་ན་སྦྱོར་བ་དང་མཇུག་ལས་འཐོབ་པ་ཡིན་མོད། དངོས་གཞི་ལས་ཐོབ་པ་ཇི་ལྟར་ཞེ་ན། དགེ་བསྙེན་དང་དགེ་ཚུལ་གྱི་ཚེ་ནི། དགེ་བསྙེན་དུ་ཞེས་དང༌། དགེ་ཚུལ་དུ་ཞེས་བརྗོད་པ་གསུམ་པར་བྱུང་བ་དེའི་ཚེ་མི་དགེ་བའི་ལས་ལམ་གྱི་དངོས་གཞི་སྤོང་བ་ཡིན་ལ། སློབ་དཔོན་གྱིས་ཞེས་སོགས་ནི། མི་དགེ་བའི་ལས་ལམ་གྱི་མཇུག་སྤོང་བར་བྱེད་པའི་ལས་ལམ་རྒྱུད་ལ་བསྐྱེད་པའི་མཇུག་གི་ཆོ་ག་ཡིན་པའི་ཕྱིར་དང༌། བསྙེན་རྫོགས་ཀྱི་དུས་སུ་ཡང་བརྗོད་པ་གསུམ་པའི་ཚེ། སླད་དུ་ཞེས་པས་ནི་དངོས་གཞིའི་ཆོ་ག་རྫོགས་ལ། དེ་མན་ཆོད་ནི་མཇུག་གི་ཆོ་གའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་སོ་ཐར་གྱི་རིག་བྱེད་སྡོམ་པར་འཆད་པ་ལ་སྒྲུབ་བྱེད་མེད་པར་བསྟན་ཟིན་ནས། གཉིས་པ་གནོད་བྱེད་བརྗོད་པ་ལ་གཉིས་ཏེ། ལུང་ལ་བརྟེན་པའི་རིགས་པ་དང༌། ལུང་ཉིད་ཀྱི་གནོད་བྱེད་དོ། །དང་པོ་ལ་གཉིས་ཏེ། གནོད་བྱེད་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། སོ་ཐར་སྡོམ་པའི་སྦྱོར་བ་སྡོམ་པར་ཐལ་བ་དང༌། སྡོམ་པ་བསྟན་ཡོད་ཐོག་བཅས་སུ་ཐལ་བ་དང༌། སྡོམ་མིན་གྱི་སྦྱོར་བ་སྡོམ་མིན་དུ་ཐལ་བ་དང༌། རིག་བྱེད་ལ་དུས་ཀྱི་ཀུན་སློང་དོན་མེད་པར་ཐལ་བ་རྣམས་འཇུག་གོ །དང་པོ་ནི། རིག་བྱེད་ཀྱི་གཟུགས་དང་སོ་ཐར་སྡོམ་པའི་གཞི་མཐུན་གྱི་མཚན་གཞི་དེ་གང་ཡིན། སྡོམ་པ་དང་པོར་ཐོབ་པ་དང་དུས་གཅིག་པའི་རིག་བྱེད་གང་ཡིན་པ་དེའོ། །ཞེ་ན། འོ་ན་བརྗོད་པ་གསུམ་པའི་མཐར། དགེ་ཚུལ་དུ་ཞེས་པའི་ངག་གི་སྒྲ་དེ་དང༌། བསྒྲུབ་བྱ་ཙོག་པུར་འདུག་ནས་ཐལ་མོར་སྦྱར་བ་ལྟ་བུའི་ལུས་ཀྱི་དབྱིབས་དེ་སྡོམ་པར་འདོད་དམ་མི་འདོད། མི་འདོད་ན་དེའི་དུས་ཀྱི་རིག་བྱེད་ཅེས་བྱ་བ་དེ་དོན་གང་ལ་ཟེར། དང་པོ་ལྟར་ན། ཉིད་དུ་ཞེས་པའི་ཚིག་དེ་རྫོགས་རྗེས་སུ་སྡོམ་པ་སྐྱེས་པ་ཡིན་ནམ། བརྗོད་པ་གསུམ་པའི་དུས་དགེ་ཚུལ་དུ་ཞེས་པ་ལྟ་བུའི་ངག་དེ་དང་མཉམ་དུ་སྐྱེས་པ་ཡིན། དང་པོ་ལྟར་ན། དེ་དུས་ཀྱི་རིག་བྱེད་དེ་ཆོས་ཅན། སྡོམ་པ་དངོས་མ་ཡིན་ཏེ། རང་དུས་སུ་སྡོམ་པ་མ་སྐྱེས་པའི་ཕྱིར། གཉིས་པ་ལྟར་ན། བརྗོད་པ་གསུམ་པ་སྡོམ་པ་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པར་འགྱུར་ཏེ། རང་དུས་སུ་སྡོམ་པ་གྲུབ་ཟིན་པའི་ཕྱིར། དེ་ཡང་འདི་ལྟར། དགེ་ཚུལ་གྱི་སྡོམ་པ་ལེན་པའི་དུས་ཀྱི་བརྗོད་པ་གསུམ་པའི་མཐར་གྱུར་པའི་དགེ་ཚུལ་དུ་ཞེས་པའི་སྔགས་ཚིགས་དེ་ཆོས་ཅན། དགེ་ཚུལ་གྱི་སྡོམ་པ་སྐྱེད་བྱེད་ཀྱི་སྦྱོར་བའི་ཆོ་ག་མ་ཡིན་པར་འགྱུར་ཏེ། དགེ་ཚུལ་གྱི་སྡོམ་པ་དངོས་ཡིན་པའི་ཕྱིར། གཞན་ཡང་སྒྲུབ་བྱ་ལ་བརྡ་སྤྲོད་པའི་ཚེ་དགེ་ཚུལ་དུ་ཞེས་པའི་ཚིག་རྫོགས་མཚམས་དེར་སྡོམ་པ་སྐྱེས་པ་ཡིན་ནོ། །ཞེས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་བརྡ་སྤྲོད་མི་དགོས་པར། བསྒྲུབ་བྱ་རང་གིས་སྨྲས་པའི་དགེ་ཚུལ་དུ་ཞེས་པའི་ཚིག་དེ་ཉིད་དང༌། བསྒྲུབ་བྱ་དེ་ཉིད་ཀྱི་ལུས་ཀྱི་དབྱིབས་མིག་ཤེས་ལ་སྣང་བ་འདི་ཉིད་སྡོམ་པ་ཡིན་ནོ་ཞེས་མངོན་དུ་གྱུར་པའི་ཚུལ་གྱིས་བརྡ་སྤྲད་པས་ཆོག་པར་འགྱུར་ཏེ། དེ་ཉིད་སྡོམ་པ་དངོས་ཡིན་པའི་ཕྱིར་རོ། །དེ་ལྟར་ཐལ་བ་ལས་བསྒྲུབས་བྱས་བཟླས་པའི་བརྗོད་པ་གསུམ་པའི་ཆ་ཐ་མ་ཚུན་ཆད་དང༌། བསྒྲུབ་བྱའི་ལུས་ཀྱི་དབྱིབས་ནི། སྡོམ་པ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཆོ་ག་དང་ཐབས་ཡིན་པའི་ཕྱིར་སྡོམ་པ་དངོས་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ཐལ་བ་དང་པོ་ནི་ཕྱོགས་སྔ་མས་སྡོམ་པར་ཁས་བླངས་པའི་ལུས་ངག་གི་རིག་བྱེད་དེ་དག་ཆོས་ཅན། སྤང་བྱ་ལྔ་སྤོང་དང༌། བཅུ་སྤོང་དང༌། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་སུ་ཐལ། དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་དངོས་ཡིན་པའི་ཕྱིར། འདོད་ན། དེ་དུས་ཀྱི་ལུས་ཀྱི་དབྱིབས་དེ། ངག་གི་སྤང་བྱ་བཞི་སྤོང་བའི་ཚུལ་ཁྲིམས་དང༌། དེ་དུས་ཀྱི་ངག་གི་རིག་བྱེད་དེ། ལུས་ཀྱི་སྤང་བྱ་གསུམ་སྤོང་བའི་ཚུལ་ཁྲིམས་སུ་འགྱུར་ལ། དེ་ལྟར་ན་ལུས་ཀྱི་ལས་དང་ངག་གི་ལས་ཕན་ཚུན་འཆོལ་བར་འགྱུར་རོ། །ཐལ་བ་གཉིས་པ་ནི། སོ་ཐར་གྱི་སྡོམ་པ་དེ་བསྟན་ཡོད་དང་ཐོགས་ཡོད་ཀྱི་གཟུགས་སུ་འགྱུར་ཏེ། ལུས་ངག་གི་རིག་བྱེད་ལ་ནི་བསྟན་ཡོད་དང་ཐོགས་ཡོད་ཀྱིས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། བྱེ་བྲག་ཏུ་སྨྲ་བས་ནི་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡོད་པའི་སྒྲུབ་བྱེད་དུ་སོ་ཐར་གྱི་སྡོམ་པ་བཀོད་པའི་ཕྱིར། དེ་ཡང་རིག་བྱེད་མ་ཡིན་པའི་གཟུགས་མེད་ན། སོ་ཐར་གྱི་སྡོམ་པ་མེད་པས་ཁྱབ་པར་བཤད་པ་དེ་འཁྲུལ་བར་འགྱུར་ཏེ། དེ་མེད་ཀྱང་རིག་བྱེད་ཀྱི་གཟུགས་དེར་ཁས་བླངས་པས་ཆོག་པའི་ཕྱིར། ཐལ་བ་གསུམ་པ་ནི། ལུས་ངག་གི་རིག་བྱེད་གཏང་ལ། རིག་བྱེད་མ་ཡིན་པ་མ་གཏང་བའི་སྐབས་ཤིག་མི་སྲིད་པར་འགྱུར་ཏེ། ཇི་སྲིད་སོ་ཐར་གྱི་སྡོམ་པ་མ་བཏང་བ་དེ་སྲིད་དུ། དེའི་རིག་བྱེད་མི་གཏོང་བར་ཁས་བླངས་པའི་ཕྱིར། འདོད་ན་འཆི་སྲིད་ལ་གནས་པའི་ཚེ། ལུས་ཀྱི་དབང་པོ་འགགས་ལ། ཡིད་ཀྱི་དབང་པོ་མ་འགགས་པའི་སྐབས་ཤིག་མི་སྲིད་པར་འགྱུར་རོ། །འོ་ན་ཁྱེད་ཀྱང་རིག་བྱེད་མ་ཡིན་པའི་ངོ་བོར་སྐྱེས་པའི་སྤོང་བ་བདུན་པོ་རེ་རེ་ནས་སྡོམ་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། ཡིན་ན་སྤོང་བ་བདུན་གྱི་ནང་ཚན་དུ་གྱུར་པའི་སྲོག་གཅོད་སྤོང་བ་དེ། མ་བྱིན་ལེན་སྤོང་བའི་སྤོང་བ་ཉིད་དུ་ཐལ་བར་འགྱུར་ཏེ། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་སུ་འདུག་པའི་ཕྱིར། འདོད་ན་སྤོང་བ་བདུན་པོ་དེ་སྤོང་སེམས་མི་འདྲ་བས་བྱས་པའི་རྒྱུ་མཚན་གྱིས་འབྱུང་བ་བཞི་ཚན་མི་འདྲ་བ་རེ་རེ་ལས་སྐྱེ་དགོས་པ་མ་ཡིན་པར་འགྱུར་རོ། །གསུམ་པ་ནི། འོ་ན་སྡོམ་མིན་གྱི་རྣམ་པར་རིག་བྱེད་ཀྱང་སྡོམ་མིན་དུ་ཐལ་བར་འགྱུར་ཏེ། སྡོམ་པའི་རིག་བྱེད་སྡོམ་པར་འདུག་པའི་ཕྱིར། འདོད་ན་ཇི་སྐད་དུ། སྡོམ་པ་མིན་པ་བྱ་བའམ། ཁས་ལེན་པ་ལས་ཐོབ་པར་འགྱུར། །ཞེས་བཤད་པས། སྡོམ་མིན་ཅན་གྱི་རིགས་རྒྱུད་དུ་སྐྱེས་པ་སྲོག་གཅོད་ཀྱི་སྦྱོར་བ་བྱས་པའི་དུས་ཀྱི་དང༌། དེའི་རིགས་རྒྱུད་དུ་མ་སྐྱེས་པ་སྲོག་གཅོད་པས་འཚོ་བ་འཚོ་བར་ཁས་བླངས་པའི་དུས་ཀྱི་རིག་བྱེད་དེ་ཆོས་ཅན། སྡོམ་མིན་དངོས་སུ་ཐལ། དེའི་རིག་བྱེད་ཡིན་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། སྡོམ་མིན་གྱི་ལས་ལམ་དངོས་གཞི་ལས་ཐོབ་པ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། རིགས་རྒྱུད་ཅན་མི་དགེ་བའི་སྦྱོར་བ་ཙམ་གྱིས་ཐོབ་པ་ནི་མ་ཡིན་གྱི། བྱ་བ་དེ་བྱས་ནས་མཐར་ཐུག་གྲུབ་པ་དེའི་ཚེ་དང༌། རིགས་རྒྱུད་ཅན་མ་ཡིན་པ་ཡང་ཁས་བླངས་ཙམ་གྱི་ཚེ་ན་ཐོབ་པ་མ་ཡིན་གྱི། ཁས་བླངས་པ་དང་ལས་ལམ་དངོས་གཞི་མཐར་ཕྱིན་པ་གཉིས་ཚོགས་པ་དེའི་ཚེ་ན་འཐོབ་དགོས་པ་ཡིན་ཏེ། ཇི་སྐད་དུ། སྡོམ་པ་མིན་པ་ཐམས་ཅད་ལས། །ཡན་ལག་ཀུན་ལས། ཞེས་བཤད་པའི་ཕྱིར། དེ་ཁོ་ནར་མ་ཟད། ལུས་ངག་གི་དགེ་བ་བདུན་གྱི་ལས་ལམ་དངོས་གཞིའི་ངོ་བོར་གྱུར་པའི་རིག་བྱེད་ཁས་ལེན་ན། མི་དགེ་བ་བདུན་གྱི་ཡང་དེ་ལྟར་ཁས་ལེན་དགོས་པས། དེ་ལྟ་ན་རྫུན་སྨྲ་བའི་ངག་གི་རིག་བྱེད་ཐ་མ་དང་རྫུན་སྨྲའི་ལས་ལམ་དངོས་གཞིའི་གཞི་མཐུན་ཁས་ལེན་དགོས་པ་དང༌། མ་བྱིན་པར་ལེན་པའི་ལུས་ཀྱི་རིག་བྱེད་དང་ལས་ལམ་དངོས་གཞིའི་གཞི་མཐུན་ཁས་ལེན་དགོས་པ་ལས། དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་ལུས་ངག་གི་རིག་བྱེད་དེ་དག་སྔོན་དུ་སོང་བ་མེད་པར། འབྲས་བུ་ལས་ལམ་དངོས་དེ་དག་མི་འབྱུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཚིག་ལས་ཕ་རོལ་པོའི་དོན་གོ་བའི་ཚེ་ན་དང༌། ནོར་གྱི་བདག་པོའི་བསམ་པ་དང་བྲལ་བའི་ཚེ་ན་ལས་ལམ་དངོས་གཞིའི་དེ་དང་དེ་འབྱུང་བར་བཤད་པའི་ཕྱིར་རོ། །བཞི་པ་ལ། ཐལ་བ་གཉིས་ལས་དང་པོ་ནི། སྲོག་གཅོད་སྤོང་བའི་སོ་ཐར་གྱི་སྡོམ་པ་བླངས་ཟིན་པའི་འོག་ཏུ། ཀུན་སློང་ལུང་མ་བསྟན་གྱིས་སམ། ཉོན་མོངས་པ་ཅན་གྱི་རྒྱུའི་ཀུན་སློང་བྱས་ནས་སྲོག་གཅོད་སྤོང་བ་ལ་ཞུགས་པ་དེའི་ཚེ། དུས་ཀྱི་ཀུན་སློང་ནི་དགེ་བའི་རྩ་བ་གསུམ་མེད་མི་རུང་གི་ཡན་ལག་ཏུ་ཡོད་པར་ཁས་ལེན་དགོས་ལ། དེའི་ཚེ་སྲོག་གཅོད་སྤོང་བའི་ལུས་ངག་གི་རྣམ་པར་རིག་བྱེད་དེ་སོ་ཐར་གྱི་སྡོམ་པར་ཁས་ལེན་ནམ་མི་ལེན། མི་ལེན་ན། ཇི་སྐད་དུ། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །ཞེས་གསུངས་ཤིང༌། དེའི་ཚེ་ཡང་སྡོམ་པའི་རྣམ་པར་རིག་བྱེད་སྡོམ་པ་སོགས་སུ་འདོད་པ་དང་འགལ། ཁས་ལེན་ན། དེའི་ཚེ་རྒྱུ་དུས་ཀྱི་ཀུན་སློང་གཉིས་པོ་གང་དབང་བཙན། དུས་ཀྱི་ཀུན་སློང་དབང་བཙན་ན། སོ་ཐར་གྱི་སྡོམ་པ་ལ་རྒྱུའི་ཀུན་སློང་དབང་བཙན་པར་བཤད་པ་དང་འགལ། རྒྱུའི་ཀུན་སློང་དབང་བཙན་ན་ནི། སྡོམ་པ་ཡིན་པ་ཉམས་ཏེ། རྒྱུའི་ཀུན་སློང་མི་དགེ་བས་བླངས་ན་ཀུན་སློང་གི་མི་དགེ་བར་བཞག་དགོས་པའི་ཕྱིར། དེ་བཞིན་དུ་སྡོམ་མིན་ཅན་གྱིས་རྒྱུའི་ཀུན་སློང་དགེ་བའི་སེམས་ཀྱིས་མ་བྱིན་པར་བླངས་པ་དེའི་ཚེ། མ་བྱིན་པར་ལེན་པའི་ལུས་ངག་གི་རིག་བྱེད་དེ་སྡོམ་མིན་ཡིན་ནམ་མ་ཡིན། མིན་ན་སྡོམ་མིན་དང་རིག་བྱེད་ཀྱི་གཞི་མཐུན་དེ་གང་ལ་བྱེད། དེ་ལ་ཀུན་སློང་གཉིས་ཀ་མཚུངས་པ་གཅིག་དགོས་པ་ཡིན་ནོ་ཞེ་ན། ཀུན་སློང་མི་མཚུངས་པ་དེས་བར་མ་དགེ་བའམ་མི་དགེ་བ་ཉིད་དུ་གྲུབ་པས། ཇི་སྐད་དུ། རྣམ་རིག་བྱེད་ནི་ཐམས་ཅད་ལ། །ཞེས་པའི་གཞུང་དོན་འཆད་ཚུལ་ཁྱེད་ཀྱི་འདོད་པ་དེ་ཉམས་ཏེ། སྡོམ་ལྡན་གྱི་རྣམ་པར་རིག་བྱེད་སྡོམ་པ་ལ་སོགས་པར་ཁས་བླངས་ནས་དེའི་རིག་བྱེད་ཀྱི་ལྡན་ཚུལ་འཆད་པ་དེ་ཁྱེད་ཀྱི་ཕྱོགས་ཡིན་པས་སོ། །དེ་སྡོམ་མིན་དུ་ཁས་ལེན་ན། དེ་ལ་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་དགོས་སམ་མི་དགོས། མི་དགོས་ན་མི་དགེ་བའི་རིག་བྱེད་མ་ཡིན་པར་འགྱུར། དགོས་ན་གཉིས་པོ་གང་དབང་བཙན། རྒྱུ་དུས་དབང་བཙན་ན་ཀུན་སློང་གི་དགེ་བར་འགྱུར་བས་སྡོམ་མིན་དུ་འདོད་པ་ཉམས། དུས་ཀྱི་ཀུན་སློང་དབང་བཙན་ན། སྡོམ་པའི་རིག་བྱེད་ལ་དུས་ཀྱི་ཀུན་སློང་དབང་བཙན་པར་འགྱུར་ཏེ། སྡོམ་མིན་གྱི་རིག་བྱེད་ལ་དུས་ཀྱི་ཀུན་སློང་དབང་བཙན་པའི་ཕྱིར། ཧ་ཅང་ཐལ་བ་གཉིས་པ་ནི། ཇི་སྐད་དུ། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། །ཞེས་བཤད་པས། ཡིད་ལ་བྱེད་པ་ཆུང་ངུས་རྒྱུའི་ཀུན་སློང་བྱེད། ཆེན་པོས་དུས་ཀྱི་ཀུན་སློང་བྱས་ནས་སྡོམ་པའམ་སྡོམ་པ་མ་ཡིན་པ་བླངས་པ་དེའི་ཚེ། རྣམ་པར་རིག་བྱེད་དེ་དག་ཆོས་ཅན། སྡོམ་པ་དང་སྡོམ་མ་ཡིན་ཆུང་ངུར་ཐལ། དེས་རྒྱུའི་ཀུན་སློང་བྱས་པ་ལས་བྱུང་བའི་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་པ་ནི་ལུང་གིས་གྲུབ་ལ། འདོད་ན། སོ་ཐར་གྱི་སྡོམ་པ་ཆེན་པོ་ཡིན་པར་འགྱུར་ཏེ། ཡིད་ལ་བྱེད་པ་ཆེན་པོས་ཀུན་ནས་བསླངས་པའི་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། སྡོམ་མིན་ལ་ཡང་དེ་བཞིན་དུ་སྦྱར་ནས་འཕེན་པར་བྱ་སྟེ། འཕེན་ནུས་པའི་ཤེས་བྱེད་ནི། རྒྱུའི་མ་ཡིན་ནོ། །ཞེས་པའི་འགྲེལ་པར། རྒྱུ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། སེམས་ཆུང་ངུ་ལ་སོགས་པ་གཅིག་ཏུ་མི་འགྱུར་བའི་ཕྱིར། གང་ཞིག་སེམས་ཆུང་ངུས་སྡོམ་པ་མ་ཡིན་པ་ཐོབ་པ་དེ་སེམས་ཆེན་པོས་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་པ་ཡང༌། སྡོམ་པ་མ་ཡིན་པ་ནི་ཆུང་ངུ་ཁོ་ན་དང་ལྡན་ལ། སྲོག་གཅོད་པའི་རྣམ་པར་རིག་བྱེད་ནི་ཆེན་པོ་དང་ལྡན་ནོ། །དེ་བཞིན་དུ་འབྲིང་དང་ཆེན་པོ་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པ་དེས་རྣམ་པར་རིག་བྱེད་སྡོམ་པ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ལུང་དེས་སེམས་ཆེན་པོའི་རྣམ་པར་རིག་བྱེད་སྡོམ་པ་ཆུང་ངུར་བསྟན་པ་ཡིན་ནོ་ཞེ་ན། དེའི་རྒྱུ་མཚན་ཅི་ཡིན། སེམས་ཆུང་ངུས་རྒྱུའི་ཀུན་སློང་བྱས་པའི་ཕྱིར། ཞེ་ན། མ་ཡིན་ཏེ། སེམས་ཆེན་པོས་རྒྱུའི་ཀུན་སློང་བྱས་པའི་ཕྱིར། མ་ངེས་ཏེ། དེའི་སྔོན་དུ་ཡང༌། རྒྱུའི་ཀུན་སློང་ཆུང་ངུ་སོང་བའི་ཕྱིར་ཞེ་ན། དེ་ལྟ་ན་རྣམ་པར་རིག་བྱེད་ལ་རྒྱུའི་ཀུན་སློང་གི་ཡང་རྒྱུའི་ཀུན་སློང་དེ་དབང་བཙན་པར་འགྱུར་ལ། དེ་ལྟ་ན་མཐོང་སྤང་གི་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་སྲིད་པར་འགྱུར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ལྟ་ཅི་སྨོས། རྣམ་པར་རིག་བྱེད་ལ་ཡང་རྒྱུའི་ཀུན་སློང་དབང་བཙན་པར་གོང་དུ། རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཞེས་པར་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། རིག་བྱེད་མ་ཡིན་པ་ལ་དེ་ལྟར་དེ་ལ་འདི་ལྟར་བརྟག་དགོས་ཏེ། དེ་ལ་དུས་ཀྱི་ཀུན་སློང་དབང་མི་བཙན་ན། ཇི་སྐད་དུ། རྣམ་རིག་དཔྱོད་དང་བཅས་དག་ན། །ཞེས་པ་ནས། གང་ཕྱིར་ཀུན་སློང་མེད། ཅེས་སོགས་ཀྱི་གཞུང་འགྲེལ་འབྲེལ་མེད་དུ་ཐལ་བའི་ཕྱིར། འོ་ན་ཇི་སྐད་དུ། གལ་ཏེ་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་ཡིན་ན་ནི། སེམས་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཅན་གྱི་སོ་སོར་ཐར་པའི་རྣམ་པར་རིག་བྱེད་དགེ་བར་མི་འགྱུར་རོ། །ཞེས་བཤད་པ་དེའི་དོན་ཅི་ཞེ་ན། དེ་ནི་སེམས་ཉོན་མོངས་པ་ཅན་གྱིས་དུས་ཀྱི་ཀུན་སློང་བྱས་པའི་དོན་མ་ཡིན་ཏེ། ཉོན་མོངས་པ་ཅན་ནམ། ལུང་མ་བསྟན་གྱི་ཀུན་སློང་དང༌། སོ་སོར་ཐར་པ་ལེན་པའི་ལུས་ངག་གི་རིག་བྱེད་རྗེས་སུ་མི་མཐུན་པའི་ཕྱིར། འོ་ན་ཅི་ཞེ་ན། སེམས་ཉོན་མོངས་པ་ཅན་གྱི་ལུས་ངག་གི་རིག་བྱེད་དགེ་བར་འགྱུར་བ་ཡོད་ཅེས་པའི་དོན་ཏེ། འདི་ལྟར། སོ་ཐར་གྱི་སྡོམ་པ་ལེན་པའི་རྒྱུའི་ཀུན་སློང་ངེས་འབྱུང་གི་བསམ་པ་སྔོན་དུ་བཏང་ནས། ལས་ཀྱི་གནས་སུ་ཞུགས་ཏེ། ཙོག་བུར་འདུག ཐལ་མོ་སྦྱར། རྗེས་ཟློས་བྱེད་པའི་ཚེ། ཀུན་སློང་གི་སེམས་གཏན་ནས་མེད་པ་འགོག་པའི་སྙོམས་འཇུག་མངོན་དུ་གྱུར་པ་ལྟ་བུའམ་ཡང་ན་དེའི་ཚེ་ཞེ་སྡང་དྲག་པོ་དང་ལུང་མ་བསྟན་གྱི་སེམས་མངོན་དུ་གྱུར་པ་གཅིག་སྲིད་ན་ཡང༌། དེ་དུས་ཀྱི་ལུས་ངག་གི་རིག་བྱེད་དེ་ནི་དགེ་བ་ཁོ་ན་ཡིན་ཏེ། དེ་འདྲ་དེ་ནི་ཀུན་སློང་མེད་པར་བྱུང་བ་ཡང་མ་ཡིན། ཉོན་མོངས་ཅན་དང༌། ལུང་མ་བསྟན་གྱིས་ཀུན་ནས་བསླངས་པ་ཡང་མ་ཡིན་གྱི། རྒྱུ་དུས་ཀྱི་ཀུན་སློང་དེ་རྐྱང་པས་ཀུན་ནས་བསླངས་ཞིང༌། དེ་དང་རྗེས་སུ་མཐུན་པའི་རིག་བྱེད་ཡིན་པ་ལ་བསམས་པའོ། །དེས་ནས་སོ་ཐར་གྱི་སྡོམ་པ་ལེན་པའི་རིག་བྱེད་ངོ་ཤེས་པ་ཞིག་ལ་ནི་དུས་ཀྱི་ཀུན་སློང་མེད་པ་སྲིད་ཀྱང༌། རྒྱུ་དུས་ཀྱི་ཀུན་སློང་གཉིས་པོ་དགེ་སོགས་འགལ་ཅན་ཡིན་པ་མི་སྲིད་དོ། །འོ་ན་ཀུན་སློང་ཆེ་ཆུང་འགལ་བ་ཡང་མི་སྲིད་དམ་ཞེ་ན། དེ་ནི་སྲིད་པ་ཡིན་ཏེ། རྒྱུ་དུས་སུ་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཀུན་སློང་སྔོན་དུ་བཏང༌། ཐལ་མོ་སྦྱོར་བ་དང༌། རྗེས་བཟློས་བྱེད་པའི་ཚེ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་པ་ཡིན་ན། སྡོམ་པ་ནི། ཆུང་ངུར་སྐྱེ་ལ། རྣམ་པར་རིག་བྱེད་ནི་ཆེན་པོར་སྐྱེ་བ་ཡིན་ཏེ། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། །ཞེས་བཤད་པས་སོ། །འོ་ན་སྡོམ་པའི་གཏོང་རྒྱུ་ལ་མ་ཐུག་གི་བར་སྡོམ་པ་ཆུང་ངུ་དང་ལྡན་ཞིང༌། རྣམ་པར་རིག་བྱེད་ཆེན་པོ་དང་ལྡན་ནོ། །དེ་བཞིན་དུ་ཞེ་སྡང་ཆུང་ངུ་དང་ལྷན་ཅིག་པའི་སེམས་པས་སྡོམ་མིན་གྱི་རྒྱུའི་ཀུན་སློང་བྱས། ཞེ་སྡང་དྲག་པོ་དང་ལྷན་ཅིག་པའི་སེམས་པས་དུས་ཀྱི་ཀུན་སློང་བྱས་ནས་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་གྲུབ་པ་དེའི་ཚེ་སྡོམ་མིན་སྐྱེས་པ་ཡིན་ལ། དེ་དུས་ཀྱི་སྡོམ་མིན་ནི་ཆུང་ངུ་དང༌། རྣམ་པར་རིག་བྱེད་ནི་ཆེན་པོ་སྟེ། ལྡན་ཚུལ་སྔ་མ་བཞིན་ནོ། །སྐབས་འདི་དག་ཏུ་བྱེ་སྨྲ་ནི་སྡོམ་མིན་དང་སྡོམ་པ་གཉིས་ཀ་ཡན་ལག་མ་ཚང་བ་ཅན་ཁས་ལེན་ལ། མདོ་སྡེ་པ་ནི་སོ་སོར་ཐར་པ་རིས་བརྒྱད་པོ་མ་གཏོགས། སྡོམ་པ་དང་སྡོམ་མིན་མ་ཚང་བ་ཅན་དུ་ཁས་ལེན་ཏེ། སྡོམ་པ་སྣ་གཅིག་སྤྱོད་པ་སོགས་དང༌། ཤན་པ་ལྐུགས་པའམ། ལོག་གཡེམ་དང་བྲལ་བ་ལྟ་བུའོ། །གཉིས་པ་ལུང་དང་འགལ་བ་ནི། མི་དགེ་བའི་རྣམ་པར་རིག་བྱེད་དང་ལས་ལམ་དངོས་ཀྱི་གཞི་མཐུན་ཡོད་པར་ནི་བྱེ་བྲག་ཏུ་སྨྲ་བས་མི་འདོད་ལ། དེའི་རྒྱུ་མཚན་གྱིས་རིག་བྱེད་དང༌། སྡོམ་པའམ་སྡོམ་མིན་གྱི་གཞི་མཐུན་ཁས་མི་ལེན་ནོ། །འདི་སྒྲུབ་པ་ལ་གཉིས་ཏེ། ལུང་དངོས་དང༌། དེ་ལ་སློབ་དཔོན་གྱིས་བརྟགས་པའོ། །དང་པོ་ནི། ཇི་སྐད་དུ། ཡང་ཇི་ཙམ་གྱིས་ན། སྦྱོར་བ་དང༌། དངོས་དང༌། མཇུག་འདི་དག་རྣམ་པར་བཞག་ཅེ་ན། འདི་ལྟར། རེ་ཤིག་འདི་ན་ཁ་ཅིག་ཕྱུགས་གསོད་པར་འདོད་ལ། ཁྲི་ལ་སོགས་པ་ལས་ལྡང་བར་བྱེད། རིན་ལེན་པར་བྱེད། འཁྲིད་པར་བྱེད། གནོན་པར་བྱེད། མཚོན་ལེན་པར་བྱེད། །མཚོན་གཅིག་གམ་གཉིས་འདེབས་པར་བྱེད་པ་ནས། ཇི་སྲིད་དུ་སྲོག་གཅོད་པར་བྱེད་པ་དེ་སྲིད་དུ་ནི་སྦྱོར་བ་ཡིན་ནོ། །བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེ། རྣམ་པར་རིག་བྱེད་དང༌། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །རྒྱུ་གཉིས་ཀྱིས་ན་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་ཏེ། རྒྱུ་སྦྱོར་བ་དང་འབྲས་བུ་མངོན་དུ་གྱུར་པས་སོ། །དེ་ཕྱིན་ཆད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་རྣམས་ནི་མཇུག་ཡིན་ནོ། །ཇི་སྲིད་དུ་ཕྱུགས་དེའི་པགས་པ་བཤུ་བའམ། བཀྲུ་བཤལ་བྱེད་པའམ། ཟ་བའམ། རྗེས་སུ་སྒྲོགས་པ་དེ་སྲིད་དུ་ནི། དེའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་དག་ཀྱང་མཇུག་ཡིན་ནོ། །བརྣབ་སེམས་ལ་སོགས་པ་ནི་མངོན་དུ་གྱུར་པ་ཙམ་གྱིས་ལས་ཀྱི་ལམ་དུ་འགྱུར་བའི་ཕྱིར། འདི་ལ་ནི་སྦྱོར་བ་ཡང་མེད། མཇུག་ཀྱང་མེད་དོ། །ཞེས་གསུངས། གཉིས་པ་ལ་གཉིས་ཏེ། བྱེ་སྨྲ་རང་གི་གྲུབ་མཐའ་འཇོག་ལུགས་བཤད་པ་དང༌། སློབ་དཔོན་གྱིས་བཤད་པ་གཞན་ཞིག་མཛད་པའོ། །དང་པོ་ནི། ལས་ལམ་གྱི་རྣམ་པར་རིག་བྱེད་མཐའ་དག་སྦྱོར་མཇུག་གཉིས་སུ་འདུས་པས་ལས་ལམ་གྱི་དངོས་གཞིར་གྱུར་པའི་རིག་བྱེད་ཁས་མི་ལེན་པ་ཉིད་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་འོ། །ཞེས་སྟོན་པ་ནི། ཇི་སྐད་དུ། འདིར་ཇེ་རེ་ཤིག་སྲོག་ཆགས་དེ་འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེ། རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ཡིན་པ་དེ་དག་ལས་ཀྱི་ལམ་ཡིན་ནམ། འོན་ཏེ་ཤི་བའི་སྲིད་པ་ལ་གནས་པ་དེའི་ཚེ་ཡིན་པ་ཞེས་བྱ་བ་འདི་བརྗོད་པར་བྱའོ། །དེ་ལས་ཅིར་འགྱུར། རེ་ཤིག་གལ་ཏེ་འཆི་བའི་སྲིད་པ་ལ་གནས་པ་ཡིན་ན་ནི། གསོད་པའམ་གསོད་དུ་འཇུག་ལྷན་ཅིག་ཤི་བ་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ཏེ། གྲུབ་པའི་མཐའ་ལས་ནི་དེ་སྐད་མི་འབྱུང་ངོ༌། །འོན་ཏེ་ཤི་བ་ཡིན་ན་ནི་བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེ་རྣམ་པར་རིག་བྱེད་དང༌། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ་ཞེས་གང་སྨྲས་པ་དེ་བརྗོད་པར་མི་བྱའོ། །ཞེས་གསུངས། དེའི་དོན་ནི། གོང་དུ་དྲངས་མ་ཐག་པའི་འགྲེལ་ཚིག་དེར་སྲོག་གཅོད་ཀྱི་ལས་དངོས་གཞིའི་ནང་ན་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་པར་བཤད་པ་དེ་ལ། འོ་ན་གསད་བྱ་དེ་འཆི་བཞིན་པའི་དུས་ཀྱི་སྲོག་གཅོད་ཀྱི་རིག་བྱེད་དེ་ལས་ལམ་དངོས་གཞིར་འདོད་དམ། ཤི་ཟིན་པའི་དུས་ཀྱི་དེ་དེར་འདོད། དང་པོ་ལྟར་ན་ནི། ཇི་སྐད་དུ། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་འཆད་པ་དང་འགལ། གཉིས་པ་ལྟར་ན། བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པའི་རིག་བྱེད་ཅེས་འཆད་པ་མི་རུང་སྟེ། ཤི་ཟིན་པའི་སྐབས་ཀྱི་རིག་བྱེད་ལ་སྲོག་གཅོད་པའི་རིག་བྱེད་ཅེས་བཤད་དུ་མི་རུང་བའི་ཕྱིར། གཞན་ཡང་བྱེ་སྨྲའི་རྩ་བའི་འདོད་པ་ལ་བསད་བྱ་ཤི་ཟིན་ཙམ་གྱི་སྐབས་ན་ཡོད་པའི་རོ་ལ་བསྣུན་པར་བྱེད་པའི་རིག་བྱེད་དེ་སྲོག་གཅོད་ཀྱི་མཇུག་ཡིན་པ་ལ་སྦྱོར་བའི་མིང་གིས་བཏགས་སོ་ཞེས་ཟེར་བ་དེ་ཡང་བྱེ་སྨྲའི་གྲུབ་པའི་མཐའ་མ་ཡིན་པར་འགྱུར་ཏེ། དེ་འདྲ་དེ་ལས་ལམ་དངོས་སུ་འདུག་པའི་ཕྱིར། ཞེས་པ་སྟེ། དེ་སྐད་དུ་ཡང༌། དྲང་མ་ཐག་པའི་འགྲེལ་པ་དེའི་འཕྲོ་ཉིད་ནས། ཇི་སྐད་དུ། གང་ཡང་བསྟན་བཅོས་ལས། སྲོག་ཆགས་བསད་ལ་སྲོག་གཅོད་པ་མ་འགགས་པ་ཡོད་དམ་ཞེ་ན། ཡོད་དེ། འདི་ལྟ་སྟེ། དཔེར་ན་སྲོག་ཆགས་ཀྱི་སྲོག་བཅད་ལ་སྦྱོར་བ་མེད་པར་མ་གྱུར་པ་ལྟ་བུའོ། །ཞེས་གསུངས་པ་འདིར། མཇུག་སྦྱོར་བའི་སྒྲར་གསུངས་སོ། །ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་དོན་ནི་འགལ་ཏེ། དེའི་ཚེ་དངོས་གཞི་ཁོ་ན་མ་འགགས་པའི་ཕྱིར་རོ། །ཞེས་གསུངས། དེ་ལ་བྱེ་སྨྲ་ན་རེ། མཇུག་ལ་སྦྱོར་བའི་མིང་གིས་གཏགས་ཞེས་པ་དེ་ནོར་བར་འདུག་པས། ཕྱིན་ཆད་དངོས་གཞི་ལ་སྦྱོར་བའི་མིང་གིས་གཏགས་པ་ཡིན་ནོ་ཞེས་ཁས་བླངས་ནས། བསད་བྱ་ཤི་ཟིན་ཙམ་པའི་དུས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ལས་ལམ་དངོས་སུ་ཁས་བླངས་པས་ཆོག་གོ་སྙམ་ན། གཉིས་པ་ནི། ཇི་སྐད་དུ། ཇི་ལྟར་ཉེས་པ་མེད་པ་དེར་དངོས་ཀྱི་གཞི་ཁོ་ན་སྦྱོར་བའི་སྒྲར་གསུངས་ཞེས་བྱ་བའོ། །འོ་ན་དེའི་ཚེ་རྣམ་པར་རིག་བྱེད་ཇི་ལྟར་ལས་ཀྱི་ལམ་དངོས་སུ་འགྱུར། ཇི་ལྟར་མི་འགྱུར་མི་ནུས་པའི་ཕྱིར་རོ། །ཞེས་བཤད། དེའི་དོན་ནི་བསད་བྱ་ཤི་ཟིན་པའི་དུས་ཀྱི་རོ་ལ་བསྣུན་པའི་རིག་བྱེད་ནི་ཆོས་ཅན། སྲོག་གཅོད་ཀྱི་ལས་ལམ་དངོས་མ་ཡིན་ཏེ། སྲོག་གཅོད་པའི་ནུས་པ་མེད་པའི་རིག་བྱེད་དུ་འདུག་པའི་ཕྱིར། དཔེར་ན་སེམས་མེད་པའི་ཤིང་ལ་བསྣུན་པ་བཞིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ལ་ནི་མི་མཚུངས་ཏེ། རིག་བྱེད་དང་རིག་བྱེད་མ་ཡིན་པ་ལས་ཀྱི་ལམ་དུ་འཇོག་མཚམས་ཐ་དད་པའི་ཕྱིར། འདི་ལྟར་སྲོག་གཅོད་པའི་རིག་བྱེད་ནི་སྲོག་གཅོད་ཀྱི་བྱེད་པ་པོ་ཡིན་པས་ལས་སུ་འཇོག རིག་བྱེད་མ་ཡིན་པ་ནི་བྱ་བའི་ངོ་བོ་ཡིན་པས་ལས་སུ་འཇོག་པ་སྟེ། དཔེར་ན་བྱེད་པ་པོ་སྟྭ་རེ་དང༌། ལས་སུ་བྱ་བ་ཤིང་དུམ་བུར་སོང་བ་བཞིན་ནོ། །གཉིས་པ་སྡོམ་པ་ཕྱི་མ་གཉིས་ལ་རིག་བྱེད་མ་ཡིན་པས་ཁྱབ་པར་མི་འཐད་པ་ལ་གཉིས་ཏེ། སྤྱིར་སྡོམ་པ་ལ་དེས་ཁྱབ་པ་མི་འཐད། བྱེ་བྲག་ཏུ་མཉམ་གཞག་གི་སྡོམ་པ་གཉིས་དེས་ཁྱབ་པ་མི་འཐད་པའོ། །དང་པོ་ནི། ཡིད་ཀྱི་སྡོམ་པ་དང་དབང་པོའི་སྡོམ་པ་ཞེས་བྱ་བ་གཉིས་ནི་ངེས་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་བཤད་པའི་ཕྱིར། དེ་གཉིས་གཟུགས་ཅན་དུ་ཡང་མི་འདོད་དེ། དྲན་པ་དང་ཤེས་བཞིན་གྱི་ངོ་བོར་འདོད་པའི་ཕྱིར། དེ་སྐད་དུ་ཡང༌། ཤེས་བཞིན་དང་ནི་དྲན་དག་གཉིས། །ཞེས་བཤད་པའི་ཕྱིར་རོ། །འདིའི་དོན་ནི་ཡིད་དང་དབང་པོ་ཡུལ་འཕྲོ་བའི་རྒོད་པ་དང་བྱིང་བའི་གཉེན་པོར་དྲན་པ་དང་ཤེས་བཞིན་མངོན་དུ་བྱེད་པ་ཡིན་ལ། དེ་ཡང་ཡིད་ལས་སུ་མི་རུང་བའི་གཉེན་པོར་མངོན་པར་འདུས་བྱས་པའི་དྲན་པ་དང་ཤེས་བཞིན་ལ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱ། མིག་སོགས་དབང་པོ་ལྔ་ལས་སུ་མི་རུང་བའི་གཉེན་པོར་མངོན་པར་འདུས་བྱས་པའི་དྲན་པ་དང་ཤེས་བཞིན་ལ་ནི་དབང་པོའི་སྡོམ་པ་ཞེས་བྱའོ། །དེ་སྐད་དུ་ཡང༌། ཤེས་བཞིན་དང་ནི། ཞེས་པའི་སྔ་འགྲེལ་དུ། འོ་ན་བཅོམ་ལྡན་འདས་ཀྱིས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་གསུངས་པ་དང༌། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ། །ཞེས་གསུངས་ན། ཡིད་དང་དབང་པོའི་སྡོམ་པ་འདི་གཉིས་རང་བཞིན་ཅི་ཞེ་ན། འདི་གཉིས་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །གཉིས་ཞེས་བྱ་བ་སྨོས་ཏེ། ཡིད་ཀྱི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་ལ། དབང་པོའི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལ། རིགས་པ་དང༌། ལུང་གཉིས་ལས། དང་པོ་ནི། མཉམ་གཞག་གི་སྡོམ་པ་གཉིས་ལ་གཟུགས་ཅན་གྱིས་མ་ཁྱབ་སྟེ། འདི་གཉིས་ལ་ཡིད་ཀྱི་མི་དགེ་བ་གསུམ་སྤོང་བའི་རང་བཞིན་ཅན་གྱི་སྡོམ་པ་ཡང་ཡོད་པའི་ཕྱིར། དེ་མེད་ན་ནི། སྤྱིར་བསམ་གཏན་གྱི་ཉེར་བསྡོགས་དང༌། ཟག་མེད་བར་ཆད་མེད་ལམ་གྱིས་ཡིད་ཀྱི་གསུམ་མི་སྤོང་བ་ཡིན་ནམ། སྤོང་ཡང་ཡིད་ཀྱི་སྡོམ་པ་ཁས་མི་ལེན་པ་ཡིན། གཉིས་ཀ་ལྟར་ཡང་མི་རིགས་ཏེ། དེ་གཉིས་ཀ་ཡང་འདོད་པའི་གཉེན་པོར་རུང་བའི་ཕྱིར་དང༌། ཡིད་ཀྱི་སྡོམ་པ་ནི་བཤད་མ་ཐག་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་མཉམ་པར་བཞག་པའི་སྡོམ་པ་གཉིས་ཀྱང་སྤོང་བ་བདུན་ཁོ་ནའི་རང་བཞིན་དུ་འགྱུར་ལ། དེ་ལྟར་ན་སོ་སོར་ཐར་པའི་སྡོམ་པ་དང༌། སྤང་བྱ་མི་དགེ་བ་སྤོང་བའི་གྲངས་ལ་ཁྱད་པར་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་མོད་ཀྱི་ལུས་ངག་གི་སྤོང་བ་བདུན་པོ་ནི་གཟུགས་ཅན་དུ་སྐྱེ་ལ། ཡིད་ཀྱི་སྤོང་བ་གསུམ་པོ་ནི་སེམས་པའི་ལས་སུ་སྐྱེ་བས་སེམས་པ་དང་བསམ་པའི་རང་བཞིན་ཅན་གཉིས་གཉིས་ཀྱི་ལས་སོ། །དེས་ན་བསམ་གཏན་གྱི་སྡོམ་པ་ལྟ་བུ་གཅིག་ལ་སེམས་པ་དང་བསམ་པའི་ལས་གཉིས་ཀ་ཚོགས་དགོས་པ་ནི་མ་ཡིན་ཏེ། གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ཤེས་པ་ཉིད་ཀྱིས་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱིར། འོ་ན་གཉིས་པོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་དབྱེ་བར་བཤད་པ་ཅི་ཞེ་ན། ལུས་ངག་གི་སྤོང་བ་བདུན་གྱི་ངོ་བོར་གྱུར་པའི་སྡོམ་པ་གཉིས་ལ་དགོངས་པ་ཡིན་ཏེ། བསམ་པའི་ལས་ཀྱི་དབྱེ་བ་འཆད་པ་སྐབས་སུ་བབ་པའི་ཕྱིར། ཁྱེད་རང་ལྟར་ན། སོ་ཐར་གྱི་སྡོམ་པ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཡོད་ཀྱང༌། འདིར་རིག་བྱེད་མ་ཡིན་པའི་དབྱེ་བར་བཤད་པ་བཞིན་ནོ། །གཉིས་པ་ལུང་གི་སྒྲུབ་བྱེད་ནི། ཇི་སྐད་དུ། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །མི་ལྕོགས་པ་མེད་པ་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དེ་གཉིས་བར་ཆད་མེད་པའི་ལམ་དགུ་དག་ཏུ་སྤོང་བའི་སྡོམ་པ་ཞེས་བྱ་སྟེ། དེ་གཉིས་འཆལ་བའི་ཚུལ་ཁྲིམས་དང༌། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་རོ། །ཞེས་གསུངས་ལ། དེར་འཆལ་ཚུལ་སྤོང་བ་ནི་ལུས་ངག་གི་སྤོང་བ་བདུན་གྱི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་དག་ཡིན་ལ། དེའི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་ནི་ཡིད་ཀྱི་ཉེས་པ་གསུམ་པོ་དག་ཡིན་ཞིང༌། དེའི་སྤོང་བ་གཟུགས་ཅན་མི་འབྱུང་བའི་ཕྱིར། དོན་དེ་ཡང༌། ཇི་སྐད་དུ། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང༌། །སེམས་པ་རྣམ་པ་བཅུ་གཉིས་ཏེ། །ནག་པོ་ཟད་པར་བྱེད་པའི་ལས། །དགུ་པའི་སེམས་པ་གང་ཡིན་པ། །དེ་ནི་དཀར་ནག་ཟད་བྱེད་ཡིན། །དཀར་པོ་བསམ་གཏན་ཆགས་བྲལ་བ། །བར་ཆད་མེད་ལམ་སྐྱེས་ཐ་མས། །ཞེས་པ་འོག་མ་འོག་མའི་ཉོན་མོངས་པ་སྤོང་བ་ལ་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་པའི་སེམས་ཉིད་དགོས་པར་བཤད་དོ། །གཉིས་པ་ནང་ཚན་སོ་སོའི་ཁྱད་པར་ལ་གསུམ་སྟེ། སོ་ཐར་སྡོམ་པའི་དབྱེ་བ། བསམ་གཏན་གྱི་སྡོམ་པའི་དབྱེ་བ། ཟག་མེད་ཀྱི་སྡོམ་པའི་དབྱེ་བའོ། །དང་པོ་ནི། ཇི་སྐད་དུ། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་སོ། །འདིར་དངོས་བསྟན་ལ་སོ་ཐར་གྱི་སྡོམ་པ་བརྒྱད་བཤད་ཀྱང༌། དགེ་སློབ་མའི་སྡོམ་པ་དང༌། བསྙེན་གནས་ཀྱི་སྡོམ་པ་གཉིས་ནི་སྡོམ་པ་རང་རྐང་ཐུབ་པ་རེ་རེ་ཡོད་པ་མ་ཡིན་ཏེ། དེ་ཡང་འདི་ལྟར། དགེ་ཚུལ་ལས་བཅུ་གཉིས་སྤོང་བྱེད་ཀྱི་བསླབ་པ་བླངས་པ་ན་དགེ་སློབ་མར་སོང་བ་ཡིན་ལ། དེའི་ཚེ་དགེ་ཚུལ་གྱི་སྡོམ་པའི་ངོ་བོར་གྱུར་པའི་སྤོང་བ་བཞི་པོ་དེ་ལ་ཐ་དད་དུ་གྱུར་པའི་རྩ་བའི་སྤོང་བ་སྐྱེ་རྒྱུ་མེད་ལ། སྤོང་བ་བཅུ་གཉིས་པོ་དེ་ཡང་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ངོ་བོར་བཤད་པ་ཡོད་མེད་ནི་དཔྱད་དགོས་པའི་ཕྱིར། མི་མཐུན་པའི་དཔེ་ནི། དགེ་བསྙེན་གྱིས་དགེ་ཚུལ་དང༌། དེས་དགེ་སློང་གི་སྡོམ་པ་བླངས་པའི་ཚེ། རྩ་བའི་སྤོང་བ་བཞི་ཚན་མི་འདྲ་བ་གསུམ་རྫས་ཐ་དད་དུ་སྐྱེ་བ་ཡིན་ལ། དེ་འདྲ་དེ་ནི་འདི་ལ་མེད་དོ། །གཞན་ཡང་བཅུ་གཉིས་སྤོང་བའི་བསླབ་པ་ནི་སོ་ཐར་གྱི་སྡོམ་པ་མ་ཡིན་ཏེ། དེའི་གཏོང་རྒྱུར་བཤད་པ་དག་ནི་སོ་ཐར་གྱི་སྡོམ་པའི་གཏོང་རྒྱུར་མི་རུང་བའི་ཕྱིར། དཔེར་ན་འཁྲིག་པ་བསྟེན་པའི་ཕྱིར་ཁས་བླངས་པ་ཙམ་གྱིས་གཏོང་བར་བཤད་པ་དང༌། མཚན་གྱུར་ཐེངས་གཅིག་གིས་གཏོང་བར་བཤད་པ་ལྟ་བུའོ། །དེས་མི་གཏོང་ན་སྐྱེས་པའི་རྟེན་ལ་བཅུ་གཉིས་སྤོང་བྱེད་ཀྱི་བསླབ་པ་བསྲུང་དགོས་པར་འགྱུར་རོ། །ཡང་མཚན་ལན་གཅིག་གྱུར་པ་དེ་སླར་བུད་མེད་དུ་གྱུར་པ་ན་དགེ་སློབ་མའི་སྡོམ་པ་དེ་སླར་སྐྱེས་སམ་མ་སྐྱེས། སྐྱེས་ན་ནི་སོ་ཐར་སྡོམ་པའི་འཐོབ་རྒྱུ་མ་ཡིན་པ་ཞིག་གིས་ཐོབ་པར་ཡང་འགྱུར་ལ། མ་སྐྱེས་ན་ནི་དེ་བསྲུངས་མི་དགོས་པར་འགྱུར་རོ། །ཤེས་བྱེད་ཀྱི་གཏན་ཚིགས་དང༌། ལོག་ཕྱོགས་ལ་གནོད་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་ནི་བསྙེན་གནས་ཡན་ལག་བརྒྱད་པ་ཡང་སོ་ཐར་གྱི་སྡོམ་པ་དངོས་མ་ཡིན་པའི་ཤེས་བྱེད་དང༌། ཡིན་པ་ལ་གནོད་བྱེད་རྟོགས་པར་འགྱུར་ཏེ། ཡོངས་རྫོགས་དགེ་བསྙེན་གྱིས་བསྙེན་གནས་པར་ཁས་བླངས་པའི་ཚེ། དགེ་བསྙེན་གྱི་སྤོང་བ་གཅིག་པོ་ལས་རྫས་ཐ་དད་པའི་སྤོང་བ་སྐྱེ་རྒྱུ་མེད་པ་དང༌། ཡན་ལག་ལྷག་མ་རྣམས་ཀྱང་གཟུགས་ཅན་དུ་སྐྱེ་བའི་བཤད་པ་མེད་པའི་ཕྱིར། འོ་ན། བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཡོངས་རྫོགས་དགེ་བསྙེན་གྱིས་ནི་བསྙེན་གནས་ལེན་པ་ནི། བསླབ་པ་བརྗོད་པའི་ཚེ་ཚང་བར་བརྗོད་པ་ཡིན་ཀྱང༌། སྡོམ་པ་ལེན་པའི་ཚེ་ཚང་མར་ལེན་པ་མ་ཡིན་པའི་ཕྱིར། དེ་ལ་ཁ་ཅིག་འདི་སྙམ་དུ། ཡོངས་རྫོགས་དགེ་བསྙེན་གྱིས་བསྙེན་གནས་པར་ཁས་བླངས་པའི་ཚེ། རྩ་བ་བཞི་ཉིན་ཞག་གཅིག་ཏུ་སྤོང་བའི་སྤོང་བ་རྫས་ཐ་དད་པ་ཉིན་ཞག་གཅིག་གི་བར་དུ་སྐྱེ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟར་བཤད་པའི་ལུང་མེད་པ་དང༌། རིགས་པ་ཡང་དེ་ལྟར་བླངས་ན་སྡོམ་པ་སྔ་མའི་གཏོང་རྒྱུར་འགྲོ་བའི་ཕྱིར། འོ་ན་དགེ་བསྙེན་གྱིས་དགེ་ཚུལ་དང༌། དེས་དགེ་སློང་གི་སྡོམ་པ་བླངས་པའི་ཚེ། དགེ་བསྙེན་གྱི་སྤོང་བ་བཞི་པོ་དེ་ཉིད། དགེ་ཚུལ་དང་དགེ་སློང་གི་སྤོང་བ་བཞི་དང་ཐ་དད་དུ་སྐྱེའམ་གཅིག་ཏུ་སྐྱེ་ཞེ་ན། ཐ་དད་པ་ཉིད་དུ་སྐྱེ་བ་ཡིན་ཏེ། གཅིག་ཏུ་སྐྱེ་ན་གཅིག་གཏང་བས་ཀུན་བཏང་བར་འགྱུར་བའི་ཕྱིར་དང༌། སྡོམ་པ་གསུམ་པོ་རིམ་པར་མནོས་པའི་དགེ་སློང་དེ་དགེ་བསྙེན་དང་དགེ་ཚུལ་དུ་ཡང་ཐལ་བར་འགྱུར་ཏེ། དེའི་དུས་ཀྱི་དགེ་སློང་གི་སྡོམ་པ་དེ་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པར་གནས་པའི་ཕྱིར། དེ་ལྟ་བུའི་ཚུལ་གྱིས་རིམ་ཅན་དུ་མནོས་པ་ལ་སྤོང་བ་བཞི་གཅིག་དང་ཐ་དད་དུ་སྐྱེ་བའི་དོགས་པ་གཅོད་པའི་ཚུལ་དེ་ནི་བསྙེན་གནས་དང་དགེ་སློབ་མ་ལ་ཡོད་པ་མ་ཡིན་མོད། བསྙེན་གནས་སྡོམ་པ་ལ་སོགས་པར་བཞག་པ་དེ་ནི་དགེ་བསྙེན་གྱི་སྡོམ་པ་དང་མི་ལྡན་པས་བླངས་པའི་དབང་དུ་བྱས་པ་ཡིན་ལ། དགེ་སློབ་མའི་སྡོམ་པ་ནི་དགེ་ཚུལ་གྱི་སྡོམ་པ་ཉིད་ལ་དགོངས་ནས་སྡོམ་པར་བཞག་པ་ཡིན་གྱི། སྡོམ་པའི་རྫས་ལོགས་པ་མེད་དེ། དེའི་ཚེ་བཅུ་གཉིས་པོ་མ་གཏོགས་སྡོམ་པའི་རྩ་བ་བླངས་པ་མེད་པའི་ཕྱིར། བཅུ་གཉིས་སྤོང་བྱེད་ཀྱི་བསླབ་པ་ཉིད་སྡོམ་པའོ་ཞེ་ན། མ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་མ་གྲུབ་པའི་ཕྱིར། དེ་ཁོ་ནར་མ་ཟད་བཅས་འགལ་སྤོང་བའི་ཚུལ་ཁྲིམས་ཐམས་ཅད་དེར་སྐྱེ་བའི་བཤད་པ་མེད་དེ། སོ་ཐར་སྡོམ་པའི་མཐར་ཐུག་པ་དགེ་སློང་གི་སྡོམ་པ་བླངས་པའི་དུས་ན་ལུས་ངག་གི་མི་དགེ་བའི་སྤོང་བ་བདུན་པོ་ཉིད་རྒྱུ་འབྱུང་བ་ལས་རྫས་ཐ་དད་དུ་སྐྱེ་བར་བཤད་ཀྱི། གཞན་ལ་དེར་བཤད་པ་མེད་པའི་ཕྱིར། འོན་ཀྱང་དགེ་སློང་ལ་སོགས་པ་རྩ་བའི་སྤོང་བ་ཡོད་པ་དག་ལ་ནི་ཆ་ཤས་རྣམས་ཆ་ཅན་གྱི་འཁོར་དུ་སྐྱེ་ཞེས་བརྗོད་ན་རུང་བ་ཡིན་ཏེ། སངས་རྒྱས་ཀྱི་ནི་བཅས་པ་ཡང༌། །ཞེས་པའི་འགྲེལ་པར་བཅས་རྐྱང་སྤོང་བའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སྤོང་བར་བཤད་པའི་ཕྱིར། གཉིས་པ་བསམ་གཏན་སྡོམ་པའི་དབྱེ་བ་ནི། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཞེས་གསུངས། དེའི་དོན་ནི། གང་བསམ་གཏན་དང་ལྡན་པ་དེ་ཐམས་ཅད་ནི་བསམ་གཏན་གྱི་སྡོམ་པ་དང་ཡང་ལྡན། ཞེས་པ་ཡིན་ལ། དེའི་ཚེ་ན་འདིས་གཟུགས་མེད་ཀྱི་རྟེན་མ་བསྡུས་ལ། དེ་ཡང་དེ་དང་ལྡན་པ་ནི་ཡིན་ཏེ། ཇི་སྐད་དུ། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཅེས་བཤད་པའི་ཕྱིར། གསུམ་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པའི་དབྱེ་བ་ནི། ཟག་མེད་འཕགས་པའི་སེམས་ཅན་དང༌། །ཞེས་འཕགས་པའི་གང་ཟག་ཐམས་ཅད་དེ་དང་ལྡན་ལ། དབྱེ་ན་ཐེག་པ་གསུམ་དང༌། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་ཞུགས་པ་དང་གནས་པ་རྣམ་པ་བཞིའོ། །འདིར། སེམས་ཅན་དང༌། ཞེས་སྨོས་པ་ནི་རྟེན་གྱི་གང་ཟག་ངོས་བཟུང་བའི་ཆེད་ཡིན་ཏེ། སྤྱིར་འཕགས་པ་ནི་ཟག་མེད་ལམ་བདེན་གྱི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། གསུམ་པ་ལྡན་ཚུལ་ནི། གནས་དང་པོར་རྒྱས་པར་བསྟན་ཟིན་པས་ཡང་མི་སྤྲོའོ། །དེའི་ནང་ནས་ཇི་སྐད་དུ། རྣམ་རིག་བཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །ཞེས་པའི་དོན་ནི། འཕགས་པ་འདོད་ཁམས་ནས་ཁམས་གསུམ་གང་རུང་དུ་ཉིང་མཚམས་སྦྱར་བའི་ཚེ། ཚེ་ལྔ་མས་བསྡུས་པའི་རྣམ་པར་རིག་བྱེད་ནི་མེད་ལ། ཚེ་ཕྱི་མས་བསྡུས་པའི་རིག་བྱེད་མ་སྐྱེས་པ་དེའི་ཚེ། རིག་བྱེད་མ་ཡིན་པ་ནི་ངེས་པར་ལྡན་པས་ཁྱབ་སྟེ། ཟག་མེད་ཀྱི་སྡོམ་པ་དང་ལྡན་པས་ཁྱབ་པའི་ཕྱིར། འོ་ན་སོ་སོ་སྐྱེ་བོ་མི་སྨོས་པ་ཅི་ཞེ་ན། སོ་སོ་སྐྱེ་བོ་ལ་ཚེ་སྔ་མའི་རྣམ་རིག་བཏང་ཡང༌། རིག་བྱེད་མ་ཡིན་པ་དང་ལྡན་པའི་ངེས་པ་མེད་པས་མ་སྨོས་ལ། མི་སྲིད་པ་ནི་མ་ཡིན་ཏེ། བསམ་གཏན་གཉིས་པའི་དངོས་གཞི་ཐོབ་པའི་སོ་སོ་སྐྱེ་བོ་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེས་པའི་ཚེ་དེ་ལྟར་འབྱུང་བའི་ཕྱིར། ངེས་པ་ནི་མ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ཐོབ་པ་འདོད་པར་ཚེ་འཕོས་པའི་ཚེ་ན་རིག་བྱེད་དུ་མ་ཟད་རིག་བྱེད་མ་ཡིན་པ་ཡང་བཏང་བའི་ཕྱིར། འཐོབ་ཚུལ་ལ་གསུམ་ལས། བསམ་གཏན་གྱི་སྡོམ་པའི་འཐོབ་ཚུལ་ནི། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་འཐོབ། ཅེས་པ་བསམ་གཏན་ལས་སྐྱེས་པ་ནི་བསམ་གཏན་གྱི་སྡོམ་པའོ། །ས་ཉིད་ཀྱིས་ཤེས་པ་ནི་བསམ་གཏན་ས་དྲུག་པོ་དག་སྟེ། དྲུག་པོ་དེ་འཐོབ་པའི་ཚུལ་ཡང་གསུམ་སྟེ། ཉེར་བསྡོགས་ནི་སྦྱོར་བས་འཐོབ་པ་དང༌། དངོས་གཞི་རྣམས་ནས་འོག་མ་རྣམས་འདོད་ཆགས་དང་བྲལ་བས་འཐོབ་པ་དང༌། གོང་མ་ནས་འོག་མར་སྐྱེས་པའི་ཚེ་འོག་མའི་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་སྐྱེ་བས་ཐོབ་པའི་ཕྱིར། དེ་དག་དང་དུས་མཉམ་དུ་དེའི་སྡོམ་པ་ཡང༌། ཐོབ་པ་ཡིན་ཏེ། དཔེར་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ཐོབ་པ་དེའི་ཚེ། བསམ་གཏན་དང་པོའི་ས་པའི་སྡོམ་པ་ཡིན་ལ། དེའི་འོག་ཏུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཙམ་མངོན་དུ་བྱས་པ་དེའི་ཚེ་ནི། བསམ་གཏན་གཉིས་པའི་སས་བསྡུས་ཀྱི་སྡོམ་པ་ཐོབ་པ་ནི་མ་ཡིན་ཏེ། དེའི་ཚེ་བསམ་གཏན་དང་པོའི་ས་མ་གཏང་བའི་ཕྱིར། དེ་ནས་བསམ་གཏན་དང་པོ་ལ་ཆགས་པ་དང་བྲལ་བའི་གཉིས་པའི་ཉེར་བསྡོགས་དགུ་པའི་རྣམ་གྲོལ་ལམ་སྐྱེས་པ་དེའི་ཚེ་ནི། གཉིས་པའི་སྡོམ་པ་ཐོབ་པ་ཡིན་ཏེ། དང་པོའི་སྡོམ་པ་གཏོང་བའི་རྒྱུས་འཕོས་པ་ཞེས་བྱ་བ་དེ་བྱུང་བའི་ཕྱིར། དེ་བཞིན་དུ་འདོད་པའི་རྟེན་ལ་བསམ་གཏན་གཉིས་པ་ལྟ་བུའི་དངོས་གཞི་ལས་མ་ཉམས་བཞིན་དུ་བསམ་གཏན་དང་པོར་ས་འཕོས་པ་དེའི་ཚེ་ཡང་སྔ་མའི་སྡོམ་པ་བཏང་ནས་ཕྱི་མའི་སྡོམ་པ་རྙེད་པ་ཡིན་ལ། ཉམས་པ་དེ་ནི་ཉམས་པས་གཏོང་འཐོབ་བྱེད་པ་མ་ཡིན་ཏེ། དེའི་གོང་དུ་ས་འཕོས་ཟིན་པའི་ཕྱིར། བསམ་གཏན་གྱི་སྡོམ་པ་གཏོང་འཐོབ་དེ་ལྟར་བྱེད་པའི་ཚེ། སྡོམ་པ་དེའི་རྒྱུར་གྱུར་པའི་འབྱུང་བ་དེ་འཕོས་པ་ཡིན་ཏེ། བསམ་གཏན་དང་པོའི་འབྱུང་བ་བོར་ནས་གཉིས་པའི་ས་པའི་འབྱུང་བ་མངོན་དུ་བྱས་པ་ལྟ་བུའོ། །འབྱུང་བ་དེ་འགྲུབ་པའི་རྒྱུ་ནི་ས་དེ་དང་དེའི་སེམས་པའོ། །དེའི་ཤེས་བྱེད་ཀྱང༌། ས་དེ་དང་དེའི་སྡོམ་པའི་རྒྱུའི་ཀུན་སློང་གང་ཡིན་པ་དེ་དེའི་རྒྱུ་འབྱུང་བ་དེའི་ཡང་ལྷན་ཅིག་འབྱུང་བའི་རྒྱུར་འགྲོ་དགོས་པའི་ཕྱིར། གཉིས་པ་ཟག་མེད་ཀྱི་འཐོབ་ཚུལ་ནི། ཟག་མེད་ནི། འཕགས་དེས། ཞེས་པ་ཟག་པ་མེད་པའི་བསམ་གཏན་གྱི་ས་དྲུག་པོ་དེ་ཉིད་ཀྱི་ཟག་མེད་ཀྱི་སྡོམ་པ་ཡང་འཐོབ་བོ། །དེ་ཡང་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་པའི་ཟག་མེད་ཀྱི་ལམ་མངོན་དུ་གྱུར་པ་དེ་ནས་ཟག་མེད་ཀྱི་སྡོམ་པ་ཐོབ་པ་ཡིན་ལ། དེ་ཡང་ཉེར་བསྡོགས་ཀྱི་ཟག་མེད་ནི་སྦྱོར་བ་འབད་རྩོལ་གྱིས་ཐོབ་པ་ཡིན་ལ། དངོས་གཞིའི་ཟག་མེད་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་རེ་རེ་ཐོབ་པའི་ཚུལ་ཐོབ་པའི་ཕྱིར། འདི་ལ་སྐྱེ་བས་ཐོབ་པ་ནི་མེད་དེ། གོང་མ་ནས་འོག་མར་སྐྱེ་བ་མེད་པའི་ཕྱིར། གསུམ་པ་སོ་ཐར་གྱི་འཐོབ་ཚུལ་ནི། སོ་སོར་ཐར་ཅེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱི། ཞེས་པ། འདིར་སོགས་པའི་སྒྲས་ནི་གཞན་གྱི་རྣམ་རིག་ལ་རག་མ་ལས་པའི་ཐོབ་རྒྱུ་དེ་སྟོན་པ་ཡིན་ལ། གཞན་གྱི་རྣམ་རིག་ལ་རག་ལས་མ་ལས་གཉིས་ཀ་ལ་ཡང་རྒྱས་པར་ཕྱེ་ན་བཅུར་འགྱུར་བ་ཡིན་ཏེ། རང་བྱུང་གིས་ནི་སངས་རྒྱས་དང༌། རང་སངས་རྒྱས་རྣམས་སོ། །ངེས་པ་ལ་འཇུག་པས་ནི་ལྔ་སྡེ་རྣམས་སོ། །ཚུར་ཤོག་གིས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུངས་ཆེན་པོའོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ། །བླ་མའི་ཆོས་ཁས་བླངས་པ་ནི་སྐྱེ་རྒུའི་བདག་མོ་ཆེན་མོའོ། །ཕོ་ཉས་ནི་ཆོས་སྤྱིན་ནོ། །འདུལ་བ་འཛིན་པར་གཏོགས་པ་དང་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །བཅུ་ཚོགས་ཀྱིས་ནི་དབུས་ཀྱི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་སྡེ་བཟང་པོ་དྲུག་ཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་བྱས་པ་རྣམས་ཏེ། དེ་དག་གི་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པ་ཡིན་ནོ། །ཡང་སོ་སོར་ཐར་པའི་སྡོམ་པ་དེ་ཡང་དག་པར་བླངས་པ་ན། དུས་ཇི་སྲིད་གཅིག་གི་བར་དུ་བླང་བར་བྱ་ཞེ་ན། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །དུས་ཀྱི་མཐའ་ནི་གཉིས་ཏེ། སྲོག་གི་མཐའ་དང༌། ཉིན་ཞག་གི་མཐའོ། །ཟླ་བ་ཕྱེད་ལ་སོགས་པ་ནི་ཉིན་ཞག་འདས་པས་སོ། །དུས་ཞེས་བྱ་བའི་ཆོས་དེ་ཅི་ཞིག་ཅེ་ན། དེ་ནི་འདུ་བྱེད་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ཏེ། སྣང་བའི་གནས་སྐབས་ལ་ནི་ཉིན་མོ་ཞེས་བྱ་ལ། མུན་པའི་གནས་སྐབས་ལ་མཚན་མོ་ཞེས་བྱའོ། །རེ་ཤིག་ཇི་སྲིད་འཚོའི་བར་དུ་བླངས་པ་ཡོད་ཀྱང་ལུས་སྐལ་བ་མི་འདྲ་བའི་ཕྱིར་དང༌། དེས་ཀྱང་དེར་སྦྱོར་བ་མ་བྱས་པའི་ཕྱིར་དང༌། མི་དྲན་པའི་ཕྱིར་སྡོམ་པ་མི་སྐྱེ་བར་རིགས་ན། ཡང་ཉིན་ཞག་གི་འོག་ཞག་ལྔའམ་ཞག་བཅུ་ཡང་རུང་སྟེ། བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་བསྙེན་གནས་ཀྱི་སྡོམ་པ་མང་པོ་སྐྱེ་བ་ལ་གེགས་སུ་ཞིག་བྱེད། བཅོམ་ལྡན་འདས་ཀྱི་མདོ་ལས་གང་ཉིན་ཞག་གི་བསྙེན་གནས་ཁོ་ན་བསྟན་པ་འདིས་ནི་གེགས་བྱེད་པ་ཡོད་དོ། །ད་ནི་འདི་དཔྱད་པར་བྱ་སྟེ། རེ་ཤིག་བཅོམ་ལྡན་འདས་ཀྱིས་ཉིན་ཞག་གི་འོག་ཏུ་སྡོམ་པ་མི་སྐྱེ་བར་གཟིགས་ནས་ཉིན་ཞག་པའི་བསྙེན་གནས་བསྟན་ནམ། འོན་ཏེ་དབང་པོ་གདུལ་དཀའ་བ་རྣམས་ཉིན་ཞག་པའི་སྡོམ་པ་ཡང་དག་པར་བླངས་པ་ལ་ཡང་དག་པར་སྦྱར་བའི་ཆེད་ཅི་ཡིན། དེ་དེ་ལྟར་བརྟག་ག་ལ་ནུས། ཕྱིན་ཆད་སྡོམ་པ་སྐྱེ་བ་ཡང་རིགས་པ་དང་འགལ་བ་མེད་པའི་ཕྱིར་རོ། །ཕྱིན་ཆད་པ་འདི་སུ་ལ་ཡང་མ་བསྟན་པས་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མི་འདོད་དོ། །ཞེས་གསུངས། འདི་དག་གི་དོན་བཤད་པ་ལ་གཉིས་ཏེ། རྣམ་པ་བཅུའི་གྲངས་ངེས་དང་ངོས་འཛིན་ལུགས་ལ་དཔྱད་པ་དང༌། བསྙེན་གནས་ཀྱི་དུས་ལ་མདོ་སྡེ་པས་དཔྱད་པའོ། །དང་པོ་ལ་གཉིས་ཏེ། གྲངས་ལ་དཔྱད་པ་དང༌། ངོས་འཛིན་བརྟག་པའོ། །དང་པོ་ནི། འདིར་བཤད་པ་བཅུའི་ནང་དུ་བསྙེན་རྫོགས་ཀྱི་དབྱེ་བ་ཐམས་ཅད་ངེས་པ་མ་ཡིན་ཏེ། གསོལ་བཞིའི་ཆོ་གས་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་དེ་འདིར་མ་བསྡུས་པའི་ཕྱིར། སོགས་ཁོངས་སུ་བསྡུས་པ་དེ་ཐམས་ཅད་ཀྱང་གཞན་གྱི་རིག་བྱེད་ལ་རག་མ་ལས་པའི་ངེས་པ་མེད་དེ། ལྔ་ཚོགས་དང་བཅུ་ཚོགས་ཀྱིས་ནི་གཞན་གྱི་རིག་བྱེད་ལ་ངེས་པར་རག་ལས་པའི་ཕྱིར། གདོན་མི་ཟ་བར་རིག་བྱེད་ལ་རག་ལས་པ་མ་ཡིན་ནོ་ཞེས་པ་ཡང༌། གཞན་གྱི་རིག་བྱེད་ལ་རག་མ་ལས་པར་སྟོན་པ་ཡིན་གྱི། སྤྱིར་རིག་བྱེད་ལ་རག་མ་ལས་པར་སྟོན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས། ཇི་ལྟར་ན་དེ་གཉིས་ཀྱིས་ལས་ཀྱི་ལམ་དུ་འགྲུབ་སྟེ། འདི་ལ་འབད་པར་བྱའོ། །ཞེས་གསུངས། འདི་མདོ་སྡེ་པའི་གཞུང་མ་ཡིན་ནམ་ཞེ་ན། མདོ་སྡེ་པས་བྱེ་སྨྲ་བཀག་པའི་སྒྲུབ་བྱེད་བྱེ་སྨྲ་ལ་གྲུབ་ཟིན་པ་དེ་ཉིད་བཀོད་པ་ཡིན་པས་སོ། །དེའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། འདོད་གཏོགས་ཐམས་ཅད། ཅེས་བཤད་པ་ལྟར། མི་དགེ་བའི་ལས་ལམ་དངོས་གཞི་ནི་སྦྱོར་བ་མེད་པར་མི་འབྱུང་བས། སྡོམ་མིན་དང་བར་མ་མི་དགེ་བ་ནི་སྦྱོར་བ་དང་བཅས་པ་ཁོ་ནར་ངེས་ལ། དེ་དག་གི་སྦྱོར་བ་སྤོང་བ་ལ་སོ་སོར་ཐར་པའི་སྦྱོར་བར་བཤད་པའི་ཕྱིར། མི་དགེ་དྲུག་ནི་རྣམ་རིག་མིན། །ཞེས་བཤད་པ་ཡང་དངོས་གཞིའི་དུས་སུ་རིག་བྱེད་མེད་པ་ལ་བསམས་པ་ཡིན་ཏེ། རྒྱུ་དུས་ཀྱི་སེམས་པ་དང་ལྷན་ཅིག་པའི་རིག་བྱེད་མེད་པ་མི་སྲིད་པའི་ཕྱིར་ཏེ། གཞན་ལ་འཆོལ་བའི་རིག་བྱེད་དགོས་པའི་ཕྱིར། དེས་ན་སོགས་པ་ཞེས་བྱ་བའི་སྒྲས་རང་གི་རྣམ་པར་རིག་བྱེད་དང༌། སེམས་པའི་ལས་ཀྱང་བསྡུད་པར་འཆད་པ་ཉིད་ལེགས་སོ། །འདིར་བཤད་པའི་ཐོབ་རྒྱུ་བཅུ་པོ་དེ་བསྙེན་རྫོགས་སུ་མ་ཟད། རབ་བྱུང་གི་ཡང་འཐོབ་རྒྱུ་ཉིད་དུ་ངེས་ལ། དགེ་ཚུལ་ལ་སོགས་པ་གཞན་གྱི་ནི་འཐོབ་རྒྱུར་མ་བཤད་ཅིང༌། རིགས་པས་རྟགས་ན་འཕྲིན་གྱིས་རབ་ཏུ་བྱུང་བ་སྲིད་པའི་དབང་དུ་བྱས་ན་དགེ་བསྙེན་དང་དགེ་ཚུལ་སོགས་ལ་ཡང་སྦྱར་ཏུ་རུང་བ་ཉིད་དུ་མངོན་ནོ། །སངས་རྒྱས་གཉིས་པོ་རང་བྱུང་གིས་བསྙེན་པར་རྫོགས་པ་ཉིད་དུ་བཤད་པའི་དོན་ལ། སྤྱིར་རང་བྱུང་ཞེས་པའི་མིང་ནི་གཉིས་ཏེ། ཁྱིམ་ནས་རང་བྱུང་བ་དང༌། རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཕྱི་མ་ལ་ཡང་གཉིས་ཏེ། ཟག་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་དང༌། བྱང་ཆུབ་མངོན་དུ་བྱས་པའོ། །དེ་ལའང་གཉིས་ཏེ། རྫོགས་པའི་བྱང་ཆུབ་དང༌། རང་བྱང་ཆུབ་བོ། །དེ་ལྟར་གསུམ་ལས་རྫོགས་པའི་བྱང་ཆུབ་ནི་སོ་ཐར་སྡོམ་པའི་འཐོབ་རྒྱུར་མི་རིགས་ཏེ། དེའི་ཚེ་སྒོམ་སྤངས་མ་ལུས་པར་སྤངས་ཟིན་པས་རྒྱུའི་ཀུན་སློང་མེད་པའི་ཕྱིར། རང་བྱང་ཆུབ་ཀྱང་མ་ཡིན་ཏེ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ཟིན་པའི་ཕྱིར་ངེས་འབྱུང་གི་ཕྱིར་དུ་ལེན་པ་མེད་པས་ངེས་འབྱུང་གི་ཚུལ་ཁྲིམས་མེད་ལ། ལེགས་སྨོན་སོགས་སུ་སྐྱེ་བ་ཡང་མི་རིགས་པའི་ཕྱིར་རོ། །མཐོང་ལམ་གྱི་དུས་སུ་ཡང་མ་ཡིན་ཏེ། ཇི་སྐད་དུ། སྟོན་དང་བསེ་རུ་བྱང་ཆུབ་པར། །ཞེས་དང༌། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞི་ཐོབ་ཕྱིར་རོ། །ཞེས་བཤད་པས་ན་བར་དེར་སོ་ཐར་གྱི་སྡོམ་པ་སྐྱེས་པ་ཡིན་ན། མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱས་པར་ཐལ་བའི་ཕྱིར་དང༌། ཟག་མེད་ཀྱི་སེམས་ནི་སོ་ཐར་གྱི་རྒྱུའི་ཀུན་སློང་དུ་མི་རུང་བའི་ཕྱིར་དང༌། རྒྱུའི་ཀུན་སློང་སྔོན་དུ་མ་སོང་ན་ཀུན་ནས་བསླངས་པའི་དགེ་བར་མི་རིགས་སོ། །དེས་ན་སངས་རྒྱས་གཉིས་ཀ་ཡང་ཁྱིམ་ནས་རབ་ཏུ་བྱུང་བའི་ཚེ་བསྙེན་པར་རྫོགས་སོ། །འོ་ན་རབ་བྱུང་གི་ཚེའམ། དེའི་རྗེས་སུ་རྫོགས་པ་ཡིན་ཞེ་ན། སྤྱིར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྐྱེ་ཚུལ་ལ་གཉིས་ཏེ། ཅིག་ཆར་སྐྱེས་པ་དང་རིམ་ཅན་དུ་སྐྱེས་པའོ། །དེ་ལའང་གཉིས་ཏེ། རབ་བྱུང་གི་ཕྱིས་བསྙེན་པར་རྫོགས་པ་དང༌། སྔར་བསྙེན་པར་རྫོགས་པའོ། །དང་པོ་ནི། གསོལ་བཞིའི་ཆོ་ག་སྔོན་ཆོག་ཏུ་བཤད་པ་དེས་བསྙེན་པར་རྫོགས་པའི་ཚེའོ། །གཉིས་པ་ནི་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པའི་ཚེའོ། །གསུམ་པ་ནི་བསྙེན་རྫོགས་ཀྱི་འཐོབ་རྒྱུར་བཤད་པ་ཕལ་ཆེ་བ་དག་གིས་ཡིན་པ་ལས། རང་བྱུང་གཉིས་པོ་ཡང༌། དགོས་པ་ངེས་འབྱུང་གི་ཕྱིར་དུ། ལས་སུ་བྱ་བ་ཁྱིམ་ནས་རང་བྱུང་ཟིན་པ་ཙམ་གྱིས་བསྙེན་པར་རྫོགས་ཟིན་པ་ཡིན་ཏེ། དེའི་ཚེ་བཅས་པ་ནི་མེད་ལ། མི་དགེ་བ་བདུན་སྤོང་བའི་ཚུལ་ཁྲིམས་མཉམ་པར་མ་གཞག་པའི་སས་བསྡུས་པ་ཞིག་ཐོབ་པའི་ཕྱིར། དེའི་འོག་ཏུ་རབ་བྱུང་ནས་དཀའ་བ་སྤྱོད་པའི་ཚེ་བསམ་གཏན་གྱི་སྡོམ་པ་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཟག་མེད་ཀྱི་སྡོམ་པ་མངོན་དུ་མཛད་ལ། རང་སངས་རྒྱས་ལ་ཡང་གོ་རིམ་དེ་བཞིན་ནོ། །སྔར་བསྙེན་པར་རྫོགས་ནས་ཕྱིས་རབ་ཏུ་བྱུང་བའི་གོ་རིམ་འདི་ནི་མི་སྲིད་པའོ། །ཞེ་ན། མ་ཡིན་ཏེ། ངེས་འཇུག་པ་དང༌། ཚུར་ཤོག་ཕལ་ཆེ་བ་ལ་གོ་རིམ་དེ་ལྟར་ངེས་པའི་ཕྱིར། དཔེར་ན། ལྔ་སྡེ་ལ་མཐོང་ལམ་སྐྱེས་ཟིན་པའི་འོག་དེ་མ་ཐག་ཏུ། སྐྲ་དང་ཁ་སྤུ་རང་བྱི་བ་དང༌། རྣམ་སྦྱར་བགོས་ཤིང༌། ལྷུང་བཟེད་ལག་ཏུ་ཐོགས་པར་གྱུར་ཏེ། བསྙེན་པར་རྫོགས་པའི་དགེ་སློང་ལོ་བརྒྱ་ལོན་པ་བཞིན་དུ་གྱུར་པར་བཤད་ལ། དེ་ལྟར་བཤད་པ་ན། མཉམ་གཞག་ཏུ་བསྙེན་པར་རྫོགས་ཤིང༌། རྗེས་ཐོབ་ཏུ་རབ་ཏུ་བྱུང་བར་ཁས་ལེན་དགོས་པ་བཞིན་ནོ། །དེ་ལས་གཞན་དུ་ན། མཐོང་ལམ་མ་སྐྱེས་གོང་དུ་རྟགས་དང་ཆ་ལུགས་མངོན་དུ་གྱུར་པ་ཡིན་ནམ། ཆོས་བཟོད་དང་ལྷན་ཅིག་ཏུ་ཡིན། དང་པོ་ནི། མ་བཤད་ལ། གཉིས་པ་ལྟར་ན། མཉམ་གཞག་དང་རྗེས་ཐོབ་ལྷན་ཅིག་པ་ཉིད་དུ་འགྱུར་རོ། །ཚུར་ཤོག་ལ་སོགས་པ་གཞན་ལ་ཡང་དེ་བཞིན་ཏེ། བསྙེན་པར་རྫོགས་ཟིན་པའི་རྐྱེན་གྱིས་རབ་ཏུ་བྱུང་བ་ངང་གིས་མངོན་དུ་གྱུར་པ་ཡིན་ནོ། །ཁྱད་པར་དུ་འཕྲིན་གྱིས་བསྙེན་པར་རྫོགས་པའི་ཚེ། ཇི་སྐད་དུ་མ་དག་པ་དེས་དེའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ། །ཞེས་བཤད་པས། བརྗོད་པ་གསུམ་པའི་ཚེ་བསྒྲུབ་བྱའི་རྒྱུད་ལ་བསྙེན་རྫོགས་སྐྱེས་པ་ཡིན་ལ། དེ་ནས་དེའི་འོག་ཏུ་འཕྲིན་ཐོས་པའི་ཚེ་རྟགས་དང་ཆ་ལུགས་ལེན་དགོས་པ་ཡིན་གྱི། སྡོམ་པ་ཐོབ་པ་ཉིད་དུ་མ་ཤེས་པར་རྟགས་དང་ཆ་ལུགས་ལེན་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་ཡང་སྔོན་དུ་རབ་བྱུང་བྱེད་དགོས་པ་ཡིན་ནོ། །ཞེ་ན། ཡིན་དུ་ཆུག་མོད། རབ་བྱུང་གི་བརྗོད་པ་ལན་གསུམ་དུ་བྱས་ཀྱང༌། ཇི་སྲིད་ཁྱིམ་པའི་རྟགས་དང་ཆ་ལུགས་མ་བོར་ཞིང༌། རབ་ཏུ་བྱུང་བའི་ཆ་ལུགས་མ་བླངས་པ་དེ་སྲིད་དུ། བར་མ་རབ་ཏུ་བྱུང་བའི་དངོས་པོ་དེ་མི་ཐོབ་པའི་ཕྱིར། མདོ་རྩ་བར། གསོལ་བའི་འོག་ཏུ་ཡང་རུང་ངོ༌། །ཞེས་པའང་དོན་འདི་ལ་དགོངས་སོ། །འོ་ན་ཁྱིམ་པའི་རྒྱལ་མཚན་ཅན་ལ་བསྙེན་རྫོགས་མི་སྐྱེ་བར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་ད་ལྟར་ཆོ་གས་བསྙེན་པར་རྫོགས་པའི་ཚེ། རྟེན་རབ་ཏུ་བྱུང་བ་མི་སྐྱེ་བ་ལ་དགོངས་པ་ཡིན་ཏེ། ཁྱིམ་པའི་རྟགས་ནི་བར་མ་རབ་ཏུ་བྱུང་བའི་བར་ཆད་ཡིན་གྱི། དགེ་ཚུལ་སོགས་ཀྱི་མ་ཡིན་པའི་ཕྱིར། ཡིན་ན་སྡོམ་པ་སྐྱེ་བའི་བར་ཆད་ཀྱི་ནང་དུ་བགྲང་བར་རིགས་པ་ལས་མ་བགྲངས་པའི་ཕྱིར། འོ་ན་རབ་ཏུ་བྱུང་བ་སྐྱེ་བ་ལ་ད་ལྟར་ཆོ་གའི་སྐབས་བཞིན་དུ་བརྗོད་པ་ལན་གསུམ་གྱི་སྒོ་ནས་ཁས་ལེན་ངེས་པར་དགོས་སམ་ཞེ་ན། མ་ཡིན་ཏེ། རྟགས་དང་ཆ་ལུགས་བླངས་པ་དང༌། བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པ་ལྷན་ཅིག་ཏུ་ཚོགས་པ་ན་རབ་ཏུ་བྱུང་བའི་དངོས་པོར་འགྱུར་བའི་ཕྱིར། འོ་ན་དགེ་སློང་དང་དགེ་ཚུལ་ལྷན་ཅིག་ཏུ་ཐོབ་པ་ཡང་སྲིད་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། དེ་ལྟར་བཤད་པ་ནི་སྐབས་གང་དུ་ཡང་མེད་ལ། ཅིག་ཤོས་ནི་སྔོན་ཆོག་གི་ཚེ་བཤད་པ་བཞིན་ནོ། །གཞན་ཡང་སངས་རྒྱས་གཉིས་རབ་བྱུང་གི་རྗེས་སུ་བསྙེན་པར་རྫོགས་པ་ཡིན་པར་འདོད་པའམ། ལྷན་ཅིག་ཏུ་རྫོགས་པར་འདོད། དང་པོ་ལྟར་ན། ནམ་གྱི་ཚེ་རྫོགས། མཐོང་ལམ་གྱི་ཚེའོ། །ཞེ་ན་མི་འཐད་དེ། ཡེ་ཤེས་ཁོངས་སུ་ཆུད་པ་ལ་འཐོབ་རྒྱུ་གཞན་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། རང་བྱུང་ཞེས་པའི་དོན་གང་ཡིན། མཁན་སློབ་སོགས་གཞན་ལ་རགས་མ་ལས་པའི་དོན་ཏེ། འཐོབ་རྒྱུ་བཅུ་ལས། གཞན་དགུ་ནི་སྡོམ་པ་འབོགས་པའི་རིག་བྱེད་གང་ཟག་གཞན་གྱིས་བྱས་པ་ལ་མི་ལྟོས་ཀྱང༌། སྤྱིར་གང་ཟག་གཞན་ལ་རག་ལས་པའི་ཕྱིར། ཞེས་ན། དེ་སྐད་དུ་སྨྲ་བར་རིགས་པས་གཞན་ལ་རག་མ་ལས་པ་དེ་ཡང་ནམ་གྱི་ཚེ་ཡིན། རང་གི་དབུ་སྐྲ་བཅད་པ་དང༌། ལྷས་ཆོས་གོས་ཕུལ་བ་དེའི་ཚེའོ། །འོ་ན་དེའི་འོག་ཏུའམ། དེ་དང་མཉམ་དུ་སྐྱེས། དང་པོ་ལྟར་ན་དམ་བཅའ་ཉམས་ལ། གཉིས་པ་ལྟར་ན་ཁྱིམ་པའི་རྒྱལ་མཚན་ཅན་ལ་བསྙེན་རྫོགས་སྐྱེ་བར་གྲུབ་བོ། །འདིའི་སྐབས་ཀྱི་འཐོབ་རྒྱུ་བཅུ་པོ་ལ། བོད་ཀྱི་འདུལ་བ་འཛིན་པ་དག་སྔོན་གྱི་ཆོ་ག་ཞེས་འཆད་པ་ནི་དཔྱད་དགོས་ཏེ། ལུང་དང༌། མདོ་རྩ་བར། སྔོན་དང་ད་ལྟར་གྱི་ཆོ་ག་གཉིས་སུ་ཕྱེ་བའི་དུས་ཀྱི་སྔོན་ཆོག་གི་དབྱེ་བར་འདོད་ན་ནི་ཤིན་ཏུ་མི་རིགས་ཏེ། དེ་ནི་གསོལ་བཞིའི་ཆོ་ག་གཞིར་བྱས་པའི་དབྱེ་བ་ཡིན་པའི་ཕྱིར་དང༌། དེ་དུས་ཀྱི་ཆོ་ག་དེ་ནི་ད་ལྟར་ཆོ་གའི་བཅས་པ་མཛད་ཕྱིན་ཆད་བྱེད་དུ་མི་རུང་ལ། འདིར་བཤད་པ་བཅུའི་ནང་ན་འཕྲིན་དང༌། ལྔ་ཚོགས་དང༌། བཅུ་ཚོགས་ལྟ་བུ། ད་ལྟར་ཆོ་གའི་དབྱེ་བར་རུང་བ་དུ་མ་ཡོད་པའི་ཕྱིར། ཡང་སྲིད་པ་ཐ་མ་པར་གྱུར་པ་ལ་སྔོན་གྱི་གང་ཟག་དང་དེ་མ་ཡིན་པ་དང༌། སྨིན་པ་གསུམ་གྱིས་མ་སྨིན་པ་ལ་ད་ལྟར་གྱི་གང་ཟག་ཏུ་བཤད་ནས། རྟེན་དེ་དང་དེ་ལ་སྡོམ་པ་འབོགས་པའི་ཆོ་ག་ལ་སྔོན་དང་ད་ལྟར་གྱི་དབྱེ་བར་འཆད་ན་ནི། ལྔ་ཚོགས་དང་བཅུ་ཚོགས་མ་གཏོགས་པ་གཞན་རྣམས་དེར་བཤད་དུ་རུང་བ་ཡིན་ནོ། །གཉིས་པ་བསྙེན་གནས་ཀྱི་དུས་དཔྱད་པ་ལ་གསུམ་སྟེ། བྱེ་སྨྲའི་ལུགས་གཞག་པ་དང༌། དེ་ལ་མདོ་སྡེ་པས་དཔྱད་པ་དང༌། འཕྲོས་པའི་དོན་བསམ་པའོ། །དང་པོ་ནི། ཇི་སྲིད་འཚོ་དང༌། ཞེས་པ་ནས་མཚན་མོ་ཞེས་བྱའོ། །ཞེས་པའི་བར་ཡིན་ལ། སྐབས་དེར་ཟླ་བ་ཕྱེད་ལ། སོགས་པ་ནི་ཉིན་ཞག་འདས་པས་སོ། །ཞེས་པ་འདིའི་དོན་ཅུང་ཟད་བཤད་དཀའ་བ་དེ་ནི། ཟླ་བ་ཕྱེད་དམ། གཅིག་གམ། ལོ་ཚང་བར་བསྙེན་གནས་བསྲུང་བར་ནུས་པའི་དགེ་བསྙེན་གཅིག་སྲིད་པ་དེའི་ཚེ་ན་ཡང་ཞག་རེ་རེ་ཞིང་ལེན་དགོས་ཞེས་པའི་དོན་ཏེ། དེ་ལས་གཞན་དུ་ན། ཇི་སྐད་དུ། དུས་ཀྱི་མཐའ་ནི་གཉིས་ཏེ། སྲོག་གི་མཐའ་དང༌། ཉིན་ཞག་གཅིག་གི་མཐའོ། །ཞེས་གོང་དེ་མ་ཐག་ཏུ་བཤད་པ་དང་འགལ་བས་སོ། །གཉིས་པ་ལ་གསུམ་ཏེ། མདོ་སྡེ་པས་དྲིས་པ། བྱེ་སྨྲས་ལན་བཏབ་པ། དེ་ལ་མདོ་སྡེ་པས་བརྩད་པའོ། །དང་པོ་ནི། རེ་ཤིག ཅེས་པ་ནས། སུ་ཞིག་གེགས་བྱེད་ཅེས་པའི་བར་ཡིན་ནོ། །དོན་ནི། སོ་ཐར་གྱི་དུས་གཉིས་ལས། གཅིག་ནི་རིགས་མོད། ཅིག་ཤོས་ངེས་པར་དཔྱད་དགོས་ཞེས་པའི་དོན་ཏོ། །བསྙེན་གནས་ཀྱི་སྡོམ་པ་ཞག་ལྔའམ་བཅུ་ལ་སོགས་པའི་བར་དུ་བླངས་པས་སྐྱེ་བ་གཅིག་སྲིད་དེ། སྲིད་པ་ལ་གནོད་བྱེད་མེད་ཅིང༌། མི་སྲིད་པ་ལ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར་རོ། །འོ་ན་ཇི་སྲིད་འཚོ་བའི་འོག་ཏུ་བླངས་པས་སྐྱེ་བའི་སོ་ཐར་གཅིག་ཀྱང་སྲིད་པར་འགྱུར་ཏེ། མི་སྲིད་པ་ལ་སྒྲུབ་བྱེད་མེད་པའི་ཕྱིར་རོ། །ཞེ་ན། གཏན་ཚིགས་མ་གྲུབ་ཏེ། དེ་ལྟར་ལེན་པ་ཡོད་དུ་ཆུག་ཀྱང་མི་སྐྱེ་ཏེ། ལུས་སྐལ་བ་མི་འདྲ་བའི་ཕྱིར་དང༌། ཚེ་ཕྱི་མ་དེར་དེ་ལེན་པའི་སྦྱོར་བ་མ་བྱས་པའི་ཕྱིར་དང༌། ཕྱི་མར་བླངས་པ་མི་དྲན་པའི་ཕྱིར། འོ་ན་བསམ་གཏན་དང་ཟག་མེད་གཉིས་ལའང་ཐལ་ལོ་ཞེ་ན། མི་མཚུངས་ཏེ། ལུས་ཀྱི་རྗེས་སུ་མི་འབྲང་བའི་ཕྱིར་དང༌། བསམ་གཏན་གྱི་དངོས་གཞི་རྒྱུད་ལ་སྐྱེས་པས་ནི་སྔོན་གྱི་གནས་རྗེས་སུ་དྲན་པར་ཡང་ནུས་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། བཅོམ་ལྡན་ཞེས་སོགས་ཏེ། ཉིན་ཞག་གཅིག་ལས་ལྷག་པར་སྐྱེ་བའི་བསྙེན་གནས་ཀྱི་སྡོམ་པ་མི་སྲིད་དེ། བཅོམ་ལྡན་འདས་ཀྱིས་མ་བསྟན་པའི་ཕྱིར། ཞེས་པའོ། །གསུམ་པ་ལ་གསུམ་ཏེ། དེ་ཉིད་ཁྱབ་པ་མ་འཁྲུལ་པའི་རྒྱུ་མཚན་འདྲི་བ། དེ་ལ་བྱེ་སྨྲས་ལན་མི་འདེབས་པ། དེས་ན་ཉིན་ཞག་གི་མཐའ་ལས་ལྷག་པའི་བསྙེན་གནས་སྲིད་པའོ། །དང་པོ་ནི། ད་ནི་ཞེས་སོགས་སོ། །གཉིས་པ་ནི། དེ་དེ་ལྟར་ཞེས་པའོ། །གསུམ་པ་ནི། ཕྱིན་ཆད་ཅེས་སོགས་སོ། །གསུམ་པ་འཕྲོས་དོན་ནི། དེ་ལྟར་ལུགས་གཉིས་ལས་རིགས་པས་གྲུབ་པ་ནི་གང་ཞེ་ན། མདོ་སྡེ་པའི་ཕྱོགས་ཉིད་གྲུབ་པ་ཡིན་ཏེ། ཡན་ལག་བརྒྱད་པོ་ཞག་བཅུ་ལ་སོགས་པར་བླངས་པས་མི་སྐྱེ་ན། ཚེ་ཇི་སྲིད་འཚོའི་བར་དུ་བླངས་པས་ཀྱང་མི་སྐྱེ་བར་ཐལ་བའི་ཕྱིར་དང༌། དེ་ཡང་འདོད་ན། དེ་འདྲ་དེ་ལ་གོ་མིའི་དགེ་བསྙེན་ཞེས་མིང་བཏགས་ནས་དགེ་བསྙེན་བརྒྱད་ཀྱི་དབྱེ་བ་ཚད་ལྡན་དག་གིས་བཤད་པ་དེ་ཡང་མི་རིགས་པར་ཐལ་བའི་ཕྱིར་རོ། །བོད་ཀྱི་སློབ་དཔོན་གཞན་དག ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་བསྙེན་གནས་བསྲུང་བར་ཁས་བླངས་ནས། ལེན་པའི་ཆོ་ག་བྱེད་པ་དེ་མདོ་སྡེ་པའི་ལུགས་སུ་དྲངས་མ་ཐག་པའི་ལུང་དེས་བསྟན་པ་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། ལུང་དེ་ནི་བར་མ་ཆོད་པར་ཉིན་ཞག་མང་པོ་སྦྲེལ་བའི་བསྙེན་གནས་ཤིག་བསྟན་པ་ཡིན་གྱི། སྡོམ་པ་མེད་པའི་ཞག་རིགས་མི་མཐུན་གྱིས་བར་ཆོད་པའི་བསྙེན་གནས་སྔོན་གྱི་འཕེན་པའི་དབང་གིས་སྐྱེ་བར་བསྟན་པ་མ་ཡིན་པའི་ཕྱིར། གལ་ཏེ་མདོ་སྡེ་པའི་ལུགས་འདི་འཐད་ན། དགེ་ཚུལ་གྱི་སྡོམ་པ་ཡང་ཞག་བཅུ་ལ་སོགས་པའི་མཐའ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ལ་གེགས་བྱེད་པ་མེད་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་བླངས་པས་སྐྱེ་ན། ཟླ་བ་ལ་སོགས་པར་བླངས་པས་ཀྱང་སྐྱེ་བའི་ཕྱིར་སྙམ་ན། མི་མཚུངས་ཏེ། སྡོམ་པ་དེ་དག་ནི་སྲོག་གི་མཐའ་ཅན་ཡིན་ལ། ཅིག་ཤོས་ནི་ཉིན་ཞག་གི་མཐའ་ཅན་ཡིན་པའི་ཕྱིར་དང༌། ཉིན་ཞག་གི་མཐའ་ཅན་ཡིན་པ་ན་ཉིན་ཞག་གཅིག་ཁོ་ནའི་མཐའ་ཅན་ཡིན་དགོས་པའི་ངེས་པ་མེད་པའི་ཕྱིར་དང༌། གོང་དུ་བསྙེན་གནས་ཀྱི་སྡོམ་པ་ཞག་གཅིག་ལས་ལྷག་པར་བླངས་ན་སྐྱེ་བའི་སྒྲུབ་བྱེད་བཤད་པ་ཡིན་གྱི། ཉུང་བར་སྐྱེ་བའི་སྒྲུབ་བྱེད་བཤད་པ་མ་ཡིན་ལ། དགེ་ཚུལ་ལྟ་བུ་སྲོག་གི་མཐའ་ལས་ལྷག་པར་སྐྱེ་བའི་སྒྲུབ་བྱེད་ཡོད་ན་མཚུངས་སུ་ཆུག་ཀྱང་དེ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་གོ་མིའི་དགེ་བསྙེན། བསྙེན་གནས་པར་ཁས་མི་ལེན་པས། བསྙེན་གནས་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་མེད་ལ། ཞག་དུ་མའི་བར་དུ་ལེན་པ་ནི་ཡོད་དེ་ཞེས་པ་ཉིད་མདོ་སྡེ་པའི་གྲུབ་མཐའ་སྐྱོན་མེད་པ་ཉིད་ཡིན་པ་དེའི་ཕྱིར། བསྙེན་གནས་ཀྱི་དུས་ཀྱི་མཐའ་ནི་ཞག་གཅིག་ལས་ལྷག་པ་སྲིད་པ་ལ། སོ་ཐར་གྱི་སྡོམ་པ་གཞན་ནི་སྲོག་གི་མཐའ་ལས་ལྷག་པ་མི་སྲིད་དོ་ཞེས་པ་ནི་གྲུབ་པའི་དོན་ནོ། །ཞར་ལ་བསྙེན་གནས་ལེན་པའི་ཆོ་ག་སོ་ཐར་རིགས་བརྒྱད་ཀྱི་ཕྱེ་བ་འདི་ལ་ཇི་ལྟར་ཡོད་ཅེ་ན། ཐེག་པ་ཆེན་པོ་པ་དག་ལ་གྲགས་པའི་གསོ་སྦྱོང་ཡང་དག་པར་ལེན་པའི་ཆོ་ག་ནི་འདིར་རུང་བ་ཡིན་ཏེ། དེར་བཤད་པ་དེ་དག་ནི་རིགས་བརྒྱད་ཀྱི་ཟླས་ཆེ་བ་མ་ཡིན་པའི་ཕྱིར་དང༌། དེ་ལེན་པའི་ཚུལ་ཡང་ཡན་ལག་བརྒྱད་པོ་ཚང་བར་ངག་ཏུ་བརྗོད་པ་ལན་གསུམ་གྱི་སྒོ་ནས་ལེན་པར་བཤད་ལ། དེ་འདྲ་དེ་ཐེག་པ་ཐུན་མོང་གྱི་འདུལ་བའི་ལུགས་འདི་ལ་མེད་པའི་ཕྱིར་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་ཡོངས་རྫོགས་ཀྱིས་གསོ་སྦྱོང་ཡན་ལག་བརྒྱད་པ་ལ་གནས་པར་བཤད་པ་དེའི་ཚེ་སྡོམ་པ་ངོ་བོ་གཟུགས་ཅན་དུ་འདོད་པ་ལྟར་ན། བསྙེན་གནས་ཀྱི་སྡོམ་པ་རྫས་གཞན་གཅིག་སྐྱེ་བ་ཡིན་ནོ། །ཞེས་ཁས་ལེན་པའི་བཤད་པ་གསལ་པོ་མེད་ཀྱང༌། བླངས་ན་རུང་ཙམ་ཡིན་ཀྱང༌། སྡོམ་པའི་ངོ་བོ་སེམས་པར་འདོད་པ་དག་གི་ལུགས་ལ་འདི་ལྟར་ཁས་བླངས་ན། ཇི་སྲིད་འཚོ་བའི་སྡོམ་པ་དེ་སྟོང་རྒྱུར་ཐལ་བའི་ཉེས་དམིགས་ཡོད་པའི་ཕྱིར། འོ་ན་ཆོ་ག་ཇི་ལྟ་བུས་ལེན་ཞེ་ན། འདུལ་བ་ལས། བསྙེན་གནས་ཀྱི་སྡོམ་པ་དང༌། གསོ་སྦྱོང་དང༌། དུས་ཁྲིམས་ཞེས་བྱ་བའི་མིང་གིས་གསལ་བར་གསུངས་ཀྱང༌། དེའི་ཆོ་ག་དངོས་སུ་བཤད་པ་མེད་པས། མངོན་པའི་མཛོད་ཀྱི་བསྟན་བཅོས་འདིར་སྦྱོར་བར་གསུངས་སོ། །ཇི་ལྟར་སྦྱོར་ན། གཞན་ལའང་བསྙེན་གནས་ཡོད་མེད་ཀྱི། སྐྱབས་སུ་མ་སོང་བ་ལ་མེད་ཅེས་པས་རྩོམ་བྱེད་དུ་སྐྱབས་འགྲོ་དགོས་པར་བསྟན། དགེ་བསྙེན་ཉིད་དུ་ཁས་བླངས་པ། སྡོམ་པ་ཞེས་པས་བསྙེན་གནས་པར་བཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་པས་སྐྱེ་བར་བསྟན་པ་ཡིན་ཏེ། དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་པས་དགེ་བསྙེན་གྱི་སྡོམ་པ་སྐྱེ་ནུས་པར་གཞུང་དེས་བསྟན་པའི་ཕྱིར། དེ་ཙམ་གྱིས་སྐྱེས་ན་བསླབ་པ་བརྗོད་པའི་དགོས་པ་ཅི་སྙམ་པ་ལ། དེའི་ལན་དུ། བསྟན་པ་དགེ་སློང་བཞིན། ཞེས་གསུངས་སོ། །དེ་ཙམ་གྱིས་ཆོག་པ། འོ་ན། ཇི་སྐད་དུ། བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་བཤད་པ་ཅི་ཞེ་ན། བསྙེན་གནས་པར་བཟུང་དུ་གསོལ་ཞེས་བརྗོད་པ་ཙམ་གྱིས་ཡན་ལག་ཚང་བ་ཡིན་ཏེ། ཡན་ལག་བརྒྱད་མ་ཚང་བའི་བསྙེན་གནས་མི་སྲིད་པའི་ཕྱིར། དགེ་བསྙེན་གྱི་སྡོམ་པ་སྔོན་དུ་མ་གཏང་བར། དེ་ལྟར་ཁས་བླངས་ན་བསྙེན་གནས་ཀྱི་སྡོམ་པར་སོང་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཡན་ལག་ཡོངས་སུ་ཚང་བར་ཐོབ་པའི་ཕྱིར། སྡོམ་པར་འཇོག་པ་ལ་ཚུལ་ཁྲིམས་ཀྱི་ཡན་ལག་ཡོངས་སུ་ཚང་དགོས་པ་ཡིན་ཏེ། དེར་འཇོག་པ་ལ་འཆལ་ཚུལ་གྱི་རྩ་བ་སྤོང་བའི་ཚུལ་ཁྲིམས་ཤིག་ངེས་པར་དགོས་ལ། སྐབས་འདིར་རྩ་བ་བཞི་ཀ་ཚང་དགོས་པ་ཡིན་ཏེ། ཡན་ལག་མ་ཚང་བའི་རིས་བརྒྱད་ཀྱི་དབྱེ་བ་མི་བཞེད་པའི་ཕྱིར། འོ་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་སོགས་ཁས་མི་ལེན་ནམ་ཞེ་ན། སྣ་གཅིག་སྤྱོད་པ་སོགས་དང་དགེ་བསྙེན་གྱི་གཞི་མཐུན་ཁས་མི་ལེན་ཏེ་ལེན་པ་དེ་ལྟར་ན་སྡོམ་པ་མ་ཚང་བའི་དགེ་བསྙེན་ཁས་བླངས་པས་སྡོམ་པ་མ་ཚང་བའི་དགེ་སློང་དང་དགེ་ཚུལ་ཡང་སྲིད་པར་ཐལ་བས་སོ། །དེའི་ཕྱིར་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས། མི་དགེ་བའི་རྩ་བ་གཅིག་གམ་གསུམ་གྱི་བར་སྤོང་བར་ཁས་བླངས་པ་དེ་ནི་སྡོམ་པ་མ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཡན་ལག་མ་ཚང་བའི་ཕྱིར། འོ་ན་བསྙེན་གནས་ཀྱི་སྡོམ་པ་དེ་ཁྱིམ་པའི་སྡོམ་པ་ཡིན་པ་ལ་དགེ་བསྙེན་གྱི་སྡོམ་པ་ཉིད་དུ་མི་བསྡུ་བར་རྫས་གཞན་དུ་འཇོག་པ་ཅི་ཞེ་ན། འདིར་བརྟུལ་ཞུགས་ཀྱི་ཡན་ལག་ཡོད་པས་ཡན་ལག་ལྷག་པའི་ཕྱིར་དང༌། བསྙེན་གནས་ཀྱི་ངོ་བོར་གྱུར་པའི་ཡན་ལག ཕྱི་དྲོའི་ཁ་ཟས་སྤོང་བ་ནི་བསྙེན་གནས་དང་དེའི་ཡན་ལག་གཉིས་ཀ་ཡིན་ལ། གཞན་རྣམས་ནི་ཡན་ལག་ཁོ་ན་ཡིན་ནོ་ཞེས་འཆད་དོ། །དེའི་ཕྱིར་ཚངས་སྤྱོད་དང་ཡོངས་རྫོགས་ཀྱིས་ནི་བསྙེན་གནས་པར་ཁས་བླངས་ནས་ཡན་ལག་ཕྱི་མ་གསུམ་བསྲུངས་བ་ཙམ་གྱིས་ཆོག་པ་ཡིན་ཏེ། མདོ་སྡེ་པ་ལྟར་རྩ་བ་སེམས་པར་འདོད་པས་ཚངས་སྤྱོད་ཀྱི་དགེ་བསྙེན་ལས་རྫས་གཞན་དང་ངོ་བོ་བཟང་བ་མེད་ལ། བྱེ་སྨྲ་ལྟར་ན་རྫས་གཞན་ཡོད་དུ་ཆུག་ཀྱང༌། ངོ་བོ་ལ་བཟང་ངན་གྱི་ཁྱད་པར་མེད་པའི་ཕྱིར། འོ་ན་སྡོམ་པ་གསུམ་པོའི་རྩ་བ་ལའང་ཁྱད་པར་མེད་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། རྩ་བའི་སྤོང་བ་བདུན་དང༌། བཞིར་སྐྱེ་བའི་ཁྱད་པར་ལས་དང་རང་བཞིན་སྤོང་བར་མཚུངས་ཀྱང་ཕམ་པའི་བཅས་པ་ཡོད་མེད་ཀྱི་ཁྱད་པར་ལས་དང༌། རྟེན་རབ་ཏུ་བྱུང་བ་ཡིན་མིན་དང་ཕམ་འདྲའི་ཉེས་བྱས་ཀྱི་བཅས་པ་ཡོད་མེད་ཀྱི་ཁྱད་པར་ལས་སོ། །སྐབས་འདིར་བོད་སྔ་མ་རྣམས་འདི་ལྟར་འཆད་དེ། བྱེ་བྲག་ཏུ་སྨྲ་བའི་ནང་ཚན་ཁ་ཅིག་དང༌། ཕལ་ཆེན་སྡེ་པ་དག་ཆང་འཐུང་བ་ནི་རང་བཞིན་གྱི་ཉེས་པ་སྟེ། ལུང་ཕྲན་ཚེགས་ལས། བཙུན་པ་བྲོ་གཡོག་ཇི་ལྟར་བགྱི། ཉེ་བར་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པས་སོ། །ཞེས་དང༌། སྐབས་གཞན་དུ་ནད་པ་ལ་ཆང་མ་གནང་བ་དང༌། ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་ནི་རྩྭའི་རྩེ་མོས་ཀྱང་མི་བཏུང་ངོ༌། །རང་བཞིན་མ་ཡིན་ན་དེ་ཙམ་དུ་འགོག་པར་མི་རིགས་པའི་ཕྱིར། ཞེས་ཟེར་བ་དེ་ནི་ཕྱོགས་སྔ་མ་ཡིན་ལ། དེ་འགོག་པ་ནི་བཅས་པའི་ཁ་ན་མ་ཐོ་བ། མྱོས་འགྱུར། ཇི་ལྟར་ན་མྱོས་པར་འགྱུར་བ་འཐུངས་བ་བཅས་པའི་ཁ་ན་མ་ཐོ་བར་ཞེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར། ཞེས་གསུངས་པ་ཡིན་ནོ། །ཞེས་ཟེར་མོད། བྱེ་སྨྲའི་འདུལ་བ་འཛིན་པ་སོགས་ཉན་ཐོས་སྡེ་པ་ཚད་ཐུབ་ཀྱིས་དེ་ལྟར་འདོད་པ་མི་རིགས་ཏེ། གཞན་དུ་ན། དེ་དག་གི་ཆང་འཐུང་ན་རྩ་བའི་ལྟུང་བ་ཉིད་དུ་ཁས་ལེན་པར་འགྱུར་རོ། །འདོད་ན་གྱེས་པ་བཅོ་བརྒྱད་སངས་རྒྱས་ཀྱི་བཀའ་ཉིད་དུ་བསྒྲུབ་མི་ནུས་པར་འགྱུར་ཏེ། རྩ་བའི་ལྟུང་བ་མི་མཐུན་པའི་ཕྱིར་རོ། །གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །ཞེས་པ་འདིའི་དོན་ལ། བྱེ་སྨྲ་ནི། འདིར་བསྟན་པའི་བྱེད་ཆོས་གསུམ་པོ་ཉིད་སྐྱབས་གསུམ་མཚན་ཉིད་པ་ཡིན་གྱི། རྟེན་གྱི་གང་ཟག་ནི་མ་ཡིན་ཏེ། གཟུགས་ཀྱི་སྐུ་ནི་རྣམ་པར་སྨིན་པའི་སྐུ་ཉིད་ཡིན་པའི་ཕྱིར་དང༌། རྟེན་གྱི་གང་ཟག་དགེ་འདུན་ནི་འགྲོ་བ་ལུང་མ་བསྟན་ཡིན་པའི་ཕྱིར། མངོན་གྱུར་བཅུ་འཆད་པའི་སྐབས་ཀྱི་དགེ་འདུན་གྱིས་ནི་སྐྱབས་འགྲོའི་ཡུལ་གྱི་དགེ་འདུན་དཀོན་མཆོག་གི་གོ་ཆོད་པ་ཡིན་ཏེ། དེའི་ཚེ་ན་སངས་རྒྱས་ཀྱི་སྐུ་གཟུགས་དང་ལུང་གི་ཆོས་སུ་གྱུར་པའི་ལས་ཀྱི་ཆོ་གས་ཀྱང་སངས་རྒྱས་དང་ཆོས་མངོན་གྱུར་གྱི་གོ་ཆོད་པར་བཤད་པའི་ཕྱིར། གལ་ཏེ་གཟུགས་ཀྱི་སྐུས་གོ་མི་ཆོད་ན། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མཚམས་མེད་དུ་མི་འགྱུར་རོ། །ཞེ་ན། རྟེན་ལ་གནོད་པ་བྱས་པས་རྟེན་པ་ལ་གནོད་པའི་ཕྱིར། མཚམས་མེད་དོ། །ཞེས་ཟེར། མདོ་སྡེ་པ་ན་རེ། ཆོས་མངོན་པའི་བསྟན་བཅོས་ལས། སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་སུ་བཤད་པ་དེ་བརྟེན་པ་མི་སློབ་པའི་ལམ་ཁོ་ན་ལ་བྱེད་པའི་ངེས་པ་མེད་དེ། རྟེན་དང་བརྟེན་པ་གཉིས་ཀ་ཡང་སངས་རྒྱས་སུ་འཆད་དགོས་ཏེ། སངས་རྒྱས་དང་དགེ་འདུན་གཉིས་ཀ་ལམ་བདེན་ལ་འཇོག་ན། འཇིག་རྟེན་པའི་ལམ་ལ་གནས་པའི་ཚེ་རྟེན་དེ་སངས་རྒྱས་ཀྱི་གཟུགས་སྐུ་མ་ཡིན་པར་གྱུར་པ་དང༌། དགྲ་བཅོམ་པ་མ་ཡིན་པར་འགྱུར་ཏེ། སངས་རྒྱས་དང་དགེ་འདུན་དངོས་ཀྱི་རྟེན་མ་ཡིན་པའི་ཕྱིར། དགེ་སློང་གི་སྡོམ་པ་ཁོ་ན་དགེ་སློང་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་ཉིད་དགེ་སློང་དུ་བྱེད་པའི་བྱེད་ཆོས་དངོས་ཡིན་པའི་ཕྱིར། དེས་ན་དགེ་སློང་ལ་མཆོད་པ་བྱེད་པ་དེ་དེའི་རྒྱུད་ཀྱི་ཚུལ་ཁྲིམས་ལ་མཆོད་པ་བྱེད་པ་ཡིན་པ་དེ་བཞིན་དུ། སངས་རྒྱས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡང་དེར་བྱེད་པའི་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །ཞེས་ཟེར། དེ་ལྟར་བཤད་པ་ན་བྱེ་མདོ་གཉིས་ཀའི་ལུགས་ཀྱི། དགེ་འདུན་དུ་བྱེད་པའི་བྱེད་ཆོས་དགེ་འདུན་དངོས་དང༌། དགེ་སློང་དུ་བྱེད་པའི་བྱེད་ཆོས་དགེ་སློང་དངོས་སུ་འདོད་པ་ལ་ཁྱད་པར་མེད་མོད། ལུགས་གཉིས་ལས་བྱེ་སྨྲའི་ལུགས་དེ་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཆོས་དང་དགེ་འདུན་གྱི་འཇོག་ཚུལ་ཐེག་པ་ཆེན་པོ་བདག་གི་ལུགས་དང་དོན་གཅིག་ཏུ་འདུ་བའི་ཕྱིར་དང༌། སངས་རྒྱས་ཀྱི་གཟུགས་རྣམ་སྨིན་གྱི་སྐུ་ཡིན་མིན་ལ་འཆད་ཚུལ་མི་མཐུན་ཀྱང༌། སངས་རྒྱས་དངོས་མ་ཡིན་པ་ཉིད་དུ་ཐེག་པ་ཆེན་པོ་པ་དག་དང་མཐུན་པའི་ཕྱིར་རོ། །དེ་ནས་སྡོམ་མིན་དང་བར་མའི་འཐོབ་ཚུལ་ནི་གོ་བར་སླ་ཞིང༌། གཏོང་ཚུལ་ལ། སོ་ཐར་སྡོམ་པའི་གཏོང་ཚུལ་ནི་གནས་དང་པོ་ཉིད་དུ་དྲངས་ཏེ་བཤད་ཟིན་པས་འདིར་མི་སྤྲོའོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཏོང་ཚུལ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་གྱིས་གཏོང་སྟེ། གོང་ངམ་འོག་ཏུ་སྐྱེ་བ་སྟེ། ས་འཕོས་པ་ལས་སམ། སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་སོ། །རིས་མཐུན་པ་བཏང་བས་ཀྱང་ཅུང་ཟད་བཏང་བར་འགྱུར་རོ། །ཇི་ལྟར་གཟུགས་སུ་གཏོགས་པའི་དགེ་བས་འཕོས་པ་དང་ཡོངས་སུ་ཉམས་པ་དག་གིས་གཏོང་བ་ལྟར། དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་གསུངས་པ་དེའི་དོན་ལ་གཉིས་ཏེ། བསམ་གཏན་གྱི་དགེ་བ་དག་པ་པའི་གཏོང་ཚུལ་དང༌། ཟག་མེད་ཀྱི་གཏོང་ཚུལ་ལོ། །དང་པོ་ནི། དེ་གཏོང་བའི་རྒྱུ་ནི་གསུམ་ཏེ། ས་འཕོས་པ་དང༌། ཡོངས་སུ་ཉམས་པས་དང༌། ཤི་འཕོས་པས་གཏོང་བའོ། །དང་པོ་ནི། ས་འཕོས་པ་ཞེས་བྱ་བའི་དོན་ནི། མཉམ་པར་གཞག་པའི་ས་པ་དག་གི་དབང་དུ་བྱས་པ་ཡིན་ལ། དེ་ལའང་ཉེར་བསྡོགས་དང་དངོས་གཞིའི་དབང་དུ་བྱས་པ་ཡིན་ལ། དེ་ལ་ཡང༌། གོང་སར་འཕོ་བ་དང༌། འོག་སར་འཕོ་བ་གཉིས་སོ། །དང་པོ་ནི། ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ། འདོད་པའི་ས་བཏང་བ་དང༌། བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་ནི་ཡིན་ཀྱང༌། ཇི་སྲིད་དངོས་གཞི་མ་སྐྱེས་པ་དེ་སྲིད་དུ་ས་འཕོས་ཟིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གོང་མ་གཞན་ལ་ཡང་སྦྱར་བར་བྱ་ཞིང་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་བརྒྱད་པ་མན་ཆད་དུ་ནི། བསམ་གཏན་དང་པོའི་སེམས་ཐོབ་པ་ཡིན་ཀྱང༌། འདོད་པ་ནས་ས་འཕོས་པ་ནི་མ་ཡིན་ཏེ། གཉིས་པ་ནི། འདོད་པའི་རྟེན་ལ་དངོས་གཞིའི་སྙོམས་འཇུག་བརྒྱད་ཀ་མངོན་དུ་བྱས་པ་དེས་ཆགས་བྲལ་ལས་ཉམས་ནས་འོག་མའི་དངོས་གཞིའི་ཕན་ཡོན་གྱི་ཡན་ལག་དང་དམིགས་རྣམ་མངོན་དུ་བྱས་པ་དེའི་ཚེ། འོག་མར་ས་འཕོས་པ་ཡིན་ཏེ། འོག་མའི་དངོས་གཞི་རྒྱུད་ལ་སྐྱེས་པར་མ་ཟད། གོང་མའི་དགེ་བ་དག་པ་པ་དེ་བཏང་བ་ཡིན་པའི་ཕྱིར། དེ་ཙམ་གྱིས་གོང་མའི་དངོས་གཞི་མཐའ་དག་བཏང་བ་མ་ཡིན་ཏེ། ཟག་མེད་མ་བཏང་བའི་ཕྱིར། འོ་ན་ཟག་མེད་ཀྱི་རྟེན་འཕོས་པ་ན་བརྟེན་པ་ཟག་མེད་ཀྱང་འཕོས་པར་འཇོག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཟག་པ་མེད་པའི་སེམས་གཅིག་ཉིད་ཀྱི་ངོ་བོ་ལ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། འོ་ན་ཟག་མེད་ཀྱི་ཚོར་བ་བདེ་བ་ཟག་མེད་ཀྱི་བཏང་སྙོམས་སུ་འཕོས་པ་མི་སྲིད་དམ་ཞེ་ན། དེའི་ཚེ་ཚོར་བ་འཕོས་པ་ཡིན་གྱི། ཟག་མེད་འཕོས་པ་མ་ཡིན་ཏེ། དཔེར་ན་བསམ་གཏན་གསུམ་པ་ལ་བརྟེན་པའི་མཐོང་ལམ་དང༌། བཞི་པ་ལ་བརྟེན་པའི་མཐོང་ལམ་གཉིས་ཚོར་བ་མི་འདྲ་ཡང་ལམ་བདེན་གྱི་ངོ་བོ་ལ་མི་འདྲ་བ་མེད་པ་བཞིན། གལ་ཏེ་ས་འཕོས་པའི་དོན་གོང་འོག་ཏུ་སྐྱེ་བ་བླངས་པ་ལ་བྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། གོང་ངམ་འོག་ཏུ་སྐྱེ་བ་སྟེ། །ཞེས་བཤད་པས་སོ། །ཞེ་ན། འོ་ན་བསམ་གཏན་དང་པོ་ནས་གཉིས་པར་སྐྱེ་བའི་ཚེ། བསམ་གཏན་དང་པོའི་ས་དེ་གཉིས་པར་འཕོས་པ་ཡིན་ནམ། གཉིས་པ་ཉིད་གཉིས་པར་འཕོས་པ་ཡིན། དང་པོ་མི་འཐད་དེ། དེར་སྐྱེ་བ་མ་བླངས་གོང་དུ་དང་པོ་གཉིས་པར་འཕོས་ཟིན་མ་གཏང་བའི་ཕྱིར་ཏེ། འོག་མའི་རྟེན་ལ་གོང་མའི་དངོས་གཞི་མངོན་དུ་མ་བྱས་པར་ནི་གོང་མར་སྐྱེ་བ་ལེན་མི་ནུས་པའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་གཉིས་པ་དང་འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་པ་གཉིས་ས་གཅིག་པའི་ཕྱིར། གལ་ཏེ་དེའི་ཚེ་སྦྱོར་བྱུང་གི་བསམ་གཏན་གཉིས་པ་དེ་བཏང་ནས་སྐྱེས་ཐོབ་ཀྱི་བསམ་གཏན་གཉིས་པར་འཕོས་པ་ཡིན་ནོ་ཞེ་ན། འོ་ན་ས་འཕོས་པ་ལ་འཆི་འཕོས་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་ས་འཕོ་བ་དང་འཆི་འཕོ་བ་གཉིས་གཏོང་རྒྱུ་སོ་སོར་བཤད་པ་མི་འཐད་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ནས་དང་པོར་སྐྱེ་བ་བླངས་པའི་ཚེ། བསམ་གཏན་དང་པོའི་སྙོམས་འཇུག་སྐྱེ་བས་ཐོབ་པ་ཡིན་མོད། བསམ་གཏན་གཉིས་པའི་སྙོམས་འཇུག་ས་འཕོས་པས་གཏོང་བ་ནི་མ་ཡིན་ཏེ། བསམ་གཏན་གཉིས་པ་ནས་མ་ཤི་གོང་དུ་དང་པོར་འཕོས་ཟིན་པའི་ཕྱིར། ཟིན་པ་ཡིན་ཏེ། དེར་བསམ་གཏན་དང་པོའི་ཆགས་བྲལ་ལས་ཉམས་ཟིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཇི་སྐད་དུ། དེ་དང་མི་ལྡན་འདོད་ཆགས་བྲལ། །ཞེས་པའི་འགྲེལ་པར། ཚངས་པའི་འཇིག་རྟེན་གྱི་ཆགས་བྲལ་ལས་ཉམས་པ་ན། བསམ་གཏན་དང་པོའི་ཉམས་པ་ཆ་མཐུན་འཐོབ་པར་བཤད་པའི་ཕྱིར། འོ་ན་གོང་སའི་རྟེན་ལ་འོག་སའི་དངོས་གཞི་ཡོད་པར་འགྱུར་རོ། །ཞེ་ན་མ་ངེས་ཏེ། ཐོབ་པ་ཙམ་གྱིས་ཡོད་མི་དགོས་པའི་ཕྱིར། དེའི་ཚེ་དེ་ལས་ཉམས་པ་ཡིན་ཏེ། བསམ་གཏན་གཉིས་པའི་དངོས་གཞི་ལས་མ་ཉམས་པར་དང་པོར་ཉིང་མཚམས་སྦྱོར་མི་ནུས་པའི་ཕྱིར། འོ་ན་གོང་སའི་རྟེན་ལ་འོག་སའི་ཉོན་མོངས་པ་ཡོད་པར་འགྱུར་རོ། །ཞེ་ན། འདོད་པ་ཉིད་དེ། བསམ་གཏན་གཉིས་པ་ནས་འཆི་འཕོ་བའི་ཚེ། བསམ་གཏན་གཉིས་པའི་དངོས་གཞི་དག་པ་པ་དེའི་དེ་མ་ཐག་འབྲས་སུ་བསམ་གཏན་དང་པོའི་ཉོན་མོངས་པ་འབྱུང་བའི་ཕྱིར། དེའི་ཚེ་ས་འཕོས་པ་དང་ཤི་འཕོས་པ་མཉམ་དུ་བྱུང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བསམ་གཏན་དང་པོའི་ཉོན་མོངས་མངོན་དུ་གྱུར་པ་ན། བསམ་གཏན་གཉིས་པའི་དངོས་གཞི་ལས་ཉམས་པ་ཡིན་མོད། དེའི་ཉེར་བསྡོགས་ལས་མ་ཉམས་ལ། དེའི་ཚེ་ཉེར་བསྡོགས་ཤི་འཕོས་པས་གཏོང་བ་ཡིན་ཀྱང༌། ས་འཕོས་པ་ཞེས་མི་བྱ་སྟེ། གཉིས་པའི་ཉེར་བསྡོགས་མ་བཏང་གོང་དུ་བསམ་གཏན་དང་པོའི་དགེ་བ་སྐྱེས་ཐོབ་ཀྱི་ཐོབ་པ་བྱུང་ཟིན་པས་དུས་དེར་ས་འཕོས་པའི་ཕྱིར། འོ་ན་བསམ་གཏན་དང་པོ་ནས་གཉིས་པར་འཆི་འཕོ་བའི་དུས་ཀྱི་འཆི་སེམས་དེ་ཉོན་མོངས་ཅན་ཁོ་ན་ཡིན་པར་འགྱུར་ཏེ། དུས་དེར་བསམ་གཏན་དང་པོའི་ཉོན་མོངས་མངོན་དུ་གྱུར་པས་ཁྱབ་པའི་ཕྱིར་ཞེ་ན། མ་ངེས་ཏེ། བསམ་གཏན་དང་པོའི་ཉོན་མོངས་ཀྱིས་གཉིས་པའི་འཆི་སེམས་ཉོན་མོངས་ཅན་དུ་བྱེད་མི་ནུས་པའི་ཕྱིར། གོང་མའི་རྟེན་ལ་འོག་མའི་ཉོན་མོངས་མངོན་དུ་འགྱུར་ན། ཇི་སྐད་དུ། འཆི་འཕོའི་དག་ལས་ཉོན་མོངས་ཀུན། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་བཤད་པ་ཉིད་ཀྱིས་དེར་གྲུབ་པ་ཡིན་ཏེ། འཆི་འཕོ་བ་ཞེས་པ་ནི་འཆི་སྲིད་ལ་གནས་པ་ཡིན་གྱི། ཤི་ཟིན་པ་མ་ཡིན་པའི་ཕྱིར་དང༌། དེའི་འཆི་སྲིད་ནི་གོང་མར་གཏོགས་པའི་ཕྱིར། དེའི་ཕྱིར་གོང་མ་ནས་འོག་མར་སྐྱེ་བ་ན། འཆི་སྲིད་ཀྱི་ཚེ་དངོས་གཞི་ས་འཕོས་པས་བཏང་ལ། ཤི་བའི་ཚེ་ན་ཉེར་བསྡོགས་ཤི་འཕོས་པས་གཏོང་བ་ཞེས་བྱ་བ་འདི་ཡིན་ནོ། །མ་ཤི་བར་ས་འཕོས་ཟིན་ནས་འོག་མ་སྐྱེས་པ་དེ་ནམ་གྱི་ཚེ་ཡིན་ཞེ་ན། སྐྱེས་པ་ནི་སྐྱེ་སྲིད་ཀྱི་ཡང་འོག་ཏུ་ཡིན་གྱི། དུས་དེར་མ་ཡིན་ཏེ། དེ་ནི་ཉོན་མོངས་ཅན་ཁོ་ནར་ངེས་པའི་ཕྱིར། གསུམ་པ་ཤི་འཕོས་པས་ཅུང་ཟད་གཏོང་བ་ནི། འདོད་པའི་རྟེན་ལ་ས་གོང་མའི་ཉེར་བསྡོགས་ཙམ་མངོན་དུ་བྱས་པ་རྣམས་དང༌། གོང་དུ་བཤད་མ་ཐག་པའི་གོང་ས་ནས་འོག་སར་སྐྱེ་བའི་ཚེ་ལྟ་བུ་སྟེ། དེའི་ཚེ་ས་གོང་མའི་ཉེར་བསྡོགས་རྣམས་གཏོང་བའི་ཕྱིར། གོང་མའི་རྟེན་འོག་སའི་ཉེར་བསྡོགས་ཡོད་པར་ཁས་ལེན་ནམ་ཞེ་ན། ངེས་པར་ཡང་ལེན་ཏེ། དེའི་ཚེ་རྟེན་དེ་ལས་འོག་མ་ལ་ཆགས་བྲལ་བྱེད་པའི་ཉེར་བསྡོགས་མེད་ཀྱང༌། ཡོན་ཏན་མངོན་དུ་བྱེད་པའི་ཞི་གནས་ནི་ངེས་པར་ཁས་ལེན་དགོས་པའི་ཕྱིར་དང༌། དེ་དེར་མ་གཏང་བའི་ཕྱིར་དང༌། རྟེན་དེ་ལ་ཕན་ཡོན་གྱི་ཡན་ལག་མངོན་དུ་མ་བྱས་པའི་ཚེ་ཉེར་བསྡོགས་ལས་གཞན་མ་ཡིན་པའི་ཕྱིར། བསམ་གཏན་གྱི་དགེ་བ་ཟག་བཅས་གཏོང་ཚུལ་འཆད་པའི་སྐབས་འདིར། ངེས་འབྱེད་ཆ་མཐུན་གྱི་གཏོང་ཚུལ་ཡང་འཆད་དགོས་ཏེ་དེ་ནི་ཟག་བཅས་ཁོ་ནར་ངེས་པས་དེར་གཏོགས་པའི་ཕྱིར། ཇི་སྐད་དུ། འཕགས་པས་དེ་དག་ས་བོར་བས། །གཏོང་ངོ་འཕགས་མིན་འཆི་བས་སོ། །ཞེས་བཤད། དེའི་དོན་ནི། བསམ་གཏན་བཞི་པའི་དངོས་གཞི་ལྟ་བུ་ལ་རྟེན་པའི་ངེས་འབྱེད་ཆ་མཐུན་རྒྱུད་ལ་ཡོད་པ་མ་ཡིན་ཀྱང༌། ལྡན་པའི་ཉན་ཐོས་འཕགས་པ་སྲིད་པ་དེའི་ཚེ། དེས་ཇི་སྲིད་བསམ་གཏན་བཞི་པ་དེ་མ་བཏང་གི་བར་དུ་ངེས་འབྱེད་ཆ་མཐུན་མི་གཏོང་ལ། ས་དེ་འཕོས་པའི་ཚེ་ནི་གཏོང་བ་ཡིན་ཏེ། རྟེན་བསམ་གཏན་བཞི་པའི་དག་པ་བ་དེ་བཏང་བ་གང་ཞིག དེ་དུས་ཀྱི་ངེས་ཆ་དེ་ཡང་དག་པ་བ་དེ་ཉིད་ཡིན་པའི་ཕྱིར། ས་འཕོ་བའི་ཚུལ་ལ་གཉིས་ཏེ། འདོད་ཆགས་དང་བྲལ་བས་དང༌། ཆགས་བྲལ་ལས་ཡོངས་སུ་ཉམས་པས་སོ། །དང་པོ་ནི་གོང་སར་སྐྱེ་བའི་ཚེ་དང༌། གཉིས་པ་ནི་འོག་སར་སྐྱེ་བའི་ཚེ་ལྟ་བུ་ཡིན་པ་ལ། ཡོན་ཏན་མངོན་དུ་བྱེད་པའི་དུས་སུ་བསམ་གཏན་དང་པོ་ནས་གཉིས་པར་ཞུགས་པ་ལྟ་བུ་ནི་སྤྱིར་ས་འཕོས་པ་ཡིན་ཀྱང༌། ས་སྔ་མའི་གཏོང་རྒྱུར་འཆད་པ་ནི་མ་ཡིན་ཏེ། དེ་ཙམ་གྱིས་ཐོབ་པའི་ཐག་པ་གཅོད་མི་ནུས་པའི་ཕྱིར། སོ་སོ་སྐྱེ་བོའི་སྦྱོར་ལམ་ནི་བཟོད་ཆེན་དང་ཆོས་མཆོག་ལ་གནས་བཞིན་པའི་ངང་ནས་འཆི་བ་ནི་མི་སྲིད་དེ། སྐད་ཅིག་རེ་རེ་ལས་མེད་པས་འཆི་སྲིད་དང་སྐྱེ་སྲིད་མི་རྫོགས་པའི་ཕྱིར། བཟོད་འབྲིང་མན་ཆད་ནི་ཉེར་བསྡོགས་ལ་གནས་པ་ལྟ་ལྕི་སྨོས། དངོས་གཞི་ལ་བརྟེན་པ་ཡིན་ན་ཡང་ངེས་ཆ་ནི་གཏོང་ལ། དངོས་གཞི་མི་གཏོང་སྟེ། རང་ས་ནས་རང་སར་སྐྱེ་བ་གཏོང་རྒྱུ་མ་ཡིན་པའི་ཕྱིར། ངེས་ཆ་ནི་འཆི་འཕོ་བ་ཉིད་ཀྱིས་གཏོང་སྟེ། དངོས་གཞི་ཅན་ཤི་འཕོས་ནས་གོང་མར་སྐྱེ་བ་ལས་འོས་མེད་ལ། གོང་མའི་རྟེན་ལ་ངེས་འབྱེད་ཆ་མཐུན་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ས་འཕོས་པ་དང༌། སྙོམས་འཇུག་ལས་ཉམས་པ་དང༌། རིགས་མཐུན་བཏང་བ་སྟེ། རྒྱུ་གསུམ་པོ་ལ་ནི་གཞི་མཐུན་ཡོད་པ་མ་ཡིན་ཏེ། ས་འཕོས་པ་ནི་དངོས་གཞི་དག་པ་པའི་དབང་དུ་བྱས་པ་ཡིན་ཞིང༌། གང་གིས་འཕོ་བ་ནི། འོག་ས་ལ་ཆགས་བྲལ་བྱས་པ་དང༌། གོང་སའི་ཆགས་བྲལ་ལས་ཉམས་པ་གང་རུང་གིས་འཕོ་བ་ཡིན་གྱི། སྙོམས་འཇུག་གི་རྫས་ལས་ཉམས་པའི་འཕོ་བ་མ་ཡིན་པའི་ཕྱིར་དང༌། ཉམས་པས་གཏོང་བ་ནི་རྟེན་འོག་མའི་ས་ལ་གོང་མ་གོང་མའི་སྙོམས་འཇུག་གི་རྫས་ལས་ཉམས་པས་གཏོང་བའི་ཕྱིར་དང༌། སྙོམས་འཇུག་གི་རྫས་ལས་ཉམས་པ་ནི་ཉེར་བསྡོགས་ལས་ཉམས་པ་ཡིན་གྱི། ཆགས་བྲལ་ལས་ཉམས་པ་ནི་དངོས་གཞི་ལས་ཉམས་པ་ཡིན་པས་དེའི་ཡང་སྔོན་དུ་སོང་ཟིན་པའི་ཕྱིར་དང༌། འཆི་འཕོ་བས་གཏོང་བ་ནི་གོང་མའི་ཉེར་བསྡོགས་ཙམ་ཐོབ་པ་འོག་མར་སྐྱེས་པའི་ཚེ་ཡིན་ལ། དེ་ལ་ནི་ས་འཕོས་པ་དང་སྙོམས་འཇུག་གི་རྫས་ལས་ཉམས་པས་གཏོང་བའི་དོན་མ་ཚང་བའི་ཕྱིར། ཡང་ན་ཉེར་བསྡོགས་ཅན་འོག་སར་སྐྱེས་པ་དེ་ཉམས་པས་གཏོང་བའི་ནང་དུ་བསྡུས་ནས། འཆི་འཕོ་བས་གཏོང་བའི་ངོས་འཛིན་སོ་སོ་སྐྱེ་བོའི་སྦྱོར་ལམ་གྱི་གཏོང་ཚུལ་ལ་བཤད་ན་ཡང་འགྲིག་གོ །གཉིས་པ་གཟུགས་མེད་ཀྱི་གཏོང་ཚུལ་ནི། དེ་བཞིན་གཟུགས་མེད་གཏོགས། ཞེས་པ་སྔ་མ་དེ་བཞིན་དུ་ས་འཕོས་པ་དང་ཡོངས་སུ་ཉམས་པ་དག་གིས་གཏོང་ངོ༌། །འདི་ལ་འགྲེལ་པར་འཆི་འཕོ་བའི་ཚུལ་མ་བཤད་ལ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*