ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས། ང ༽

དཔེར་ན་མཚེ་མ་གཉིས་བཞིན་ནོ། །ཅིག་ཤོས་ལ་ནི་མི་མཚུངས་ཏེ། མ་འོངས་པའི་རྣམ་སྨིན་ནི་མ་འོངས་པའི་གོ་ས་དེ་ན་དེའི་རྒྱུར་བཤད་པ་དེ་དང་སྔ་ཕྱིའི་གོ་རིམ་མེད་པར་གནས་ཀྱང༌། ད་ལྟར་གྱི་གནས་སུ་བྱུང་བ་ན། མཚན་ཉིད་ཐ་དད་པའི་རྒྱུ་མཚན་གྱིས་སོ་སོར་ངོས་འཛིན་པར་ནུས་པའི་ཕྱིར། དཔེར་ན་སྤུན་མི་འདྲ་བ་གཉིས་བསྡད་པ་ན་ཉེ་རིང་མེད་པར་བསྡད་ཀྱང༌། འབྱུང་སར་རིམ་ཅན་དུ་བྱུང་བ་ངོས་འཛིན་པར་སླ་བ་བཞིན་ནོ། །དེ་སྐད་དུ་ཡང༌། འགྲེལ་པ་ཉིད་ལས། གལ་ཏེ་རྣམ་པར་སྨིན་པའི་རྒྱུ་བཞིན་དུ། སྐལ་བ་མཉམ་པའི་རྒྱུའང་མ་འོངས་པ་ཡིན་ན་ཅིར་འགྱུར། ཞེ་ན། བསྟན་བཅོས་ལས་དེ་སྨོས་པར་འགྱུར་རོ། །འབྲས་བུ་སྨིན་པ་དང་འཛིན་པར་བྱེད་ནུས་པ་དེ་ཁོ་ན་སྨོས་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ནི་རྒྱུ་མཐུན་པའི་འབྲས་བུ་དང་བཅས་པ་ཡིན་ན། དེ་ཡང་མ་འོངས་པ་ལ་རིགས་པ་མ་ཡིན་ཏེ། སྔ་ཕྱི་མེད་པའི་ཕྱིར་རོ། །བྱུང་ཟིན་པ་ཡང་མ་འོངས་པའི་རྒྱུ་མཐུན་པར་མི་རུང་སྟེ། དཔེར་ན་ད་ལྟའི་འདས་པ་བཞིན་ནོ། །རྒྱུ་ལས་འབྲས་བུ་སྔ་ན་མི་རུང་བས་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ནི་མེད་དོ། །དེ་ལྟ་ན་རྣམ་པར་སྨིན་པའི་རྒྱུ་ཡང་མ་འོངས་པ་ཡིན་པར་མི་འགྱུར་ཏེ། རྣམ་པར་སྨིན་པའི་འབྲས་བུ་སྔ་བ་དང་ལྷན་ཅིག་པར་མི་རུང་བའི་ཕྱིར། མ་འོངས་པའི་དུས་ལ་ཡང་སྔ་ཕྱི་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ནི་སྔ་ཕྱི་མེད་པར་འདྲ་བའི་སྐལ་པ་མཉམ་པའི་རྒྱུ་འདྲ་བ་ཡིན་པས་ཕན་ཚུན་དུ་རྒྱུར་གྱུར་པའི་ཕྱིར། ཕན་ཚུན་རྒྱུ་མཐུན་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཕན་ཚུན་རྒྱུ་མཐུན་པ་ཉིད་དུ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ནི་སྔ་ཕྱི་མེད་བཞིན་དུ་ཡང་དེ་ལྟར་ཕན་ཚུན་འབྲས་བུ་ཉིད་དུ་ཐལ་བར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་དག་མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐལ་བ་མཉམ་པའི་རྒྱུ་ནི་གནས་སྐབས་ལས་རྣམ་པར་གནས་པ་ཁོ་ན་ཡིན་ལ། རྣམ་པར་སྨིན་པའི་རྒྱུ་ནི་མཚན་ཉིད་ལས་རྣམ་པར་གནས་པ་ཡིན་པས་མ་འོངས་པ་ཡང་མི་ལྡོག་གོ །ཞེས་གསུངས། དེའི་ངག་དོན་ནི། མ་འོངས་པའི་གོ་ས་ན་གནས་པའི་ཆོས་སྐལ་མཉམ་རྒྱུ་འབྲས་ཀྱི་མཚན་ཉིད་གཞན་རྣམས་ཚང་བར་ཁས་ལེན་པ་དེ་དག་ཆོས་ཅན། སྐལ་མཉམ་གྱི་རྒྱུ་འབྲས་སུ་མི་རུང་སྟེ། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཀྱི་མཚན་ཉིད་ཚང་བའི་ཕྱིར། ཞེས་པའོ། །འོ་ན་མ་འོངས་པའི་གོ་ས་ན་ཡོད་པའི་རྣམ་སྨིན་རྒྱུ་འབྲས་སུ་ཁས་ལེན་པ་དེ་གཉིས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་འབྲས་སུ་མི་རུང་བར་ཐལ། དུས་མཉམ་ཡིན་པའི་ཕྱིར། ཞེ་ན། མ་ངེས་ཏེ། གསུམ་པོ་དག་ནི་དུས་གསུམ་པ། །ཞེས་འཆད་པའི་ཕྱིར། དེ་ལྟར་མཐའ་དཔྱད་པ་དེའི་ཕྱིར། འཆད་པ་པོ་དག རྣམ་སྨིན་རྒྱུ་འབྲས་ལ་སྔ་ཕྱི་བས་ཁྱབ་ཟེར་བ་ནི། དྲངས་མ་ཐག་པའི་འགྲེལ་པ་དང་འགལ་བར་མ་ཟད། རྩ་བ་ཉིད་དང་འགལ་ལོ། །འོ་ན་ཇི་སྐད་དུ། སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ད་ལྟར་གྱི་གོ་སར་སྐྱེ་བའི་གནས་སྐབས་ཀྱི་དབང་དུ་བྱས་པ་ཡིན་པས་ཉེས་པ་མེད་དོ། །དེས་ན་ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་དང་དེའི་རྒྱུ་མཐུན་གྱི་འབྲས་བུའི་རིགས་རྣམས་ནི། མ་འོངས་པའི་གོ་ས་དེ་ན་གནས་པའི་ཚེ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཁོ་ནར་གནས། ད་ལྟར་གྱི་གནས་སུ་སྐྱེ་བའི་ཚེ། སྔ་ཕྱིར་སྐྱེ་བ་དང༌། ལྷན་ཅིག་ཏུ་སྐྱེ་བ་གཉིས་ལས། དང་པོ་སྐལ་མཉམ་གྱི་རྒྱུ་དང༌། གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་ངེས་སོ། །དེ་ཡང་ཞིབ་མོར་ན། མཐོང་སྤང་དུ་གྱུར་པའི་འཇིག་ལྟ་དང་འདོད་ཆགས་ལྟ་བུ་མ་འོངས་པའི་ས་ན་སྔ་ཕྱི་མེད་པར་གནས་ཀྱང༌། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་པའི་ཚུལ་ནི་ཤེས་དགོས་ཏེ། སྤྱིར་ཡང་གཙོ་སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ནང་ཕན་ཚུན་དུ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་མི་རུང་བའི་ཚུལ་རྟོགས་དགོས་པ་ལས་སོ། །ཡང་སྐབས་འདིར། སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཞེས་པའི་གཞུང་གི་ཤུགས་བསྟན་ལ། དགེ་བ་སྐྱེས་ཐོབ་དང་ཉོན་མོངས་ཅན་རྣམས་ཕན་ཚུན་སྐལ་མཉམ་གྱི་རྒྱུར་བཤད་པ་ཞིག་བྱུང་བས། དེའི་མཚན་གཞི་ཇི་བུ་ཞེ་ན། སློབ་དཔོན་སྔ་མ་དག་ན་རེ། དགེ་བ་སྐྱེས་ཐོབ་ཆུང་ངུའི་རྒྱུར་གྱུར་པའི་སྐལ་མཉམ་གྱི་ཉོན་མོངས་ཅན་ནི། དགེ་རྩ་གཅོད་པའི་དུས་ཀྱི་ལོག་ལྟ་ཆེན་པོ་ལྟ་བུ་ཡིན་ལ། ཉོན་མོངས་པ་ཆུང་ངུའི་སྐལ་མཉམ་གྱི་རྒྱུ་དགེ་བ་སྐྱེས་ཐོབ་ཆེན་པོ་ཡིན་པའང་དགེ་བ་སྐྱེས་ཐོབ་ཆེན་པོས་དེའི་འགལ་ཟླ་ཉོན་མོངས་པ་ཆུང་ངུ་སྤོང་བའི་དུས་ཀྱི་ཚེ་ལྟ་བུའོ། །ཞེས་གསུངས་སོ། །བཞི་པ་མཚུངས་ལྡན་གྱི་རྒྱུ་ལ། མཚན་གཞི་ནི། ཇི་སྐད་དུ། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང༌། ཞེས་བཤད། མཚན་ཉིད་ནི། རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་པ་དེའི་དོན་ནི། ཕན་ཚུན་རྒྱུ་འབྲས་གང་ཞིག མཚུངས་པ་ལྔས་མཚུངས་པར་ལྡན་པའོ། །འདི་ཡང་འཁོར་སེམས་བྱུང་རྣམས་གཙོ་བོ་སེམས་དང་མཚུངས་པར་ལྡན་པའི་རྒྱུ་མཚན་གྱིས་མཚུངས་ལྡན་དུ་འཇོག་པ་ཡིན་གྱི། གཙོ་བོའི་ངོས་ནས་འཁོར་དང་མཚུངས་པར་ལྡན་པའི་ཆ་ནས་མཚུངས་ལྡན་དུ་འཇོག་པ་མ་ཡིན་ཏེ། སྒྲུབ་བྱེད་གོང་དུ་རྒྱས་པར་བསྟན་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་ལྡན་གྱི་ཚོགས་དོན་ཡིན་པའི་རྒྱུ་མཚན་གྱིས་མཚུངས་ལྡན་གྱི་རྒྱུར་གཞག་པ་ཡིན་གྱི། མཚུངས་ལྡན་ཡིན་པ་ཙམ་གྱི། མཚུངས་ལྡན་གྱི་རྒྱུར་འཇོག་པ་མ་ཡིན་ཏེ། མཚུངས་ལྡན་ཡིན་པ་ཙམ་གྱིས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་མི་དགོས་པའི་ཕྱིར། དཔེར་ན་གཙོ་བོ་སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་ཚོར་བ་དང་འདུ་ཤེས་གཉིས་པོ་མཚུངས་ལྡན་དུ་འདོད་པ་དག་གི་ལུགས་ལ་ཡང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་ཁས་མི་ལེན་པ་བཞིན། ལྔ་པ་ཀུན་འགྲོའི་རྒྱུ་ལ་མཚན་གཞི་ནི། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི། ཞེས་པས་བསྟན་ལ། དེའི་ནང་ཚན་ནི། ཇི་སྐད་དུ། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། ལྟ་དང༌། དེ་བཞིན་ཐེ་ཚོམ་དང༌། གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཞེས་བཤད་པ་དེ་ཉིད་ཡིན་ལ། དེའི་དོན་ནི། ཆོས་ཉོན་མོངས་ཅན་ཀུན་གྱི་རྒྱུར་འགྲོ་བའི་དོན་གྱིས་ན་ཀུན་འགྲོ་ཞེས་བྱ་ལ། འདིའི་འབྲས་བུ་ལ་མཐོང་སྤང་གིས་མ་ཁྱབ་ཀྱང༌། ཀུན་འགྲོའི་རྒྱུ་ལ་མཐོང་སྤང་གིས་ཁྱབ་པ་ཡིན་ཏེ། འགྲེལ་པར། དེ་དག་ཀྱང་འོག་ནས་ཕྲ་རྒྱས་བསྟན་པའི་མཛོད་ཀྱི་གནས་ཉིད་ནས་བཤད་པར་བྱའོ། །ཞེས་གསུངས་པས་སོ། །དེའི་དབྱེ་བ་ནི། ཁམས་གསུམ་གྱི་ཀུན་འགྲོ་སུམ་ཅུ་རྩ་གསུམ་ཐོབ་པ་མ་གཏོགས་པའི་མཚུངས་ལྡན་རྣམས་དང་དེ་དག་གི་མཚན་ཉིད་དང་བཅས་པའོ། །དེ་སྐད་དུ་ཡང༌། དེ་དག་དང་ནི་ལྷན་ཅིག་པ། །གང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཞེས་གསུངས་པས་སོ། །མཚན་ཉིད་ནི། རང་སར་ཀུན་འགྲོ་ལྔ། ཞེས་པས་སྟོན་ལ། དོན་ནི་རང་སའི་སྤང་བྱ་རིགས་ལྔ་པོ་ཀུན་གྱི་ཐུན་མོང་གི་རྒྱུར་གྱུར་པའི་ཕྲ་རྒྱས་མཚུངས་ལྡན་དང་བཅས་པའོ། །འོ་ན་འདི་སྐལ་མཉམ་གྱི་རྒྱུ་དང་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། འདི་དང་སྐལ་མཉམ་གྱི་རྒྱུ་ལ་གཞི་མཐུན་ཡོད་ཀྱང༌། སྐལ་མཉམ་གྱི་རྒྱུ་ནི་སྤྱིར་ཆོས་དགེ་བ་དང་ལུང་དུ་མ་བསྟན་པ་ཀུན་གྱི་དབང་དུ་བྱས་ལ། འདི་ནི་ཉོན་མོངས་པ་ཅན་ཁོ་ནའི་དབང་དུ་བྱས་པ་དང༌། ཀུན་འགྲོའི་རྒྱུ་ལ་འབྲས་བུ་དང་ས་གཅིག་པ་དགོས་ཀྱང་རིས་གཅིག་པ་མི་དགོས་པའི་ཁྱད་པར་ལས་སོ། །ཀུན་འགྲོའི་རྒྱུ་ལ་མཚན་གཞི་བཤད་མ་ཐག་པ་འདི་དག་ཏུ་གྲངས་ངེས་པ་མ་ཡིན་ཏེ། འགོག་ལམ་མཐོང་སྤང་དང་སྒོམ་སྤང་ནི་ཉོན་མོངས་པ་རིགས་ལྔ་ཆར་གྱི་ཐུན་མོང་གི་རྒྱུར་འགྲོ་བས་མ་ཁྱབ་པའི་ཕྱིར། འོ་ན་འཕགས་པ་སྒོམ་ལམ་པ་རྣམས་ཀྱི་ཉོན་མོངས་རྣམས་ཀུན་འགྲོའི་རྒྱུ་ལས་མ་སྐྱེས་པར་འགྱུར་ཏེ། དེ་དག་གིས་དེ་སྤངས་ཟིན་པའི་ཕྱིར་རོ། །ཞེ་ན། ཁ་ཆེ་བ་ན་རེ། རྒྱུ་ལ་ནི་གཅིག་སྤངས་ཟིན་ཀྱང་དེའི་འབྲས་བུ་འབྱུང་བ་མི་འགལ་ཏེ། འདས་པ་ལས་སྐྱེས་པའི་ཕྱིར། དེ་སྐད་དུ་ཡང༌། བསྟན་བཅོས་རབ་ཏུ་བྱེད་པ་ལས། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དེ། གང་ཞེ་ན་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང༌། དེ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ། དེ་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་གང་ཡིན་པ་དེའོ། །ཞེས་གསུངས་སོ། །དེ་ལ་ཉི་འོག་པ་ན་རེ། འོ་ན་དགས་པ་ལས། མི་དགེ་བའི་ཆོས་མི་དགེ་བའི་རྒྱུ་ཅན་ཁོ་ན་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེ་ལས། དང་པོར་ཉོན་མོངས་པ་ཅན་གྱི་སེམས་པ་མངོན་དུ་བྱེད་པ་གང་ཡིན་པའོ། །ཞེས་གསུངས་པ་ཇི་ལྟར་གྲང༌། ཁ་ཆེ་བ་ན་རེ། དེའི་རྒྱུ་ལན་ཅིག་སྤངས་ཀྱང་དུས་དེར་མངོན་དུ་གྱུར་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། མཐོང་སྤང་ཀུན་འགྲོ་ནི་སྤངས་ཟིན་པའི་ཕྱིར། སྤངས་ཟིན་ཀྱང་དེ་སྔོན་དུ་མ་སོང་བའི་ཉོན་མོངས་མི་སྲིད་དོ། །ཞེས་ཟེར། སྐབས་འདིར་ཞར་བྱུང་འཇིག་ཚོགས་ལ་ལྟ་བའི་རྒྱུ་དང་རྒྱུ་ཅན་གྱི་མུ་བཞི་བརྩི་བ་ནི། འདི་ལྟར། དེའི་རྒྱུ་འབྲས་གཉིས་ཀ་མ་ཡིན་པ་ནི་འགོག་ལམ་དང༌། ནམ་མཁའ་དང༌། བརྟགས་མིན་གྱི་འགོག་པ་དང༌། སྒོམ་སྤང་ཉོན་མོངས་ཅན་མ་ཡིན་པ་རྣམས་ཏེ། དེ་དག་དང་འཇིག་ལྟ་ལ་བྱེད་རྒྱུ་མ་གཏོགས་པའི་རྒྱུ་དང་འབྲས་བུའི་རྣམ་གཞག་བརྩི་རྒྱུ་མེད་པའི་ཕྱིར། དེའི་རྒྱུ་ཡིན་ལ། འབྲས་བུ་མ་ཡིན་པའི་མུ་ནི་མི་སྲིད། གང་འཇིག་ཚོགས་ལ་ལྟ་བའི་རྒྱུ་བཞི་བརྩི་རྒྱུ་ཡོད་པ་དེ་ནི་ཉོན་མོངས་ཅན་ཁོ་ནར་ངེས་ལ། ཉོན་མོངས་ཅན་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཀུན་འགྲོའི་རྒྱུར་ཡོད་པ་ལས་ངེས་པར་སྐྱེ་དགོས་པའི་ཕྱིར། འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ལ། རྒྱུ་མ་ཡིན་པ་ནི། སྡུག་བསྔལ་མཐོང་སྤངས་སུ་གྱུར་པའི་ཕྲ་རྒྱས་རྣམ་པ་བཅུའི་ནང་ནས། འཇིག་ལྟ་རང་ཉིད་ལས་གཞན་དགུའི་ནང་ནས་མ་རིག་པ་མ་གཏོགས་པའི་བརྒྱད་པོ་མཚུངས་ལྡན་དང་བཅས་པ་ནི་དེའི་འབྲས་བུ་ཡིན་ཏེ། ཀུན་འགྲོའི་རྒྱུ་ལས་སྐྱེ་དགོས་པའི་ཕྱིར། དེའི་རྒྱུ་མ་ཡིན་ཏེ། ཀུན་འགྲོ་མ་ཡིན་པ་རྣམས་ནི་ཀུན་འགྲོའི་རྒྱུར་མི་རུང་བའི་ཕྱིར་དང༌། མ་རིག་པ་ལས་གཞན་པའི་རྩ་བའི་ཉོན་མོངས་པ་རྣམས་ཕན་ཚུན་མཚུངས་པར་མི་ལྡན་པས་མཚུངས་ལྡན་གྱི་རྒྱུར་མི་རུང་བའི་ཕྱིར་དང༌། འཇིག་ལྟ་དང་མཚུངས་པར་མི་ལྡན་པའི་ཉོན་མོངས་ནི་དེ་དང་ལྷན་ཅིག་ཙམ་དུའང་མི་འབྱུང་བས་ལྷན་ཅིག་འབྱུང་བའི་རྒྱུར་ཡང་མི་རུང་བའི་ཕྱིར། དེར་མ་ཟད་འཇིག་ཚོགས་ལ་ལྟ་བ་རང་ཉིད་མ་འོངས་པའང་འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའི་མུ་སྟེ། རྒྱུ་ཡིན་པ་ནི་འཇིག་ལྟ་འདས་ད་ལྟར་བ་སྐལ་མཉམ་དང་ཀུན་འགྲོའི་རྒྱུར་ཡོད་པ་ལས་སྐྱེ་བའི་ཕྱིར་རྒྱུ་མ་ཡིན་ཏེ། མ་འོངས་པ་ཡིན་པས་ཀུན་འགྲོ་དང་སྐལ་མཉམ་དུ་མི་རུང༌། རང་ཉིད་རང་དང་ལྷན་ཅིག་ཏུ་མི་འབྱུང་བས་ལྷན་ཅིག་འབྱུང་རྒྱུ་དང་མཚུངས་ལྡན་གྱི་རྒྱུར་མི་རུང་བའི་ཕྱིར། དེ་བཞིན་དུ་ཀུན་འབྱུང་མཐོང་སྤངས་ལ་ཡང༌། ཀུན་འགྲོ་ཡིན་མ་ཡིན་གཉིས་ལས། ཀུན་འགྲོ་མ་འོངས་པ་མཚུངས་ལྡན་དང་བཅས་པ་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ཏེ། ཉོན་མོངས་ཅན་ཡིན་པའི་ཕྱིར། རྒྱུ་ནི་མ་ཡིན་ཏེ། མ་འོངས་པ་ཡིན་པས་ཀུན་སྐལ་གཉིས་མི་རྩི་སྤང་བྱ་རིགས་ཐ་དད་ལ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མི་རྩི་བར་གྲུབ་ཅིང༌། མཚུངས་ལྡན་གྱི་རྒྱུར་མི་འགྲོ་བའང་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་དང༌། འཇིག་ཚོགས་ལ་ལྟ་བ་ནི་ཉོན་མོངས་ཅན་ཡིན་པས། དེ་ལ་རྣམ་སྨིན་གྱི་རྒྱུ་མེད་པའི་ཕྱིར། དེ་བཞིན་དུ་ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མ་ཡིན་པ་མཚུངས་ལྡན་དང་བཅས་པ་དུས་གསུམ་པ་རྣམས་དང༌། འགོག་ལམ་མཐོང་སྤང་དང་སྒོམ་སྤང་ཉོན་མོངས་ཅན་རྣམས་ཀྱང་དེའི་འབྲས་བུ་ཡིན་ཀྱང་རྒྱུ་མ་ཡིན་ཏེ། ཀུན་འགྲོ་མ་ཡིན་པས་ཀུན་འགྲོའི་རྒྱུར་མི་རུང༌། སྤང་བྱ་རིགས་ཐ་དད་ཡིན་པས་སྐལ་མཉམ་གྱི་རྒྱུར་མི་རུང༌། རིས་ཐ་དད་པ་ལྷན་ཅིག་ཏུ་མི་རུང་བས་ལྡན་མཚུངས་ཀྱི་རྒྱུ་གཉིས་མི་རུང་བའི་ཕྱིར། དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་ཅན་རྣམས་ཀྱི་ཐོབ་པ་རྣམས་དང༌། འཇིག་ཚོགས་ལ་ལྟ་བ་མཚུངས་ལྡན་དང་བཅས་པའི་མཚན་ཉིད་མ་གཏོགས་པ་ཉོན་མོངས་ཅན་གཞན་གྱི་མཚན་ཉིད་ཐམས་ཅད་ཀྱང་དེའི་འབྲས་བུ་ཡིན་ལ། རྒྱུ་ནི་མ་ཡིན་ཏེ། འཇིག་ལྟའི་རྒྱུ་ཡིན་ན་དེའི་རྒྱུ་བཞི་པོ་གང་རུང་ཡིན་དགོས་པ་ལས་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཐོབ་པའི་ནུས་པ་ནི་ཐོབ་པའི་ཆོས་ལ་འཇུག་གི ཐོབ་བྱ་ཕྱི་མ་ལ་མི་འཇུག་པས་ཤིང་ཤུན་དང་འདྲ་བའི་ཕྱིར་དང༌། ཉོན་མོངས་ཅན་གཞན་གྱི་མཚན་ཉིད་རྣམས་ཀྱང་ལྡན་མཚུངས་སུ་མི་རུང་བ་རྟོགས་སླ་ཞིང༌། ཀུན་འགྲོ་མ་ཡིན་ཞིང་འཇིག་ལྟ་དང་སྐལ་བ་མི་མཉམ་པའི་ཕྱིར། གཉིས་ཀ་ཡིན་པའི་མུ་ནི། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ཕྲ་རྒྱས་བཅུ་པོ་འདས་པ་དང་ད་ལྟར་བ་མཚུངས་ལྡན་དང་བཅས་པ་རྣམས་ཏེ། དེ་ཡང་འབྲས་བུ་ཡིན་པ་ནི་གྲུབ་ཟིན་ཞིང༌། དེའི་རྒྱུ་ཡིན་པ་ནི་སྡུག་བསྔལ་མཐོང་སྤངས་སྔ་མ་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ཅི་རིགས་པར་བྱས་པ་ལས་བྱུང་བའི་ཕྱིར་ཏེ། སྐལ་མཉམ་ནི་བཅུ་ཆར་གྱིས་བྱེད་ལ། ཀུན་འགྲོ་ནི་དེར་གྱུར་པའི་ལྟ་བ་ལྔ་དང༌། མ་རིག་པ་དང༌། ཐེ་ཚོམ་གྱིས་བྱེད་པའི་ཕྱིར། དེ་བཞིན་དུ་རྩ་ཉོན་མ་རིག་པ་དང༌། དེ་ལས་གཞན་པའི་སེམས་སེམས་བྱུང་འཇིག་ལྟ་དང་མཚུངས་ལྡན་དུ་བྱུང་བ་ཐམས་ཅད་ཀྱང་འཇིག་ལྟའི་རྒྱུ་འབྲས་གཉིས་ཀ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བས་དེ་དག་གི་རྒྱུ་བཞི་ཀ་བྱེད་ཅིང༌། དེ་དག་གིས་ཀྱང་འཇིག་ཚོགས་ལ་ལྟ་བའི་རྒྱུ་བཞི་ཀ་བྱེད་པའི་ཕྱིར། དྲུག་པ་རྣམ་སྨིན་གྱི་རྒྱུ་ལ། མཚན་གཞི་ནི། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་པའོ། །མཚན་ཉིད་ཀྱང་དེས་རྟོགས་ནུས་པ་ཡིན་ཏེ། ཟག་མེད་དང་ལུང་མ་བསྟན་གང་རུང་མ་ཡིན་པའི་ཆོས་སོ། །དེའི་རྣམ་གཞག་རྒྱས་པར་བཤད་པ་ལ། ལུང་མ་བསྟན་རྣམས་ནི། རྣམ་སྨིན་གྱི་རྒྱུར་མི་རུང་སྟེ། མཐུ་ཆུང་བའི་ཕྱིར། ཟག་མེད་ཀྱི་དགེ་བ་ཡང་དེར་མི་རུང་སྟེ། སྲེད་པའི་རླན་དང་བྲལ་བའི་ཕྱིར། དེས་ན་འདིར་རྣམ་སྨིན་གྱི་རྒྱུ་ནི། ཟག་པ་དང་བཅས་པའི་ལས་ཉིད་ཡིན་ལ། དེ་ལའང་འཕེན་འགྲུབ་ཀྱི་དབྱེ་བས་གཉིས་ཡོད་ཀྱང༌། དངོས་ནི་འཕེན་བྱེད་ཉིད་ཡིན་ལ། འགྲུབ་བྱེད་ཀྱང་རྣམ་སྨིན་སྐྱེད་བྱེད་ཡིན་པ་ལ་བསམ་ནས་དེའི་རྒྱུར་བཤད་པའི་སྐབས་དག་ཡོད་ལ། ཉོན་མོངས་པའང་རྣམ་སྨིན་གྱི་རྒྱུ་དངོས་དེའི་ཀུན་སློང་ཡིན་པ་ལ་དགོངས་ནས། རྣམ་སྨིན་གྱི་རྒྱུར་བཤད་པ་དག་ཡོད་དོ། །གལ་ཏེ་འོ་ན། རྣམ་པར་སྨིན་པའི་རྒྱུ་ཡིན་པས་རྣམ་སྨིན་གྱི་རྒྱུ་ཞེས་ཟེར་རམ། རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་སྨིན་གྱི་རྒྱུ་ཞེས་ཟེར། དང་པོ་ལྟར་ན། བྱུང་བ་གསུམ་འཆད་པའི་ཚེ། ནང་གི་དབང་པོ་ལྔ་རྣམ་སྨིན་ལས་སྐྱེས་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་པར་འགྱུར་ཏེ། རྣམ་པར་སྨིན་པ་ཉིད་ལ་རྣམ་སྨིན་གྱི་རྒྱུ་ཞེས་མི་འཆད་པའི་ཕྱིར། གཉིས་པ་ལྟར་ན། ལས་ཀྱི་རྣམ་པར་སྨིན་པ་ཞེས་འཆད་པ་མི་རིགས་པར་འགྱུར་ཏེ། རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་ལ། ལས་ནི་རྣམ་སྨིན་དུ་མི་རུང་བའི་ཕྱིར་སྙམ་པའི་དོགས་པ་བསུ་ནས། དེའི་ལན་འཆད་པ་ན། གཉིས་ཀ་ལྟར་ཡང་རུང་ངོ་ཞེས་གསུངས་ཀྱང༌། ཐ་སྙད་སྦྱོར་བའི་སྐབས་སུ་གང་བདེ་བར་སྦྱོར་བའི་དོན་ཡིན་གྱི། དོན་མི་འགལ་བ་མ་ཡིན་ཏེ། རྣམ་སྨིན་དངོས་ཡིན་ན་དེའི་རྒྱུར་འགལ་བའི་ཕྱིར། ཡང་ཅིའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱ་ཞེ་ན། རྒྱུ་དང་འབྲས་བུ་རིགས་མི་འདྲ་བར་སྨིན་པས་ན་དེ་ཞེས་བྱའོ། །འོ་ན་རྒྱུ་དེའི་འབྲས་བུ་དུས་ནམ་གྱི་ཚེ་སྨིན་པ་ཡིན་ཞེ་ན། སྐྱེ་བས་བར་དུ་ཆོད་པ་ཁོ་ན་ལ་ཡིན་ཏེ། འདིར་རྣམ་སྨིན་དངོས་ནི་འཁོར་བའི་ཕུང་པོ་ཡིན་ལ། ལས་བྱེད་བཞིན་པའི་ཕུང་པོ་ནི་ཚེ་དེའི་ཡང་སྔ་མས་འཕངས་ཟིན་ལ། ཚེ་གཅིག་ལ་རྣམ་སྨིན་གྱི་ཕུང་པོ་རིས་མི་འདྲ་བ་གཉིས་ཅིག་ཆར་དུ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་བཤད་པ་ཅི་ཞེ་ན། དེ་ལ་གཉིས་ཏེ། ལས་སྟོབས་ལྡན་གྱི་རྒྱུ་མཐུན་ལ་རྣམ་སྨིན་གྱི་མིང་བཏགས་པ་དང༌། སྐྱེ་བ་ཕྱི་མ་ལ་སྨིན་འགྱུར་གྱི་རྣམ་སྨིན་ཚེ་འདིར་རྒྱུ་མཐུན་གྱི་འབྲས་བུ་མྱོང་བར་བསྒྱུར་བ་ལ་རྣམ་སྨིན་གྱི་མིང་གིས་བཏགས་པའོ། །འོ་ན་རྣམ་སྨིན་གྱི་རྒྱུར་གྱུར་པའི་ལས་གཅིག་ལ་རྣམ་སྨིན་ཀྱང་གཅིག་ཁོ་ནར་ངེས་སམ་ཞེ་ན། ལས་གཅིག་ལ་རྣམ་སྨིན་དུ་མ་འབྱུང་བ་ནི་སྲིད་ཅིང༌། ལས་དུ་མ་ལས་རྣམ་སྨིན་གཅིག་ཁོ་ན་འབྱུང་བ་ནི་མི་སྲིད་དེ། ས་བོན་ལས་འབྲས་བུ་ཉུང་བར་ཐལ་བའི་ཕྱིར་རོ། །དོན་འདི་ཡང་འགྲེལ་པ་ལས། ལས་དུས་གཅིག་པའི་རྣམ་པར་སྨིན་པ་དུས་གསུམ་པ་རྣམ་པར་སྨིན་པར་ནི་འགྱུར་གྱི། ལས་དུས་གཉིས་པའི་ཡང་དུས་གཅིག་པ་ནི་མ་ཡིན་ཏེ། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་དུ་འོང་བའི་ཕྱིར། ཞེས་གསལ་བར་གསུངས་པས། ཇི་སྐད་དུ། གཅིག་གིས་སྐྱེ་བ་གཅིག་འཕེན་ཏོ། །ཞེས་པའི་དོན་ངེས་བཟུང་ཅན་དུ་ལྟ་བར་མི་བྱའོ། །ཡང་འགྲེལ་པར། རྣམ་པར་སྨིན་པ་ནི་ལས་དང་ལྷན་ཅིག་ཏུ་རྣམ་པར་སྨིན་པ་མ་ཡིན་ལ། མཇུག་ཐོགས་སུ་ཡང་མ་ཡིན་ཏེ། མཇུག་ཐོགས་ཀྱི་སྐད་ཅིག་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲང་བའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ལས་འབྲས་བུ་སྨིན་པ་ནི་རྒྱུན་ལ་ལྟོས་པ་ཡིན་ནོ། །ཞེས་གསུངས། དེའི་དོན་ནི། རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཚོར་བ་དང༌། དེའི་རྣམ་སྨིན་གྱི་རྒྱུར་འགྱུར་བའི་སེམས་པ་ལྟ་བུ་ལྷན་ཅིག་ཏུ་འབྱུང་བ་མ་ཡིན་ཏེ། ཡིན་ན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་ཐལ་བས་སོ། །མཇུག་ཐོགས་དེ་མ་ཐག་ཏུ་སྐྱེ་བ་ཡང་མ་ཡིན་ཏེ། རྒྱུ་དེ་རྣམ་སྨིན་གྱི་དེ་མ་ཐག་རྐྱེན་དུ་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྣམ་སྨིན་གྱི་རྒྱུ་འདས་ནས་རིང་ཞིང་ལོན་པ་ན་འགྲུབ་བྱེད་ཀྱི་རྐྱེན་དང་ཕྲད་པ་ལས་འབྲས་བུ་དེ་འབྱིན་པའོ། །དེ་ཡང་སེམས་ཀྱི་རྒྱུན་དང་བཅས་པ་ལ་རགས་ལས་པ་ཡིན་ཏེ། རྒྱུན་མེད་ན་དེ་འབྱུང་བའི་གཞི་མེད་པའི་ཕྱིར། དཔེར་ན་ས་བོན་བཏབ་པའི་ཞིང་མེད་ན་མྱུ་གུ་མི་འབྱུང་བ་བཞིན་ནོ། །དེས་ན་རྣམ་སྨིན་རྒྱུ་འབྲས་ཀྱི་བར་དུ་སྐད་ཅིག་མ་དུ་མས་ཆོད་པ་དགོས་ཏེ། མ་ཆོད་ན། ཇི་སྐད་དུ། གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་བཤད་པ་དེ་མི་འགྲུབ་པའི་ཕྱིར་དང༌། རྣམ་སྨིན་གྱི་འབྲས་བུ་ནི་རང་གི་རྒྱུའི་དེ་མ་ཐག་འབྲས་སུ་འགལ་བར་བཤད་པའི་ཕྱིར། ཡང་གལ་ཏེ་རྣམ་སྨིན་གྱི་རྒྱུ་དེ་ཕུང་པོ་དུ་ཞིག་དང་བཅས་པ་ཡིན། ཕུང་པོ་དུ་མ་དང་བཅས་པ་ཡིན་ན། ཕུང་པོ་རེ་རེ་ཡང་རྣམ་པར་སྨིན་པ་མི་འདྲ་བ་རེ་རེ་དང་བཅས་པ་དག་ཡིན་ནམ་ཞེ་ན། རྒྱུ་ཕུང་པོ་གཅིག་ནས་ལྔའི་བར་དག་ལ། འབྲས་བུ་རྣམ་སྨིན་གཅིག་ཏུ་སྐྱེ་བ་ཡིན་ཏེ། དང་པོའི་དཔེ་ནི། མི་དགེ་བའི་ཐོབ་པ་དང༌། དེའི་མཚན་ཉིད་སྐྱེ་སོགས་རྣམས་ཕུང་པོ་ནི་གཅིག་སྟེ། འདུ་བྱེད་ཀྱི་ཕུང་པོར་གཅིག་པའི་ཕྱིར། དེའི་འབྲས་བུ་རྣམ་པར་སྨིན་པ་ཡང་གཅིག་པ་ཡིན་ཏེ། ཐོབ་པའི་རྣམ་སྨིན་གང་ཡིན་པ་དེ་སྐྱེ་སོགས་ཀྱིའང་ཡིན་པའི་ཕྱིར། ཕུང་པོ་གཉིས་ཀྱི་འབྲས་བུ་གཅིག་པའི་དཔེ་ནི། ལུས་ངག་གི་ལས་མི་དགེ་བ་དང༌། དེའི་མཚན་ཉིད་སྐྱེ་སོགས་རྣམས་ཕུང་པོ་ནི་གཉིས་སུ་བཞག་སྟེ། ལུས་ངག་གི་ལས་གཟུགས་དང༌། སྐྱེ་སོགས་འདུ་བྱེད་ཀྱི་ཕུང་པོར་བསྡུ་བའི་ཕྱིར། ཕུང་པོ་གསུམ་པའི་དཔེར་བརྗོད་ནི་མི་སྲིད་དེ་ཚོར་བ་སོགས་གསུམ་གྱི་ཚེ། རྣམ་ཤེས་མེད་པ་མི་སྲིད་པའི་ཕྱིར་རོ། །བཞི་པའི་དཔེ་ནི། མིང་གཞིའི་ཕུང་པོ་དགེ་བའམ་མི་དགེ་བ་མཚན་ཉིད་སྐྱེས་སོགས་དང་བཅས་པའོ། །ཕུང་པོ་ལྔ་པའི་དཔེ་ནི། བསམ་གཏན་གྱི་སྡོམ་པ་རྗེས་སུ་འབྲང་བ་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ཡིན་པ་དེའི་ཚེ་ནའོ། །འདོད་ཁམས་ཀྱི་ཕུང་པོ་ལྔ་རྣམ་སྨིན་གཅིག་པ་ནི་མི་སྲིད་དེ། དེར་སེམས་ཀྱི་རྗེས་སུ་འབྲང་བའི་གཟུགས་ཕུང་མི་སྲིད་པའི་ཕྱིར། རྣམ་སྨིན་གཅིག་གི་རྒྱུ་ལ་ཕུང་པོ་གཅིག་ནས་ལྔའི་བར་ཡིན་པ་དག་སྲིད་ན། འབྲས་བུ་རྣམ་པར་སྨིན་པ་ནི་ཕུང་པོ་དུ་ཞིག་གི་ངོ་བོར་སྐྱེ་ཞེ་ན། དེ་ལ་ཡང་ངེས་པ་མེད་དེ། རྣམ་སྨིན་སྲོག་གི་དབང་པོ་ནི་ཕུང་པོ་དང་སྐྱེ་མཆེད་གཅིག་ཁོ་ན་སྐྱེ་སྟེ། དེའི་མཚན་ཉིད་སྐྱེ་སོགས་དང་བཅས་པ་ཆོས་ཀྱི་སྐྱེ་མཆེད་དང་འདུ་བྱེད་ཀྱི་ཕུང་པོ་ཁོ་ནར་ངེས་པའི་ཕྱིར། རྣམ་སྨིན་དུ་གྱུར་པའི་ཡིད་ཀྱི་སྐྱེ་མཆེད་ནི་ཕུང་པོ་གཉིས་དང་བཅས་པ་སྟེ། དེའི་འཁོར་ཚོར་བ་སོགས་དང༌། མཚན་ཉིད་སོགས་རྣམ་སྨིན་གྱི་ངོ་བོར་སྐྱེ་ལ། དེ་དག་ཆོས་ཀྱི་སྐྱེ་མཆེད་དུ་སོང་བའི་ཕྱིར། ཡང་ལུས་ཀྱི་སྐྱེ་མཆེད་རྣམ་སྨིན་གྱི་ངོ་བོར་སྐྱེ་བ་དེའི་ཚེ་ནི། སྐྱེ་མཆེད་གསུམ་སྟེ། ལུས་ཀྱི་དབང་པོ་དང༌། དེའི་ཚོགས་པ་ན་འབྱུང་བ་བཞི་ཡོད་པས་རེག་བྱ་དང༌། དེའི་མཚན་ཉིད་སྐྱེ་སོགས་རྣམས་ཆོས་ཀྱི་སྐྱེ་མཆེད་ཡིན་པས་སོ། །ཡང་མིག་སོགས་ལ་ནི་སྐྱེ་མཆེད་བཞི་སྟེ། སྔ་མ་དེའི་སྟེང་དུ་རང་རང་བསྣན་པའོ། །དེ་ལྟར་སྐྱེ་མཆེད་ཀྱི་གྲངས་ལ་དཔགས་ནས་ཕུང་པོའི་གྲངས་ཀྱང་ཤེས་པར་བྱ་ལ། སྐྱེ་མཆེད་ནི་གཅིག་ནས་བཅུ་གཅིག་གི་བར་དག་དང་བཅས་པ་ཡིན་ནོ། །བཅུ་གཉིས་པ་མི་སྲིད་དེ། ཇི་སྐད་དུ། སྒྲ་ནི་རྣམ་སྨིན་ལས་སྐྱེ་མིན། །ཞེས་འཆད་པའི་ཕྱིར། དེ་ལྟར་རྒྱུ་དྲུག་པོ་སོ་སོའི་ངོ་བོ་གཏན་ལ་ཕབ་ཟིན་ནས། ཐུན་མོང་གི་ཆོས་དང་འབྲས་བུ་ལྔ་བཤད་པ་ལ་གསུམ་སྟེ། དུས་ཀྱི་ངེས་པ་དང༌། རྒྱུ་གང་གིས་འབྲས་བུ་གང་ཡིན་པ་དང༌། འབྲས་བུ་འཛིན་འབྱིན་གྱི་བྱ་བ་བྱེད་པའི་ཚུལ་ལོ། །དང་པོ་ནི། ཀུན་འགྲོ་སྐལ་མཉམ་དུས་གཉིས་པས། །གསུམ་པོ་དག་ནི་དུས་གསུམ་པ། །ཞེས་པ་ཡིན་ལ། དོན་ནི་རྒྱས་པར་བཤད་པ་དེའོ། །གཉིས་པ་ལ། རྒྱུ་འབྲས་འཇོག་པའི་གཞི་ངོས་བཟུང༌། རྒྱུ་འབྲས་སོ་སོར་སྦྱར་བའོ། །དང་པོ་ནི། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། །ཅེས་པའོ། །དོན་ནི། འདུས་བྱས་དང་སོ་སོར་བརྟགས་འགོག་ལ་འབྲས་བུ་ཁྱབ་བོ། །འོ་ན་འབྲས་བུ་ཡིན་པ་དེ་ལ་དེའི་རྒྱུ་ཡོད་པས་ཁྱབ་བམ་ཞེ་ན། འབྲས་བུ་འདུས་བྱས་ཀྱི་དབང་དུ་བྱས་ན་ནི་དེ་འབྲས་བུ་ཡིན་ན་དེའི་རྒྱུ་ཡོད་པས་ཁྱབ་ཀྱང༌། འབྲས་བུ་འདུས་མ་བྱས་ལ་ནི་དེས་མ་ཁྱབ་སྟེ། སོ་སོར་བརྟགས་འགོག་ལམ་གྱི་འབྲས་བུ་ཡིན་ཀྱང་ལམ་དེའི་རྒྱུར་མི་རུང་བའི་ཕྱིར། ཇི་ལྟར་ཞེ་ན། དེའི་རྒྱུ་དྲུག་པོ་གང་ཡང་གཞག་ཏུ་མེད་པས་སོ། །ཞེས་པ་ནི་དངོས་བསྟན་ཡིན་ལ། ཤུགས་ལ་ནི་འདུས་མ་བྱས་ཀྱི་དངོས་པོ་རྣམས་རྒྱུ་ཡིན་ཀྱང་དེའི་འབྲས་བུ་མེད་དོ། །རྒྱུ་ཡིན་ཏེ། འདུས་བྱས་རྣམས་སྐྱེ་བ་ལ་གེགས་མ་བྱས་པས་བྱེད་རྒྱུར་འཇོག་པའི་ཕྱིར། འབྲས་བུ་ནི་མེད་དེ། འབྲས་བུ་འཛིན་འབྱིན་གྱི་མཐུ་མེད་པའི་ཕྱིར། ཞེས་པ་ཉིད་འགྲེལ་པའི་དངོས་བསྟན་ཡིན་ལ། ཞིབ་མོར་ན། དེ་བྱེད་རྒྱུ་ཡིན་ཀྱང་འབྲས་བུ་འདི་ལྟ་བུ་ཞིག་གི་བྱེད་རྒྱུ་ཡིན་ནོ་ཞེས་ནི་ཁས་མི་ལེན་ཏེ། དེའི་བྱེད་རྒྱུ་ཡིན་ན་དེའི་བདག་པོའི་རྐྱེན་དུ་ཐལ་བས་སོ། །འོ་ན་བྱེད་རྒྱུ་ཡིན་པའི་ཕྱིར། བདག་རྐྱེན་ཙམ་དུ་ཐལ་བ་བཟློག་མི་ནུས་སོ། །ཤེ་ན། མཚུངས་པ་མ་ཡིན་ཏེ། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་པའི་དོན་ནི། དེའི་བྱེད་རྒྱུ་ལ་དེའི་བདག་རྐྱེན་གྱིས་ཁྱབ་པ་ཡིན་གྱི། སྤྱིར་བྱེད་རྒྱུ་ལ་བདག་རྐྱེན་གྱིས་མ་ཁྱབ་པའི་ཕྱིར། གཞན་དུ་ན་འདུས་མ་བྱས་དང༌། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་མ་ངེས་སོ། །འདོད་མི་ནུས་ཏེ། བདག་འབྲས་མེད་པའི་བདག་རྐྱེན་མི་སྲིད་པས་སོ། །འོ་ན་འབྲས་བུ་མེད་པའི་རྒྱུ་མི་སྲིད་དོ། །ཞེ་ན། འོ་ན་འདུས་མ་བྱས་ཀྱི་འབྲས་བུ་སྲིད་པར་ཐལ། དེ་བྱེད་རྒྱུ་ཡིན་པའི་ཕྱིར། གལ་ཏེ་ཁྱེད་ལ་ཡང་འདུས་མ་བྱས་ཀྱི་བདག་འབྲས་ཡོད་པར་ཐལ། འདུས་མ་བྱས་བདག་པོའི་རྐྱེན་ཡིན་པའི་ཕྱིར། ཞེ་ན། གཏན་ཚིགས་མ་གྲུབ་སྟེ། བྱེད་རྒྱུ་ལ་བདག་རྐྱེན་གྱིས་མ་ཁྱབ་པའི་ཕྱིར། སྔ་མའང་མ་གྲུབ་བོ་ཞེ་ན། རྒོལ་བས་ཁས་བླངས་ཟིན་པ་དེ་ཉིད་དོ། །དེ་བས་ན་ཁོ་ཆོས་དེའི་འབྲས་བུ་ཡིན་པ་ལ། ཆོས་དེ་ཁོའི་རྒྱུ་ཡིན་པས་མ་ཁྱབ་པ་ནི། འགོག་ལམ་གཉིས་དཔེས་གསལ་བར་བསྟན་ཟིན་ལ། དེ་ལྟ་ན་ཡང་ཁོ་ཆོས་དེའི་རྒྱུ་ཡིན་ན། ཆོས་དེ་ཁོའི་འབྲས་བུ་ཡིན་པས་ནི་ཁྱབ་སྟེ། དེའི་རྒྱུ་དྲུག་པོ་གང་རུང་ཡིན་ན། དེ་ཚུར་འབྲས་བུ་ཡིན་པས་ཁྱབ་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། སྤྱིར་བྱེད་རྒྱུ་ལ་ནུས་བཅས་ཀྱིས་མ་ཁྱབ་ཀྱང༌། དེའི་བྱེད་རྒྱུ་ལ་ནུས་བཅས་ཀྱིས་ཁྱབ་པའི་ཕྱིར། དེ་ལྟར་ན་བྱེ་བྲག་ཏུ་སྨྲ་བས་འདུས་མ་བྱས་དངོས་པོར་འདོད་ཀྱང༌། དོན་བྱེད་ནུས་པར་ནི་མི་འདོད་དེ། འབྲས་བུ་སྐྱེད་བྱེད་དུ་མི་འདོད་པའི་ཕྱིར་རོ། །དོན་འདི་ལ་མདོ་སྡེ་པ་ན་རེ། འདུས་མ་བྱས་རྒྱུ་ཡིན་པ་ནི། རིགས་པས་མི་འཐད་ཅིང༌། མདོ་སྡེ་དང་འགལ་ལོ། །བྱེ་སྨྲ་ན་རེ། འོ་ན་འདུས་མ་བྱས་རྣམས་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་ཡང་མི་འགྱུར་རོ། །མདོ་སྡེ་པ་ན་རེ། འདུས་མ་བྱས་རྣམས་རྣམ་ཤེས་སྐྱེ་བ་ལ་མི་སྒྲིབ་པ་ཙམ་ལ་རྐྱེན་དུ་ཐ་སྙད་བཏགས་པ་ཡིན་གྱི། སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར། རྒྱུར་མི་འཐད་དོ་ཞེས་ཟེར། གཉིས་པ་རྒྱུ་འབྲས་སོ་སོར་སྦྱར་བ་ནི། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་པོའི་ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །ཞེས་པའོ། །འདིར་དེའི་འབྲས་བུ་དེ་ཡིན་ཞེས་པ་ཐམས་ཅད་དེའི་འབྲས་བུ་ཡིན་པ་དང་དེས་བསྐྱེད་པ་གཉིས་ཀ་ཚོགས་པ་ལ་བྱ་བ་ཡིན་ཏེ། འདིར་བྲལ་འབྲས་ལོགས་སུ་བཀར་བའི་ཕྱིར་དང༌། དེས་བསྐྱེད་མི་དགོས་པར་དེའི་འབྲས་བུ་ཡིན་པ་ཙམ་གྱིས་ཆོག་ན། བྲལ་བའི་འབྲས་བུ་ལམ་གྱི་ཡིན། །ཞེས་བཤད་པས་ཀྱང་ཆོག་པའི་ཕྱིར། དེས་ན་མིག་གི་རྣམ་པར་ཤེས་པ་དེ་མིག་གི་དབང་པོ་ལ་ལྟོས་ནས་བདག་པོའི་འབྲས་བུ་དང༌། དབང་པོ་དེ་དེ་ལ་ལྟོས་པའི་བྱེད་རྒྱུ་ཡིན་པའི་ཕྱིར་ན་བདག་པོའི་རྐྱེན་ནོ། །མདོར་ན་བྱེད་རྒྱུའི་རང་ལྡོག་ནས་བྱ་བ་བྱས་པ་གང་ཡིན་ཐམས་ཅད་བདག་པོའི་འབྲས་བུ་དང༌། སྐལ་མཉམ་དང་ཀུན་འགྲོ་རྒྱུའི་ལྡོག་ཆ་ནས་བྱ་བ་བྱས་པའི་འབྲས་བུ་ཐམས་ཅད་རྒྱུ་མཐུན་གྱི་འབྲས་བུ་དང༌། ལྡན་མཚུངས་གཉིས་ཀྱི་ལྡོག་ཆ་ནས་བྱ་བ་བྱས་པའི་འབྲས་བུ་ཐམས་ཅད་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། །ཅིའི་ཕྱིར་སྐྱེས་བུ་བྱེད་པ་ཞེས་བྱ་ཞེ་ན། འབྲས་བུ་གང་ཞིག་རྒྱུ་གང་གིས་བྱེད་པའི་ཚེ། སྐྱེས་བུའི་བྱེད་པ་ལྟར་ལྷན་ཅིག་ཏུ་འདུག་ནས་སམ་དེ་མ་ཐག་ཏུ་བྱེད་པའི་ཕྱིར་སྐྱེས་བུའི་བྱེད་པ་ཞེས་བྱའོ། །རྒྱུ་མཐུན་གྱི་སྐྱེས་བུ་བྱེད་པའི་འབྲས་བུ་དངོས་ཡིན་ལ། སྐྱེས་བུ་བྱེད་འབྲས་ལ་དེས་མ་ཁྱབ་སྟེ། བྲལ་འབྲས་དང་བདག་པོའི་འབྲས་བུ་ལའང་སྐྱེས་བུ་བྱེད་པའི་འབྲས་བུར་རུང་བའི་ཕྱིར་ཏེ། འགྲེལ་བར་བྲལ་འབྲས་ཀྱི་ཐད་དུ། གང་གིས་སྟོབས་ཀྱིས་གང་འཐོབ་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་ཐོབ། །ཅེས་སྦྱོར་བར་བཤད་པའི་ཕྱིར་དང༌། བདག་འབྲས་ལ་ཡང༌། བདག་རྐྱེན་གྱིས་གེགས་མ་བྱས་ཙམ་དང༌། སྐྱེད་པའི་བྱ་བ་ཡང་བྱས་པ་གཉིས་ལས། ཕྱི་མ་དེ་རང་གི་བདག་རྐྱེན་ལ་ལྟོས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་རྒྱུ་འབྲས་སོ་སོར་སྦྱར་ཟིན་ནས། ལྔ་པོའི་ངོས་འཛིན་ནི། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །ཞེས་སོགས་ཀྱིས་འཆད་ལ། འདིར་ལུང་དུ་བསྟན་པ་དང༌། སེམས་ཅན་དུ་བརྗོད་པ་དང༌། ལུང་བསྟན་གྱི་རྗེས་སུ་འབྱུང་བ་ཞེས་བྱ་བའི་ཁྱད་པར་ནི། ལུང་མ་བསྟན་རྒྱས་བྱུང་དང༌། རྒྱུ་མཐུན་ལས་བྱུང་བ་འགའ་ཞིག་ལ་ཡང་ཡོད་པས། དེ་བཅད་པའི་ཕྱིར་དུ། ཕྱིས་བྱུང་ཞེས་སྨོས་སོ། །དེ་སྐད་དུ་ཡང༌། འགྲེལ་པ་ལས། གང་ཞིག་དེ་ལས་དུས་ཕྱི་མ་ལ་འབྱུང་ཞིང༌། དེ་མ་ཐག་ཏུ་མ་ཡིན་པ་དེ་ནི་རྣམ་པར་སྨིན་པ་སྟེ། ཞེས་གསུངས། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་པར། གཉིས་ཀའི་འབྲས་བུ་ལ་རྒྱུ་མཐུན་འཇོག་ན། ཀུན་འགྲོ་ཡང་སྐལ་མཉམ་དུ་ཐལ་ལོ། །ཞེས་པའི་ལན་དུ་མུ་བཞི་གསུངས་སོ། །བྲལ་བ་བློ་ཡི་ཟད་པའོ། །ཞེས་པར། བྲལ་བའི་ཐོབ་པ་ཡང་བྲལ་འབྲས་སུ་འཇོག་གམ་སྙམ་ན། མ་ཡིན་ཏེ། དེ་ནི་ལམ་ཉིད་ཡིན་པས་འགོག་བདེན་འཐོབ་བྱེད་ཀྱི་ལམ་དེའི་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་གཞག་དགོས་པའི་ཕྱིར་དང༌། འགོག་བདེན་དང་དེའི་ཐོབ་པ་གཉིས་ལམ་གྱི་འཐོབ་འབྲས་དང་སྐྱེད་འབྲས་སུ་སོ་སོར་འཆད་དགོས་པའི་ཕྱིར། གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་ཞེས་པར། སྔོན་གྱི་སློབ་དཔོན་དག རྒྱུ་མཐུན་དང་སྐྱེས་བུ་བྱེད་པ་ལ་ཡང་མུ་བཞི་སྦྱོར་ཏེ། ས་འོག་མའི་སེམས་ཀྱི་དངོས་འབྲས་སུ་གོང་མའི་སེམས་སྐྱེས་པ་དང༌། ཟག་བཅས་ཀྱི་དངོས་འབྲས་སུ་ཟག་མེད་ཀྱི་སེམས་སྐྱེས་པ་དེའི་ཚེ། སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་ཀྱང་རྒྱུ་མཐུན་མེད་པ་དང༌། ཀུན་འགྲོ་དང་སྐལ་མཉམ་རྒྱུ་འབྲས་ཀྱི་བར་དུ་སྐད་ཅིག་མ་དུ་མས་ཆོད་པ་རྣམས་ལ་རྒྱུ་མཐུན་ཡོད་ཀྱང་སྐྱེས་བུའི་བྱེད་པ་མེད་པ་ལ་སོགས་པར་འདོད་དོ། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །ཞེས་པར། འདུས་བྱས་རྣམས་འདུས་མ་བྱས་ཀྱི་བདག་འབྲས་མ་ཡིན་པར་བསྟན་མོད། འདུས་མ་བྱས་རྣམས་དེའི་བདག་རྐྱེན་མ་ཡིན་པར་སྟོན་ནམ་ཞེ་ན། དེ་ལྟར་ཡང་སྟོན་ནོ། །གཞན་དག་ན་རེ། ནམ་མཁའ་ཆོས་ཅན། འདུས་བྱས་ཀྱི་བདག་པོའི་རྐྱེན་ཡིན་ཏེ། དེ་སྐྱེ་བ་ལ་གེགས་མི་བྱེད་པའི་ཕྱིར། ཞེ་ན། འོ་ན་སང་ཉིན་གྱི་མིག་ཆོས་ཅན། དེ་རིང་གི་མིག་ཤེས་ཀྱི་བདག་པོའི་རྐྱེན་དུ་ཐལ། དེ་སྐྱེ་བ་ལ་གེགས་མ་བྱས་པའི་ཕྱིར་རོ། །གསུམ་པ་འབྲས་བུ་འཛིན་འབྱིན་གྱི་བྱ་བ་བྱེད་པའི་ཚུལ་ནི། ཇི་སྐད་དུ། ལྔ་པོ་ད་ལྟར་འབྲས་བུ་འཛིན། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ད་ལྟར་གྱི་དང་འདས་པ་དག །གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་སོགས་སོ། །འདིར་འབྲས་བུ་འཛིན་པ་ཞེས་པའི་དོན་ནི། འབྲས་བུ་དེ་ལ་ཕན་འདོགས་པའི་བྱ་བ་བྱེད་པ་སྟེ། དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་བྱེད་པའོ། །འབྱིན་པ་ཞེས་པ་ནི། འབྲས་བུ་དེ་དངོས་སུ་བསྐྱེད་པའོ། །བྱེད་རྒྱུ་གེགས་མི་བྱེད་པ་ཙམ་གྱི་ངོ་བོར་གནས་པ་དེས་ནི་བྱ་བ་དེ་གཉིས་གང་ཡང་མི་བྱེད་ལ། ཕན་འདོགས་པའི་བྱ་བ་བྱེད་པ་དེ་ནི་རྒྱུ་ལྔ་པོ་གང་རུང་གི་ནང་དུ་འདུས་པས། ལྔ་པོས་བྱ་བ་དེ་གཉིས་ཇི་ལྟར་བྱེད་པའི་ཚུལ་བཤད་པ་ལ། ཐོག་མར་འཛིན་པའི་ཚུལ་ནི། རྒྱུ་ལྔ་པོ་འདས་པས་ནི་འབྲས་བུ་འཛིན་པའི་བྱ་བ་དེ་བྱས་ཟིན་ནས་འགགས་པའི་ཕྱིར། དེ་ལྟར་ན་ཡང་འབྲས་བུ་འབྱིན་པའི་བྱ་བ་ནི་འདས་པའི་ས་དེ་ཉིད་ནས་བྱེད་པ་སྲིད་དོ། །རྒྱུ་ལྔ་པོ་མ་འོངས་པས་ནི་རང་རང་གི་འབྲས་བུ་འཛིན་པའི་བྱ་བ་མི་བྱེད་དེ། བྱ་བ་མ་སྐྱེས་པའི་ཕྱིར། དེ་ལྟར་ན་ཡང་མ་འོངས་པའི་རྒྱུ་དང་འབྲས་བུར་འགྲོ་རྒྱུ་དེ་གཉིས་ཀ་ཡང་དུས་མཉམ་འབྲེལ་མེད་ཀྱི་ཚུལ་དུ་གནས་པ་ཡིན་ནོ། །མ་འོངས་པའི་ས་དེར་ཡང་དེ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་པ་ཡོད་ན་ནི། དུས་དེར་ཡང་དེ་གཉིས་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ལས་མ་འདས་སོ། །དེ་ལྟར་ཁས་ལེན་དུ་རུང་བ་ཡང་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ན་འབྲས་བུ་འབྱིན་པའི་བྱ་བ་བྱས་ཟིན་པས་ཁྱབ་པའི་ཕྱིར། དེ་ལྟར་ན་རྒྱུ་ལྔ་པོ་ད་ལྟར་བ་ཁོ་ནས་འབྲས་བུ་འཛིན་པའི་བྱ་བ་དེ་བྱེད་དོ། །དེ་སྐད་དུ་ཡང༌། གསུམ་པ་བཟང་སྟེ་བྱ་བ་ཡིས། །དུས་རྣམས་རྣམ་གཞག ཅེས་འཆད་པའི་ཕྱིར་རོ། །འོ་ན་འཛིན་པའི་རྒྱུ་ལ་ད་ལྟར་བས་ཁྱབ་མོང་འབྱིན་པ་ལ་ཇི་ལྟར་ཞེ་ན། ལྡན་མཚུངས་གཉིས་ནི་ད་ལྟར་བས་འབྲས་བུ་འབྱིན་པར་ཡང་བྱེད་དེ། རྒྱུ་ད་ལྟར་བས་འབྲས་བུ་ཡང་ད་ལྟར་གྱི་གནས་དེ་ཉིད་དུ་སྐྱེད་པར་བྱེད་པའི་ཕྱིར། རྒྱུ་གཉིས་པོ་འདིས་འབྲས་བུ་འཛིན་འབྱིན་དུས་གཅིག་ཏུ་བྱེད་པར་བཤད་ལ། དེའི་དོན་ནི། ཞིབ་མོར་ན། དངོས་རྒྱུ་ནུས་པ་ཐོགས་མེད་ལ་འཆད་དགོས་ཏེ། དངོས་སུ་སྐྱེ་བྱེད་ལ་བཤད་པའི་ཕྱིར། རྒྱུ་འབྲས་གཉིས་ཀ་དུས་ཅིག་ཆར་གྲུབ་ཟིན་པ་ལ། འབྲས་བུ་འཛིན་འབྱིན་གྱི་རྣམ་གཞག་མི་འབྱུང་སྟེ། རྒྱུའི་ངོས་ནས་འཛིན་པ་པོ་དང་འབྱིན་པ་པོར་རུང་ཡང༌། འབྲས་བུའི་ངོས་ནས་བཟུང་ཟིན་པ་དང་ཕྱུང་ཟིན་པའི་ཕྱིར། དེ་ལྟ་ན་ཡང་དངོས་རྒྱུ་ནུས་པ་ཐོགས་མེད་ནི། འབྲས་བུ་དེ་དང་དུས་མཉམ་པ་ཁོ་ནར། བྱིས་པ་རྣམས་ཀྱིས་མཐོང་བས་ཁྱབ་པའི་རྒྱུ་མཚན་གྱིས། ཆོས་མངོན་པར་ལྡན་མཚུངས་གཉིས་པོའི་རྒྱུ་འབྲས་ལ་དུས་མཉམ་གྱི་ཐ་སྙད་མཛད་ཅིང༌། རྟོག་གེ་པ་དག་ཀྱང༌། དུ་བའི་རྒྱུ་ནུས་པ་ཐོགས་མེད་ལ་དུ་བ་སྐྱེ་བཞིན་པ་ཞེས་ཐ་སྙད་དང༌། དངོས་འབྲས་མ་དམིགས་པའི་གཏན་ཚིགས་ཀྱི་རྣམ་གཞག་ཀྱང་བྱེད་པ་ཡིན་ནོ། །གཏན་ཚིགས་དེའི་རྣམ་གཞག་འཐད་པ་ཡང༌། དངོས་རྒྱུ་དང་དངོས་འབྲས་དུས་མཉམ་པའི་རྣམ་གཞག་བྱས་པ་ལས་བྱུང་བ་ཡིན་ཏེ། ཟློག་པ་ལ་བདག་ཅིག་གི་འབྲེལ་པ་ཁས་ལེན་དགོས་པས་སོ། །ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་གཉིས་ནི། འཛིན་པ་ལ་ད་ལྟར་བ་ཁོ་ནས་འཛིན་ཀྱང༌། འབྱིན་པ་ལ་ནི། འདས་པས་འབྱིན་པ་དང༌། ད་ལྟར་བས་འབྱིན་པ་གཉིས་ཀ་ཡོད་དེ། དེ་དང་དེ་དག་གི་རྒྱུ་དང་འབྲས་བུའི་བར་དུ་སྐད་ཅིག་དང་ཆོས་གཞན་དུ་མས་བར་དུ་ཆོད་པ་དང་མ་ཆོད་པའི་ཁྱད་པར་ལས་སོ། །དང་པོ་ནི། ཇི་སྐད་དུ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བར་གནས་པ་ཉིད། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་མི་བཟད་འབྱིན་པར་འགྱུར། །ཞེས་འབྱུང་བ་ལྟར་རོ། །འདི་ཡང་དཔེར་ན། འདོད་ཆགས་ལྟ་བུ་སྐད་ཅིག་སྔ་ཕྱིའི་བར་དུ་དགེ་བས་བར་ཆོད་ནས། དགེ་བའི་དེ་མ་ཐག་རྐྱེན་ལས་ཆགས་པ་སྐྱེ་བ་དེའི་ཚེ། ཆགས་པ་སྔ་མས་ཕྱི་མ་འཛིན་པའི་བྱ་བ་ནི། ཡང་ད་ལྟར་བའི་གོ་ས་ན་ཡོད་པའི་དུས་སུ་བྱས་ཟིན་ལ། འབྱིན་པའི་བྱ་བ་ནི་དགེ་བས་དེ་མ་ཐག་རྐྱེན་བྱེད་པའི་དུས་དེར་བྱས་པ་ལྟ་བུའོ། །ད་ལྟར་བས་འབྲས་བུ་འབྱིན་པ་ནི། ཆགས་པ་སྐད་ཅིག་དང་པོས་གཉིས་པའི་དེ་མ་ཐག་རྐྱེན་བྱས་པའི་ཚེ་ལྟ་བུའོ། །འོ་ན། གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ཅེས་ད་ལྟར་བས་འབྱིན་པ་ལ་དུས་མཉམ་པ་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། ལྡན་མཚུངས་གཉིས་ལ་དེ་ལྟར་དགོས་ཀྱང༌། འདི་གཉིས་ལ་མི་དགོས་ཏེ། རྒྱུ་འབྲས་སྔ་ཕྱི་བ་གཞིར་བྱས་པའི་འབྲས་བུ་འབྱིན་ཚུལ་ལ་དཔྱོད་པ་སྐབས་སུ་བབ་པའི་ཕྱིར། དེ་ལྟར་བཤད་པས་དོན་གཞན་ཡང་མཚོན་ནུས་པ་ནི། འཆད་པ་པོ་གང་དག་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། འདས་པ་རྫས་སུ་གྲུབ་པའི་རྒྱུ་མཚན་གྱིས། འདས་པས་འབྲས་བུ་བསྐྱེད་པ་ཡིན་ནོ། །ཞེས་འཆད་པ་ནི། བསྐྱེད་པ་དང་འབྱིན་པའི་ཁྱད་པར་མ་ཕྱེད་པས་ནོང་པ་ཡིན་ཏེ། འཛིན་པ་དང་འབྱིན་པའི་ཁྱད་པར་མ་ཕྱེད་པ་ལས་བྱུང་བའི་ཕྱིར། འོ་ན་དགེ་བས་མི་དགེ་བའི་དེ་མ་ཐག་རྐྱེན་བྱས་པའི་ཚེ། དེས་དེ་འབྱིན་པར་འགྱུར་ཏེ། དངོས་སུ་བསྐྱེད་པའི་ཕྱིར་སྙམ་ན། འདི་འདྲ་དེ་ལ་ནི་འཛིན་འབྱིན་གྱི་རྣམ་གཞག་བྱས་པ་མ་ཡིན་ཏེ། འདིར་རྒྱུ་ལྔ་པོས་རང་རང་གི་འབྲས་བུར་གཞག་པ་དེ་དང་དེ་འཛིན་འབྱིན་གྱི་དབང་དུ་བྱས་པ་ཡིན་ལ། དགེ་བས་མི་དགེ་བའི་དེ་མ་ཐག་རྐྱེན་བྱེད་པ་ལྟ་བུ་ལ་ནི། འདིར་བཤད་པའི་རྒྱུ་ལྔ་པོའི་མཚན་ཉིད་མ་ཚང་བའི་ཕྱིར། འོན་ཀྱང་དེའི་ཚེ་འཛིན་པ་ལས་ནི་འོས་མེད་ལ། འབྱིན་པ་ནི་མ་ཡིན་པར་བཤད་ན་ལེགས་ཏེ། འབྱིན་པ་ནི་དེའི་གོང་གི་མི་དགེ་བ་འདས་པ་ཞིག་གིས་འབྱིན་པར་བཤད་པ་ཐོན་པའི་ཕྱིར། འཛིན་པ་ཡང་དེ་གཉིས་ཀྱིས་སོ་སྙམ་ན། དེ་ཡང་དེ་ལྟར་ཡིན་ཏེ། མ་བཟུང་བར་འབྱིན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་འབྲས་བུ་འཛིན་པ་ནི་རྒྱུ་ལྔ་པོའི་ནང་དུ་མ་འདུས་པ་དམིགས་རྐྱེན་དང་དེ་མ་ཐག་པའི་རྐྱེན་ལྟ་བུས་ཀྱང་བྱེད་ལ། འབྱིན་པ་ནི་རྒྱུ་ལྔ་པོ་དག་ཁོ་ནས་སོ། །ཞེས་བཤད་ན་ལེགས་པ་ཡིན་ཏེ། རྣམ་སྨིན་སྡུག་བསྔལ་གྱི་ཕུང་པོ་དངོས་སུ་སྐྱེ་བྱེད་ཀྱི་དགེ་བ་དང༌། རྣམ་སྨིན་བདེ་བའི་ཕུང་པོ་དངོས་སུ་སྐྱེ་བྱེད་ཀྱི་མི་དགེ་བ་ཡོད་ཀྱང༌། དེས་དེ་འབྱིན་པར་བཤད་ན་མི་འབྱོར་བ་བཞིན་ནོ། །རྣམ་སྨིན་གྱི་རྒྱུ་ནི་འདས་པ་ཁོ་ནས་རྣམ་སྨིན་འབྱིན་པས་ཁྱབ་སྟེ། རྣམ་སྨིན་དངོས་ཀྱི་དུས་སུ་དེའི་རྒྱུ་འདས་ནས་ཡུན་རིང་དུ་ལོན་པས་ཁྱབ་པའི་ཕྱིར། རྣམ་སྨིན་གྱི་དུས་སུ་འབྱིན་པ་པོ་འདས་པ་ཙམ་ལ་ནི་འདས་པས་འབྱིན་པ་ཞེས་མི་བྱ་སྟེ། དོན་དེ་ནི་ད་ལྟར་བས་འབྱིན་པ་དག་ལའང་ཚང་བའི་ཕྱིར། འོ་ན་ཆོས་གང་ཞིག་རྒྱུ་དུ་ཞིག་སྐྱེད་པར་བྱེད་ཅེ་ན། ཇི་སྐད་དུ། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང༌། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །ཞེས་སོ། །འདི་ཡང་གཅིག་ལ་མཚོན་ན། ཆོས་ཉོན་མོངས་ཅན་རྣམས་རྣམ་སྨིན་གྱི་རྒྱུ་མ་གཏོགས་པའི་རྒྱུ་ལྷག་མ་ལྔ་ལས་སྐྱེས་པར་འཆད་པ་དེའི་ཚེ། ལྔ་ཆར་ལས་སྐྱེས་པར་སྲིད་པ་གཅིག་ཁས་ལེན་ནམ། གཅིག་ལས་སྐྱེས་པའི་ཚེ་ལྷག་མ་བཞི་ལས་མི་སྐྱེ་བར་ཁས་ལེན། དང་པོ་ལྟར་ན། ཀུན་འགྲོའི་རྒྱུས་འཛིན་འབྱིན་གྱི་བྱ་བ་བྱེད་དམ། ལྷན་ཅིག་འབྱུང་བའི་རྒྱུས་བྱེད་དམ། གཉིས་ཀས་རིམ་ཅན་དུ་བྱེད། ཅེས་བརྟགས་ན། གཅིག་གིས་བྱེད་པའི་ཚེ་ཅིག་ཤོས་ཀྱིས་མི་བྱེད་ན་ནི། ཅིག་ཤོས་ལ་རྒྱུ་དེའི་མཚན་ཉིད་མ་ཚང་བར་འགྱུར། གཉིས་ཀས་བྱེད་ན་ནི། གཅིག་གིས་འབྱིན་པའི་བྱ་བ་བྱས་ཟིན་པ་ལ་ཅིག་ཤོས་ཀྱིས་བྱེད་པ་དོན་མེད། གཉིས་པ་ལྟར་ན་ནི། འདོད་ཆགས་སྐད་ཅིག་སྔ་མའི་སྐལ་མཉམ་ལས་བྱུང་བའི་སྐད་ཅིག་གཉིས་པ་དེ། རང་གང་དང་མཚུངས་པར་ལྡན་པའི་གཙོ་བོ་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་པར་འགྱུར་རོ། །སྙམ་པའི་དོགས་པ་འདི་དཔྱད་དགོས་སོ། །དེའི་ཚེ་བརྟགས་པ་སྔ་མ་ལྟར་ཁས་ལེན་ལ། དེ་ལྟ་ན་ཡང་ཉེས་པ་གཉིས་པས་མི་གནོད་དེ། རྒྱུ་གཉིས་པོས་འབྲས་བུ་འབྱིན་པའི་དུས་མི་མཚུངས་པའི་ཕྱིར། གཅིག་གིས་ནི་རང་གི་ཕྱིས་འབྱུང་བའི་འབྲས་བུ་རང་གི་རྗེས་ཐོགས་སུ་འབྱིན་པར་བྱེད། ལྷན་ཅིག་འབྱུང་བས་ནི་རང་དང་དུས་མཉམ་དུ་འབྱིན་པར་བྱེད་པའི་ཕྱིར། གཞན་ཡང་གཞུང་འདིས་ནི། ཆོས་བཞི་པོ་དེ་ལྡན་མཚུངས་ལྟ་བུའི་རྒྱུ་ལས་ཀྱང་སྐྱེས་པར་བསྟན་ལ། དེ་ལྟར་བསྟན་པ་ན་དུས་མཉམ་དུ་འདོད་པའི་ལྡན་མཚུངས་ཀྱི་འབྲས་བུ་ཡང་ལྡན་མཚུངས་ཀྱི་རྒྱུ་ལས་སྐྱེས་པར་གྲུབ། དེ་ལས་སྐྱེས་ན་དེའི་རྗེས་ཐོགས་སུ་བྱུང་བར་གྲུབ་པ་ཡིན་ཏེ། ད་ལྟར་གྱི་དང་འདས་པ་དག །ཅེས་པའི་འགྲེལ་པར། འབྲས་བུ་གྲུབ་ན་ནི་དེ་དག་ཀྱང་འདས་པ་ཡིན་ལ་འབྲས་བུ་ཡང་བྱུང་ཟིན་པས། ཡང་དེ་ཉིད་མི་འབྱིན་ཏོ། །ཞེས་གསུངས་པ་དང༌། དེས་ན་རིགས་པ་མཁྱེན་པས། རྒྱུ་རྣམས་ཐམས་ཅད་སྔར་ཡིད་ཡིན། །ཞེས་དང༌། ཕན་འདོགས་གང་ཡིན་སྐྱེས་པ་ཡིན། །ཞེས་གསུངས་པ་ནི། ཆོས་མངོན་པ་དང་མི་འགལ་བ་གཞིར་གཞག་ནས་ཞིབ་མོར་དཔྱད་པའོ། །གསུམ་པ་རྐྱེན་བཤད་པ་ལ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་ངོས་འཛིན་འཕྲོས་དོན་དང་བཅས་པ། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །ཞེས་པ། རྒྱུའི་དང༌། དམིགས་པའི་དང༌། དེ་མ་ཐག་པའི་དང༌། བདག་པོའི་རྐྱེན་ནོ། །རྒྱུ་དང་རྐྱེན་གྱི་ཁྱད་པར་ནི་གང༌། ཁྱབ་ཆེ་ཆུང་གི་ཁྱད་པར་ཅི་ཞེ་ན། རྒྱལ་པོ་སྲས་ལས། ཁྱབ་ཆེ་ཆུང་དང་དངོས་པོའི་སྒོ་ནས་ཁྱད་པར་མེད་དོ་ཞེས་གསུང་ཡང༌། འདིར་བརྟགས་པ་ནི། འབྲས་བུ་བསྐྱེད་པའི་ཆ་ནས་དང་རྒྱུ་དང༌། འགྲུབ་པའི་ཆ་ནས་རྐྱེན་དུ་གཞག་པ་ཡིན་ཏེ། རྒྱུ་ཡོད་ཀྱང་རྐྱེན་མ་ཚང་ན་མི་འགྲུབ་པའི་ཕྱིར་དང༌། རྐྱེན་ཚང་ཡང་རྒྱུ་མེད་ན་མི་སྐྱེ་བའི་ཕྱིར། དགྲ་བཅོམ་པ་ཐ་མའི་ཡིད་དེ་ཡིད་ཀྱི་ཤེས་པའི་བདག་རྐྱེན་ཡིན་ཀྱང༌། ཡིད་ཀྱི་ཤེས་པ་ཕྱི་མ་མི་སྐྱེ་བ་བཞིན་ནོ། །དེས་ན་འབྲས་བུ་འཛིན་པ་དང་འབྱིན་པའི་ཆ་ནས་རྒྱུ་དང༌། སྐྱེད་པའི་ཆ་ནས་རྐྱེན་དུ་འཇོག་པ་ཡིན་ཏེ། རྒྱུས་བཟུང་བ་དེ་ཉིད་རྐྱེན་གྱིས་སྐྱེད་དགོས་པའི་ཕྱིར། མཚན་གཞི་ནི་དངོས་པོ་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་མེད་ཀྱང༌། མཚན་ཉིད་ཀྱི་འཇོག་མཚམས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དེ། རྒྱུ་དྲུག་ཀ་ཡང་རྐྱེན་གཉིས་སུ་འདུས་ཤིང༌། དེ་མ་འདུས་པའི་རྐྱེན་གཉིས་བཤད་པའི་ཕྱིར། དེ་ཡང་རྫས་ཀྱི་སྒོ་ནས་མི་འདུ་བ་མ་ཡིན་མོད་ཀྱང༌། མཚན་ཉིད་ཀྱི་སྒོ་ནས་མི་འདུ་བ་ཡིན་ཏེ། རྐྱེན་འཇོག་པའི་ཚེ། གཟུགས་དེ་གཟུགས་འཛིན་མིག་ཤེས་ཀྱི་དམིགས་པའི་རྐྱེན་དང༌། འདུས་མ་བྱས་ཡིད་ཀྱི་དམིགས་རྐྱེན་དུ་འཇོག་ཀྱང༌། རྒྱུར་འཇོག་པའི་ཚེ་ན་བྱེད་རྒྱུར་འཇོག་མོད། དེ་ལྟར་ན་ཡང་རྒྱུའི་རྐྱེན་དུ་མི་འོས་པའི་ཕྱིར། དེ་བཞིན་དུ་རིག་པ་སྔ་མ་ཕྱི་མའི་རྒྱུར་འཇོག་པའི་ཚེ། བྱེད་རྒྱུ་དང་སྐལ་མཉམ་གྱི་རྒྱུ་གང་རུང་དུ་འཇོག་ཀྱང༌། རྐྱེན་དུ་འཆད་པའི་ཚེ། རྒྱུ་རྐྱེན་དུ་མི་འཆད་པར་དེ་མ་ཐག་རྐྱེན་དུ་འཆད་དགོས་པ་བཞིན་ནོ། །དེ་ལྟར་བཤད་པ་འདིས་ནི། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཞེས་དང༌། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་པའི་ཞིབ་ཆ་འདོན་ཚུལ་ཡང་རྟོགས་པར་བྱའོ། །གཉིས་པ་ལ། སྤྱིར་བཤད་པ་དང༌། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། འབྲས་བུ་ལ་ཕན་འདོགས་པ་ཆ་ནས་རྒྱུའི་རྐྱེན་དང༌། དེ་སྐྱེ་བ་ལ་གེགས་མི་བྱེད་པའི་ཆ་ནས་བདག་པོའི་རྐྱེན་དང༌། ཆོས་རིགས་མི་མཐུན་གྱིས་བར་མ་ཆོད་པར་འབྲས་བུ་ཕྱི་མ་བསྐྱེད་པའི་ཆ་ནས་དེ་མ་ཐག་པའི་རྐྱེན་དང༌། ཡུལ་ཅན་གྱི་ཤེས་པས་དམིགས་པའི་ཆ་ནས་དམིགས་པའི་རྐྱེན་ནོ། །དེ་ལྟ་ན་དམིགས་རྐྱེན་དང་དེ་མ་ཐག་པའི་རྐྱེན་ལ་གཞི་མཐུན་མི་སྲིད་དེ། ཇི་སྐད་དུ། དེ་ལས་གཞན་པ་ཡིན། །རྐྱེན་དག་དེ་ལས་བཟློག་པ་ཡིན། །ཞེས་བཤད་པའི་ཕྱིར། དེ་གཉིས་གང་རུང་ལ་རྒྱུའི་རྐྱེན་གྱི་ཁྱབ་ཅིང༌། དེ་ལ་བདག་པོའི་རྐྱེན་གྱིས་ཁྱབ་པར་བཤད་པ་ནི་དངོས་བསྟན་ཡིན་ལ། ཞིབ་ཆ་ནི་སོ་སོའི་སྐབས་སུ་ཤེས་སོ། །གཉིས་པ་ལ་ལྔ་ལས། དང་པོ་རྒྱུའི་རྐྱེན་ལ། མཚན་གཞི་ནི། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་དག་གོ །དེ་ཡང་བྱེད་རྒྱུ་ཡིན་ན་རྒྱུའི་རྐྱེན་དུ་རྫས་འགལ་བ་ནི་མ་ཡིན་གྱི། ལྡོག་པའི་སྒོ་ནས་རྒྱུ་ལྔ་པོ་གང་རུང་དུ་མ་འདུས་པའི་བྱེད་རྒྱུའི་དབང་དུ་བྱས་སོ། །དེ་ཡང་གང་ཞེ་ན། སྤྱིར་འདུས་བྱས་དེ་སྐྱེ་བ་ལ་ཕན་འདོགས་པ་དང༌། གེགས་མི་བྱེད་པའི་ཆ་གཉིས་སོ། །ཕན་འདོགས་ཚུལ་ལའང༌། རྒྱུ་ལྔ་པོ་གང་རུང་གི་ནང་དུ་འདུས་པ་དང་མ་འདུས་པའི་དབྱེ་བས་གཉིས་ལས། ཕྱི་མ་ནི་བདག་པོའི་རྐྱེན་དུ་འཆད་དོ། །མཚན་ཉིད་ནི། རྒྱུ་ལྔ་པོ་གང་རུང་གི་བྱ་བའི་སྒོ་ནས་རང་གི་འབྲས་བུ་ལ་ཕན་འདོགས་བྱེད་ཀྱི་རྐྱེན་ནོ། །བྱ་བའང་འཛིན་འབྱིན་གཉིས་ལས། འབྱིན་པ་ལའང༌། འདས་པས་འབྱིན་པ་དང༌། ད་ལྟར་བས་འབྱིན་པ་གཉིས་སོ། །ཕྱི་མ་དེ་མ་ཐག་རྐྱེན་གྱི་ནང་དུ་སྤྱིར་འདུ་ཡང༌། འདིར་བཤད་པ་དང༌། མི་ཟློས་ཏེ། འདིར་ནི་དེ་མ་ཐག་རྐྱེན་ཁྱད་པར་བ་ཞིག་གི་དབང་དུ་བྱས་ནས་འཆད་པའི་ཕྱིར། གཉིས་པ་དེ་མ་ཐག་རྐྱེན་ལ་མཚན་ཉིད་ནི། རང་གི་དེ་མ་ཐག་འབྲས་རང་དང་རྫས་མང་ཉུང་མཚུངས་པར་སྐྱེད་བྱེད་ཀྱི་རིག་པར་སྐྱེས་ཟིན་པ་དེ། འདིར་བསྟན་དེ་མ་ཐག་རྐྱེན་གྱི་མཚན་ཉིད་དོ། །གཉིས་པ་མཚན་གཞི་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མའི་མིན་མཚུངས་དེ་མ་ཐག །ཅེས་སོ། །གསུམ་པ་རྣམ་གཞག་ལ་གསུམ་སྟེ། མཚུངས་པ་དང༌། དེ་མ་ཐག་རྐྱེན་གྱི་དོན་བཤད། ཐ་མའི་མིན་ཚུལ་ཇི་ལྟར་ཡིན་པ་བཤད། མ་འོངས་པ་དེ་མ་ཐག་རྐྱེན་དུ་མི་འགྱུར་བའི་ཚུལ་སོགས་གཞན་ཡང་བཤད་པའོ། །དང་པོ་ནི། མཚུངས་པ་ཡང་ཡིན། དེ་མ་ཐག་པ་ཡང་ཡིན་པས་ན། མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །མཚུངས་པ་ནི། རྫས་མཚུངས་པ་སྟེ། གཙོ་བོ་རྣམ་ཤེས་གཅིག་གི་དེ་མ་ཐག་ཏུ། གཙོ་བོ་རྣམ་ཤེས་རིགས་མཐུན་གཅིག་ཁོ་ན་བསྐྱེད་པ་དང༌། ཚོར་བ་གཅིག་གི་དེ་མ་ཐག་ཏུ་ཚོར་བ་རིགས་མཐུན་གཅིག་ཁོ་ན་འབྱུང་བ་ལ་སོགས་པའོ། །གཟུགས་ཀྱི་ཕུང་པོ་ལ་ནི་དེ་མ་ཐག་པའི་རྐྱེན་ཅན་ཡོད་ཀྱང༌། མཚུངས་པ་མེད་དེ། རྒྱུ་འབྲས་གྲངས་མི་མཉམ་པར་འབྱུང་སྲིད་པས་འཆོལ་བའི་ཕྱིར། ཇི་ལྟར་འཆོལ་ན། སོ་སོར་ཐར་པའི་སྡོམ་པ་བླངས་ནས་མཉམ་པར་མ་གཞག་ན་ནི་སོ་ཐར་གྱི་སྡོམ་པ་ཁོ་ན་བྱུང་ལ། མཉམ་པར་གཞག་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་གཟུགས་ཀྱང་འབྱུང་བས་སོ། །ཞེས་པ་འདི་འགྲེལ་པར་འབྱུང་བའི་རང་ལུགས་ཡིན་ལ། བཙུན་པ་དབྱིག་བཤེས་ན་རེ། ཟས་ཀྱི་རྒྱས་པའི་གཟུགས་དང༌། གཉིད་ཀྱིས་རྒྱས་པའི་གཟུགས་ལྟ་བུ་གཟུགས་རྫས་གཞན་གཉིས་རྒྱུན་གཅིག་ལ་ཅིག་ཆར་དུ་འབྱུང་སྲིད་པས་ཞེས་ཟེར་ལ། མདོ་སྡེ་པ་ན་རེ། སོག་མ་ལ་ཐལ་བ་ལྟ་བུ་ཉུང་ངུ་དང༌། ཤིང་ནྱ་གྲོ་དྷའི་ས་བོན་ལས་ཡལ་ག་སོགས་མང་པོ་སྐྱེ་བ་བཞིན་ནོ། །ཞེས་ཟེར་རོ། །འདི་དག་གི་དོན་ལ་བརྟགས་པ་ན། གཟུགས་ཀྱི་ཕུང་པོ་ལ་སྤྱིར་དེ་མ་ཐག་རྐྱེན་རུང་ཡང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་རུང༌། ཞེས་འཆད་དགོས་སོ། །འོ་ན་དགེ་བའི་སེམས་ཉི་ཤུ་རྩ་གཉིས་ཀྱི་དེ་མ་ཐག་འབྲས་སུ་མི་དགེ་བ་ཉི་ཤུ་འབྱུང་བ་དང༌། ལུང་བསྟན་བཅུ་གཉིས་འབྱུང་བ་ལྟ་བུ་ཉུང་དུ་འགྲོ་བ་དང༌། དེ་ལས་བཟློག་སྟེ་འབྱུང་བ་ལྟ་བུ་མང་དུ་འགྲོ་བ་ཡང་ཡོད་པ་མ་ཡིན་ནམ། ཇི་ལྟར་མཚུངས་པ་ཁོ་ན་ཡིན་ཞེ་ན། ཉེས་པ་མེད་དེ། དེ་འདྲ་དེ་ནི་རིགས་གཞན་ལ་དེ་མ་ཐག་རྐྱེན་ཙམ་ཡིན་གྱི། རིགས་དེ་ལ་མཚུངས་པ་དེ་མ་ཐག་རྐྱེན་མ་ཡིན་པའི་ཕྱིར། དཔེར་ན། ཚོར་བའི་རྫས་གཅིག་ལས་ཚོར་བའི་རྫས་མང་པོ་མི་འབྱུང་བ་དང༌། མང་པོ་ལས་གཅིག་ཁོ་ན་མི་འབྱུང་བ་ལྟ་བུའོ། །བདེ་སྡུག་གཏང་སྙོམས་ལྟ་བུ་ནི་ཚོར་བ་གསུམ་ཡིན་ཀྱང་རིགས་གཞན་མ་ཡིན་པའི་ཕྱིར། ཚོར་བའི་རྫས་གཅིག་ཏུ་འཇོག་པ་སོགས་ཤེས་དགོས་སོ། །འོ་ན་སེམས་གཅིག་ཚོར་འདུས་ལ་སོགས་པ་རིགས་མང་པོའི་དེ་མ་ཐག་རྐྱེན་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། འགྱུར་མོད། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ཏེ། རིགས་མི་མཚུངས་པ་དག་ལ་དེ་མི་འཇོག་པའི་ཕྱིར། དཔེར་ན་གཙོ་བོ་སེམས་རྣམས་རང་དང་རིས་མཐུན་གྱི་གཙོ་སེམས་ཁོ་ནའི་དང༌། ཚོར་བ་ཡང་ཚོར་བ་ཁོ་ནའི་དང༌། འདུ་ཤེས་ཀྱང་འདུ་ཤེས་ཁོ་ནའི་མཚུངས་པ་དེ་མ་ཐག་རྐྱེན་དུ་འཇོག་དགོས་པ་ལྟ་བུའོ། །འོ་ན་དགེ་སེམས་ཀྱི་དེ་མ་ཐག་འབྲས་སུ་ཉོན་མོངས་ཅན་སྐྱེས་པའི་ཚེ། དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་མ་ཐག་རྐྱེན་དེའི་གོང་དུ་སྐྱེས་པའི་ཉོན་མོངས་པ་ཅན་གྱི་སེམས་རིས་མཐུན་ཞིག་ཡོད་པ་དེ་དེའི་མཚུངས་པ་དེ་མ་ཐག་རྐྱེན་དུ་འདོད་པའི་ཕྱིར། དཔེར་ན་འགོག་པ་ལ་སྙོམས་པར་འཇུག་པའི་སེམས་དེ་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་དུ་འདོད་དགོས་པ་བཞིན་ནོ། །དེ་ལྟར་བཤད་པ་ན། མཚུངས་པ་དེ་ཐག་པ་ལ་དེ་མ་ཐག་རྐྱེན་གྱིས་མ་ཁྱབ་པ་ཡང་ཤེས་དགོས་སོ། །གཟུགས་ཀྱི་དེ་མ་ཐག་འབྲས་འཆོལ་བར་མ་ཟད། ལྡན་མི་འདུ་བྱེད་ཀྱི་དེ་མ་ཐག་འབྲས་སུའང༌། མཚན་ཉིད་སྐྱེ་སོགས་དང་ཐོག་པ་ལྟ་བུ་མང་པོ་ཅིག་ཆར་དུ་སྐྱེ་བ་དང༌། ཉུང་དུ་འགྲོ་བ་ཅི་རིགས་པ་ཡོད་པས། མཚུངས་པ་དེ་མ་ཐག་པའི་རྐྱེན་མི་འཆད་དོ། །གཉིས་པ་ནི། དགྲ་བཅོམ་པ་ཐ་མའི་སེམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་རུང་སྟེ། རང་འབྲས་རིག་པ་ཕྱི་མའི་རྒྱུ་མ་ཡིན་པའི་ཕྱིར། འོ་ན་དེ་འདྲ་དེ་ཡིད་ཀྱང་མ་ཡིན་པར་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །ཞེ་ན། མི་མཚུངས་ཏེ། ཡིད་ནི་རྟེན་གྱི་དངོས་པོས་རབ་ཏུ་ཕྱེ་བ་ཡིན་ལ། བྱེད་པས་རབ་ཏུ་ཕྱེ་བ་མ་ཡིན། ཅིག་ཤོས་ནི་བྱེད་པས་རབ་ཏུ་ཕྱེ་བའི་ཕྱིར། དེའི་གོ་བ་ཡང་དཔེར་ན། དེ་མཚུངས་ཀྱིས་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་གནས་ཀྱང༌། དེ་ལ་མིག་གི་རྣམ་ཤེས་མ་བརྟེན་པ་ནི་རྐྱེན་གཞན་མ་ཚང་བས་ཡིན་གྱི། དེ་རྟེན་དུ་མ་གྱུར་པའི་རྒྱུ་མཚན་གྱིས་ནི་མ་ཡིན་པ་བཞིན་ནོ། །དེས་ན་དབང་པོ་རྟེན་དུ་འཇོག་པ་ནི། རྐྱེན་མ་ཚང་བའི་སྟོབས་ཀྱིས་རྣམ་པར་ཤེས་པ་གཞན་མི་སྐྱེ་ཞིང༌། རང་གི་རྣམ་པར་ཤེས་པ་དེ་སྐྱེ་བ་ལ་གེགས་མ་བྱས་པ་ཙམ་མོ། །དེ་ཙམ་གྱི་ཐུན་མོང་མ་ཡིན་པའི་རྒྱུར་ཡང་འཇོག་ནུས་ཏེ། མིག་དབང་ལ་བརྟེན་པའི་རྣམ་པར་ཤེས་པ་གཞན་སྐྱེ་བའི་རྐྱེན་ནི་མི་སྲིད། མིག་གི་རྣམ་པར་ཤེས་པ་ལ་བརྟེན་ནས་སྐྱེ་བའི་རྐྱེན་སྲིད་པའི་ཕྱིར། གསུམ་པ་ནི། འོ་ན་ཅིའི་ཕྱིར་མ་འོངས་པའི་སེམས་སེམས་བྱུང་རྣམས་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འཆད་ཅེ་ན། མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར་དང༌། དེ་མ་ཐག་ཏུ་སྐྱེད་པ་ཞེས་བྱ་བའི་དོན་ལ་ནི་སྔ་ཕྱི་དགོས་པའི་ཕྱིར། འོ་ན་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ལུང་སྟོན་པ་ན། འདིའི་འོག་ཏུ་འདི་འབྱུང་ཞེས་ལུང་སྟོན་པ་མི་འཐད་པ་དང༌། ཆོས་མཆོག་གི་མཇུག་ཐོགས་སུ་ཆོས་བཟོད་སྐྱེ་བ་སོགས་མི་འཐད་དོ། །ཞེ་ན། ཉེས་པ་མེད་དེ། མ་འོངས་པའི་ས་དེ་ན་སྔ་ཕྱི་མེད་པར་གནས་ཀྱང༌། ད་ལྟར་གྱི་དུས་སུ་སྔོན་ལ་གང་བྱུང་མཁྱེན་པའི་ཕྱིར། ཞེས་པ་འདི་ཉིད་ལན་ཡིན་ལ། འོན་ཀྱང་འགྲེལ་པར་ནི། བྱེ་སྨྲའི་འདོད་པ་ལ་སངས་རྒྱས་ཀྱིས་འདས་ད་ལྟར་ལ་རྗེས་སུ་དཔགས་ནས་མ་འོངས་པ་མཁྱེན་པ་ཡིན། དཔེར་ན་དགེ་སློང་གི་ཚོགས་མང་པོ་གནས་གཅིག་ན་ཁྲོམ་ཚོགས་སུ་འདུག་པ་ལ། བསླབ་ཚིགས་རྒན་གཞོན་ཤེས་པ་ཞིག་གིས་བལྟས་པ་ན་གྲལ་གྱི་རིམ་པ་ངོ་ཤེས་པ་ཡིན་ནོ། །ཞེས་ཟེར་བ་ལ། སློབ་དཔོན་གྱིས་སྐྱོན་བརྗོད་པ་ནི། དེ་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་གྱི་མཐའ་མ་གཟིགས་ན་ཕྱི་མའི་མཐའ་མི་མཁྱེན་པར་འགྱུར་རོ། །ཞེས་གསུངས། ཉེས་པ་གཉིས་པས་ཀྱང་མི་གནོད་དེ། གཏན་ཚིགས་འདི་ལྟར་གང་ཞིག་གང་ལ་རག་ལས་ནས་སྐྱེ་བ་དེ་ནི་དེའི་མཇུག་ཐོགས་སུ་སྐྱེ་བས་ཁྱབ། དཔེར་ན་ས་བོན་ལས་མྱུ་གུ་བཞིན། ཆོས་བཟོད་ཀྱང་ཆོས་མཆོག་ལ་རག་ལས་སོ། །གཉིས་པོ་མ་འོངས་པའི་ས་ན་མཉམ་དུ་ཡོད་ཀྱང༌། རྒྱུ་འབྲས་སུ་མི་རུང་སྟེ། རྒྱུ་དྲུག་པོ་དང་འབྲས་བུ་ལྔ་པོ་གང་ཡང་བརྩི་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ། ཇི་སྐད་དུ། གསུམ་པོ་དག་ནི་དུས་གསུམ་པ། །ཞེས་བཤད་པས་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སོ་སྙམ་ན། མ་ཡིན་ཏེ། དུས་དེར་འབྲས་བུ་འཛིན་འབྱིན་གྱི་བྱ་བ་མི་བྱེད་པའི་ཕྱིར། དེ་ལྟ་ནའང་དུས་གསུམ་པར་མི་འགལ་ཏེ། རྒྱུ་འབྲས་སུ་འགྲོ་རྒྱུ་གཉིས་ཀ་མ་འོངས་པའི་གནས་དེ་ན་ཚོགས་ཡོད་པ་ལ་དགོངས་པས་སོ། །མདོར་ན་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ལ་དེ་མ་ཐག་རྐྱེན་གྱི་དབྱེ་བ་གསུམ་སྟེ། མཚུངས་པ་དེ་མ་ཐག་རྐྱེན་དང༌། སེམས་ཀྱི་དེ་མ་ཐག་རྐྱེན་དང༌། སྙོམས་འཇུག་གི་དེ་མ་ཐག་རྐྱེན་ནོ། །དང་པོ་གཉིས་ལ་ཤེས་པས་ཁྱབ་ལ། གསུམ་པ་ནི་སྙོམས་འཇུག་གཉིས་ཀྱང་ངོ༌། །དེ་མ་ཐག་འབྲས་ལའང་གསུམ་སྟེ། མཚུངས་པ་དེ་མ་ཐག་འབྲས་དང༌། སེམས་ཀྱི་དེ་མ་ཐག་འབྲས་དང༌། སྙོམས་འཇུག་གི་དེ་མ་ཐག་འབྲས་སོ། །དང་པོ་ལ་ཤེས་པས་ཁྱབ་ལ། གཉིས་པ་དང་གསུམ་པ་ལ་མ་ཁྱབ་སྟེ། སེམས་སེམས་བྱུང་གི་མཚན་ཉིད་སྐྱེ་སོགས་བཞི་དང༌། སེམས་མེད་ཀྱི་སྙོམས་འཇུག་སྐད་ཅིག་དང་པོ་དང༌། དེའི་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་རྣམས་ཀྱང་མཚུངས་པ་དེ་མ་ཐག་རྐྱེན་ལས་མི་འབྱུང་ཡང༌། སེམས་ཀྱི་དེ་མ་ཐག་འབྲས་དང༌། སྙོམས་འཇུག་གི་དེ་མ་ཐག་འབྲས་སུ་བཤད་པའི་ཕྱིར། འོ་ན། གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །ཤེས་པར། སྙོམས་འཇུག་གཉིས་མཚུངས་པ་དེ་མ་ཐག་རྐྱེན་ལས་སྐྱེ་བར་བཤད་པ་མ་ཡིན་ནམ། ཞེ་ན། དེ་ལས་སྐྱེ་ཡང༌། དེའི་དེ་མ་ཐག་འབྲས་སུ་ཁས་མི་ལེན་པས་ཉེས་པ་མེད་དེ། དེ་དེའི་མཚུངས་པ་དེ་མ་ཐག་རྐྱེན་དུ་མི་འདོད་པའི་ཕྱིར། ཞེས་པའམ། ཡང་ན་མཚུངས་པ་དེ་མ་ཐག་འབྲས་ལ་ཡང་ཤེས་པས་མ་ཁྱབ་པ་གང་བདེ་དཔྱད་པར་བྱའོ། །མདོར་ན་དེ་མ་ཐག་རྐྱེན་ཕྱི་མ་གཉིས་ལ་རང་གི་དེ་མ་ཐག་འབྲས་དངོས་སུ་སྐྱེད་བྱེད་ཡིན་པས་ཁྱབ་ཀྱང༌། དངོས་སུ་འབྱིན་བྱེད་ཡིན་པས་མ་ཁྱབ་སྟེ། སེམས་མེད་ཀྱི་སྙོམས་འཇུག་ཐ་མ་ལྡང་སེམས་སྐད་ཅིག་དང་པོའི་སྐྱེད་བྱེད་ཡིན་ཀྱང་འབྱིན་བྱེད་མ་ཡིན་པ་ལྟ་བུའོ། །དེའི་མཚུངས་པ་དེ་མ་ཐག་རྐྱེན་ལ་ནི་དངོས་སུ་འབྱིན་བྱེད་ཡིན་པས་ཁྱབ་ཀྱང༌། དངོས་སུ་སྐྱེད་བྱེད་ཡིན་པས་མ་ཁྱབ་སྟེ། དཔེར་ན་མི་དགེ་བའི་བར་དུ་ཆོད་པའི་དགེ་བ་སྐད་ཅིག་སྔ་ཕྱི་དང༌། འགོག་པ་ལ་སྙོམས་པར་འཇུག་སེམས་དང་ལྡང་སེམས་བཞིན་ནོ། །དེ་ལྟར་མཐའ་ཆོད་པ་ན། དེ་མ་ཐག་རྐྱེན་ཙམ་ལ་སྐལ་མཉམ་གྱི་རྒྱུས་མ་ཁྱབ་ཀྱང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་དེས་ཁྱབ་ལ། དེའི་ཕྱིར་འབྲས་བུ་རྐྱེན་ཅན་དེ་ཤེས་པ་ཡིན་པ་ལ་ནི་རྐྱེན་གསུམ་གྱིས་ཆོག་པ་ཡིན་ཏེ། གང་ཞེ་ན། རྒྱུའི་རྐྱེན་ལོགས་སུ་བོར་ནས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་གསུམ་མོ། །དོན་དེ་ལ་དགོངས་ནས། རྣམ་འགྲེལ་མཛད་པས་དབང་ཤེས་ཀྱི་རྐྱེན་ལ། གསུམ་དུ་གྲངས་ངེས་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། དེ་ཡང་དབང་པོ་དོན་ནམ་བློ། །ཡང་ན་ཡིད་བྱེད་སྔ་མར་འགྱུར། །རྒྱུ་འབྲས་ཚོགས་པ་འདི་དག་ལ། །འབྲེལ་པ་ཅན་གཞན་ཡོད་མིན་ཏེ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་ལུགས་དེ་ལ་ཡང་གཟུགས་འཛིན་མིག་ཤེས་ཀྱི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་དྲན་པའི་སེམས་བྱུང་དྲན་བློ་དེ་དངོས་སུ་སྐྱེད་བྱེད་མིག་གི་རྣམ་ཤེས་ཡིན་ཀྱང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སེམས་བྱུང་དུ་གྱུར་པའི་རྟོག་པ་སྔ་མ་གཞན་ཞིག་ལ་འདོད་དགོས་སོ། །གསུམ་པ་དམིགས་པའི་རྐྱེན་ལ། མཚན་གཞི་ནི། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །དེ་ཡང་གཟུགས་ལྟ་བུ་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པའི་དམིགས་རྐྱེན་དུ་འཇོག་པ་ནས། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པའི་དམིགས་རྐྱེན་དུ་འཇོག་པའོ། །མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་ཤེས་པས་དམིགས་པའི་སྒོ་ནས་དེ་ལ་ཕན་འདོགས་བྱེད་ཀྱི་རིགས་སོ། །འདི་ཡང་རྒྱུ་འབྲས་དུས་མཉམ་པ་ཡིན་ཏེ། འབྲས་བུ་འགགས་པ་ལ་བྱ་བ་བྱེད་པར་བཤད་པའི་ཕྱིར། འོ་ན་འདུས་མ་བྱས་རྐྱེན་དུ་ཇི་ལྟར་འགྱུར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་འདི་དངོས་པོར་འདོད་པས། དེར་ཁས་བླངས་ཀྱང་འགལ་བ་མེད་ལ། ཡང་ན་འདུས་མ་བྱས་སྤྱིར་དམིགས་རྐྱེན་ཡིན་ཀྱང༌། ཤེས་པ་འདི་ལྟ་བུ་ཞིག་གི་དམིགས་རྐྱེན་ཡིན། ཞེས་ཁས་མི་ལེན་ཏེ། དེ་སྤྱིར་བདག་རྐྱེན་དུ་ཁས་ལེན་ཀྱང༌། ཆོས་འདི་ལྟ་བུ་ཞིག་གི་བདག་རྐྱེན་ཡིན་ནོ་ཞེས་ཁས་ལེན་མི་ནུས་པ་བཞིན་ནོ། །འདི་ལ་དམིགས་པ་དང་རྐྱེན་གཉིས་ཀ་མཚན་ཉིད་པ་མི་དགོས་ཏེ། དཔེར་ན་གཟུགས་འཛིན་མིག་ཤེས་ཀྱིས་མ་དམིགས་ཤིང༌། དེ་མ་ཕན་མི་འདོགས་པའི་གཟུགས་དག་ཀྱང་དེའི་རིགས་སུ་གནས་པའི་དམིགས་རྐྱེན་དུ་འཇོག་སྟེ། རིའི་བུད་ཤིང་བཞིན་ནོ། །ཞེས་འགྲེལ་པ་ལས་བྱུང་ངོ༌། །བཞི་པ་བདག་པོའི་རྐྱེན་ལ། མཚན་གཞི་དང་མཚན་ཉིད་ཐུན་མོང་དུ་སྟོན་པ་ནི། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་སོ། །དེ་ཡང་རང་གི་འབྲས་བུ་ལ་དབང་བྱེད་པ་ཞེས་བྱ་བའི་དོན་ཡིན་ལ། དེ་ཡང་སྐྱེད་པའི་སྒོ་ནས་ནི་མ་ཡིན་གྱི། གེགས་མི་བྱེད་པའི་ཆ་ནས་སོ། །འོ་ན་མིག་གི་དབང་པོ་ཉན་ཤེས་མ་འོངས་པའི་བདག་པོའི་རྐྱེན་དུ་འགྱུར་རོ། །འདོད་ན་དེ་མིག་ཤེས་སུ་འགྱུར་ཏེ། མིག་གི་དབང་པོའི་བདག་འབྲས་སུ་གྱུར་པའི་ཤེས་པ་ཡིན་པས་སོ་སྙམ་ན། རྒྱུ་འབྲས་སུ་སོང་བ་གཞིར་བྱས་ཀྱི་སྟེང་དུ་གེགས་མ་བྱས་པ་ལ་བདག་རྐྱེན་གྱིས་ཁྱབ་པ་ཡོད་ཀྱང༌། སྤྱིར་མ་ཡིན་ཏེ། ཁོ་མིག་ཤེས་ཀྱི་བདག་རྐྱེན་ཡིན་པ་དང༌། མི་ཤེས་ཁོའི་བདག་འབྲས་སུ་འཇོག་པ་ལ་རྒྱུ་རྐྱེན་གཞན་ཚང་དགོས་པའི་ཕྱིར། དཔེར་ན་དེ་མཚུངས་ཀྱི་མིག་གི་དབང་པོ་དེ་སྤྱིར་བདག་རྐྱེན་ཡིན་ཀྱང་མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་དང༌། དེ་དེའི་བདག་འབྲས་སུ་མི་འཇོག་པ་བཞིན། འོ་ན། སྔོན་བྱུང་མ་ཡིན། ཞེས་སོགས་དང༌། ལས་གང་འབྲས་བུ་དུ་དང་བཅས་པ་འཆད་པའི་སྐབས་སུ། སྔོན་བྱུང་བ་མ་ཡིན་པའི་འདུས་བྱས་གང་ཡིན་ཀྱང་བདག་འབྲས་ངེས་པར་བརྩི་དགོས་པའི་ཁྱབ་པ་ཡོད་པར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བུམ་པ་སྣམ་བུའི་བདག་འབྲས་སུ་མི་འཆད་པའི་ཕྱིར། གཞན་དུ་ན་དེ་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པར་འགྱུར་ཏེ། རྒྱུ་འབྲས་སུ་ཁས་བླངས་པའི་ཕྱིར། བདག་འབྲས་འབྲས་བུ་གོ་ཆོད་པོ་མ་ཡིན་ནམ། བདག་རྐྱེན་ཡང་རྐྱེན་གོ་ཆོད་པོ་མ་ཡིན་པར་མཚུངས་སོ། །དེས་ན་བདག་རྐྱེན་དུ་མི་འགྱུར་བའི་འདུས་བྱས་མི་སྲིད་ཅིང༌། བདག་འབྲས་སུ་མི་འགྱུར་བའི་ཡང་དེ་མི་སྲིད་པ་ལ་དགོངས་ནས་དེ་ལྟར་བཤད་པ་ཡིན་ནོ། །འོ་ན་དེའི་བདག་རྐྱེན་ཡིན་པ་ལ་དེའི་རྒྱུ་ཡིན་དགོས་དེའི་ཚེ་དེ་སྐྱེད་བྱེད་ཡིན་དགོས། དེ་ལྟ་ན་ཉན་ཤེས་དེ་མིག་ཤེས་ཀྱི་འབྲས་བུར་འགྱུར་ལ། དེ་ལྟ་ན་དེ་དེ་ལས་སྐྱེས་པར་འགྱུར་རོ། །ཞེ་ན། དེ་དེའི་བདག་རྐྱེན་དུ་ཁས་མི་ལེན་མོད། ལེན་ཀྱང་སྔ་མ་ལ་ཁྱབ་པ་མ་ངེས་པ་ནི། རྒྱུ་ལྔའི་ཁོངས་སུ་མ་འདུས་པའི་བྱེད་རྒྱུ་བཤད་པ་ལས་དང༌། ཕྱི་མ་ལ་ཁྱབ་པ་མ་ངེས་པ་ནི། མ་འོངས་པའི་རྒྱུ་འབྲས་ཀྱི་མིང་ཅན་དག་ལ་སྟེ། འདི་ལྟར། ཚེ་འདིའི་མི་དགེ་བ་དེ་ཚེ་ཕྱི་མའི་སྡུག་བསྔལ་གྱི་ཕུང་པོ་སྐྱེད་བྱེད་ཡིན་ཀྱང༌། དེ་དེ་ལས་མ་སྐྱེས་པ་བཞིན་ནོ། །གཞན་དུ་ན། དེ་སྤྱིར་སྐྱེས་པར་འགྱུར་ཏེ། དེ་ལས་སྐྱེས་པའི་ཕྱིར། འདོད་ན་མ་འོངས་པ་མ་ཡིན་པར་འགྱུར་རོ། །སྤྱིར་ཡང་སྐྱེས་ན་ད་ལྟ་སྐྱེས་པས་མ་ཁྱབ་ཅེས་ཟེར་བ་ནི། རྟོག་གེ་སྨྲ་བ་མི་མཁས་པ་དག་གི་ལུགས་ཡིན་ལ། བྱེ་བྲག་ཏུ་གཞུང་ལུགས་འདིར་ནི། སྐྱེས་པ་ཞེས་བྱ་བ་འདས་པ་དང་ད་ལྟར་བ་ཁོ་ན་ལ་འཆད་པའི་ཕྱིར། འདུས་བྱས་ཡིན་ཕྱིན་ཆད་ལ་བདག་འབྲས་རྩི་བའི་བཤད་པ་ཞིག་འབྱུང་བ་དེ་ནི། སྤྱིར་རྒྱུ་འབྲས་ཡིན་པ་གཞིར་གཞག་ནས། རྒྱུ་ཡང་འདུས་བྱས་ཡིན། འབྲས་བུ་ཡང་འདུས་བྱས་ཡིན་པ་དེའི་ཚེ་བདག་འབྲས་མི་རྩི་བ་མི་སྲིད་དོ། །ཞེས་བྱ་བའི་དོན་ཡིན་གྱི། འབྲེལ་མེད་རྫས་གཞན་དེ་ལས་སྔོན་དུ་བྱུང་བ་མ་ཡིན་པ་ཙམ་གྱིས་བདག་འབྲས་སུ་བཞག་མི་ནུས་སོ། །ཡང་ན་འདི་ལྟར། མིག་དབང་ལྟ་བུ་ཉན་ཤེས་ཀྱི་བདག་རྐྱེན་ཡིན་ཏེ། དེ་དེ་ལས་སྐྱེས་པས་མ་ཁྱབ་ཀྱང༌། དེ་དེའི་འབྲས་བུ་ཡིན་དགོས་པར་ཁས་བླངས་ནས། བདག་རྐྱེན་དང་བདག་འབྲས་ཀྱི་འཇོག་མཚམས་འཆད་པ་ན། དེ་ལས་ཕྱིས་བྱུང་བ་མ་ཡིན་པའི་འདུས་བྱས་གང་ཞིག་དེ་སྐྱེ་བ་ལ་གེགས་མ་བྱས་ཙམ་གྱིས་བདག་རྐྱེན་དུ་འཇོག་པ་དང༌། འདུས་བྱས་དེ་ལས་ཐ་དད། དེ་ལས་སྔོན་བྱུང་བ་མ་ཡིན་པ་ཙམ་གྱིས། དེའི་བདག་འབྲས་སུ་འཇོག་པ་འདི། བོད་ཀྱི་འཆད་པ་པོ་ཀུན་གྱི་བཤད་པར་སྣང་ཡང༌། ནོར་པ་ཉིད་དུ་རྣམ་པར་བཞག་ནས། རྒྱུ་ཕྱི་མ་ལྔ་དང༌། བྲལ་འབྲས་མ་གཏོགས་པའི་འབྲས་བུ་བཞི་པོ་གང་རུང་བརྩི་རྒྱུ་ཡོད་པ་གཞིར་བྱས་ཀྱི་སྟེང་དུ། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཤེས་བཤད་པ་དེ་ཉིད་སྒྲ་ཇི་བཞིན་པ་ཁས་ལེན་དགོས་པ་ཡིན་ཏེ། བདག་རྐྱེན་དང་བདག་འབྲས་ཀྱིས་རྒྱུ་འབྲས་མཚན་ཉིད་པའི་གོ་ཆོད་ཅིང༌། དེར་འཇོག་པ་ལ་ཕན་གདགས་བྱ་དང་འདོགས་བྱེད་ཀྱི་རྣམ་གཞག་ཚང་དགོས་པའི་ཕྱིར། དེའི་ཚེ་ན་སྔར་བྱེད་རྒྱུའི་སྐབས་སུ་བཤད་པ་བཞིན། ཁོ་དེའི་བྱེད་རྒྱུ་ནུས་བཅས་དེ་ཡིན་ན། དེ་ཁོའི་བདག་འབྲས་ཡིན་པས་ཁྱབ་པ་ཁས་བླང་བར་བྱའོ། །དེ་ནས་རྐྱེན་དང་རྒྱུ་རྣམས་ཀྱིས་འབྲས་བུ་ལ་བྱ་བ་བྱེད་པའི་ཚུལ་ཐུན་མོང་དུ་འཆད་པ་ནི། རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་བྱེད་དོ་གསུམ་པོ་ནི། །སྐྱེ་ལའོ་དེ་ལས་གཞན་པ་ཡི། །རྐྱེན་དག་དེ་ལས་བཟློག་པ་ཡིན། །ཞེས་སོ། །འདིར་སྐྱེ་ལ་བྱ་བ་བྱེད་ཅེས་པ་ནི། མ་འོངས་པ་ལ་སྐྱེད་པའི་བྱ་བ་བྱེད་པ་ལས་འོས་མེད་ལ། འགག་པ་ལ་བྱ་བ་བྱེད་པའི་དོན་ཡང༌། མ་སྐྱེས་པ་སྐྱེད་པར་བྱེད་པའི་དོན་ཡིན་གྱི། སྐྱེས་ཟིན་འགག་པར་བྱེད་པའི་དོན་ནི་མ་ཡིན་ནོ། །གཞན་དུ་ན་གནོད་པ་བྱེད་པར་སོང་བས་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་སྐྱེས་ཟིན་སྐྱེད་པར་བྱེད་དོ་སྙམ་ན། འོ་ན་ལྡན་མཚུངས་ཀྱི་རྒྱུ་གཉིས་ཆོས་ཅན། རང་གི་འབྲས་བུ་འབྱིན་བྱེད་མ་ཡིན་པར་འགྱུར་ཏེ། རང་དུས་སུ་རང་གི་འབྲས་བུ་སྐྱེས་ཟིན་པའི་ཕྱིར། དེ་ལྟ་བས་ན་འབྱིན་ཞེས་པ་ཉིད་ཀྱིས་སྔ་ཕྱི་བར་གྲུབ་པ་ཡིན་ཏེ། དེ་ལས་གཞན་དུ་དུས་མཉམ་པར་འཆད་དགོས་ན། ཇི་སྐད་དུ། ད་ལྟར་གྱི་དང་འདས་པ་དག་ཅེས་པའི་སྐབས་སུའང་དེར་འགྱུར་ལ། དེ་ལྟར་ན་ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་འབྲས་ལའང་དུས་མཉམ་སྲིད་པར་འགྱུར་རོ། །བྱེ་སྨྲའི་མཐར་ཐུག་གི་གྲུབ་མཐའ་འདི་ལྟར་ཁས་བླངས་པ་ལ། བོད་ཀྱི་སློབ་དཔོན་གཞན་དག་ན་རེ། འོ་ན་སེམས་མེད་ལས་ལངས་མ་ཐག་པའི་སྐད་ཅིག་མ་དང་པོའི་ཚེ། གཙོ་སེམས་དེའི་འཁོར་ན་ཀུན་འགྲོ་ལྔ་མེད་པར་འགྱུར་ཏེ། དུས་མཉམ་པའི་སེམས་ལས་མ་བྱུང་ཞིང༌། སྔ་ལོགས་ན་གཙོ་སེམས་མེད་པའི་ཕྱིར། ཁྱབ་པ་མ་ངེས་ན། སེམས་ལས་མ་བྱུང་བའི་སེམས་བྱུང་ཁས་ལེན་དགོས་པར་འགྱུར་རོ། །ཞེས་ཟེར་བ་ནི་བྱེ་སྨྲའི་གྲུབ་མཐའ་མ་བརྟགས་པ་ཡིན་ཏེ། དེ་དུས་ཀྱི་གཙོ་འཁོར་གཉིས་ཀ་ལ་འཛིན་འབྱིན་གྱི་བྱ་བ་ནི། རང་གི་མཚུངས་པ་དེ་མ་ཐག་རྐྱེན་དུ་གྱུར་པའི་འཇུག་སེམས་ཀྱིས་བྱེད་པའི་ཚུལ་རྒྱས་པར་བཤད་ཟིན་པ་དེ་ཉིད་ཡིན་ལ། དངོས་སུ་སྐྱེད་བྱེད་ནི་སྙོམས་འཇུག་གི་དེ་མ་ཐག་པ་ཅན་དུ་བཤད་ཟིན་པ་དེ་ཉིད་ཀྱིས་སོ། །དེ་ལྟར་རྐྱེན་བཞི་ངོས་འཛིན་བཤད་ཟིན་ནས། འཕྲོས་པའི་དོན་ནི། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་བཤད་པ་ཇི་ལྟར་ཞེ་ན། ཇི་སྐད་དུ། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། །འབྱུང་ལས་གྱུར་པའི་རྣམ་པ་ལྔ། །འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། །འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །ཅེས་གསུངས་སོ། །འབྱུང་བ་བཞིའི་ཚོགས་པ་གཅིག་པ་ནང་ཕན་ཚུན་དུ་སྐལ་མཉམ་དང་ལྷན་ཅིག་འབྱུང་བའི་རྒྱུ་གཉིས་པོ་ཁོ་ན་བྱེད་དེ། གཞན་གསུམ་པོ་བརྩི་རྒྱུ་མེད་པའི་ཕྱིར། ཚོགས་པ་གཅིག་པའི་བཞི་པོ་རང་རང་སོ་སོའི་སྐལ་བ་མཉམ་པའི་རྒྱུ་བྱེད་པར་མ་ཟད་སས་ཆུའི་སྐལ་བ་མཉམ་པ་སོགས་གཞན་གྱིའང་རྒྱུ་བྱེད་པར་ཁས་ལེན་དགོས་ཏེ། སས་ཆུ་ལ་སྐལ་མཉམ་གྱི་རྒྱུ་མི་བྱེད་ན་དེས་དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་གཅིག་པོ་ལས་མེད་པས། རྣམ་པ་གཉིས་ཞེས་པ་མི་འགྲུབ་པའི་ཕྱིར། འདིར་ཀུན་འགྲོ་དང༌། རྣམ་སྨིན་གྱི་རྒྱུ་མི་འཇོག་སྟེ། འབྱུང་བ་ལུང་མ་བསྟན་ཁོ་ནར་ངེས་པས་སོ། །འདིར་བྱེད་རྒྱུ་ནི་སྔ་མ་གཉིས་པོའི་ནང་དུ་འདུས་པ་ཡིན་ཏེ། དེས་དེ་ལ་རྒྱུ་ལྔ་པོ་གང་རུང་བྱས་པའི་ཚེ། བྱེད་པའི་རྒྱུར་ཡང་འགྱུར་བས་ཁྱབ་པའི་ཕྱིར་དང༌། ཆོས་དེའི་འབྲས་བུ་ལྔ་པོ་གང་རུང་ཡིན་ན། བྲལ་འབྲས་ལོགས་སུ་བཀར་ནས་བདག་འབྲས་ཀྱང་ཡིན་པས་ཁྱབ་པའི་ཕྱིར། འབྱུང་བས་འབྱུང་གྱུར་ལ་བྱེད་རྒྱུ་ཁོ་ན་གཞིར་བྱས་པའི་ཕན་འདོགས་ཚུལ་རྣམ་པ་ལྔ་བྱེད་པ་ཡིན་ཏེ། འགྲེལ་པ་ལས། སྐྱེད་ཕྱིར་བརྟེན་ཕྱིར་གནས་ཕྱིར་དང༌། །སྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །ཞེས་འབྱུང་ལ། དེའི་ཤེས་བྱེད་དུ། གང་སྤེལ་གྱིས། སྐྱེ་དང་རྗེས་མཐུན་རྟེན་དང་ནི། །རྒྱུན་མི་ཆད་དང་འཕེལ་བ་ལ། །ཞེས་བཤད། དེའི་ཕྱིར་འབྱུང་གྱུར་ཡིན་ན། རང་གི་རྟེན་འབྱུང་བ་དེའི་བདག་འབྲས་ཡིན་པས་ཁྱབ་པར་ནི་འདོད་ལ། ཕན་འདོགས་ཚུལ་ལྔ་བཤད་པས་སྐྱེས་བུ་བྱེད་པའི་འབྲས་བུར་ཡང་ཁས་ལེན་མོད། འབྲས་བུ་གཞན་གསུམ་འཇོག་པའི་གོ་སྐབས་མེད་དོ། །འདི་ཡང་ཞིབ་མོར་བརྟགས་ན། རྣམ་པ་ལྔ་པོ་དེ་བྱེད་རྒྱུའི་ཆ་ནས་གཞག་པའི་ཤེས་བྱེད་གསལ་པོ་མི་རྙེད་ཅིང༌། རྒྱུ་གཞན་ལྔ་པོར་ཡང་མི་འདོད་པས་རྒྱུ་དྲུག་པོ་གང་རུང་དུ་མ་འདུས་པའོ། །དེ་ཡང་དམིགས་རྐྱེན་འདུས་མ་བྱས་དང༌། འགོག་བདེན་གྱི་བྲལ་རྒྱུ་ལྟ་བུ་དྲུག་ཏུ་མ་འདུས་པའི་རྒྱུ་ཁས་ལེན་ཞིང༌། བཞི་པོར་མ་འདུས་པའི་རྐྱེན་ཁས་མི་ལེན་པ་ནི། ཇི་སྐད་དུ། རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །རྐྱེན་ནི་བཞི་པོ་དག་ཏུ་གསུངས། །ཞེས་འདོད་པ་དང་གསུངས་པའི་ཁྱད་པར་ལས་ཀྱང་གྲུབ་བོ། །འབྱུང་གྱུར་རྣམས་རྒྱུ་འབྱུང་བ་མ་ཡིན་པ་ལས་སྐྱེ་བའི་ཚེ་ནི། མཚུངས་ལྡན་གྱི་རྒྱུ་མ་གཏོགས། ལྔ་ལས་སྐྱེ་བ་སྲིད་པར་ཁས་བླངས་པས་ཆོག་པ་ཡིན་ཏེ། འབྱུང་གྱུར་ལ་ཉོན་མོངས་ཅན་སྲིད་པ་དང༌། སེམས་ཀྱི་རྗེས་སུ་འབྲང་བའི་འབྱུང་འགྱུར་རྣམས་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུར་བཤད་པ་དང༌། རྣམ་སྨིན་གྱི་ངོ་བོར་གྱུར་པའི་ནང་གི་དབང་པོ་ལྔ་སྲིད་པའི་ཕྱིར་རོ། །ཡང་ཚོགས་པ་གཅིག་ལ་རག་ལས་པའི་འབྱུང་གྱུར་རྣམས་ནི་ཕན་ཚུན་དུ་རྒྱུ་རྣམ་པ་གསུམ་བྱེད་དེ། ལྷན་ཅིག་འབྱུང་བ་དང༌། སྐལ་མཉམ་དང༌། རྣམ་པར་སྨིན་པའི་རྒྱུའོ། །བྱེད་རྒྱུ་ནི་ལོགས་སུ་མ་བགྲངས་ཏེ། རྒྱུ་མཚན་གོང་དུ་བཤད་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ལུང་ངག་གི་ལས་དགེ་བ་དང་མི་དགེ་བ། རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་གྱུར་པ་དེས། མིག་གི་དབང་པོ་ལ་སོགས་པའི་རྣམ་སྨིན་གྱི་རྒྱུ་བྱེད་པ་དང༌། སྒྲ་མ་གཏོགས་པའི་འབྱུང་གྱུར་སྔ་མས་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པ་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་དབང་དུ་བྱས་པའི་ལུས་ངག་གི་སྤོང་བ་བདུན་པོ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་བྱེད་པའོ། །དེ་ལས་གཞན་པའི་འབྱུང་གྱུར་རྣམས་ནི་ཕན་ཚུན་དུ་ལྷན་ཅིག་འབྱུང་བའི་རྒྱུ་བྱེད་པ་མེད་དེ། ཚོགས་པ་དང་མཚན་ཉིད་ཐ་དད་པས་ཕན་ཚུན་དུ་ནུས་པ་འཇུག་པ་མེད་པའི་ཕྱིར། དེ་ཡང་དཔེར་ན། སོ་ཐར་སྡོམ་པའི་སྤོང་བ་བདུན་པོ་དེ་རྒྱུད་གཅིག་ལ་ཡོད་ཀྱང༌། རྒྱུ་འབྱུང་བ་བཞི་ཚན་ཐ་དད་ཀྱིས་བསྐྱེད་པས་ཚོགས་པ་ཐ་དད་པ་དང༌། སྤོང་བ་བདུན་པོ་གཅིག་མེད་ན་གཞན་མི་འབྱུང་བ་མ་ཡིན་པའི་ཕྱིར། དེ་བཞིན་དུ་རི་བོ་ལྟ་བུ་གཅིག་གི་གོ་ས་ན་ཡོད་པའི་འབྱུང་གྱུར་གཟུགས་སྒྲ་ལ་སོགས་པ་ལྔ་པོ་ཡང༌། སྤྱི་ཙམ་ནས་ཚོགས་པ་གཅིག་ལ་རག་ལས་པ་ཡིན་ཀྱང༌། རང་རང་ལ་ཕན་འདོགས་ཚུལ་རྣམ་པ་ལྔ་བྱེད་པའི་འབྱུང་བ་བཞི་ཚན་རྣམས་ནི་རྫས་ཐ་དད་པ་ཡིན་ཏེ། དཔེར་ན་འབྱུང་བ་གཞན་གསུམ་དང༌། བཅས་པའི་སའི་ནུས་པས་དྲི་སྐྱེད་པ་དང༌། དེ་དང་བཅས་པའི་ཆུའི་ནུས་པས་རོ་སྐྱེད་པ་ལ་སོགས་པ་བཞིན་ནོ། །འོ་ན་ཚོགས་པ་གཅིག་པའི་འབྱུང་གྱུར་གྱིས་འབྱུང་བའི་རྒྱུ་མི་བྱེད་ཅི་ཞེ་ན། དེས་དེ་ལ་བྱེད་པའི་རྒྱུ་གཅིག་བུ་བྱེད་དོ། །ཞེས་བཤད་ན་སྔོན་གྱི་འཆད་པ་པོ་གང་དང་མཐུན་ལ་དེ་ལྟ་ན་ཡང་འབྱུང་བ་རང་དང་ཚོགས་པ་གཅིག་པའི་འབྱུང་གྱུར་གྱི་བདག་འབྲས་སུ་གྱུར་པ་མི་སྲིད་དེ། དེས་དེ་བསྐྱེད་པའི་རྐྱེན་ཚང་བ་མི་སྲིད་པའི་ཕྱིར་རོ། །ཞེས་བཤད་ན་འབྱོར་ལ། དེའི་ཤེས་བྱེད་ཀྱང༌། འབྱུང་བ་ལས་གྱུར་པ་དག་མེད་པར་ཡང་འབྱུང་བ་རྣམས་སྐྱེ་བའི་ཕྱིར་དང༌། འབྲས་བུ་ནི་རྒྱུ་ལ་འཁྲུལ་བ་མི་སྲིད་པའི་ཕྱིར་རོ། །འོ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཀྱང༌། རང་གང་གི་རྗེས་སུ་འབྲང་བའི་གཙོ་བོ་སེམས་དེའི་རྒྱུ་མ་ཡིན་པར་འགྱུར་ཏེ། དེ་མེད་པར་ཡང་དེ་དག་འབྱུང་བའི་ཕྱིར། ཞེ་ན། མཚུངས་པ་མ་ཡིན་ཏེ། སེམས་ཀྱི་རྗེས་འཇུག་ནི་རྒྱུ་བཅུས་རྗེས་སུ་འཇུག་པར་བཤད་པ་བསམ་གཏན་གྱི་སྡོམ་པ་མེད་པར་བསམ་གཏན་གྱི་སེམས་དང༌། ཟག་མེད་ཀྱི་སྡོམ་པ་མེད་པར་ཟག་མེད་ཀྱི་སེམས་འབྱུང་བའི་གཏན་ཚིགས་མི་འགྲུབ་ལ། འབྱུང་གྱུར་མེད་པར་འབྱུང་བ་ཡོད་པར་ནི་རགས་པ་རྩོམ་པའི་དུས་དང༌། སྣོད་ཀྱི་འཇིག་རྟེན་ཞིག་པའི་དུས་ལས་རྟོགས་པའི་ཕྱིར་རོ། །སེམས་བྱུང་མེད་པར་ནི་གཙོ་བོ་སེམས་ཀྱང་མེད་པ་དེ་ལྟ་མོད་ཀྱི། གཙོ་སེམས་གཅིག་གི་འཁོར་ན་ཅིག་ཆར་དུ་ཡོད་པའི་སེམས་བྱུང་ཚོར་བ་དང༌། འདུ་ཤེས་ལྟ་བུ་ཡང་ཕན་ཚུན་རྒྱུ་འབྲས་སུ་ཁས་མི་ལེན་ཏེ། ཚོར་བའི་རྐྱེན་གྱིས་འདུ་ཤེས་འབྱུང་བར་བཤད་ཀྱི། འདུ་ཤེས་ཀྱི་རྐྱེན་གྱིས་ཚོར་བ་འབྱུང་བར་མ་བཤད་པའི་ཕྱིར་དང༌། གཅིག་མེད་ན་ཅིག་ཤོས་མི་འབྱུང་བ་མ་ཡིན་པའི་ཕྱིར། གལ་ཏེ་དེ་གཉིས་རྟེན་མཚུངས་པའི་ཚེ་ཕན་ཚུན་རྒྱུ་འབྲས་སུ་ཁས་ལེན་དགོས་ཏེ། ཇི་སྐད་དུ། སེམས་དག་དང༌། སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་བཤད་པས་སོ་ཤེ་ན། ཉེས་པ་མེད་དེ། ལུང་གི་དོན་ནི། རྟེན་སོགས་རྣམ་པ་ལྔས་མཚུངས་པའི་སེམས་དང་སེམས་བྱུང་དག་དེར་སྟོན་པ་ཡིན་གྱི། རྟེན་སོགས་མཚུངས་པའི་སེམས་བྱུང་ནང་ཕན་ཚུན་དེར་སྟོན་པ་མ་ཡིན་པའི་ཕྱིར་དང༌། ནང་ཕན་ཚུན་རྣམ་པ་ལྔ་མཚུངས་པར་ལྡན་པའི་བཤད་པ་ཡང་མེད་པའི་ཕྱིར་དང༌། གཞན་དུ་ན་གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་གི་གྲངས་མང་ལྡན་དུ་བཤད་པ་དེའི་ཚེ་ཡང༌། རྣམ་པ་ལྔས་མཚུངས་པ་དང༌། ཕན་ཚུན་རྒྱུ་འབྲས་སུ་འགྱུར་ལ། དེ་ལྟ་ན་ཉུང་ལྡན་གྱི་ཚེ་ཡང་མང་པོ་དེ་དག་ལྡན་པར་འགྱུར་ཏེ། མང་པོ་པ་དེ་དག་མེད་པར་ཚོར་བ་ལྟ་བུ་གཅིག་ཀྱང་མི་འབྱུང་བའི་ཕྱིར། ཡང༌། འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག ཅེས་པ་འབྱུང་གྱུར་གྱིས་འབྱུང་བ་ལ་རྣམ་སྨིན་གྱི་རྒྱུ་གཅིག་པུ་བྱེད་པའི་མཚན་གཞི་ནི། ལུས་ངག་གིས་ལས་དགེ་བ་དང་མི་དགེ་བའི་རྣམ་སྨིན་འབྱུང་བ་འགྲུབ་པའོ། །དེ་དེའི་བྱེད་རྒྱུ་དང༌། ཅིག་ཤོས་དེའི་བདག་འབྲས་སུ་འགྱུར་བ་ནི་ལོགས་སུ་སྨོན་མི་དགོས་ཏེ། སྔ་མའི་ཞོལ་ལ་འོས་མེད་དུ་ངེས་པའི་ཕྱིར་ཏེ། རྒྱུ་གཞན་ལྔ་པོ་གང་རུང་དུ་སོང་ནས་བྱེད་རྒྱུར་མི་འགྲོ་བ་ནི་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་ལ་ལྡན་མཚུངས་ཀྱི་རྒྱུ་གཉིས་མི་བྱེད་དེ། རྒྱུ་མཚན་གོང་དུ་བསྟན་ཟིན་པ་དང༌། མཚུངས་ལྡན་མ་ཡིན་པའི་ཕྱིར་རོ། །ཀུན་འགྲོའི་རྒྱུ་མི་བྱེད་དེ། འབྲས་བུ་འབྱུང་བ་ལ་ཉོན་མོངས་ཅན་མི་སྲིད་པའི་ཕྱིར། སྐལ་མཉམ་མི་བྱེད་དེ། འབྱུང་བ་དང་འབྱུང་གྱུར་སྐལ་བ་མི་མཉམ་པའི་ཕྱིར། ཞེས་བྱ་བ་འདི་ཡིན་ལ། དེ་ལྟར་འཆད་པ་དེའི་ཚེ། འབྱུང་བས་འབྱུང་གྱུར་གྱི་ཉེར་ལེན་བྱས་པ་ན། སྐལ་མཉམ་གྱི་རྒྱུ་མ་ཡིན་པར་ཁས་ལེན་དགོས་ལ། དེའི་ཚེ་ན་འབྱུང་བ་འབྱུང་གྱུར་གྱི་ཉེར་ལེན་གྱི་རྒྱུ་ཡིན་ཀྱང༌། རྒྱུ་ལྔ་པོ་གང་རུང་མ་ཡིན་ནོ། །བྱེད་པའི་རྒྱུར་བཤད་པ་ལྟ་བུར་སྣང་ཡང༌། དེ་དེའི་བདག་འབྲས་སུ་ཁས་བླངས་ན། ཉེ་བར་ལེན་པའི་རྒྱུ་འབྲས་དང་ལྷན་ཅིག་བྱེད་པའི་རྒྱུ་འབྲས་འཆོལ་བར་འགྱུར་ཏེ། ཉེར་ལེན་གྱི་རྒྱུ་གཞན་དག་ཀྱང་བདག་རྐྱེན་དུ་ཁས་ལེན་དགོས་པས་སོ། །གསུམ་པ་དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སེམས་ཀྱི་དབྱེ་བ་དང༌། རྐྱེན་དུ་འགྱུར་བའི་ཚུལ་ལོ། །དང་པོ་ལ། བཅུ་གཉིས་སུ་དབྱེ་བ་དང༌། ཉི་ཤུར་དབྱེ་བའོ། །དང་པོ་ནི། ཇི་སྐད་དུ། འདོད་ཡིད་དགེ་དང་མི་དགེ་དང༌། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཟག་མེད་གཉིས། །ཞེས་སོ། །གཉིས་པ་ནི། བཅུ་གཉིས་དེ་དག་ཉི་ཤུར་ཡང༌། །གསུམ་དུ་སྐྱེས་ནས་ཐོབ་པ་དང༌། །སྦྱོར་བྱུང་དགེ་རྣམས་གཉིས་ཕྱེ་ནས། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། །བཟོ་ཡི་གནས་དང་སྤྲུལ་པ་དང༌། །འདོད་ན་ལུང་བསྟན་མིན་རྣམ་བཞི། །གཟུགས་ན་བཟོ་མ་གཏོགས་པའོ། །ཞེས་གསུངས། བཅུ་གཉིས་པོ་ཉི་ཤུར་ཕྱེ་བའི་དགོས་པ་ནི། ཁམས་གསུམ་གྱི་དགེ་བ་སྐྱེས་ཐོབ་དང༌། མ་སྒྲིབས་ལུང་མ་བསྟན་དུ་གྱུར་པའི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་ལ་འཆི་སེམས་ཡོད་ཀྱི། དགེ་བ་སྦྱོར་བྱུང་དང་མ་སྒྲིབས་ལུང་མ་བསྟན་གཞན་གཉིས་ལ་འཆི་སེམས་མེད་པ་དང༌། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་ཁོ་ནས་སྙོམས་པར་འཇུག་སེམས་བྱེད་ཀྱི། སྐྱེས་ཐོབ་ཀྱིས་མི་བྱེད་པ་དང༌། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང༌། རང་ཉིད་ཀྱི་དེ་མ་ཐག་རྐྱེན་ལས་འབྱུང་གི གཞན་ལས་མི་འབྱུང་བ་དང༌། སྙོམས་འཇུག་ལས་ལྡང་བ་དང༌། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་ན། འདོད་པའི་དགེ་བ་སྐྱེས་ཐོབ་ནི་གསལ་བའི་རྒྱུ་མཚན་གྱིས་དེ་དག་གི་དེ་མ་ཐག་འབྲས་སུ་འབྱུང་བ་སྲིད་ལ། ཁམས་གོང་མ་གཉིས་ཀྱི་སྐྱེས་ཐོབ་ནི་མི་གསལ་བས་ལྡང་སེམས་བྱེད་པ་མི་སྲིད་ཅིང༌། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེའང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་ངོ༌། །ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དེ་མ་ཐག་རྐྱེན་གྱི་དབྱེ་བ་དངོས་དང༌། ཞར་ལ་རྙེད་པའི་དབྱེ་བ་བཤད་པའོ། །དང་པོ་ལ། དེ་མ་ཐག་རྐྱེན་བརྩི་བའི་རྒྱུ་མཚན་དང༌། རྐྱེན་གྱི་དབྱེ་བ་བཤད་པའོ། །དང་པོ་ནི། ཚེ་བརྒྱད་ཅེས་བྱ་སྟེ། གང་ཞེ་ན། རྒྱུན་གྱི་ཚེ་དང༌། ས་མཚུངས་པའི་ཚེ་དང༌། སྙོམས་པར་འཇུག་ལྡང་གི་ཚེ་གཉིས་དང༌། ཉིང་མཚམས་སྦྱོར་བའི་ཚེ་དང༌། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་ཞེས་བྱ་བ་དྲུག་པོ་འདི་སོ་སོར་ཁས་ལེན་དགོས་ལ། དེའི་སྟེང་དུ། སྤྲུལ་པ་ལ་འཇུག་ལྡང་གི་ཚེ་ཞེས་བྱ་བ་གཉིས་བསྣན་ནས་བརྒྱད་དུ་བཤད་ཀྱང་མི་འགལ་ལ། སྤྲུལ་པ་ལ་འཇུག་པ་ནི་སྙོམས་འཇུག་ལས་ལྡང་བའི་ནང་ཚན་དང༌། ལྡང་བ་ནི་སྙོམས་པར་འཇུག་པའི་བྱེ་བྲག་ཡིན་པས་ན། ཚེ་དྲུག་ཏུ་བསྡུས་ཀྱང་མ་འདུས་པའི་སྐྱོན་མེད་དོ། །དེ་ལ་རྒྱུན་གྱི་ཚེ་ཞེས་པ་ནི། དགེ་བ་ལས་དགེ་བ་དང༌། མི་དགེ་བ་ལས་མི་དགེ་བ་ལྟ་བུ་རིགས་འདྲ་འབྱུང་བའོ། །ས་མཚུངས་པ་ནི། རིགས་མི་འདྲ་ཡང་ས་གཅིག་པའི་རྒྱུ་མཚན་གྱིས། རེ་རེས་ཀྱང་ཐམས་ཅད་ཀྱི་དེ་མ་ཐག་རྐྱེན་བྱེད་ནུས་པའོ། །ས་འོག་མའམ་དགེ་བ་ལས་གོང་མའི་དགེ་བ་བྱུང་བ་ལྟ་བུ་ལ་ནི་རྒྱུན་ཞེས་མི་བྱ་སྟེ། སྲིད་པས་མཚམས་བཅད་པའི་ཕྱིར། ས་གོང་འོག་གི་རིགས་འདྲ་ཕན་ཚུན་དུ་དེ་མ་ཐག་རྐྱེན་བྱེད་པ་ལ་ནི། ས་མཚུངས་པ་ཞེས་བྱ་བའི་རྒྱུ་མཚན་དེ་མེད་པས་རྒྱུ་གཞན་རྟོགས་དགོས་ལ། དེའི་ཚེ་ཉིང་མཚམས་སྦྱོར་བ་དང༌། ཉོན་མོངས་ཅན་གྱིས་གཟིར་བ་དང༌། སྤྲུལ་པ་ལ་འཇུག་ལྡང་ཅི་རིགས་པ་རྒྱུ་མཚན་ནོ། །གསུམ་པ་སྙོམས་པར་འཇུག་པའི་ཚེ་ཞེས་བྱ་བ་ནི། འཇུག་ཡུལ་གོང་མའི་དགེ་བ་སྦྱོར་བྱུང་གཉིས་དང་ཟག་མེད་གཉིས་ཏེ། འཇུག་བྱེད་ནི་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་དང་སློབ་པ་ཟག་མེད་དོ། །བཞི་པ་སྙོམས་འཇུག་ལས་ལྡང་བའི་ཚེ་ནི་འཇུག་པའི་གོ་རིམ་ལས་བཟློག་པ་དེ་དང༌། ལྡང་བའི་ཁྱད་པར་ནི་འདོད་པའི་དགེ་བ་སྐྱེས་ཐོབ་ཡང་གསལ་བས་འབྱུང་སྲིད་པའོ། །འདོད་པའི་དགེ་བ་ནས་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་ལ་འཇུག་པ་ཡོད་ཀྱི། གཟུགས་མེད་ཀྱི་དགེ་བ་ལ་སྙོམས་པར་འཇུག་པ་ནི་མེད་དེ། འཇུག་པ་བཞིས་རིང་བའི་ཕྱིར་རོ། །ལྔ་པ་ཉིང་མཚམས་སྦྱོར་བའི་ཚེ་ཞེས་པ་ནི། འཆི་སྲིད་ནས་བར་སྲིད་དུ་དང༌། བར་སྲིད་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་སྟེ། དེ་ཡང་འཆི་སེམས་ལ་ནི་དགེ་སོགས་གསུམ་ཀ་སྲིད་ཅིང༌། སྐྱེ་སེམས་ལའང་སྐྱེ་སྲིད་དུ་སྐྱེ་བའི་སེམས་ནི་ཉོན་མོངས་པ་ཅན་ཁོ་ནར་ངེས་ཏེ། ཇི་སྐད་དུ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་སོ། །ཉོན་མོངས་པ་དེ་ཡང་གང་དུ་སྐྱེ་བའི་ས་པ་དེས་བསྡུས་ཤིང༌། འཆི་བའི་སེམས་ནི་གང་ནས་འཆི་བའི་སེམས་དེས་བསྡུས་སོ། །ས་འོག་མ་ནས་གོང་མར་སྐྱེ་བའི་དུས་ཀྱི་འཆི་སེམས་ནི། དགེ་བ་སྐྱེས་ཐོབ་དང་མ་སྒྲིབས་ལུང་མ་བསྟན་ཁོ་ན་ངེས་ཏེ། ཇི་སྐད་དུ། ཉོན་མོངས་ཅན་ལས་གོང་མ་མིན། །ཞེས་འཆད་པའི་ཕྱིར་རོ། །གོང་མ་ནས་འོག་མར་སྐྱེ་བའི་དུས་ཀྱི་འཆི་སེམས་ལ་ནི་གོང་མའི་དགེ་སོགས་གསུམ་ཀ་སྲིད་དེ། ཇི་སྐད་དུ། འཆི་འཕོའི་དག་ལས་ཉོན་མོངས་ཀུན། །ཞེས་བཤད་པ་ལས་རྟོགས་པའི་ཕྱིར། རང་ས་ནས་རང་སར་འཆི་འཕོ་བའི་ཚེ་ཡང༌། རང་ས་ན་སེམས་གང་ཡོད་དེ་ཉིད་ཀྱིས་འཆི་སེམས་བྱེད་པ་དང༌། རང་ས་ནས་གང་ཡོད་ཀྱི་ཉོན་མོངས་པ་ཅན་གྱི་སྐྱེ་སེམས་བྱེད་པ་སྲིད་དོ། །དེའི་ཤེས་བྱེད་ཀྱང༌། རང་སར་སྐྱེ་བ་ལ་ནི་ཆགས་བྲལ་ལས་ཉམས་པ་དང༌། ཆགས་བྲལ་བྱེད་པ་གང་རུང་མི་དགོས་པའི་ཕྱིར། དྲུག་པ་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་ཞེས་བྱ་བ་ནི། གོང་མའི་བསྒྲིབས་ལས་ལུང་དུ་བསྟན་པས་སྙོམས་འཇུག་ཉོན་མོངས་ཅན་དུ་བྱས་པའི་ཚེ། འོག་མའི་དགེ་བ་སྦྱོར་བྱུང་དང་དུ་ལེན་པའོ། །སྤྲུལ་པ་ལ་འཇུག་ལྡང་ཞེས་པ། བསམ་གཏན་གྱི་དངོས་གཞི་མངོན་དུ་མ་བྱས་པར་ནི་དེ་མི་ནུས་ལ། དེ་ལའང་འདོད་པའི་སྤྲུལ་སེམས་དང༌། གཟུགས་ཀྱི་སྤྲུལ་སེམས་ཀྱི་དབྱེ་བས་གཉིས་ཡོད་ཅིང༌། གཉིས་པོ་ནི་རང་རང་གི་སས་བསྡུས་སོ། །དེ་ལྟ་ན་ཡང་འདོད་པའི་སེམས་རིག་བཞི་ལས་འདོད་པའི་སྤྲུལ་སེམས་མི་འབྱུང་སྟེ། སྤྲུལ་སེམས་དེ་ནི། ཇི་སྐད་དུ། དག་དང་རང་ལས་དེ་ལས་གཉིས། །ཞེས་འབྱུང་བའི་ཕྱིར། ཞིབ་མོར་ན། རྒྱུན་གྱི་ཚེ་འབྱུང་བ་གཅིག་སྲིད་ཀྱང༌། དེ་ལ་ནི་སེམས་རིས་ཉི་ཤུར་འབྱེད་དགོས་སོ། །དེ་ལྟར་ཕྱེ་བའི་ཚེ། འདོད་པའི་སྤྲུལ་སེམས་ལས་གཟུགས་ཀྱི་དགེ་བ་འབྱུང་བ་ནི། ཡང་སྤྲུལ་པ་ལ་འཇུག་པའི་ཚེ་ཡིན་ལ། འདི་ཡང་སེམས་རིས་བཅུ་གཉིས་ཀྱི་ཚེ་ན་འཆད་དགོས་པ་མེད་དོ། །གཉིས་པ་ཞར་བྱུང་ནི། ཇི་སྐད་དུ། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །ཞེས་པ། འདི་ནི་ངེས་ལྡན་མ་ཡིན་གྱི། སྲིད་ལྡན་གྱི་དབང་དུ་བྱས་པ་སྟེ། འགྲེལ་པ་ལས། སྐྱེ་དང་སྙོམས་པར་འཇུག་པ་དང༌། །འདོད་ཆགས་བྲལ་ལ་ཡོངས་ཉམས་དང༌། །དགེ་བའི་ཉིང་མཚམས་སྦྱོར་བའི་ཚེ། །སེམས་ནི་ལྡན་པ་མིན་ལས་རྙེད། །ཅེས་སོ། །དེ་ལ་སྐྱེ་བ་ནི། གོང་མ་ནས་འོག་མར་རོ། །སྙོམས་པར་འཇུག་པ་ནི་གོང་མའི་ཉེར་བསྡོགས་སྐྱེ་བའོ། །འདོད་ཆགས་དང་བྲལ་བ་ནི་ས་འོག་མ་ལ་ཆགས་བྲལ་བྱས་པའོ། །ཡོངས་སུ་ཉམས་པ་ནི་དགྲ་བཅོམ་པ་ལས་ཉམས་པའོ། །དྲུག་པ་ནི། དགེ་རྩ་ཆད་པ་ཐེ་ཚོམ་གྱིས་མཚམས་སྦྱོར་བའི་ཚེའོ། །དེ་ཡང་དཔེར་ན། འདོད་པའི་ཁམས་སུ་སླར་ལོག་པའི་ཚེ། འདོད་པའི་ཉོན་མོངས་གང་རུང་གཅིག་མངོན་དུ་གྱུར་ན། ཅིག་ཤོས་ཀྱི་ཡང་ཐོབ་པ་དང་དགེ་བ་སྐྱེས་ཐོབ་ཀྱི་ཐོབ་པ་འབྱུང་བས་གསུམ་དང༌། འདོད་པའི་མི་དགེ་བས་དགྲ་བཅོམ་པ་ལས་ཉམས་པའི་ཚེ། ཁམས་གོང་མ་གཉིས་ནི་བསྒྲིབས་པ་གཉིས་ཀྱི་ཐོབ་པ་དང་སློབ་པའི་ཐོབ་པ་དེ་གསུམ་འབྱུང་ངོ༌། །གལ་དེ་འོ་ན་ཁམས་སུ་སླར་ལོག་གི་ཚེ་འོག་མའི་ཉོན་མོངས་གཅིག་མངོན་དུ་འགྱུར་བ་དེ། གོང་མའི་འཆི་སྲིད་ཀྱི་ཚེའམ། འོག་མར་སྐྱེ་སྲིད་ཀྱི་ཚེ་གང་ཡིན་ཞེ་ན། དང་པོ་སྟེ། དེའི་འོག་མའི་ཉོན་མོངས་གཅིག་མངོན་དུ་མ་གྱུར་ན་འོག་མར་ཉིང་མཚམས་སྦྱོར་མི་ནུས་པའི་ཕྱིར། འོ་ན་འཆི་སེམས་གོང་མའི་སེམས་སུ་མི་རུང་སྟེ། འོག་མའི་ཉོན་མོངས་མངོན་དུ་གྱུར་པའི་ཕྱིར། ཞེ་ན། མ་ངེས་ཏེ། འོག་མའི་ཉོན་མོངས་པས་གོང་མའི་ཆགས་བྲལ་ལས་ཉམས་ཀྱང༌། གོང་མའི་སེམས་ཙམ་ལས་ཉམས་པར་བྱེད་མི་ནུས་པའི་ཕྱིར། དཔེར་ན་འདོད་པའི་མི་དགེ་བས་དགྲ་བཅོམ་པ་ལས་ཉམས་པའི་ཚེ། ཁམས་གཉིས་ཀའི་ཆགས་བྲལ་ལས་ཉམས་ཀྱང༌། བསམ་གཏན་གྱི་སེམས་ལས་མ་ཉམས་པ་ལྟ་བུའོ། །དེའི་ཚེ་བསམ་གཏན་ལས་མ་ཉམས་ཏེ། ཉམས་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཀྱང་ཉམས་པར་ཐལ་བའི་ཕྱིར་རོ། །འདིར་སྨྲས་པ། འདི་ན་གང་དག་མཁས་པའི་གཞུང༌། །ཇི་སྙེད་མང་དུ་ཐོས་པ་ཉུང༌། །ཐོས་པ་གང་དག་གཞུང་རེ་རེའི། །ཚིག་དོན་མ་ལུས་རྟོག་པ་ཉུང༌། །རྟོག་པ་དེ་དག་རྣམ་དཔྱོད་ཀྱི། །མིག་གི་རྣམ་པར་བལྟ་བ་ཉུང༌། །བལྟ་བ་དེ་དག་ངེས་པའི་དོན། །ཇི་བཞིན་མ་ལུས་རྙེད་པ་དགོན། །གང་འདིར་བརྟགས་པ་མང་པོ་ལ། །རྣམ་པར་གྲགས་པ་ཕལ་ཆེ་བ། །ཡིད་རྟོན་མེད་པར་ངེས་གྱུར་ནས། །འཁྲུལ་མེད་ལུང་དང་རིགས་པ་ཡི། །ལམ་དུ་དྲངས་པ་འདི་ཡིན་ནོ། །ཞེས་ཆོས་མངོན་པ་མཛོད་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་ཞིབ་མོར་བཤད་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་ལས། གནས་གཉིས་པ་དབང་པོ་བསྟན་པའི་མཛོད་འཕྲོས་དོན་དང་བཅས་པ་རྒྱས་པར་བཤད་པ་ཡིན་ནོ།།  །།དེ་ནས་དེའི་འོག་ཏུ་གནས་གསུམ་པ་འཇིག་རྟེན་བསྟན་པའི་མཛོད་ཀྱི་དཀའ་བའི་གནས་རྣམས་ཞིབ་མོ་ཉིད་དུ་གོ་བདེ་བར་བཤད་པ་ལ། གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་གསུམ་སྟེ། སེམས་ཅན་གྱི་དབྱེ་བ། ཁྱད་པར་གྱི་ཆོས། རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཁམས་གསུམ་དུ་དབྱེ་བ་དང༌། འགྲོ་བ་ལྔར་དབྱེ་བའོ། །དང་པོ་ལ། རང་གི་མཚན་ཉིད་འཛིན་པའི་ཕྱིར་ན་ཁམས་ཞེས་བྱ། དབྱེ་ན་འདོད་པའི་ཁམས་ལ་སོགས་པ་གསུམ། གང་ལ་དམིགས་ནས་འདོད་པའི་འདོད་ཆགས་རྒྱས་པར་འགྱུར་བ་དང༌། གཟུགས་ཀྱི་དང༌། གཟུགས་མེད་པའི་འདོད་ཆགས་རྒྱས་པར་འགྱུར་བའི་མཚན་ཉིད་འཛིན་པས་ན་དེ་དང་དེའི་ཁམས་ཞེས་བྱའོ། །དབྱེ་ན་འདོད་པའི་སེམས་ཅན་གནས་དང་བཅས་པ་དང༌། གཟུགས་ཁམས་ཀྱི་སེམས་ཅན་གནས་དང་བཅས་པ་དང༌། གཟུགས་མེད་པའི་སེམས་ཅན་ནོ། །དེ་ཡང་འདོད་པའི་དབྱེ་བ་འཆད་པ་ན། ཇི་སྐད་དུ། གླིང་དབྱེ་བ་ལས་དེ་ཉི་ཤུ། །ཞེས་ནང་སེམས་ཅན་གྱི་དབྱེ་བའི་ཆ་ནས་བཤད་ལ། གཟུགས་ཁམས་ཀྱི་དབྱེ་བ་འཆད་པ་ན། ཇི་སྐད་དུ། གོང་མའི་གནས་དག་བཅུ་བདུན་ནི། །ཞེས་ཕྱི་སྣོད་ཀྱི་ཆ་ནས་བཤད་དོ། །དེ་ཡང་གཉིས་ཀ་ཕན་ཚུན་མཚོན་པ་སྟེ། དེ་གཉིས་ཀ་ལ་རང་རང་གི་འདོད་ཆགས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། གཟུགས་མེད་པའི་ཁམས་ན་ནི་སྣོད་ཀྱི་འཇིག་རྟེན་མེད་དེ། གཟུགས་ཅན་མ་ཡིན་པ་རྣམས་ནི་ཡུལ་དང་ཕྱོགས་ན་མི་གནས་པའི་ཕྱིར། གཟུགས་ཅན་ཡིན་ཀྱང་དེར་མི་གནས་པ་གཞན་ཡང་ཡོད་དེ། འདས་པ་དང༌། མ་འོངས་པ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །འོ་ན་དེར་སེམས་རྒྱུད་ཀྱི་རྟེན་མེད་པར་འགྱུར་ཏེ། གཟུགས་མེད་པའི་ཕྱིར། ཟློག་པའི་ཁྱབ་པ་ནི། ཁམས་འོག་མ་གསུམ་དུ་རྒྱུད་གཟུགས་ལ་བརྟེན་དགོས་པ་བཞིན་ནོ། །ཞེ་ན། དེར་ནི་རིས་དང་སྲོག་ལ་ཡང༌། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། །ཞེས་པ། གསུམ་པོ་ཕན་ཚུན་དུ་རྟེན་བརྟེན་པར་འགྱུར་བའོ། །ཁམས་འོག་མ་གཉིས་སུ་གསུམ་པོ་ཕན་ཚུན་དེ་དང་དེར་མི་འགྱུར་བ་ཅི་ཞེ་ན། དེར་སེམས་ཀྱི་རྒྱུན་སྟོབས་ཆུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཕྱིར། འོ་ན་དེར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་རྒྱུ་མཚན་གྱིས་སེམས་རྒྱུད་སྟོབས་ཆེ་ན། གཞན་ལ་བརྟེན་མི་དགོས་པར་འགྱུར་རོ། །ཞེ་ན། སྟོབས་ཆེ་ན་ཡང་རྣམ་སྨིན་དུ་མི་རུང་བས་རྒྱུན་ཆད་ཅིང་འཇུག་པའི་ཕྱིར། གཞན་ལ་བརྟེན་དགོས་སོ། །འོ་ན་ཁམས་འོག་མ་གཉིས་སུ་ཡང་སེམས་ཀྱི་རྒྱུད་དེ་གཉིས་ལ་བརྟེན་དགོས་པར་འགྱུར་རོ། །ཞེ་ན། མི་མཚུངས་ཏེ། དེ་ན་གཉིས་པོ་མ་ཡིན་པའི་རྟེན་གཞན་ཡོད་པའི་ཕྱིར། གཞན་ཡོད་ཀྱང་གཉིས་པོ་ལ་བརྟེན་ནོ་ཞེ་ན། མ་ཡིན་ཏེ། ཁམས་འོག་མ་གཉིས་སུ་ནི་རྣམ་སྨིན་གྱི་ཕུང་པོ་གཟུགས་ཅན་དུ་གྱུར་པ་དེ་སྟོབས་ཆེ་བའི་ཕྱིར་དང༌། དེ་ཉིད་རྣམ་སྨིན་གྱི་ངོ་བོ་ཡིན་པས་རྒྱུན་ཆད་པ་ཡང་མི་སྲིད་པས་རྟེན་གཞན་མི་དགོས་པའི་ཕྱིར། འོ་ན་ཅི་ཁམས་གསུམ་པོ་དེ་དང་དེ་ན་གནས་པའི་ཆོས་ཇི་སྙེད་པ་དག་ཀྱང་ཁམས་དེ་དང་དེར་འདོད་དམ་ཞེ་ན། མ་ཡིན་ཏེ། ཁམས་དེ་དག་གི་རྟེན་ལ་ཟག་མེད་ཀྱི་ཆོས་ཀྱང་ཡོད་པའི་ཕྱིར་དང༌། འོག་མའི་རྟེན་ལ་གོང་མའི་སྙོམས་འཇུག་དག་པ་བ་རྣམས་ཀྱང་ཡོད་པའི་ཕྱིར། དཔེར་ན་འདོད་པ་རྟེན་ཅན་གྱི་བསམ་གཏན་དང་པོའི་སྙོམས་འཇུག་དེ་འདོད་པའི་ཁམས་མ་ཡིན་ཏེ། འདོད་པའི་འདོད་ཆགས་ཀྱིས་གླགས་མི་ཐོད་པའི་ཕྱིར། འོ་ན་གནས་དེ་དང་དེའི་སྣོད་དང་སེམས་ཅན་ཁོ་ན་འདོད་པའི་ཁམས་ལ་སོགས་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། གཞན་དུ། ཁམས་གསུམ་པོ་མཐའ་དག་མ་སྒྲིབས་ལུང་མ་བསྟན་ཉིད་དུ་ངེས་པར་ཐལ་བའི་ཕྱིར། དེ་ན་ཁམས་ཀྱི་མཚན་གཞི་ནི་དགེ་བ་དང་ཉོན་མོངས་པ་ཅན་དག་ཀྱང་ཡོད་དོ། །འོ་ན་རང་རང་གི་འདོད་ཆགས་རྒྱས་པར་འགྱུར་བའི་དོན་གྱིས་དེར་འཇོག་ན། འདོད་ཆགས་གསུམ་པོའི་ཁྱད་པར་གང་ཞེ་ན། མཉམ་པར་མ་གཞག་པའི་ས་པའི་འདོད་ཆགས་དང༌། མཉམ་པར་གཞག་པའི་ས་པའི་འདོད་ཆགས་ཤེས་པ་ནི། ཁམས་གོང་འོག་གི་འདོད་ཆགས་གཉིས་པོའི་ཁྱད་པར་ཡིན་ལ། མཉམ་པར་གཞག་མ་གཞག་གི་དོན་ཡང༌། ཞི་གནས་དང་བྲལ་བའི་རྣམ་ཤེས་ཚོགས་དྲུག་གི་ཡུལ་ལ་སྲེད་པ་དང༌། སྙོམས་འཇུག་གི་བདེ་བ་ལ་སྲེད་པའི་འདོད་ཆགས་ཀྱི་ཁྱད་པར་གང་ཡིན་པའོ། །གོང་མའི་འདོད་ཆགས་གཉིས་ཀྱི་ཁྱད་པར་ཡང༌། མཉམ་གཞག་གི་ས་པའི་ཕུང་པོ་ལ་སྲེད་པའི་འདོད་ཆགས་གཞིར་བྱས་པ་ལ། གཟུགས་ལ་ཆགས་པ་དང་མ་བྲལ་བ་དང་བྲལ་བའོ། །མདོར་ན་འདོད་པའི་འདོད་ཆགས་ཀྱི་ཁམས་དང༌། གཟུགས་ཀྱི་འདོད་ཆགས་ཀྱི་ཁམས་དང༌། གཟུགས་མེད་པའི་འདོད་ཆགས་ཀྱི་ཁམས་སུ་གྱུར་པས་ན་ཁམས་དེ་དང་དེ་ཞེས་བྱ་ལ། ཁམས་ཀྱི་སྒྲ་དོན་ནི། ཇི་སྐད་དུ། ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །ཅེས་པ་ལྟར་འཛིན་པའི་དོན་ཅན་ཡིན་ལ། དེས་ན་འདོད་ཆགས་གསུམ་པོ་སོ་སོར་འཛིན་པ་ཞེས་བྱ་བའི་དོན་ནོ། །འོ་ན་འདོད་པའི་སྤྲུལ་སེམས་དེ་འདོད་པའི་ཁམས་མ་ཡིན་པར་འགྱུར་ཏེ། དེས་འདོད་པའི་འདོད་ཆགས་མི་འཛིན་པའི་ཕྱིར། ཇི་ལྟར་ཞེ་ན། འདོད་པ་ལ་ཆགས་པ་དང་མ་བྲལ་བར་ནི་བསམ་གཏན་གྱི་དངོས་གཞི་དག་པ་བ་མི་འབྱུང་ལ། དེ་མེད་པར་ཡང་སྤྲུལ་པ་ལ་མི་འཇུག་པའི་ཕྱིར། ཞེ་ན། དེའི་ལན་ནི། འགྲེལ་པ་ཉིད་ལས། ཇི་སྐད་དུ། སྤྲུལ་པའི་སེམས་ལ་ཇི་ལྟར་འདོད་པའི་འདོད་ཆགས་པ་ཡིན་ཞེ་ན། ཐོས་པ་དང༌། ཡོངས་སུ་ཉམས་ནས་དེ་ལ་ཆགས་པའི་ཕྱིར་རོ། །ཡང་ན་སྤྲུལ་པའི་དབང་གིས་སྤྲུལ་པ་བྱེད་པའི་སེམས་ཅན་ལ་ཡང་འདོད་ཆགས་སོ། །ཡང་ན་དྲི་དང་རོ་སྤྲུལ་པའི་ཕྱིར་དེ་འདོད་པ་ན་སྤྱོད་པ་ཉིད་ཡིན་ཏེ། གཟུགས་ན་སྤྱོད་པས་ནི་དེ་གཉིས་མི་སྤྲུལ་པའི་ཕྱིར་རོ། །ཞེས་བཤད། དེའི་དོན་ནི། འདོད་པའི་སྤྲུལ་སེམས་དེ། རང་གི་ངོ་བོ་འདོད་པ་ལ་ཆགས་བྲལ་ཡིན་ཀྱང༌། དེས་སྤྲུལ་པའི་སྤྲུལ་པ་ལ་འདོད་པའི་ཆགས་པ་འཇུག་པའི་རྒྱུ་མཚན་གྱིས་དང༌། སྤྲུལ་པ་དེ་འདོད་པའི་སས་བསྡུས་པའི་ཕྱིར། སྤྲུལ་སེམས་ཀྱང་འདོད་པའི་སས་བསྡུས་ཏེ། གཟུགས་ཀྱི་སྤྲུལ་སེམས་ནི་འདོད་པའི་སྤྲུལ་པ་ལ་མི་འཇུག་པའི་ཕྱིར། ཇི་སྲིད་འདོད་པའི་འདོད་ཆགས་མངོན་དུ་མ་གྱུར་པ་དེ་སྲིད་དུ། འདོད་པའི་སེམས་ཙམ་གྱིས་ནི་འདོད་པའི་ཆགས་བྲལ་ལས་ཉམས་པར་མི་བྱེད་དེ། མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་དང༌། དགེ་བའི་སེམས་ཀྱིས་དེ་ལྟར་བྱེད་མི་ནུས་པའི་ཕྱིར། དཔེར་ན་འདོད་པའི་དགེ་སེམས་སྐྱེས་ཐོབ་ཀྱིས་བསམ་གཏན་གྱི་སྙོམས་འཇུག་ལས་ལྡང་སེམས་བྱེད་པ་དང༌། འདོད་པའི་སེམས་མ་སྒྲིབས་ལུང་མ་བསྟན་གྱིས་སྤྲུལ་པ་ལ་འཇུག་སེམས་བྱེད་པ་བཞིན་ནོ། །གཉིས་པ་འགྲོ་བ་ལྔར་བསྟན་པ་ནི། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །ཞེས་སོ། །དོན་ནི། བཤད་མ་ཐག་པའི་ཁམས་གང་ཡིན་འགྲོ་བ་ཡང་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཁམས་ལ་ནི་ཕྱིའི་སྣོད་དང༌། དགེ་བ་དང༌། ཉོན་མོངས་ཅན་དང༌། སྲིད་པ་བར་མ་པ་དག་ཀྱང་ཡོད་ལ། འགྲོ་བ་ནི་རྣམ་སྨིན་གྱི་ངོ་བོ་གྱུར་པའི་མ་སྒྲིབས་ལུང་མ་བསྟན་ཁོ་ནའོ། །འགྲེལ་པར། དེ་ལྟར་མ་ཡིན་ན་འགྲོ་བ་འཆོལ་བར་འགྱུར་རོ། །ཞེས་གསུངས། དེའི་དོན་ནི། འགྲོ་བའི་ངོ་བོ་དགེ་མི་དགེ་ལ་བཤད་ན་འགྲོ་བ་འཆོལ་བར་འགྱུར་ཏེ། མིའི་རྟེན་ལ་ལྷར་སྐྱེ་བའི་ལས་དགེ་བ་ཡོད་པ་དེ་ལྷའི་འགྲོ་བ་དང༌། དམྱལ་བར་འཕེན་བྱེད་ཀྱི་མི་དགེ་བ་ཡོད་པས་དེ་དམྱལ་བར་ཐལ་བས་སོ། །དེས་ན་འགྲོ་བའི་ངོ་བོ་ནི་སེམས་ཅན་ཞེས་བྱ་བ་ཡིན་ནོ། །འོ་ན་བར་སྲིད་ཀྱི་སེམས་ཅན་འགྲོ་བར་མི་འཇོག་པ་ཅི་ཞེ་ན། ལུང་དང༌། རིགས་པ་ལས་སོ། །དང་པོ་ནི། མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང༌། དུད་འགྲོའི་སྲིད་པ་དང༌། ཡི་དྭགས་ཀྱི་སྲིད་པ་དང༌། ལྷའི་སྲིད་པ་དང༌། མིའི་སྲིད་པ་དང༌། ལས་ཀྱི་སྲིད་པ་དང༌། སྲིད་པ་བར་མའོ། །ཞེས་འགྲོ་བ་ལྔ་ལས་ལོགས་སུ་བཤད་པ་དང༌། བསྟན་བཅོས་གདགས་པ་ལས། སྐྱེ་གནས་གཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི། །འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞེ་ན། སྲིད་པ་བར་མའོ། །ཞེས་སོ། །རིགས་པ་ནི། འདིར་འགྲོ་བས་ན་འགྲོ་བ་ཞེས་བྱ་ལ། སྲིད་པ་བར་མ་ནི་བགྲོད་པར་བྱ་བའི་ཡུལ་མ་ཡིན་ཏེ། འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ། །འོ་ན་གཟུགས་མེད་ཀྱི་འགྲོ་བ་རྣམས་ཀྱང་འགྲོ་བ་མ་ཡིན་པར་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །ཞེ་ན། མི་མཚུངས་ཏེ། གཟུགས་མེད་ནི་གང་དུ་འགྲོ་བའི་ཡུལ་ཡིན་ཀྱང༌། དེར་བགྲོད་པ་གང་གིས་འགྲོ་བའི་འགྲོ་བ་པོ་ལ་མི་ལྟོས་ལ། ཁམས་གཞན་གཉིས་སུ་འགྲོ་བ་ནི་གང་གིས་འགྲོ་བའི་འགྲོ་བ་པོ་ལ་མི་ལྟོས་པས་ན། སྲིད་པ་བར་མ་ནི་འགྲོ་བ་པོ་ཡིན་གྱི། འགྲོ་བ་ཉིད་མ་ཡིན་པའི་ཕྱིར་འགྲོ་བར་མི་འཆད་དོ། །ཞེས་སྟོན་པ་ནི། འགྲེལ་པར། གལ་ཏེ་འགྲོ་བ་ཡིན་པར་གྱུར་ན་ནི། སྲིད་པ་བར་མ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་རོ། །ཞེས་གསུངས། དེས་ན་འགྲོ་བ་ནི་ཉོན་མོངས་སྤངས་པ་དང༌། དགེ་རྩ་ཆད་པ་དག་ལ་ཡང་ཡོད་པས་ལུང་མ་བསྟན་ཁོ་ནའོ། །དེ་ལ་ཡང༌། རྣམ་སྨིན་སྐྱེས་ཁོ་ན་དང༌། རྒྱས་བྱུང་ཡང་ཡོད་དོ་ཞེས་ཟེར་བའི་ལུགས་གཉིས་ཡོད་ལ། ལུགས་ཕྱི་མ་དེ། ཇི་སྐད་དུ། སྲོག་ནི་རྣམ་སྨིན་བཅུ་རྣམ་གཉིས། །ཞེས་པ་དང་མཐུན་ནོ། །འོ་ན་འདིར་འགྲོ་བ་ལྔ་ཁོ་ནར་བཤད་ན། གཞན་ལས་འགྲོ་བ་རིགས་དྲུག་ཏུ་གྲགས་པ་དེ་དག་ལ་ཁུངས་མེད་པའམ། ཡོད་ན་དྲུག་པོ་དེ་ལྔར་བསྡུ་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཁུངས་མེད་པ་མ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང༌། །ལྷ་མིན་རིས་དང་མི་དང་ལྷ་རྣམས་ནི། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པར་མཛད། །ཅེས་དང༌། བྱང་ཆུབ་སེམས་འགྲེལ་ལས། གང་དག་སྟོང་ཉིད་མ་རྟོགས་པ། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་འདིར་བཤད་པ་ལྔའི་སྟེང་དུ་ལྷ་མ་ཡིན་དང་བཅས་པའོ། །འདིར་བསྡུས་པ་ནི། མདོ་དྲན་པ་ཉེར་གཞག་ལས། ནག་ཕྱོགས་དང་དཀར་ཕྱོགས་ཀྱི་དབྱེ་བས་དུད་འགྲོ་དང་ལྷ་ཞེས་བཤད་དོ། །གཞན་ཡང༌། དྲི་ཟ་ཞེས་པ་བར་སྲིད་དང༌། ལྷའི་རོལ་མོ་མཁན་གཉིས་ལས། དང་པོ་ནི་འགྲོ་བས་མ་བསྡུས་ལ། གཉིས་པ་ནི་ལྷའི་ནང་དུ་འདུས་པ་དང༌། གྲུལ་བུམ་དང་ལུས་སྲུལ་པོ་ནི་ཡི་དྭགས་ཤས་ཆེ་བ་དང༌། ལྷར་གཏོགས་པ་དག་ཀྱང་ཡོད་དོ། །ཞེས་གསུངས་པ་དང༌། ཀླུ་དང་ནམ་མཁའ་ལྡིང་དང༌། མིའམ་ཅི་ལྟོ་འཕྱེ་ཆེན་པོ་ནི་དུད་འགྲོའི་ནང་དུ་གཏོགས་པ་དང༌། སྨྱོ་བྱེད་དང༌། རྗེད་བྱེད་དང༌། ཤ་ཟ་ནི་ཡི་དྭགས་སུ་གཏོགས་པ་དང༌། གནོད་སྦྱིན་དང༌། ཕྱོགས་སྐྱོང་དང༌། བདུད་རྣམས་ནི་ཕལ་ཆེར་ལྷར་གཏོགས་པའོ། །ཞེས་སྔ་མ་རྣམས་གསུངས་སོ། །གཉིས་པ་ཁྱད་པར་གྱི་ཆོས་ལ། རྣམ་ཤེས་ཀྱི་གནས་པ་བཞི་དང་བདུན་བཤད་པ་དང༌། དེ་གཉིས་ཀྱི་མུ་བཞི་རྩི་བའོ། །དང་པོ་ནི། ཇི་སྐད་དུ། ལུས་དང་འདུ་ཤེས་ཐ་དད་དང༌། ཞེས་སོགས་ཡིན་ལ། གཞན་དེར་མི་འཆད་པའི་རྒྱུ་མཚན་ནི། ཇི་སྐད་དུ། ལྷག་མ། དེ་འཇོམས་བྱེད་ལྡན། ཞེས་པའོ། །འོ་ན་སེམས་ཅན་གྱི་གནས་ཀྱང་དེར་ངེས་སམ་ཞེ་ན། ཇི་སྐད་དུ། སྲིད་རྩེ་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། །ཅེས་སོ། །ངན་སོང་སེམས་ཅན་གྱི་གནས་སུ་མི་འཆད་པའི་རྒྱུ་མཚན་ནི། མི་འདོད་བཞིན་གནས་ཕྱིར་གཞན་མིན། །ཞེས་སོ། །འོ་ན་འདུ་ཤེས་མེད་པ་ལོགས་སུ་དཀར་བས་བསམ་གཏན་བཞི་པའི་ས་གཞན་རྣམས་བསམ་གཏན་གྱི་གནས་སུ་མི་འཆད་པ་ཡིན་ནམ། དེ་ལྟ་ན་ནི། གཞན་མིན། ཞེས་པའི་འགྲེལ་པར། ངན་སོང་ཁོ་ན་སྨོས་པ་ཅི་སྙམ་ན། དེ་ནི་མཚོན་པ་ཙམ་སྟེ། དེར་འགྲོ་འདོད་དང་སྡོད་འདོད་གང་རུང་ངམ་གཉིས་ཀ་མེད་པ་ལ་སེམས་ཅན་གྱི་གནས་མ་ཡིན་པ་ཞེས་བྱ་ཞིང༌། ངན་སོང་ལ་ནི་གཉིས་ཀ་ཚང་ལ། བསམ་གཏན་བཞི་པའི་ས་གཞན་དུ་ནི་འགྲོ་འདོད་ཡོད་ཀྱང་སྡོད་འདོད་མེད་པ་ཡིན་ཏེ། དེར་སྐྱེས་པའི་སོ་སོ་སྐྱེ་བོ་རྣམས་ནི་འབྲས་བུ་ཆེར་འགྲོ་འདོད་པ་དང༌། འཕགས་པ་རྣམས་ནི་གནས་གཙང་མ་དང་མྱང་འདས་སུ་འགྲོ་འདོད་པས་སོ། །ཞེས་འགྲེལ་པར་འབྱུང་ལ། དེ་ལྟ་ན་ཡང་བསམ་གཏན་བཞི་པ་ཁོ་ན་སྐྱེད་པའི་བློ་དང་ལྡན་ལ། བསམ་གཏན་དང་པོ་སོགས་དེ་དང་ལྡན་པ་མ་ཡིན་པའི་ཁྱད་པར་གྲུབ་མཐའ་ལས་བཙལ་བར་བྱའོ། །གཉིས་པ་ནི། གནས་པ་དག་ནི་ཡང་བཞི་སྟེ། །ཟག་དང་བཅས་པའི་ཕུང་པོ་བཞི། །རང་གི་ས་པ་ཉིད་རྣམ་ཤེས། །འབའ་ཞིག་པར་ནི་མ་བཤད་དོ། །ཞེས་དང༌། གསུམ་པ་ནི། བསྡུ་ན་མུ་ནི་བཞི་ཡིན་ནོ། །ཞེས་པས་སྟོན་ནོ། །འདིར་བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པའི་མུ་འཆད་པ་ནི། ངན་སོང་གསུམ་དང༌། བསམ་གཏན་བཞི་པ་དང༌། སྲིད་པའི་རྩེ་མོ་པ་རྣམས་ཀྱི་རྣམ་ཤེས་ལས་གཞན་པའི་ཕུང་པོའོ། །ཞེས་འཆད་པ་དང༌། གོང་དུ། དེ་འཇོམས་བྱེད་ལྡན། ཞེས་པའི་གཞུང་གི་དོན་འཆད་ཚུལ་གཉིས་དངོས་སུ་འགལ་བ་ལྟ་བུ་སྣང་བའི་ཚུལ་འདི་ལྟར། དེ་དག་ཆོས་ཅན། རྣམ་ཤེས་ཀྱི་གནས་པ་མ་ཡིན་པར་ཐལ། རྣམ་ཤེས་དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར། ཞེས་རྒོལ་བ་བྱུང་ན། དེའི་ལན་འདེབས་ཚུལ་ནི། མདོ་སོ་སོའི་དགོངས་པ་ཡིན་ནོ་ཞེས་པའམ། ཡང་ན་བདུན་དུ་བཤད་པ་ནི་གནས་པ་པོའི་དབང་དུ་བྱས་ལ། འོག་མ་ནི་གནས་ཀྱི་དབང་དུ་བྱས་སོ། །དེའི་ཚེ་ན་འཆད་ཚུལ་འདི་ལྟར། སྲིད་རྩེ་བ་སོགས་གསུམ་གྱི་རྣམ་པར་ཤེས་པ་ཆོས་ཅན། རྣམ་ཤེས་ཀྱི་གནས་པ་པོར་མི་རུང་སྟེ། དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར། གང་གིས་འཇོམས་ན། འགོག་པའི་སྙོམས་འཇུག་དང༌། འདུ་ཤེས་མེད་པ་དང༌། སྡུག་བསྔལ་གྱི་ཚོར་བ་རྣམས་ཀྱིས་འཇོམས་པ་དང༌། ཡང་དེ་ནས་གཞན་དུ་འགྲོ་བར་འདོད་པའི་བློས་འཇོམས་པའི་ཕྱིར། དེ་དག་གི་ཕུང་པོ་སྔ་མ་བཞི་ནི་རྣམ་ཤེས་ཀྱི་གནས་སུ་རུང་སྟེ། དེའི་རྟེན་དུ་རུང་བའི་ཕྱིར། དཔེར་ན་དེ་དག་སེམས་ཅན་གྱི་གནས་སུ་རུང་བ་བཞིན། འོ་ན་དམྱལ་བའི་ཕུང་པོ་ཡང་སེམས་ཅན་གྱི་གནས་སུ་རུང་བར་འགྱུར་ཏེ། རྣམ་ཤེས་ཀྱི་གནས་སུ་རུང་བའི་ཕྱིར་ཞེ་ན། མི་མཚུངས་ཏེ། སེམས་ཅན་གྱི་གནས་ཞེས་པ་ནི། དེ་ན་སེམས་ཅན་དག་དགའ་བཞིན་དུ་གནས་པའི་རྒྱུ་མཚན་ལས་འཇོག་པ་ཡིན་ལ། དེ་བཞིན་དུ་རྣམ་ཤེས་ཀྱི་གནས་པ་པོ་བདུན་འཇོག་པ་ཡང་དེར་དགའ་བཞིན་དུའམ། བར་ཆད་མེད་པར་གནས་པས་ན་རྣམ་ཤེས་ཀྱི་གནས་པ་བདུན་ཞེས་བྱའོ། །ཡང་འདུ་ཤེས་གཅིག་ཅེས་པར། ཚངས་པ་དང་ཚངས་རིས་སུ་དང་པོ་སྐྱེས་པའི་ལྷ་རྣམས་འདུ་ཤེས་གཅིག་པ་སྟེ། ཚངས་པ་ལ་རྒྱུར་འཛིན་གྱིས་འདུ་ཤེས་གཅིག་པའི་ཕྱིར། འཁོར་ལ་འདུ་ཤེས་དེ་ལྟར་འབྱུང་བའི་ཤེས་བྱེད་ནི། ཚངས་པ་ཆེན་པོས། བདག་དང་སྐལ་བ་མཉམ་པ་འགའ་ཞིག་འདིར་སྐྱེ་བར་གྱུར་ཅིག་ཅེས་པའི་སྨོན་ལམ་བཏབ་པ་ལས། བྱ་རོག་དང་ཏ་ལའི་ཚུལ་དུ་འོད་གསལ་བའི་ལྷ་ཚེ་དང་ལས་ཟད་པ་ཞིག་ཚངས་ཆེན་གྱི་འཁོར་དུ་སྐྱེས་པ་ན། ཚངས་ཆེན་གྱི་སྨོན་ལམ་དེའི་དབང་གིས་སྐྱེས་སོ་སྙམ་དུ་འདུ་ཤེས་པའོ། །འོ་ན་འཁོར་གྱི་ལྷ་དེ་བསམ་གཏན་གཉིས་པའི་དངོས་གཞི་ཐོབ་བམ་མ་ཐོབ། མ་ཐོབ་ན་ནི་དེས་བསམ་གཏན་གཉིས་པའི་སས་བསྡུས་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པར་མི་རིགས་ཏེ། དམན་པའི་ཡུལ་མཆོག་མ་ཡིན་པའི་ཕྱིར། དྲན་པ་འདི་ནི་བསམ་གཏན་གཉིས་པས་བསྡུས་པ་ཡིན་ཏེ། སྔོན་བསམ་གཏན་གཉིས་པ་ན་གནས་པའི་ཚེ། ཚངས་པ་ཆེན་པོ་སྨོན་ལམ་དེ་ལྟར་དུ་འདེབས་པ་མཐོང་ནས་དེར་འགྲོ་འདོད་ཀྱི་བློ་སྐྱེས་ཏེ། ཚངས་ཆེན་གྱི་འཁོར་དུ་འོངས་པར་དྲན་པའི་ཕྱིར། དེ་ཐོབ་ན་ནི། བསམ་གཏན་དང་པོའི་ཉོན་མོངས་དང་ལྷན་ཅིག་ཏུ་གནས་པར་མི་རིགས་ཏེ། ཚངས་པ་རྒྱུར་འཛིན་གྱི་བློ་ནི་བསམ་གཏན་དང་པོའི་ཉོན་མོངས་ཡིན་པའི་ཕྱིར། ཞེ་ན། དེ་ལྟར་ཐལ་བའི་སྐྱོན་མེད་དེ། བསམ་གཏན་དང་པོར་སྐྱེས་མ་ཐག་པའི་ལྷ་དེ་ལ། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཡོད་ལ། དེས་ཚངས་པ་ཆེན་པོ་སྨོན་ལམ་དེ་ལྟར་དུ་འདེབས་པ་མཐོང་ཞིང༌། མངོན་ཤེས་དེ་དང་སྨོན་ལམ་གཉིས་ཀ་བསམ་གཏན་དང་པོར་ས་མཚུངས་པའི་ཕྱིར། ཞེས་སྟོན་པ་ནི། འགྲེལ་པར། དེ་ལྟ་བས་ན་དེ་ན་གནས་པ་དེ་དག་ཁོ་ནས་དེའི་སྔོན་གྱིས་ཚུལ་རྗེས་སུ་དྲན་ཞིང༌། དེ་ལྟར་དུས་རིང་པོར་གནས་པ་མཐོང་ངོ༌། །ཞེས་གསུངས། དེའི་ངག་དོན་ནི། སྔོན་གྱི་གནས་དེ་ལྟར་དྲན་པ་ན་འདུ་ཤེས་གཅིག་པར་འགྲུབ་པ་ཡིན་ཏེ། དེ་ལྟར་དྲན་པས་ཚངས་ཆེན་ཡུན་རིང་དུ་གནས་པར་མཐོང་བའི་ཕྱིར་རོ། །རྒྱལ་པོ་སྲས་ལྟར་ན། འདུ་ཤེས་དེ་ཚངས་ཆེན་གྱིས་བསྐྱེད་པ་ཡིན་ཏེ། ཚངས་ཆེན་ལས་དེ་ལྟར་ཐོས་པའི་ཕྱིར། ཞེས་འཆད། དེ་ལྟ་ན་ཡང་དེ་འདྲ་དེ་ནི་སྦྱོར་བས་ཐོབ་པའི་ཕྱིར་འདུ་ཤེས་གཅིག་པའི་ཁུངས་སུ་མི་རུང་ངོ༌། །དེ་ལྟར་ཤེས་པ་ན་སྔོན་གནས་རྗེས་དྲན་སྐྱེས་ཐོབ་ཀྱིས་ནི་གོང་ས་ནས་འོག་སར་སྐྱེས་པའི་དུས་ཀྱིས་སྔོན་གྱི་གནས་མི་ཤེས་ལ། སྦྱོར་བྱུང་གིས་ཤེས་མོད། དེའི་ཚེ་འོག་སའི་ཉོན་མོངས་དང་བྲལ་བར་ཁས་ལེན་དགོས་ཏེ། གོང་མའི་དངོས་གཞི་དང་མི་ལྡན་པར་ནི་གོང་མའི་གནས་མི་ཤེས་པའི་ཕྱིར་རོ། །འོ་ན་བསམ་གཏན་དང་པོར་སྐྱེས་པའི་ལྷ་རྣམས་འདུ་ཤེས་གཅིག་པ་མ་ཡིན་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། འདུ་ཤེས་གཅིག་པ་ནི་སྐྱེས་ཐོབ་ཀྱི་དབང་དུ་བྱས་པས་སོ། །ཡང་ཇི་སྐད་དུ། བཟློག་དང༌། ཞེས་པར། བསམ་གཏན་གཉིས་པའི་ལྷ་རྣམས་ནི་འདུ་ཤེས་ཐ་དད་པ་ཞེས་བྱ་སྟེ། རེས་འགའ་དངོས་གཞིའི་ས་ལ་ཡིད་བདེ་བའི་དབང་པོས་སྐྱོ་ནས། ཉེར་བསྡོགས་ལས། བཏང་སྙོམས་ཀྱི་དབང་པོ་མངོན་དུ་བྱེད། རེས་འགའ་ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱི་དབང་པོས་སྐྱོ་ནས། དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་པའི་ཕྱིར། དཔེར་ན། འདོད་པ་ཁམས་ཀྱི་རྒྱལ་པོ་དག འདོད་པའི་དགའ་བ་དང་ཆོས་ཀྱི་དགའ་བ་ལ་ཕན་ཚུན་དུ་འདོར་ལེན་བྱེད་པ་བཞིན་ནོ། །དེ་ལྟར་ཤེས་པ་ན་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་རྟེན་ལས་དེ་ཉིད་ཀྱི་ཉེར་བསྡོགས་ཡོད་པ་མ་ཡིན་ནོ་སྙམ་པ་དང༌། ཉེར་བསྡོགས་མཐའ་དག་འདོད་ཆགས་དང་བྲལ་བར་བྱེད་པ་ཡིན་གྱི། མཐོང་ཆོས་ལ་བདེ་བར་གནས་པའི་ལམ་མེད་དོ་སྙམ་དུ་དོགས་པ་དེ་ཡང་བསལ་བ་ཡིན་ནོ། །དེ་ལྟར་འཇུག་པ་དེའི་ཚེ་ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་དེ་སྦྱོར་བྱུང་དུ་ཁས་ལེན་པ་མ་ཡིན་ཏེ། འདུ་ཤེས་གཅིག་དང་ཐ་དད་ནི་སྐྱེས་ཐོབ་ཀྱི་དབང་དུ་བྱས་པའི་ཕྱིར་དང༌། ས་དེར་སྐྱེས་པ་ཙམ་གྱིས་དེའི་ཉེར་བསྡོགས་གཏོང་བ་ཡང་མ་ཡིན་པའི་ཕྱིར། འོ་ན་བསམ་གཏན་གསུམ་པར་སྐྱེས་པ་རྣམས་ཀྱང་འདུ་ཤེས་ཐ་དད་པ་འགྱུར་ཏེ། དངོས་གཞིའི་བདེ་བས་སྐྱོ་ནས་ཉེར་བསྡོགས་ཀྱི་བཏང་སྙོམས་ལ་འཇུག་པར་འདོད་པ་སྔ་མ་དང་མཚུངས་དགོས་པའི་ཕྱིར། ཞེ་ན། མི་མཚུངས་ཏེ། བསམ་གཏན་གསུམ་པའི་བདེ་བ་ནི་རབ་ཏུ་ཞི་བ་ཡིན་པས་དེས་སྐྱོ་བ་མེད་ལ། གཉིས་པའི་བདེ་བ་ནི་ཡིད་བདེ་ཡིན་པས་ཡུལ་ལ་གཡོ་བར་བྱེད་པའི་ཕྱིར། མདོ་སྡེ་པ་རྣམས་ན་རེ། བདེ་བ་དང་བཏང་སྙོམས་ཀྱི་འདུ་ཤེས་ཐ་དད་པས་དེར་འཇོག་པ་མ་ཡིན་གྱི་བསམ་གཏན་གཉིས་པར་སྐྱེས་པའི་ལྷ་རྒན་པ་དང་གཞོན་པ་རྣམས། བསྐལ་བ་འཇིག་པའི་ཚེ་ཚངས་པའི་འཇིག་རྟེན་བསྲེག་པའི་མེ་དེས་སྐྲག་པ་དང་མི་སྐྲག་པའི་སྒོ་ནས་འདུ་ཤེས་ཐ་དད་པའོ། །ཞེས་འཆད་དོ། །མདོར་ན་འདུ་ཤེས་གཅིག་དང་ཐ་དད་ཀྱི་ཚུལ་གསུམ་བཤད་པ་དེ་ལས། བསམ་གཏན་དང་པོ་ན་འདུ་ཤེས་གཅིག་པ་ནི་ཉོན་མོངས་ཅན་དུ་གཅིག་པ་ཡིན་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་འདུ་ཤེས་གཅིག་པའི་ཕྱིར། བསམ་གཏན་གཉིས་པའི་འདུ་ཤེས་ཐ་དད་པ་ནི་དགེ་བའི་འདུ་ཤེས་ཐ་དད་པ་ཡིན་ཏེ། ཉེར་བསྡོགས་དང་དངོས་གཞིའི་དབང་དུ་བྱས་པའི་ཕྱིར། གསུམ་པའི་འདུ་ཤེས་གཅིག་པ་ནི་རྣམ་སྨིན་སྐྱེས་ཀྱི་དབང་དུ་བྱས་པ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སེམས་དེ་དང་མཚུངས་ལྡན་དུ་གཅིག་པའི་ཕྱིར། བསམ་གཏན་དང་པོ་གཉིས་ཀྱི་ཡིད་བདེ་བ་དང་བསམ་གཏན་གསུམ་པའི་སེམས་བདེ་ལ་དགེ་བ་ཡིན་མིན་གྱི་ཁྱད་པར་འཆད་པ་ནི། རྣམ་སྨིན་གྱི་ངོ་བོར་སྐྱེ་བ་དང༌། མི་སྐྱེ་བའི་ཁྱད་པར་གྱིས་ཡིན་ལ། དེའི་ཤེས་བྱེད་ཀྱང༌། བསམ་གཏན་གསུམ་པའི་སེམས་བདེ་ནི་མཐའ་གཅིག་ཏུ་བསྟན་པ་ཡིན་པས་རྣམ་སྨིན་དུ་རུང་ལ། ཅིག་ཤོས་ནི་དགའ་བ་ཉོན་མོངས་ཅན་དང་མཚུངས་པར་ལྡན་པས་ཡུལ་ལ་གཡོ་བར་བྱེད་པའི་ཕྱིར། གསུམ་པ་རྣམ་གཞག་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་ཅན་དང་པོར་སྐྱེ་བ་དང༌། བར་དུ་གནས་པ་དང༌། ཐ་མར་འཆི་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། གང་དུ་འཇུག་པའི་གནས་དང༌། གང་གིས་འཇུག་པའི་བར་སྲིད་དོ། །དང་པོ་ནི། དེར་ནི་སྒོ་ང་ལས་སྐྱེས་སོགས། །ཞེས་པའོ། །འདིར་སྐྱེ་གནས་བཞི་པོ་ལས་མཆོག་ཏུ་གྱུར་པ་ནི་རྫུས་ཏེ་སྐྱེ་བ་ཡིན་ལ། དེ་ལྟ་ན་ཡང་དེ་ལས་སྐྱེས་པ་ཐམས་ཅད་བཟང་བའི་ངེས་པ་མེད་དེ། དམྱལ་བ་ལ་སོགས་པ་བཞིན་ནོ། །འོ་ན་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་རྫུས་སྐྱེས་སུ་མི་འབྱུང་བ་ཅི་ཞེ་ན། ཉེ་དུ་འབྲེལ་པ་ཆོས་ལ་གཟུད་པ་དང༌། གཞན་རིམ་གྲོ་སྐྱེད་དུ་གཞུག་པ་དང༌། མི་རྣམས་སྤྲོ་བ་སྐྱེད་པ་དང༌། མུ་སྟེགས་ཅན་གྱི་བསྟན་བཅོས་ལས། བསྐལ་པ་བརྒྱ་འདས་པ་ན་སྒྱུ་མ་མཁན་གྱིས་འཇིག་རྟེན་ཟ་བར་བྱེད་དོ། །ཞེས་ལུང་བསྟན་པ་དང་མཐུན་པ་སྤང་བ་དང༌། སྐུ་གདུང་རིང་བསྲེལ་བཞག་པའི་ཕྱིར་ཡིན་ནོ། །ཞེས་ཟེར། འགྲེལ་པར་ནི། ཇི་སྐད་དུ། བཅོམ་ལྡན་འདས་ཀྱི་བྱིན་རླབས་ལས་བྱུང་བའི་རྫུ་འཕྲུལ་ཡིན་པར་འདོད་པ་རྣམས་ལ་ནི་ལན་འདེབས་རིགས་པ་མ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན་ནི་སྤྲུལ་པའི་སྐུ་སྐྱེ་གནས་བཞི་པོ་གང་ཡང་མ་ཡིན་པར་སྟོན་ནོ། །འོ་ན་རྫུས་སྐྱེས་ཀྱི་ལུས་ཞིག་པ་མེད་པར་འདོད་པ་དང༌། མདོ་ལས། རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གིས་རྫུས་ཏེ་སྐྱེ་བའི་ཀླུ་ཟ་བའི་ཕྱིར་འབྱིན་ཏོ། །ཞེས་གསུངས་པ་འགལ་ལོ་ཞེ་ན། དེའི་ལན་ནི། ཇི་སྲིད་མ་ཤིའི་བར་དུ་ཟ་བར་བྱེད་ཀྱི། ཤི་བ་དེས་ཚིམ་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་གསུངས་ལ། དེས་ནི་རྫུས་སྐྱེས་ཤི་བ་ལ་རོ་མི་འབྱུང་ཞེས་འཆད་པ་དེ་ཉིད་གསལ་བར་བསྟན་ནོ། །འདིར་ཁ་ཅིག་ན་རེ། མཁའ་ལྡིང་རྫུས་སྐྱེས་ནི་རབ་ཡིན་པས་དེས་ཀླུ་སྐྱེ་གནས་བཞི་ཀ་ཟ་བར་བྱེད། མཁའ་ལྡིང་དྲོད་གཤེར་སྐྱེས་ནི་དེའི་འོག་ནས་མཆོག་ཡིན་པས་རྫུས་སྐྱེས་མ་གཏོགས་པའི་ཀླུ་སྐྱེ་གནས་གསུམ་ཟ་བར་བྱེད། ནམ་མཁའ་ལྡིང་མངལ་སྐྱེས་ནི་འབྲིང་ཡིན་པས་ཀླུ་སྐྱེ་གནས་གཉིས་ཟ་བར་བྱེད། མཁའ་ལྡིང་སྒོང་སྐྱེས་ཀྱིས་ཀླུ་སྒོང་སྐྱེས་ཁོ་ན་ཟ་བར་བྱེད། ཅེས་གསུངས་སོ། །གཉིས་པ་གང་གིས་འཇུག་པའི་བར་སྲིད་ལ་གསུམ་ལས། ངོ་བོ་ནི། འདིར་སྲིད་པ་ནི་བཞི་སྟེ། འཆི་སྲིད་དང༌། སྐྱེ་སྲིད་དང༌། སྲིད་པ་དེ་གཉིས་ཀྱི་བར་མ་དང༌། སྔོན་དུས་ཀྱི་སྲིད་པའོ། །དང་པོ་ནི། རྒྱུ་འབྱུང་བ་དང་འབྲས་བུ་དབང་པོ་རྣམས་འགག་པའི་འགོ་བརྩོམ་པ་ནས་འགགས་ཟིན་པའི་བར་རོ། །གཉིས་པ་ནི། སྐྱེ་སྲིད་དུ་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་མ་དེའོ། །གསུམ་པ་ནི་འཆི་སྲིད་འགགས་ནས་སྐྱེ་སྲིད་ལ་ཐུག་པའི་བར་གྱི་སྲིད་པའོ། །བཞི་པ་ནི་སྐྱེ་སྲིད་རྫོགས་ནས་འཆི་སྲིད་ལ་ཐུག་པའི་བར་གྱི་སྲིད་པའོ། །སྐྱེ་བའི་སྲིད་པ་ལ་ཉོན་མོངས་ཅན་གྱིས་ཁྱབ་ལ་གཞན་གསུམ་པོ་ལ་ནི་ཆོས་གསུམ་ཀ་སྲིད་པར་བཤད་པ་དེའི་ཕྱིར་སྲིད་པ་དང་འགྲོ་བ་དོན་གཅིག་པ་མ་ཡིན་ནོ། །སྲིད་པ་བར་མ་འདི་ལ་ནི་འབྱུང་བ་ཞེས་བྱའི། འབྱུང་བ་ཞེས་ནི་མི་བྱ་སྟེ། འཕེན་བྱེད་ཀྱིས་འཕངས་ཟིན་ཀྱང༌། རྫོགས་བྱེད་ཀྱིས་རྫོགས་མ་ཟིན་པའི་ཕྱིར། ཁ་ཅིག བྱུང་བ་ནི་སྔོན་དུས་ཀྱི་སྲིད་པ་ཁོ་ནའོ་ཟེར་བ་ལ་ནི། སྐྱེ་སྲིད་དང་འཆི་སྲིད་ཀྱིས་མ་ངེས་སོ། །དེས་ན་གཞུང་འདི་ལྟར། འགྲོ་བའི་ཡུལ་དུ་མ་བྱིན་ཕྱིར། །སྲིད་པ་བར་མ་འགྲོ་བ་མིན། །ཞེས་བཏོན་ན་འཁྲུལ་པ་མེད་དོ། །དེ་ལས་གཞན་དུ་བྱུང་བ་དང་འབྱུང་བ་ཞེས་པའི་དོན་བྱུང་ཟིན་པ་དང་འབྱུང་འགྱུར་ལ་བཤད་ན་རྣམ་པར་འཁྱམས་སོ། །གཞན་དག བར་སྲིད་ཀྱི་ཚེ་འཕེན་རྫོགས་ཀྱི་འབྲས་བུ་མཐར་མ་ཕྱིན་པས་ན་བྱུང་བ་མིན་ཞེས་ཟེར་ཡང༌། རྣམ་དབྱེ་སོ་སོར་ཕྱེད་དགོས་ཏེ། འཕེན་བྱེད་ཀྱིས་འཕངས་མ་ཟིན་ན། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་པ་དེ་མི་འགྲུབ་པའི་ཕྱིར་དང༌། གོང་མ་པ་དག་འདོད་པ་ལྟར། དེར་གནས་པའི་ཚེ་ན་ཡང་འཕེན་བྱེད་ཀྱི་ལས་གསོག་པར་ཐལ་བའི་ཕྱིར། དེས་ན་རྣམ་སྨིན་གྱི་ངོ་བོ་གྲུབ་ཟིན་ཀྱང་རྫོགས་པར་གྲུབ་མ་ཟིན་པ་ཞེས་བྱའོ། །གཉིས་པ་སྒྲུབ་བྱེད་ལ། རིགས་པ་དང༌། ལུང་ལས། དང་པོ་ལ་རྟགས་དགོད་པ་དང༌། རྟགས་དེ་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་རིགས་པའོ། །དང་པོ་ནི། ཕལ་ཆེན་སྡེ་པ་ན་རེ། བར་སྲིད་ཅེས་བྱ་བ་ཡོད་པ་མ་ཡིན་ཏེ། ཚེ་སྔ་མའི་འཆི་སྲིད་ཆད་པ་ལས་ཚེ་ཕྱི་མའི་སྐྱེ་སྲིད་འབྱུང་བའི་ཕྱིར། ཞེས་ཟེར་རོ། །དེ་དགག་པ་ནི། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་པས་ནི་མཐུན་དཔེ་བསྟན་ནོ། །སྲིད་པ་ཆད་ལས་འབྱུང་བ་མིན། །ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །གཏན་ཚིགས་ཁ་བསྐང་བར་བྱའོ། །དེ་ཡང་འདི་ལྟར། སུམ་ཅུ་རྩ་གསུམ་པའི་ལྷ་ཤི་འཕོས་ནས་མིར་སྐྱེས་མ་ཐག་པའི་སྐྱེ་སྲིད་དེ་ཆོས་ཅན། ལྷའི་སྐྱེ་སྲིད་ཆད་པ་ལས་བྱུང་བ་མ་ཡིན་ཏེ། འཆི་སྲིད་ཀྱི་རྒྱུན་གྱིས་འཇུག་པའི་ཕྱིར། དཔེར་ན་འབྲུ་ཡི་རྒྱུན་ཡུལ་གཞན་ནས་གཞན་དུ་འཇུག་པའི་ཚེ་རྒྱུན་མ་ཆད་པར་འཇུག་པ་བཞིན། གཉིས་པ་ནི། སྐྱེ་སྲིད་དེ་འཆི་སྲིད་ཀྱི་རྒྱུན་ཡིན་ཀྱང༌། འཆི་སྲིད་ཆད་པ་ལས་བྱུང་བ་མི་འགལ་ཏེ། གཟུགས་བརྙན་ཏེ་གཟུགས་ཀྱི་རྒྱུན་ལ་ཞུགས་པ་ཡིན་ཀྱང༌། གཟུགས་དངོས་དེ་ཆད་པ་ལས་བྱུང་བ་བཞིན། ཞེ་ན། ལན་ལ། མི་མཐུན་པའི་ཕྱོགས་མེད་པའི་རྒྱུ་མཚན་གྱིས་རྟགས་མི་མཐུན་ཕྱོགས་ལ་མ་ཞུགས་པར་བསྟན་པ་དང༌། དེ་ཡོད་ཀྱང་རྟགས་དེ་ལ་མ་ཞུགས་པར་བསྟན་པ་དང་གཉིས་ཀྱིས་འཆད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གཟུགས་བརྙན་མ་གྲུབ་ཕྱིར་ན་དང༌། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །ཞེས་པའོ། །གཉིས་པ་ལ། གཏན་ཚིགས་དང་པོ་ནི། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཞེས་པས་བསྒྲུབ་ལ། དོན་ནི། མེ་ལོང་ནང་གི་གཟུགས་བརྙན་ཆོས་ཅན། ཡོད་པ་མ་ཡིན་ཏེ། ཡོད་ན་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་སུ་དམིགས་དགོས་པ་ལས་དེར་མ་དམིགས་པའི་ཕྱིར། མ་དམིགས་ཏེ། དམིགས་ན་མེ་ལོང་གཅིག་གི་གོ་ས་ན་གཟུགས་བརྙན་གྱི་རྟེན་འབྱུང་བ་དང༌། མེ་ལོང་གི་རྟེན་འབྱུང་བ་རྫས་ཐ་དད་པ་གཉིས་ཡོད་དགོས་པ་ལས་དེ་མེད་པའི་ཕྱིར་དང༌། མེ་ལོང་ནང་དུ་ཉི་མའི་གཟུགས་བརྙན་ཤར་བ་ན། གཟུགས་བརྙན་དེ་ཉི་མ་དང་མེ་ལོང་གི་དངོས་པོ་གང་རུང་དུ་ཡོད་དགོས་པ་ལས་དེར་མེད་པའི་ཕྱིར། ཉི་མའི་གཟུགས་སུ་མེད་དེ། གྲིབ་མའི་ནང་དུ་གནས་པའི་ཕྱིར། མེ་ལོང་གི་རྫས་སུ་མེད་དེ། མེ་ལོང་ལ་ཟུར་ནས་བལྟས་པའི་ཚེ་མ་དམིགས་པའི་ཕྱིར། གཉིས་པ་ནི། རྒྱུན་གྱིས་འཇུག་པའི་རྟགས་དེ་མི་མཐུན་ཕྱོགས་གཟུགས་བརྙན་ལ་ཡོད་པ་མ་ཡིན་ཏེ། གཟུགས་བརྙན་དེ་གཟུགས་ཀྱི་རྒྱུན་མ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། རྒྱུན་མིན་ཕྱིར། ཞེས་སོགས་སོ། །སྐབས་འདིར་གཟུགས་བརྙན་མ་གྲུབ་པའི་ཤེས་བྱེད་གཞན་ཡང༌། འདི་ལྟར་དེའི་མཚན་གཞི་ནི་མེ་ལོང་ནང་དུ་ཤར་བའི་བྱད་བཞིན་གྱི་གཟུགས་དེ་ཉིད་ཡིན་ལ། དེ་ཡང་འཇིག་རྟེན་ལུགས་ཀྱི་ཀུན་རྫོབ་ཀྱི་བདེན་པར་འཆད་པའི་ཕྱིར་དང༌། བསྟན་བཅོས་ལས་ནི་ལོག་པའི་ཀུན་རྫོབ་ཏུ་འཆད་པའི་ཕྱིར། དེ་ཡང་བྱེ་སྨྲ་ལྟར་ན། དབང་ཤེས་ལ་རྣམ་མེད་རྗེན་ཆར་དུ་སྣང་བ་ཡིན་པས་ཡོད་ན་བྱད་བཞིན་དངོས་ཡོད་དགོས་པའི་ཕྱིར་དང༌། མདོ་སྡེ་པ་ལྟར་ན། ཇི་སྐད་དུ། དོན་དུ་སྣང་བ་བློ་ཉིད་ཡིན། །སྣང་བ་དེ་ནི་ཉིད་ཕྱིན་མེད། །ཅེས་འབྱུང་བ་ལྟར་འཆད་པའི་ཕྱིར་དང༌། རྣམ་རྫུན་པ་ལྟར་ན། སྣང་བ་དེ་ཉིད་ཀྱང་དངོས་པོར་མེད་པའི་ཕྱིར། གཉིས་པ་ལུང་གི་སྒྲུབ་བྱེད་ནི། མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ། །ཞེས་སོགས་ཡིན་ལ། འདིར་ནི་ལུང་དོན་ལ་དཔྱད་པས་རྣམ་པར་མ་དག་པའི་རྒོལ་བའི་ངོར་དཔྱད་པས་མ་དག་པའི་ལུང་དྲངས་པ་དང༌། རིས་མཐུན་ལྷ་མིག་དག་པས་མཐོང༌། །ཞེས་པ་ལྟར། མངོན་སུམ་གྱིས་གྲུབ་པའི་དོན་ལ་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཀྱང་མི་འཇུག་ན། ལུང་སྒྲུབ་བྱེད་དུ་འཇུག་པ་ལྟ་ཅིག་སྨོས། ཡང༌། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཀྱིས་བསྒྲུབས་པ་དང༌། མགུར་ནས་གསུངས་ཕྱིར། ཞེས་ལུང་གིས་འགྲུབ་པར་འཆད་པ་ཡང་ལེགས་པ་མ་ཡིན་ཏེ། རྣམ་འགྲེལ་མཛད་པས། དངོས་སྟོབས་རྗེས་དཔག་དང་ཡིད་ཆེས་རྗེས་དཔག་གི་གནོད་ཡུལ་ལ་གཞི་མཐུན་མེད་པར་གསུངས་པའི་ཕྱིར། སྙམ་པའི་དོགས་པ་འདི་ཇི་ལྟར་སེལ་ཞེ་ན། མངོན་སུམ་གྱི་གྲུབ་པ་དག་གི་ངོར་རྟགས་མི་འཇུག་ཀྱང༌། དེས་མ་གྲུབ་པའི་ངོར་སྒྲུབ་དགོས་པ་ཡིན་ཏེ། དཔེར་ན་དུ་བས་གཞི་འགའ་ཞིག་ཏུ་མེ་དཔོག་པ་བཞིན་ནོ། །དེས་ན་བར་སྲིད་མངོན་སུམ་གྱིས་མ་གྲུབ་པའི་རྒོལ་པ་དག་གི་ངོར་སྒྲུབ་ལ། དེ་ལའང་གཉིས་ཏེ། མེད་ཅེས་ལོག་པར་རྟོག་པ་དང༌། ཡོད་པའི་སྒྲུབ་བྱེད་འདྲི་བའོ། །དང་པོ་ནི། ལྷ་ནས་མིར་སྐྱེ་བ་མི་སྲིད་པར་ཐལ། དེ་ནས་དེར་ཉིང་མཚམས་སྦྱོར་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། རྒྱུན་མེད་ཀྱང་དེར་འཇུག་ན། འཆི་ས་དེ་ཉིད་དུ་སྐྱེ་བ་བླངས་པའི། སྐྱེ་བ་བླངས་པ་དེ་ཉིད་དུ་ཤི་བ་གང་རུང་ཡིན་པ་འགྱུར་ཏེ། དཔེར་ན། གཟུགས་མེད་ཁམས་སུ་སྐྱེ་བ་ལེན་པ་བཞིན། གཉིས་པ་ལ། རིགས་པའི་སྒྲུབ་བྱེད་འདྲི་བ་དང༌། ལུང་གི་སྒྲུབ་བྱེད་འདྲི་བ་པོ་སོ་སོར་ངེས་པའི་དབང་གིས་སྒྲུབ་བྱེད་སོ་སོར་འགོད་པ་ཡིན་ཏེ། འགྲེལ་པ་ཉིད་ལས། ཇི་སྐད་དུ། རེ་ཤིག་གང་དག་ལ་ལུང་འདི་ཚད་མ་ཡིན་པ་དེ་དག་ལ་ནི། ལུང་ལས་ཀྱང་སྲིད་པ་བར་མ་གྲུབ་བོ། །ཞེས་ལུང་རིགས་གཉིས་ཀས་འགྲུབ་པར་གསུངས་སོ། །རིགས་པས་གྲུབ་ཟིན་པ་ལ་ལུང་གིས་ཅི་ཞིག་བྱ་སྙམ་ན། ཚད་མ་སྐྱེད་པ་ལ་ལུང་མི་དགོས་ཀྱང༌། དེ་ལྟར་སྟོན་པའི་ལུང་དེ་ལུང་རྣམ་དག་ཏུ་གོ་བའི་ཕྱིར་དུ་ལུང་འདྲེན་པར་མཛད་དོ། །གསུམ་པ་ཁྱད་པར་གྱི་ཆོས་བཤད་པ་ལ། དང་པོ་ཤ་ཚུགས་ཀྱི་ཁྱད་པར་ནི། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་པའོ། །སྔོན་དུས་ཀྱི་སྲིད་པ་ནི་གཉིས་ཏེ། བྱུང་ཟིན་པ་དང༌། འབྱུང་བའོ། །ཕྱི་མའི་དབང་དུ་བྱས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་འབྱུང་ཞེས་བྱ་བའི་སྒྲ་སྨོས་སོ། །སྔོན་དུས་ཞེས་པ་སྔོན་དུ་འདས་པའི་དུས་ལ་འཇུག་པ་ནི་མ་ཡིན་ཏེ། སྐྱེ་སྲིད་རྫོགས་ནས་འཆི་སྲིད་མ་སླེབ་བར་གྱི་སྲིད་པ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། འོ་ན་འགྲེལ་པར་དུས་སྔ་མའི་སྲིད་པ་ཞེས་བཤད་པ་མ་ཡིན་ནམ། ཞེ་ན། དེ་ལྟར་བཤད་པ་དེ་ནི་དུས་སྔ་མ་ཞེས་པས་སྔོན་དུས་ཀྱི་གོ་བ་སྟོན་པ་མ་ཡིན་གྱི། འཆི་སྲིད་ལས་དུས་སྔ་བར་བྱུང་བའི་སྲིད་པ་དང༌། བར་དོའི་སྲིད་པ་གཉིས་འཕེན་པ་གཅིག་པར་སྟོན་པའི་ཚིག་ཡིན་ཏེ། འཆི་བའི་སྲིད་པ་ནི་སྲིད་པ་གཞན་གསུམ་པོ་འཕེན་བྱེད་ཀྱི་ལས་དེས་འཕངས་པ་མ་ཡིན་པའི་ཕྱིར། དེ་ལྟ་ན་ཡང༌། བར་སྲིད་དང༌། སྔོན་དུས་ཀྱི་སྲིད་པའི་ངོ་བོ་ནི་ལུང་མ་བསྟན་དུ་ངེས་ལ། གཞན་གཉིས་པོ་དེར་མ་ངེས་པའི་ཁྱད་པར་དབྱེ་དགོས་སོ། །འཕེན་པ་གཅིག་པའི་ཕྱིར། ཞེས་པའི་གཞུང་འདིས་བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་ཚེ་གཅིག་གིས་བསྡུས་པར་བསྟན་པ་ཡིན་ཏེ། འགྲེལ་པར། ལས་གང་གིས་འགྲོ་བ་འཕེན་པ་དེ་ཉིད་ཀྱིས་དེར་ཕྱིན་པར་བྱེད་པའི་སྲིད་པ་བར་མ་ཡང་འཕེན་ཏེ། ཞེས་དང༌། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་བྱེད་རྣམ་པ་ཉི་ཤུ་གཉིས། །དེ་ནི་མཐོང་ཆོས་འབྲས་བུ་ཅན། །ཞེས་འཆད་པའི་ཕྱིར་རོ། །དེས་ན་བར་སྲིད་ཤི་ནས་སྐྱེ་སྲིད་དུ་འཇུག་པ་ནི་མ་ཡིན་ཏེ། ཡིན་ན་བར་སྲིད་ཐུག་མེད་དུ་ཐལ་བའི་ཕྱིར་དང༌། བར་སྲིད་ཉིད་སྐྱེ་གནས་སུ་འཇུག་པར་བཤད་པ་ཡིན་ལ། སྐྱེ་གནས་སུ་ཉིང་མཚམས་སྦྱར་རྗེས་འཆི་འཕོ་བ་ཡིན་ན་ནི་བར་སྲིད་དུ་འཆི་བའི་དོན་མ་ཚང་བའི་ཕྱིར། མངོན་པ་གོང་མ་ལས་བར་སྲིད་འཆི་འཕོ་བར་བཤད་པ་དེ་ནི། བར་དོའི་ལུས་དོར་བ་དང༌། སྐྱེ་གནས་ཀྱི་ལུས་བླངས་པ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་བྱུང་བ་ལ་འཆད་དོ། །འདིར་ནི་རྣམ་སྨིན་གཅིག་ཏུ་འཆད་པས་ཚེ་གཅིག་གི་རྣམ་སྨིན་ཆད་ཅིང་མཚམས་སྦྱོར་བ་མི་སྲིད་དོ། །གལ་ཏེ་འཆི་ས་དེ་ཉིད་དུ་བར་སྲིད་འགྲུབ་པ་ཡིན་ན། མི་ལ་སོགས་པའི་མའི་མངལ་དུ་ཤི་ནས་དམྱལ་བར་སྐྱེ་བ་དེའི་ཚེ་མངལ་ཚིག་པ་ལ་སོགས་པའི་ཉེས་པར་འགྱུར་བ་མ་ཡིན་ནམ། ཞེ་ན། ཉེས་པ་མེད་དེ། ལས་ཀྱིས་མཚམས་བཅད་པའི་ཕྱིར། ཞེས་པ་ཉིད་ལན་ནོ། །འོ་ན་གལ་ཏེ་བར་དོའི་སྲིད་པ་མའི་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ། སྲིད་པ་བར་མའི་ཕུང་པོ་འགགས་སམ་ཅི་སྟེ་མ་འགགས་ན་ནི། བར་སྲིད་དང་སྐྱེ་སྲིད་ལ་སོགས་པའི་གཞི་མཐུན་པར་འགྱུར་ལ། འགགས་ན་ནི་འཕེན་པ་གཅིག་གིས་འཕངས་པའི་རྣམ་སྨིན་རྒྱུན་ཆད་ཅིང་འབྱུང་བ་མ་ཡིན་ནམ་ཞེ་ན། ཉེས་པ་མེད་དེ། དེའི་མིག་སོགས་དབང་པོ་ལྔ་འགགས་ཀྱང་སྲོག་ཡིད་བཏང་སྙོམས་གསུམ་མ་འགགས་པར་འདོད་པའི་ཕྱིར། དེ་ལས་གཞན་དུ་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་ཚེ་ཤི་བར་ཁས་ལེན་ན། བར་སྲིད་དང་འཆི་སྲིད་ཀྱི་གཞི་མཐུན་པར་འགྱུར་ལ། དེ་ལྟ་ན་བར་དོའི་སྐྱེ་སྲིད་ཀྱང་ཁས་ལེན་དགོས་པ་ལས། དེ་ཡང་རིགས་པ་མ་ཡིན་ཏེ། སྲིད་པ་བཞི་པོ་ནི་འགལ་བ་ཅན་ཁོ་ནར་གཞུང་འགྲེལ་ལས་བཤད་པའི་ཕྱིར་དང༌། འགྲེལ་པ་ལས། དེའི་ཚེའི་འཕེན་པ་ལོགས་ཤིག་ན་མེད་དེ། རིས་མཐུན་པ་གཅིག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། དེའི་ཚེ་ཟད་པས་འཆི་བའི་སྲིད་པར་ཡང་ཐལ་བར་འགྱུར་རོ། །ཞེས་ཟེར་རོ། །ཞེས་བཤད་པས་སོ། །བར་དོའི་འཆི་སྲིད་ཁས་མི་ལེན་ན། ཕྱིར་མི་འོང་བར་དོར་འདའ་བ་ཞེས་བཤད་པ་དེ་མི་འཐད་པར་འགྱུར་རོ། །ཞེ་ན། འདི་དང་དེར་བཤད་པ་མི་འདྲ་བའི་ཁྱད་པར་ནི། དེར་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང༌། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པ་ཞིག་གི་དབང་དུ་བྱས་པས་བར་དོར་ཚེ་ཟད་པ་ཞིག་སྲིད་པ་དང༌། འདིར་ནི་ཀུན་སྦྱོར་གཉིས་ཀ་མ་སྤངས་པ་གཞིར་བྱས་ནས་འཆད་པའི་ཚེ། བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་འཕེན་བྱེད་གཅིག་གི་འཕངས་པས་ན། དེས་འཕངས་པའི་ཚེ་དེ་ཉིད་བར་དོར་ཟད་པ་མི་སྲིད་པའི་ཁྱད་པར་ལས་དང༌། ཡང་ན་བར་དོར་འདའ་བ་ནི་འཆི་སྲིད་མཚན་ཉིད་པ་མ་ཡིན་ཏེ། མྱ་ངན་ལས་འདས་པ་ཡིན་པས་སྲིད་པར་མི་རུང་བའི་ཕྱིར། འོ་ན་སྐུ་ཚེའི་འདུ་བྱེད་བཏང་བར་ཡང་ཁས་མི་ལེན་ནམ་ཞེ་ན། དེ་ལྟར་ཁས་ལེན་མོད། འཆི་སྲིད་མཚན་ཉིད་པར་ཁས་མི་ལེན་ཏེ། གཏོང་བ་པོ་དགྲ་བཅོམ་པ་ཡིན་པས་སྲིད་པ་བཞི་སྤངས་ཟིན་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། བར་དོའི་ཚེ་ཚད་ཞག་བདུན་ངེས་པ་དང༌། དེར་སྐྱེ་སྲིད་ཀྱི་ཚོགས་པ་མ་རྙེད་ན། དེ་ཉིད་དུ་ཤི་འཕོས་ནས་ཡང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་འཆད་པ་དེ་ཡང་ལུགས་འདི་ལ་མི་རུང་སྟེ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་གང་དུ་སྐྱེ་འགྱུར་གྱི་སྔོན་དུས་ཀྱི་སྲིད་པ་དང༌། ཡང་རྣམ་སྨིན་གཅིག་གིས་བསྡུས་པར་བཤད་ན། བར་སྲིད་ཉིད་ཀྱི་རྣམ་སྨིན་དུམ་བུར་ཆད་ཅིང་མཚམས་སྦྱོར་བ་མི་རུང་བའི་ཕྱིར། དེས་ན་སྐྱེ་སྲིད་དུ་མཚམས་སྦྱོར་བའི་རྐྱེན་མ་འཛོམ་ན། བར་སྲིད་ཉིད་དུ་འཆི་འཕོ་བ་མེད་པར་ཡུན་རིང་དུ་གནས་པར་ཁས་ལེན་པ་ཉིད་ལུགས་འདིའི་གྲུབ་པའི་མཐའ་ཡིན་ཏེ། འགྲེལ་པར། ཇི་སྐད་དུ། ཡང་ན་གདོན་མི་ཟ་བར། དེའི་རྐྱེན་མང་པོ་ཁོ་ནའི་དུས་སུ། དེར་འགྱུར་བའི་ལས་རྣམས་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱ་བ་ལ་འཇུག་པ་རྙེད་ཀྱི། གཞན་དུ་ནི་མ་ཡིན་ཏེ། འདི་ལྟར། འཁོར་ལོ་སྒྱུར་བའི་ལས་ཡོད་ཀྱང༌། སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲིའམ། ཚེ་ལོ་ཆོས་མང་བ་ན་འཁོར་ལོ་བསྒྱུར་བ་འབྱུང་གི གཞན་དུ་མ་ཡིན་པ་ལྟ་བུའོ། །ཞེས་བཤད་ཅིང༌། འདི་ནི་སློབ་དཔོན་ཉིད་ཀྱི་རྣམ་དཔྱོད་ཀྱིས་བརྟགས་པ་ཡིན་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་རྙིང་པ་འཆད་པ་ན། ཇི་སྐད་དུ། བཙུན་པ་དབྱིག་བཤེས་ན་རེ། ཞག་བདུན་དུ་གནས་སོ། །ཞེས་ཟེར་རོ། །གཞན་དག་ན་རེ། ཞག་བདུན་ཕྲག་བདུན་དུའོ། །ཞེས་ཟེར། བཙུན་པ་ན་རེ། ངེས་པ་མེད་དེ། ཇི་སྲིད་སྐྱེ་བའི་ཚོགས་པ་མ་རྙེད་ཀྱི་བར་དུའོ། །ཞེས་ཟེར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ནི་སྲིད་པ་ཚོལ་བ་ཡིན་པའི་ཕྱིར་མྱུར་བར་ཁོ་ནར་སོང་སྟེ་ཉིང་མཚམས་སྦྱོར་བས་ན་དུས་ཐུང་ངུར་གནས་སོ། །གང་གི་ཚེ་རྐྱེན་ཚོགས་པ་ཡང་མ་ཡིན་ལ། ངེས་པར་ཡུལ་དེར་སྐྱེ་བར་འགྱུར་བ་ཡང་ཡིན་ན། དེའི་ཚེ་ལས་རྣམས་ཁོ་ནས་རྐྱེན་དག་ཚོགས་པ་འདྲེན་པར་བྱེད་དོ། །འོན་ཏེ་མ་ངེས་ན་ནི། དེ་ལས་གཞན་པའི་ཡུལ་དུ་སྐྱེ་བ་དེར་སྐྱེ་བར་འགྱུར་རོ། །ཞེས་ཟེར་རོ། །ཞེས་བཤད་ལ། དེའི་ལྟར་ན་བར་སྲིད་ཉིད་དུ་འཆི་འཕོ་བ་མེད་པ་ཁོ་ནར་མ་ཟད། ཚེ་ཚད་ཞག་བདུན་ལས་ཀྱང་དུས་ཐུང་བར་འཆད་པའོ། །དེའི་ཤེས་བྱེད་ཀྱང་བར་སྲིད་དེའི་ལས་ཀྱི་མཐུ་དྲག་པོས་སྐྱེ་གནས་ཀྱི་ཚོགས་པ་མྱུར་དུ་འདྲེན་པ་སྟེ། དཔེར་ན་རྟའི་དུས་དེ་སོས་ཀ་ཡིན་ཀྱང༌། དགུན་གྱི་དུས་སུ་དྲངས་པ་ལྟ་བུའོ། །སློབ་དཔོན་འདུས་བཟང་ནི། རྟའི་མངལ་དུ་འཇུག་རྒྱུའི་བར་སྲིད་དུས་མིན་དུ་གྲུབ་ན། བོང་བུའི་མངལ་དུ་འཇུག་པ་སོགས་འདོད་པ་ལ། སློབ་དཔོན་གྱིས་དགག་པ་མཛད་པ་ནི། ཇི་སྐད་དུ། འཕེན་པ་གཅིག་པའི་ཕྱིར། རིས་གཞན་གྱི་སྲིད་པ་བར་མས་རིས་མཐུན་པ་གཞན་དུ་སྐྱེ་བར་ནི་མི་ནུས་པས། དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་བར་སྲིད་མངལ་དུ་ཞུགས་ནས་དབང་པོ་ལྔ་དོད་པའི་ཚེ། དབང་པོའི་རྟེན་དུ་གྱུར་པའི་འབྱུང་བ་དེ་མངལ་གྱི་འབྱུང་བ་ཡིན་ནམ། དེ་མ་ཡིན་པའི་འབྱུང་བ་གཞན་ཞིག་གྲུབ་པ་ཡིན། ཞེས་འདྲི་བ་ལ། འབྱུང་བ་གཞན་ཞིག་གྲུབ་པ་རང་ལུགས་སུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་པ་ལས། གཞན་དག་ན་རེ། འབྱུང་བ་གཞན་དག་ཁོ་ན་ཡིན་ཏེ། དཔེར་ན་ལོ་མའི་སྲིན་བུ་ལྟ་བུ་ཡིན་ལ། མི་གཙང་བ་ལ་བརྟེན་ནས་སྐྱེ་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་མདོ་དང་མི་འགལ་ལོ། །རེ་ཞིག་སྒོང་ལས་སྐྱེ་བ་དང་མངལ་ནས་སྐྱེ་བའི་སྐྱེ་གནས་སུ་འཇུག་པ་ནི་དེ་ལྟའོ། །གཞན་ལ་ནི་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་ཟེར་ཏེ། རིགས་པ་ནི་འདི་ཡིན་ནོ། །ཞེས་བཤད་པས་སོ། །ཡང་ལྷ་མི་དག་པས་མཐོང༌། ཅེས་པར། སྐྱེས་ཐོབ་ཀྱི་ལྷའི་མིག་གིས་སྲིད་པ་བར་མ་མི་མཐོང་བ་ལྟ་བུར་བཤད་པ་ནི། ས་གོང་མ་དང་རིས་མི་མཐུན་གྱིས་དབང་དུ་བྱས་པར་གསལ་བ་ཡིན་ཏེ། རིས་མཐུན་ནི་དུད་འགྲོའི་བར་སྲིད་ཀྱིས་ཀྱང་མཐོང་བར་བཤད་པའི་ཕྱིར་དང༌། བསམ་གཏན་དང་པོའི་ལྷའི་མིག་སྐྱེས་ཐོབ་ཀྱིས་ས་འོག་མའི་བར་སྲིད་མཐོང་དགོས་པ་ཡིན་ཏེ། ཡུམ་གྱི་མདོ་དང་འགྲེལ་པ་དག་ན། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་གིས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བར་བཤད་པ་ཡིན་ནོ། །ཡང་དབང་པོ་ཀུན་ཚང་ཞེས་པ། འགྲེལ་བར་དབང་པོ་གཟུགས་ཅན་ལྔ་ཚང་བ་ལ་འཆད་ཅིང༌། བོད་ཀྱི་སློབ་དཔོན་དག་སྔོན་དུས་ཀྱི་སྲིད་པར་འབྱུང་ཚོད་ཀྱི་དབང་པོ་དེ་ཉིད་ཚང་བར་འབྱུང་བ་ཡིན་ཞེས་འཆད་མོད། ཇི་སྐད་དུ། སྲོག་ནི་རྣམ་སྨིན་བཅུ་རྣམ་གཉིས། །ཞེས་པ་ལྟར། ས་གོང་ན་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་ཇི་ཙམ་ཡོད་པ་དེ་ཉིད་ཚང་བར་འབྱུང་བ་ཡིན་ཏེ། འདི་ནི་རྣམ་སྨིན་གྱི་ཐོག་མ་ཡིན་པའི་ཕྱིར་དང༌། སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཐོགས་མེད་ལྡན། ཞེས་པར། བོད་ཀྱི་སློབ་དཔོན་དག མའི་ལྟོ་དང་རྡོ་རྗེའི་གདན་ལ་ནི་ཐོགས་པ་ཡིན་ཏེ། འགྲེལ་པ་ལས། སྲིད་པ་བར་མ་པ་ནི་ལྟོ་བ་རྟོལ་ཏེ་འཇུག་པ་མ་ཡིན་གྱི། སྐྱེ་གནས་ཀྱི་སྒོ་ནས་འཇུག་ཏེ། དེ་ཉིད་ཀྱི་ཕྱིར་མཚེ་མ་ལས་གང་བྱིས་བྱུང་བ་དེ་ནི་ཕུ་བོ་ཞེས་བྱའོ། །སྔར་བྱུང་བ་དེ་ནི་ནུའོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་མོད། བར་སྲིད་མིའི་ལུས་ལ་ཐོགས་པ་མ་ཡིན་ཏེ། མིའི་ལུས་ལ་གནས་པའི་སྲོག་ཆགས་དྲོད་གཤེར་ལས་སྐྱེས་པ་སོགས་ཤིན་ཏུ་མང་བའི་ཕྱིར་དང༌། སྐྱེ་གནས་ཀྱི་སྒོ་ནས་འཇུག་པ་ཡང་བློ་ཕྱིན་ཅི་ལོག་གི་དབང་གིས་འཇུག་པ་ཡིན་གྱི། ལུས་གཞན་ལ་ཐོགས་པའི་དབང་གི་མི་འཇུག་པ་མ་ཡིན་པའི་ཕྱིར་རོ། །འདི་ཐོགས་མེད་ཡིན་པའི་ཤེས་བྱེད་དུ་འགྲེལ་པར། ལྕགས་ཀྱི་ཐོ་ལུམ་འབར་བ་གཤེགས་པའི་ནང་ནས་སྲིན་བུ་དམིགས་སོ་ཞེས་གྲག་གོ །ཞེས་བཤད་ལ། དེ་ཙམ་གྱིས་དེར་འགྲུབ་ན། མིའི་ལུས་ལ་སྲིན་བུའི་རིས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་བཤད་པས། དེ་ལ་མི་ཐོགས་པ་ཉིད་དུ་ཅིའི་ཕྱིར་མི་འགྲུབ། ཡང་མི་ལྡོག་ཅེས་པར། ལུགས་འདིར་ཡང༌། རྣམ་སྨིན་གྱི་ངོ་བོ་མི་ལྡོག་པ་ཡིན་གྱི། ཁྱད་པར་མི་ལྡོག་པ་ནི་མ་ཡིན་ཏེ། དེའི་དོན་དུ་བསོད་ནམས་སམ་དེ་མ་ཡིན་པའི་ལས་བྱས་པས། མི་ལྟ་བུའི་འགྲོ་བ་གཞིར་བྱས་པ་ལའང་རིགས་གཟུགས་དང་འབྱོར་པའི་ཁྱད་པར་སོགས་བཟང་ངན་ཅན་དུ་འགྱུར་བར་དམིགས་པའི་ཕྱིར་དང༌། བར་སྲིད་དུ་རྣམ་སྨིན་གྱི་ངོ་བོ་གྲུབ་ཀྱང་ཁྱད་པར་མ་གྲུབ་པའི་ཕྱིར་དང༌། ཇི་སྐད་དུ། ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་བཤད་པའི་ཕྱིར། འོ་ན་མངོན་པ་གོང་མར། དེ་ན་གནས་པ་ཡང་ལས་སོག་གོ་ཞེས་བཤད་པ་དང་ཁྱད་པར་ཅི་ཡོད་ཅེ་ན། དེར་བཤད་པ་དེ་ནི་འཕེན་བྱེད་ཀྱི་ལས་གསོག་པའི་དབང་དུ་བྱས་པ་ཡིན་ཏེ། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་མངོན་པའི་ང་རྒྱལ་ཅན་དམྱལ་བར་སྐྱེ་བའི་ལས་གསོག་པར་བཤད་པ་བཞིན་ནོ། །སྤྱིར་བར་དོའི་རྟེན་ལ་ལས་མི་གསོག་པ་མ་ཡིན་ཏེ། ཕྱིར་མི་འོང་བར་དོར་འདའ་བས་ས་གོང་མའི་ཉོན་མོངས་སྤོང་བའི་ལས་བྱེད་པ་བཞིན། ཡང་དེ་ནི་དྲི་ཟའོ་ཞེས་པར། འཆད་པ་པོ་དག ཁམས་གོང་མའི་བར་དོས་ཟས་སུ་དྲི་ཟ་བ་མ་ཡིན་ཏེ། ཁམས་ཀྱི་ཟས་ལ་ཆགས་པ་དང་བྲལ་བའི་ཕྱིར། དེའི་ཕྱིར་དེ་ལ་ནི་དྲི་ཟ་ཞེས་མི་བྱའོ། །ཞེས་འཆད་མོད། རིགས་པ་མ་ཡིན་ཏེ། སྒྲ་འཇུག་པ་ལ་བཤད་པའི་རྒྱུ་མཚན་ཚང་མི་དགོས་པའི་ཕྱིར། དེ་ལྟ་ན་ཡང་དྲི་ཟ་བའི་ཚུལ་ལ་དཔྱད་དགོས་ཏེ། སྣའི་དབང་པོས་སམ། ལྕེའི་དབང་པོས་མྱོང་བ་ཡིན། དང་པོའོ་ཞེ་ན། དེ་ཙམ་གྱིས་ཁམས་ཀྱི་ཟས་ལ་ཆགས་པ་དང་མ་བྲལ་པར་འཇོག་ནུས་པ་མ་ཡིན་ཏེ། གཟུགས་ཁམས་པའི་ལྷའི་ལུས་ཀྱིས་རེག་བྱ་མྱོང་བ་ཡོད་པའི་ཕྱིར། ཁྱབ་པ་མ་ངེས་སོ་ཞེ་ན། སྔ་མའང་ཅིའི་ཕྱིར། ཁམས་ཟས་ནི་དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། ཞེ་ན། ཕྱི་མའང་དེ་ཉིད་དོ། །དེ་འདོད་པའི་དབང་དུ་བྱས་སོ། །ཞེ་ན། རྒྱུ་མཚན་དེ་ཉིད་ཀྱིས་ན། དྲི་ཟ་བ་ཉིད་ཀྱིས་ཁམས་ཟས་ལ་ཆགས་པ་དང་མ་བྲལ་བར་མི་འགྲུབ་བོ། །གཉིས་པ་ལྟར་ན་ལྕེའི་དབང་པོས་དྲི་ཟ་བར་མི་འགྲུབ་སྟེ། སྐྱེ་མཆེད་སོ་སོར་ངེས་པའི་ཕྱིར། དེས་ན་གཟུགས་ཁམས་ཀྱི་བར་སྲིད་ལ་ཡང་དྲི་ཟ་ཞེས་བྱ་མོད། ཟས་སུ་དྲི་ཟ་བ་ནི་མ་ཡིན་ཏེ། ཁམས་དེ་ན་དྲི་རོ་མེད་པའི་ཕྱིར། ཡང༌། བློ་ནི་ཕྱིན་ཅི་ལོག་གྱུར་པས། །ཞེས་པའི་དམིགས་བསལ་འཆད་པ་ན། མངལ་དུ་འཇུག་པ་གསུམ་དག་སྟེ། །ཞེས་རྫོགས་པའི་སངས་རྒྱས་མངལ་དུ་འཇུག་པར་གསུང་མོད། འདི་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་ཏེ། འཇུག་པའི་དུས་དེར་ནི་སོ་སོའི་སྐྱེ་བོ་ཉིད་དུ་ཁས་ལེན་པའི་ཕྱིར། འོ་ན་དེ་དེར་འཇུག་པའི་དུས་ཀྱི་སྲིད་པ་བར་མ་དེ་ཇི་ལྟ་བུ་ཞེ་ན། གཞོན་ནུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་གོ །འོ་ན་ཆོས་ལྡན་རབ་འབྱོར་གྱིས། གླང་ཆེན་དཀར་པོ་མཆེ་བ་དྲུག་ལྡན་པ། །རྐང་བཞི་མཛེས་དང་ལྡན་པར་ཞལ་བཞེས་ནས། །དྲང་སྲོང་གནས་ཤེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་ཀྱི་གནས་སུ་ཞུགས་པར་གྱུར། །ཞེས་བཤད་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ནི་གདོན་མི་ཟ་བར་དྲང་བར་བྱ་བ་མ་ཡིན་ཏེ། འདི་ནི་མདོ་སྡེ་ཡང་མ་ཡིན། འདུལ་བ་ཡང་མ་ཡིན། ཆོས་མངོན་པར་ཡང་མ་ཡིན་གྱི། འདི་ནི་རང་བཟོ་ཡིན་ཏེ། རང་བཟོ་མཁན་རང་བཟོ་སྦྱོར་བ་རྣམས་ཀྱི་བསམ་པ་ཁ་ཅིག་ནི་སྒྲོ་འདོགས་པར་ཡང་འགྱུར་རོ། །འོན་ཏེ། གདོན་མི་ཟ་བར་དྲང་བར་བྱའོ་ཞེ་ན་ཡང༌། ཇི་ལྟར་ཡུམ་གྱི་རྨི་ལམ་ན་དེ་ཞུགས་པར་གཟིགས་པ་ལྟར། དེས་ཀྱང་ཚིགས་སུ་བཅད་པ་དེ་ལྟར་བྱས་སོ། །ཞེས་དེ་ལྟར་དྲང་བར་བྱའོ། །ཞེས་གསུངས། དེ་ལྟར་བཤད་པ་ན། ཇི་སྐད་དུ། ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །ཞེས་འཆད་ལ་དེ་ཡང་དེ་ཁོ་ན་ལྟར་མ་ཡིན་ནོ། །འོ་ན་རྨི་ལམ་དེ་ལྟར་སྣང་བ་ཅི་ཞེ་ན། མ་འོངས་པ་མཚོན་པའི་མཚན་མ་ཙམ་དུ་ཟད་དེ། དཔེར་ན་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བཅུ་མཐོང་བ་དེ་མ་འོངས་པ་ན་ཤཱཀྱ་ཐབ་པའི་བསྟན་པ་ལ་འབྱུང་བའི་མཚན་མ་ཡིན་པར་སངས་རྒྱས་འོད་སྲུང་གིས་ལུང་བསྟན་པ་ལྟ་བུའོ། །འདི་ལ་སྔོན་གྱི་སློབ་དཔོན་དག་ན་རེ། གླང་ཆེན་དཀར་པོ་ནི་དགེ་བའི་ཆོས་དང་ལྡན་པ་མཚོན་བྱེད་དང༌། མཆེ་བ་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྐང་པ་བཞི་ནི་བསྡུ་བའི་དངོས་པོ་བཞི་མཚོན་པའོ། །ཞེས་གསུངས། ཆོས་ལྡན་རབ་འབྱོར་ཞེས་པ་ནི། རྒྱལ་པོ་ཀ་ནི་ཀའི་དུས་སུ་བྱུང་བའི་རྟ་དབྱངས་ཏེ། མ་ཏི་ཙི་ཏྲའོ། །ཞེས་ཀྱང་ཟེར་རོ། །འདིར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་གནས་འབྱུང་གསུམ་ཤེས་བཞིན་པ་ཡིན་པར་གྲུབ་པ་ན། ཡུམ་གསོ་སྦྱོང་ལ་གནས་པའི་ཚེ་ཞུགས་པ་ཡིན་པར་བཤད་པ་ཡང་མི་འགལ་བར་རྟོགས་ནུས་ཏེ། བར་དོ་གཞན་གྱི་འཇུག་ཚུལ་ལྟར་བློ་ཕྱིན་ཅི་ལོག་གིས་འཇུག་པ་མ་ཡིན་པར་གྲུབ་པའི་ཕྱིར། འོ་ན་བྱང་ཆུབ་སེམས་དཔའ་མངལ་ནས་སྐྱེས་པའི་ལུས་དེ། ཡབ་དང་ཡུམ་གྱི་འབྱུང་བ་ལས་གྲུབ་པ་མ་ཡིན་པར་འགྱུར་རོ། །ཞེ་ན། དེ་ལྟར་འདོད་པ་ནི། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཁོ་ནར་མ་ཟད། མངལ་དང་སྒོ་ང་ལས་སྐྱེས་པ་ཐམས་ཅད་ལ་ཡིན་ཏེ། ལོ་མ་ལ་གནས་པའི་སྲིན་བུའི་ལུས་ཀྱི་འབྱུང་བ་ལོ་མ་ལ་བརྟེན་ནས་སྐྱེས་པ་ཡིན་གྱི། ལོ་མའི་འབྱུང་བ་ཉིད་མ་ཡིན་པའི་དཔེ་དང་སྦྱར་བའི་ལུང་གོང་དུ་དྲངས་མ་ཐག་པ་ལས་ཤེས་སོ། །དཔེ་དེའི་དོན་ཡང༌། དེ་ལ་གནས་པའི་སྲིན་བུ་མང་པོ་དེ་དག་གི་ལུས་ཀྱི་འབྱུང་བ་ལོ་མའི་འབྱུང་བ་ཁོ་ན་ལས་གྲུབ་པ་ཡིན་ན། དེའི་ཚེ་ལོ་མ་མི་སྣང་བར་འགྱུར་ཏེ། སྲིན་བུ་མང་པོའི་ལུས་སུ་སོང་ནས་ཟད་པའི་ཕྱིར། ཞེས་པའོ། །བྱང་ཆུབ་སེམས་དཔའི་ལུས་ནི་དེ་ལས་ཀྱང་ཁྱད་པར་དུ་ཁུ་ཁྲག་གིས་དབུས་སུ་ཞུགས་པ་མ་ཡིན་གྱི། སྤྱིར་ཡུམ་གྱི་མངལ་དུ་ཞུགས་པ་ཙམ་ཡིན་པས། འབྱུང་བའི་ཚེ་ན་ཡང་གློ་ནས་འབྱུང་བར་བཤད་དོ། །འོ་ན་བུ་རམ་ཤིང་པའི་རིགས་མ་ཡིན་པར་འགྱུར་རོ། །ཞེ་ན། དེ་ནི་མངལ་སྒོ་ལས་སྐྱེས་པ་ཐམས་ཅད་ལ་མཚུངས་ཏེ། དེའི་ལུས་ཀྱི་འབྱུང་བ་ཕ་མའི་ལུས་ཀྱི་འབྱུང་བ་ལས་རྫས་གཞན་པའི་འབྱུང་བ་འཆད་པ་དེ་ཉིད་རིགས་པར་སློབ་དཔོན་གྱིས་བཤད་པའི་ཕྱིར། འཇིག་རྟེན་ན་རུས་གཅིག་པའི་ཐ་སྙད་བྱེད་པ་དང༌། མདོ་ལས་ཀྱང༌། ཁུ་ཆུ་དང་ཁྲག་དབང་པོ་མེད་པ་ནི་འགག དབང་པོ་དང་བཅས་པའི་ནུར་ནུར་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྐྱེའོ། །ཞེས་འཆད་པ་ཇི་ལྟར་དྲང་ཞེ་ན། དེ་ལ་བརྟེན་ནས་སྐྱེས་པ་ལ་དེའི་མིང་གིས་བཏགས་པའོ། །ཞེས་ཆོས་མངོན་པ་དག་འཆད་དོ། །དེ་ལྟར་ཤེས་པ་ན། འཁོར་ལོ་བསྒྱུར་བ་དང་རང་བྱུང་གཉིས་ཏེ་གསུམ་པོའི་བར་སྲིད་ནི་མའི་སྐྱེ་གནས་ནས་འཇུག་པ་དང༌། དེ་ནས་འབྱུང་བ་དང༌། ཁུ་ཁྲག་གིས་དབུས་སུ་གནས་པའི་ངེས་པ་མེད་དེ། འཇུག་གནས་འབྱུང་གསུམ་དེ་ལྟར་འཆད་པ་དེ་ནི་བློ་ཕྱིན་ཅི་ལོག་དབང་དུ་བྱས་པའི་ཕྱིར་དང༌། འདིར་ནི་ཤེས་བཞིན་དུ་འཇུག་པར་བཤད་པའི་ཕྱིར་རོ། །གཉིས་པ་བར་སྲིད་དུ་གནས་པ་ལ་གཉིས་ཏེ། ཇི་ལྟར་གནས་པ་རྟེན་འབྲེལ་དང༌། གང་གིས་གནས་པའི་ཟས་བཤད་པའོ། །དང་པོ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ། ཡན་ལག་སོ་སོ་བ་དག་ལ་དོགས་པའི་གནས་དཔྱད་པའོ། །དང་པོ་ནི། རང་གི་རྒྱུ་ལ་བརྟེན་ནས་འབྱུང་བའམ། བྱུང་བའོ། །འདི་གཉིས་རྫས་ཀྱི་སྒོ་ནས་འགལ་བ་ནི་མ་ཡིན་ཏེ། འདུས་བྱས་ཐམས་ཅད་དེ་གཉིས་ཀར་དུ་བཞག་ཏུ་རུང་བའི་ཕྱིར། འཇོག་ལུགས་ཇི་ལྟར་ཞེ་ན། རང་གི་རྒྱུའི་དུས་སུ་ནི་འབྱུང་བ་ཁོ་ན་ཡིན་གྱི། བྱུང་ཟིན་པ་མ་ཡིན་པ་དང༌། རང་དུས་སུ་ནི་བྱུང་ཟིན་པ་ཡིན་གྱི་འབྱུང་བ་མ་ཡིན་པའོ། །དུས་ལ་ལྟོས་ནས་གཉིས་པོ་གཞི་མཐུན་པ་མ་ཡིན་ཀྱང༌། སྤྱིར་འགལ་བ་མ་ཡིན་ཏེ། བྱུང་ཟིན་པའི་དངོས་པོ་རྣམས་ཀྱང་འབྱུང་བ་ཡིན་ལ། མ་བྱུང་བའི་དངོས་པོ་རྣམས་ཀྱང་སྤྱིར་བྱུང་བ་ཡིན་པའི་ཕྱིར། དང་པོ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་འདུས་བྱས་མ་འོངས་པ་མེད་པར་འགྱུར་རོ། །དེ་སྐད་དུ་ཡང༌། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །འབྲས་བུར་གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་བར་བྱུང་བ་ཡིན་ལ། རྒྱུར་གྱུར་པའི་ཡན་ལག་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་ཡན་ལག་ཐམས་ཅད་ཀྱང་འབྲས་བུར་གྱུར་པའི་ཕྱིར་གཉིས་ཀར་གྲུབ་པར་འགྱུར་རོ། །དེ་ལྟ་ཡིན་ཀྱང་ལྟོས་པའི་བྱེ་བྲག་གི་རྣམ་པར་བཞག་པ་དེ་མེད་པ་ཡང་མ་ཡིན་ཏེ། གང་ལ་ལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ལ་ལྟོས་ནས་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་བཞིན་དང༌། ཕ་དང་བུ་བཞིན་ནོ། །ཞེས་གསུངས། འདིའི་དོན་ལ་གཉིས་ཏེ། བྱུང་འབྱུང་གཉིས་པོ་གཞི་མཐུན་པར་བསྟན་པ་དང༌། དེ་ལྟ་ན་ཡང་བྱུང་མ་བྱུང་ཕན་ཚུན་མི་འཆོལ་བར་བསྟན་པའོ། །དང་པོ་ནི། འདི་ལས་གཞན་འབྱུང་བས་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། འདི་གཞན་ལས་བྱུང་བས་ན། རྟེན་ཅིང་འབྲེལ་པར་བྱུང་བ་ཞེས་བྱ། དེ་ལྟ་ན་རྒྱུ་དང་འབྲས་བུ་གཉིས་ཀ་ཡིན་པའི་ཕྱིར། འབྱུང་བ་དང་བྱུང་བ་གཉིས་ཀ་ཡིན་ནོ། །གཉིས་པ་ནི། འོ་ན་འདུ་བྱེད་དེ་མ་རིག་པའི་རྒྱུ་དང་འབྲས་བུ་གཉིས་ཀ་ཡིན་པར་ཁས་ལེན་ནམ་ཞེ་ན། སྤྱིར་དེ་ལྟར་ཡང་སྣང་མོད། རང་གི་རྒྱུར་གྱུར་པའི་མ་རིག་པ་གང་ལ་ལྟོས་ནས་རང་ཉིད་འབྲས་བུར་བཞག་པའི་རྒྱུ་དེ་ལ་ལྟོས་ནས་ནི་རྒྱུར་འཇོག་པ་མ་ཡིན་ཏེ། དེ་ལ་ལྟོས་ནས་འབྲས་བུ་ཁོ་ནར་འཇོག་པའི་ཕྱིར། ཞེས་པ་འདི་ཉིད་བྱེ་བྲག་ཏུ་སྨྲ་བའི་ལུགས་རྣམ་པར་དག་པ་ཡིན་ལ། མདོ་སྡེ་པ་ནི། འདུས་བྱས་འདས་པ་དང༌། ད་ལྟར་བ་དག་ལས་ནི་འབྲས་བུ་གཞན་འབྱུང་བས། བརྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། མ་འོངས་པ་ནི། རང་དང་དེའི་འབྲས་བུ་གཉིས་ཀ་འབྱུང་བས་གསུམ་ཀ་ཡང་འབྱུང་བ་ནི་ཡིན་མོད། བྱུང་བ་ནི་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། དེ་ལྟ་ན་ཡང་བྱུང་ཟིན་གཉིས་པོ་དང་རིགས་མཐུན་པས་བརྟེན་ཅིང་འབྲེལ་པར་བྱུང་བ་ཞེས་བྱ་སྟེ། དཔེར་ན་མ་འོངས་པའི་གཟུགས་རྣམས་གཟུགས་སུ་རུང་བ་མ་ཡིན་ཀྱང༌། དེ་དང་རིགས་མཐུན་པའི་ཕྱིར་གཟུགས་སུ་གཞག་པ་དང༌། མ་འོངས་པའི་དངོས་པོ་རྣམས་སྐྱེས་ཟིན་པ་མ་ཡིན་ཀྱང༌། དེ་དང་རིགས་མཐུན་པས་འདུས་བྱས་སུ་འཇོག་པ་བཞིན་ནོ། །འོ་ན་བྱེ་སྨྲའི་ལུགས་ལ་ཡང༌། མ་འོངས་པའི་དངོས་པོ་མ་སྐྱེས་ན་བྱུང་བ་ཉིད་དུ་ཇི་ལྟར་འཇོག་ཅེ་ན། དེར་ནི་བྱུང་བར་འཇོག་བྱེད་སྐྱེས་པ་ལ་བྱེད་པ་མ་ཡིན་གྱི། འབྲས་བུ་ཡིན་པ་ལ་བྱེད་དོ་ཞེས་བཤད་ཟིན་ནོ། །མ་འོངས་པ་འབྲས་བུ་ཇི་ལྟར་ཡིན་ཞེ་ན། ཕན་གདགས་བྱ་ཡིན་པའི་ཕྱིར་རོ། །ཡང་འགྲེལ་པར། བྱེ་བྲག་ཏུ་སྨྲ་བའི་ནང་ཚན་གནས་བརྟན་བསམ་རྫོགས་ཞེས་བྱ་བ་ཞིག་གི་ལུགས་བཀོད་པ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་དང་བྱུང་བ་ལ་མུ་བཞི་སྦྱར་ནས། མུ་དང་པོ་ཆོས་མ་འོངས་པ་རྣམས་སོ་ཞེས་ཟེར་བ་དེ་འགོག་པ་ཡིན་པའི་ཕྱིར། ཇི་སྐད་དུ། གལ་ཏེ་ཆོས་མ་འོངས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། མ་རིག་པ་ནས་རྒ་ཤིའི་བར་དག་ཡིན་ནོ། །ཞེས་གསུངས་པའི་མདོ་དང་འགལ་ལོ། །ཡང་ན་སྐྱེ་བ་དང་རྒ་ཤིའི་ཡན་ལག་དག་མ་འོངས་པའི་དུས་སུ་རྣམ་པར་བཞག་པར་མི་འདོད་པར་བྱ་དགོས་པས། ཆ་གསུམ་དུ་འགོད་པ་རྣམ་པར་ཉམས་པར་འགྱུར་རོ། །ཞེས་གསུངས། འདིའི་ཕྱོགས་སྔ་མས་ཡན་ལག་བཅུ་གཉིས་པོའི་ནང་གི་འདས་པ་དང་ད་ལྟར་བ་ཐམས་ཅད་རྟེན་ཅིང་འབྲེལ་པར་བྱུང་བ་ཡིན་གྱི་འབྱུང་བ་མ་ཡིན། ཞེས་ཟེར་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་སུ་འདོད་པ་དང༌། བཅུ་གཉིས་པོ་ཚེ་གསུམ་ལ་འཇོག་པ་འགལ། ཞེས་བྱ་བའི་དོན་ནོ། །མདོར་ན་བྱེ་མདོ་གང་གི་ལུགས་ལ་ཡང་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པ་ཡིན་ཏེ། འགྲེལ་པར་འདུས་མ་བྱས་ལ་རྟེན་འབྲེལ་བཀག་པའི་ཕྱིར་རོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ལ། རང་གི་ལུགས་གཞག་པ་དང༌། གཞན་གྱི་ལུགས་མི་འཐད་པའོ། །དང་པོ་ལ། རྟེན་འབྲེལ་ཞེས་པའི་སྐད་ཀྱི་བྱིངས་ཨི་ཏི་ཞེས་པ་དང༌། འབྱུང་བ་ཞེས་པའི་སྐད་ཀྱི་བྱིངས་པ་ད་ཞེས་པ་གཉིས་པོ་ཉེར་སྒྱུར་གྱི་དབང་གིས་གཞན་དུ་མ་སྒྱུར་ན། དང་པོ་འགྲོ་བའི་དོན་དང༌། གཉིས་པ་ཡོད་པའི་དོན་ཅན་ཡིན་ཀྱང༌། བྱིངས་དང་པོ་ཉེར་སྒྱུར་པྲ་ཏི་དང་ཕྲད་པའི་དབང་གིས་འབྲེལ་པ་ཞེས་པར་སོང་ལ། པྲ་ཏི་ཞེས་པ་ཕྲད་པ་ཉིད་ལ་འཇུག་པས། ཕྲད་ནས་འབྲེལ་པ་ཞེས་བྱ་བ་དེ་ལ། རྟེན་ཅིང་འབྲེལ་པ་ཞེས་བྱ་བའི་དོན་དུ་བཞག་པའོ། །ཡང་བྱིངས་གཉིས་པ་ཉེར་སྒྱུར་སམ་ཨུ་ཏ་ཞེས་པ་གོང་དུ་བཞག་པའི་དབང་གིས་འབྱུང་བ་ཞེས་བྱ་བའི་དོན་དུ་སོང༌། དེ་ལྟར་ཕྲད་ནས་འབྲེལ་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པའི་དོན་ནོ། །གཉིས་པ་ལ་གསུམ་སྟེ། སྒྲ་བཤད་དེ་ལ་གཞན་གྱིས་ཀླན་ཀ་ཇི་ལྟར་བྱུང་བའི་ཚུལ། ཀླན་ཀ་དེ་སྤོང་བྱེད་དུ་གཞན་ལུགས་ཀྱི་སྒྲ་བཤད་བྱེད་ཚུལ་མི་འཐད་པ། ཀླན་ཀ་དེ་རང་ལུགས་ལ་སྤོངས་ཚུལ་བཤད་པའོ། །དང་པོ་ནི། ཕྲད་ནས་འབྱུང་ཞེས་བྱ་བ་མི་འཐད་དེ། འབྱུང་བའི་སྔ་རོལ་ན་ཕྲད་པ་མེད་པའི་ཕྱིར། དཔེར་ན་ཟ་བའི་སྔ་རོལ་དུ་ཁྲུས་བྱེད་པ་མེད་ན། ཁྲུས་བྱས་ནས་ཟ་བ་མི་འབྱུང་བ་བཞིན་ནོ། །ཞེས་བརྡ་སྤྲོད་པ་དག་ཟེར་རོ། །གཉིས་པ་ནི། བཙུན་པ་དཔལ་ལེན་ནི་ཉེས་པ་དེ་སྤངས་པར་འདོད་ནས། པྲ་ཏི་ནི་ཟློས་པའི་དོན་ནོ། །ཨི་ཏི་ནི་འགྲོ་བའི་དོན་ཏེ་མི་སྡོད་པའོ། །སམ་ཞེས་པ་ནི་འདུ་བའི་དོན་ཏོ། །ཨུཏ་གོང་ན་ཡོད་པའི་པ་ད་ནི་དོན་ཏེ། དེས་ན་འདི་ལྟར། ཚོགས་པ་དེ་དང་དེ་ན་འགྲོ་བར་རུང་བ་རྣམས་འདུས་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་འཆད་དོ། །དེ་སློབ་དཔོན་གྱིས་བཀག་པ་ནི། ཇི་སྐད་དུ། རྟོག་པ་འདི་ནི་འདི་ཁོ་ན་ལ་རབ་ཏུ་བརྟག་ཏུ་རུང་གི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །ཞེས་པ་འདི་ཇི་ལྟར་བཏུབ། ཅེས་གསུངས། འདིའི་དོན་དབུ་མ་ཚིག་གསལ་ལས་འབྱུང་བ་ལྟར། མིག་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞེས་པ་ནི་འཐད་ལ། དེའི་ཚེ་ཟློས་པའི་སྒྲ་མི་འཐད་དེ་མིག་དེ་དང་དེ་ལ་བརྟེན་ནས་ཞེས་བཤད་དུ་མེད་པའི་ཕྱིར། ཞེས་པའོ། །གསུམ་པ་ནི། འགྲེལ་པར། འདིར་སྨྲས་པ། གལ་ཏེ་འབྱུང་སྔོན་ཕྲད་ནས་ཡིན། །མེད་ཕྱིར་རུང་བ་མ་ཡིན་ནོ། །གལ་ཏེ་ལྷན་ཅིག་འདིར་དེ་ནི། །མ་གྲུབ་སྔོན་དུ་བྱེད་ཕྱིར་རོ། །ཞེས་ཕྱོགས་སྔ་མ་བརྗོད་ནས། དེའི་ཉེས་སྤོང་འཆད་པ་ནི། ཇི་སྐད་དུ། འདིར་བཤད་པ་ཇི་ལྟར་མེད་པ་སྐྱེ་བ་ལྟར། མེད་པ་ཕྲད་པའང་དེ་དང་འདྲ། །སྐྱེས་པ་སྐྱེ་ན་མཐའ་ཐུག་མེད། །འོན་ཏེ་སྔ་ན་ཡོད་ནའང་རུང༌། །ལྷན་ཅིག་པ་ལའང་དེ་ཡོད་དེ། །མར་མེ་བྱུང་ནས་མུན་པ་མེད། །ཁ་གདངས་ཉལ་བཞིན་གལ་ཏེ་ཕྱིས། །བཙུམ་པ་ལ་ཡང་ཅི་ཕྱིར་མིན། །ཞེས་བཤད་དོ། །གཉིས་པ་མཚན་གཞིའི་དབྱེ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ། བཞི་སྟེ། སྐད་ཅིག་མའི་རྟེན་འབྲེལ་དང༌། རྒྱུན་ཆགས་པའི་དང༌། འབྲེལ་པ་ཅན་གྱི་དང༌། གནས་སྐབས་པའི་རྟེན་འབྲེལ་ལོ། །འདི་ཡང་མཚན་ཉིད་དམ་ལྡོག་པས་ཕྱེ་བ་ཡིན་གྱི། དངོས་པོ་ལ་ནི་གཉིས་སུ་བསྡུ་བ་ཡིན་ཏེ། སྐད་ཅིག་མ་དང་འབྲེལ་པ་ཅན་ནི་དོན་གཅིག་ལ་འདུ་ཞིང༌། འདུས་བྱས་ཐམས་ཅད་ཀྱི་དབང་དུ་བྱས་པ་དང༌། རྒྱུན་ཆགས་པ་དང༌། གནས་སྐབས་པ་ཡང་དོན་གཅིག་ལ་འདུ་ཞིང༌། སེམས་ཅན་དུ་སྟོན་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །གལ་ཏེ་སྐད་ཅིག་མ་ཅིག་ཁོ་ན་ལ་ཡན་ལག་བཅུ་གཉིས་ཇི་ལྟར་ཚང་ཞེ་ན། སྲོག་གཅོད་པ་ལྟ་བུའི་སྐད་ཅིག་མ་ཅིག་ལ་མཚོན་ན། དེ་སྐབས་ན་ཡོད་པའི་མ་རིག་པ་དང༌། སེམས་པ་དང༌། རྣམ་པར་ཤེས་པ་དང༌། མིང་གཟུགས་དང༌། དབང་པོ་དྲུག་དང༌། ཡུལ་དབང་ཡིད་བྱེད་རྣམས་འདུས་པ་དང༌། དེ་ཉིད་ཉམས་སུ་མྱོང་བ་དང༌། དེ་ལ་སྲེད་པ་དང༌། དེ་དང་མཚུངས་ལྡན་དུ་བྱུང་བའི་ཉོན་མོངས་པ་གཞན་རྣམས་དང༌། དེ་དང་ལྷན་ཅིག་པའི་ལུས་ངག་གི་ལས་དང༌། ལས་དེ་རྣམས་སྐྱེ་བ་དང༌། སྨིན་པ་དང༌། ཞིག་པའོ། །དེ་ལྟ་བུའི་སྐད་ཅིག་མ་དེ་ཡང་མཐར་ཆགས་སུ་སྦྲེངས་ནས་འབྱུང་བ་དེ་ལ་ནི་འབྲེལ་པ་ཅན་གྱི་རྟེན་འབྲེལ་ཞེས་བྱ་ཞིང༌། གཉིས་པོ་དེ་ནི་བསྟན་བཅོས་རབ་ཏུ་བྱེད་པ་ལས་འབྱུང་བ་ཡིན་ནོ་ཞེས་གཞན་དུ་ཁ་འཕངས་ན། བསྟན་བཅོས་འདིར་ནི་རྟེན་འབྲེལ་གཞན་གཉིས་པོ་དངོས་སུ་འཆད་པ་ཡིན་ལ། དེ་ཡང་ཡན་ལག་བཅུ་གཉིས་པོ་ཚེ་གསུམ་གྱི་གནས་སྐབས་ལ་བགོས་ཏེ་འཇོག་པས་ན་གནས་སྐབས་པའི་རྟེན་འབྲེལ་ཞེས་བྱ། དེ་ལྟར་འཇོག་པ་དེ་ཡང་རྟེན་འབྲེལ་སྔ་མ་གཉིས་བཞིན་དུ། སྐད་ཅིག་རེ་རེའི་སྟེང་དུ་ཚང་བ་མ་ཡིན་གྱི། སྐད་ཅིག་མང་པོ་རྒྱུན་ལྡན་དུ་འབྱུང་བ་ལ་ལྟོས་ནས་བཞག་དགོས་པའི་ཕྱིར་རྒྱུན་ཆགས་པའི་རྟེན་འབྲེལ་ཞེས་བྱའོ། །ཇི་སྐད་དུ། འདི་ནི་གནས་སྐབས་པར་འདོད་ལོ། །ཞེས་ལོ་ཚིག་སྨོས་པ་ནི། གནས་སྐབས་པའི་འཇོག་ཚུལ་ལ་སྐྱོན་བརྗོད་པ་མ་ཡིན་གྱི། ཡན་ལག་སོ་སོའི་ངོས་འཛིན་ལ་སྐྱོན་བརྗོད་པ་ཡིན་ཏེ། འགྲེལ་པར། ཇི་སྐད་དུ། རེ་ཤིག་གནས་སྐབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི། བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔ་པའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་པ་དག་ཡིན་ནོ། །ཞེས་གང་སྨྲས་པ་ནི་མདོ་དང་འགལ་བ་ཡིན་ནོ། །མདོ་ལས་ནི། མ་རིག་པ་གང་ཞེ་ན། སྨྲས་པ། སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་པའོ། །ཞེས་རྒྱས་པར་གསུངས་ཏེ། ངེས་པའི་དོན་གང་ཡིན་པ་དེ་ནི་དྲང་བའི་དོན་མ་ཡིན་པས། འདི་ནི་མདོའི་དོན་མ་ཡིན་ནོ། །ཞེས་བཤད་པས་སོ། །འོ་ན་ཚེ་གསུམ་ལ་ཇི་ལྟར་འཇོག་ཅེ་ན། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་དང༌། ཅེས་གསུངས་ལ། འདི་ནི་འགྲོ་བ་གཅིག་གི་རྣམ་སྨིན་ཡོངས་རྫོགས་དང་དེ་འཕེན་འགྲུབ་ཀྱི་རྒྱུ་འབྲས་ཚར་གཉིས་ཀྱི་དབང་དུ་བྱས་པ་ཡིན་ལ། ཚར་གཉིས་པོ་དེ་ཡང་འགྲོ་བ་གཞན་གྱི་རྟེན་འབྲེལ་གྱི་ཚར་གཞན་དུའང་བསྲེས་པའི་དབང་དུ་བྱས་ན། སྔོན་དང་ཕྱི་མའི་མཐའ་གཉིས་སུའང་བར་གྱི་བརྒྱད་པོ་ཚང་བ་དང༌། ཐོག་མཐའ་གཉིས་པོའི་ཡན་ལག་བཞི་པོ་ཚེ་བར་པ་ལ་ཚང་བར་ཁས་ལེན་དགོས་ཏེ། ཚེ་རབས་གཞན་དུ་སྐྱེ་བའི་ལས་སོག་པའི་ཕྱིར་དང༌། ལས་གཞན་གྱི་རྣམ་སྨིན་འགྲུབ་པའི་ཕྱིར། གསུམ་པ་ཡན་ལག་སོ་སོའི་དོགས་གཅོད་ལ། གཉིས་ཏེ། བྱེ་སྨྲའི་སྐབས་དང༌། མདོ་སྡེ་པའི་སྐབས་སོ། །དང་པོ་ལ། ཡན་ལག་གི་གཙོ་བོ་ནི་མ་རིགས་པ་ནས་རྒ་ཤིའི་བར་བཅུ་གཉིས་པོ་དག་ཡིན་ལ། འཁོར་དང་བཅས་པའི་དབང་དུ་བྱས་ན་གཙོ་བོ་དེ་དང་དེའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་ཐམས་ཅད་དོ། །སྤྱིར་འགྲོ་བ་ཐམས་ཅད་ལ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་བཞག་པ་ཚང་མོད། འདིར་ངོས་འཛིན་པ་ནི། འདོད་པའི་ཁམས་པ་དང༌། དེའི་ནང་ནས་ཀྱང་མངལ་སྐྱེ་ཁོ་ནའི་དབང་དུ་བྱས་ནས་འཆད་པ་ཡིན་ལ། དེའི་རྒྱུ་མཚན་ནི། དེ་ལ་ཡན་ལག་བཅུ་གཉིས་རྒྱས་པར་ཚང་བ་དང༌། དེའི་རྒྱུ་མཚན་གྱིས་བཅུ་གཉིས་པོ་ངོས་འཛིན་པའི་ཚུལ་རྟོག་པར་སླ་བའོ། །འདིར་ཉན་ཐོས་སྡེ་པ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ནི། གཙོ་བོའི་སྒོ་ནས་ངོས་འཛིན་པ་དང༌། འཁོར་དང་བཅས་པའི་དབང་དུ་བྱེད་པ་འདི་ཙམ་དུ་ཟད་ལ། ཐེག་པ་ཆེན་པོ་པ་དག་དང་མ་འདྲེས་པའི་ཚུལ་ནི་འདི་ལྟར། ལུགས་དེར་ནི་མ་རིག་པ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་དང༌། འདུ་བྱེད་ནི་འཕེན་བྱེད་ཀྱིས་ལས་དངོས་སུ་འཆད་ལ། འདིར་ནི་མ་ཡིན་ཏེ། འདིར་མ་རིག་པའི་རྟེན་འབྲེལ་ནི། མི་ལྟ་བུའི་འགྲོ་བ་གཅིག་ཏུ་འཕེན་བྱེད་དང་འགྲུབ་བྱེད་དུ་གྱུར་པའི་མ་རིག་པ་མཚུངས་ལྡན་དང་བཅས་པའི་ཉོན་མོངས་པ་ཇི་སྙེད་ཡོད་པ་དེ་དག་དང༌། གནས་སྐབས་དེ་ན་ཡོད་པའི་ཕུང་པོ་ལྔ་པོ་ཇི་སྙེད་པ་ལ་ཟེར་ཞིང༌། འདུ་བྱེད་ཀྱི་རྟེན་འབྲེལ་ཡང་ཉོན་མོངས་པ་དེ་དག་གིས་ཀུན་ནས་བསླངས་པའི་འཕེན་འགྲུབ་ཀྱི་ལས་ཇི་སྙེད་པ་དང༌། གནས་སྐབས་དེ་ན་ཡོད་པའི་ཕུང་པོ་ལྔ་པོ་དག་གོ །རྟེན་འབྲེལ་འདི་གཉིས་ཀྱི་ནང་དུ་མི་ལྟ་བུའི་འགྲོ་བ་གཅིག་འགྲུབ་བྱེད་ཀྱི་སྲེད་ལེན་སྲིད་པ་གསུམ་མ་བསྡུས་པ་མ་ཡིན་ཏེ། ཇི་སྐད་དུ། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་སྤྱིར་བཟུང་བའི་ཕྱིར་རོ། །འོ་ན་སྲེད་ལེན་སྲིད་པ་གསུམ་བར་དུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་ཐེག་པ་ཆེན་པོ་པ་ལྟར་འཕེན་བྱེད་ཀྱི་ལས་གསོས་འདེབས་བྱེད་དུ་འཆད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྲིད་པ་གཞན་འཕེན་འགྲུབ་ཀྱི་རྒྱུར་བཞག་པ་སྟེ། སྐྱེ་བ་དང་རྒ་ཤིའི་རྟེན་འབྲེལ་གང་ལ་འཇོག་པའི་ཚེ་གསུམ་པོ་གང་ལ་ལྟོས་ནས་ནི། གསུམ་པོ་འདི་མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་དུ་ཡང་འཇོག་དགོས་པ་དང༌། གཉིས་པོ་དེ་ཡང་གསུམ་པོ་འདི་ལ་ལྟོས་ནས་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་གྱི་རྟེན་འབྲེལ་དུ་འཇོག་དགོས་པ་ཡིན་པའི་ཕྱིར། དེ་ལྟར་ན་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་གཞག་པ་འདིས་ནི་རྣམ་སྨིན་གྱི་རྒྱུ་འབྲས་ཚར་གཉིས་བསྟན་པ་ཡིན་ཏེ། མ་རིག་པ་དང་འདུ་བྱེད་ཀྱིས་རྣམ་སྨིན་གྱི་རྒྱུ་དང༌། རྣམ་པར་ཤེས་པ་ནས་ཚོར་བའི་བར་གྱིས་རྣམ་སྨིན་གྱི་འབྲས་བུ་ཡོངས་སུ་རྫོགས་པ་ཚར་གཅིག སྲེད་ལེན་སྲིད་པ་གསུམ་གྱིས་རྣམ་སྨིན་གྱི་རྒྱུ་དང༌། སྐྱེ་བ་དང་རྒ་ཤི་གཉིས་ཀྱིས་རྣམ་སྨིན་གྱི་འབྲས་བུ་ཡོངས་སུ་རྫོགས་པ་ཚར་གཅིག་བསྟན་པའི་ཕྱིར། དེ་ལྟར་བཤད་པའི་ཚེ་ན། འགྲེལ་པར། ཡན་ལག་བཅུ་གཉིས་པོ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་པར་བསྡུས་ནས་བཤད་པའི་དགོངས་པ་ཡང་འགྲུབ་སྟེ། མ་རིག་པ་ནས་ཚོར་བའི་བར་བདུན་པོ་སྔོན་གྱི་མཐའ་པ་དང༌། ལྷག་མ་གཉིས་པོ་ཕྱི་མའི་མཐའ་པར་བསྡུས་ནས་བཤད་འདུག་པའི་ཕྱིར། དེ་ལྟ་ན་ཡང་སྲེད་ལེན་སྲིད་པ་གསུམ་པོའི་རྟེན་འབྲེལ་གང་ཡིན་ཐམས་ཅད་ཕྱི་མའི་མཐའ་པར་བསྡུད་ནུས་པ་མ་ཡིན་ཏེ། གསུམ་པོའི་གནས་སྐབས་ཀྱི་རྣམ་སྨིན་གྱི་ཕུང་པོར་གྱུར་པ་ཇི་སྙེད་པ་གསུམ་པོ་དེའི་རྟེན་འབྲེལ་དུ་ནི་འཆད་ལ། དེ་དག་རྒྱུ་འབྲས་ཀྱི་ཚར་སྔ་མའི་ནང་དུ་གཏོགས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར། མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་གང་ཡིན་ཐམས་ཅད་རྣམ་སྨིན་དུ་གཞག་པ་དེ་དང་ཚར་གཅིག་པའི་ངེས་པ་མེད་དེ། སྔོན་གྱི་མཐའ་པ་གཉིས་པོའི་གནས་སྐབས་ཀྱི་རྣམ་སྨིན་གྱི་ཕུང་པོ་ཇི་སྙེད་པ་དེ་དང་དེའི་རྟེན་འབྲེལ་དུ་འདུས་ཀྱང༌། བར་དུ་བཞག་པ་བརྒྱད་པོའི་རྣམ་སྨིན་གྱི་རྒྱུར་མི་རུང་བའི་ཕྱིར། དེ་ལྟར་ན་གནས་སྐབས་པའི་ཡན་ལག་བཅུ་གཉིས་པོ་འདི། ཡན་ལག་གཙོ་བོའི་དབང་དུ་བྱས་ན་རྣམ་སྨིན་རྒྱུ་འབྲས་ཀྱི་ཚར་གཉིས་སུ་འགྱུར་ཞིང༌། དེ་ལས་ལྷག་པ་མ་བསྟན་ལ། འཁོར་དང་བཅས་པའི་དབང་དུ་བྱས་ན། རྣམ་སྨིན་གྱི་འབྲས་བུ་ཚར་གསུམ་བསྟན་པ་ཡིན་ཏེ། ཚེ་གསུམ་གྱི་རྣམ་པར་སྨིན་པའི་ཕུང་པོ་ལྔ་ཆར་ཡང་ཡན་ལག་བཅུ་གཉིས་སུ་བསྡུས་ནས་བཤད་པའི་ཕྱིར། མ་རིག་པ་དང་འདུ་བྱེད་ཀྱི་རྟེན་འབྲེལ་གཉིས་པོ་སྔོན་མཐའ་ལ་གཞག་ཀྱང༌། རྣམ་སྨིན་གཅིག་གི་དབང་དུ་བྱས་པའི་འཕེན་འགྲུབ་ཀྱི་རྒྱུ་གཉིས་ཀ་སྔོན་གྱི་ཚེ་གཅིག་བུ་དེ་ཉིད་ལ་རྫོགས་པའི་ངེས་པ་མེད་དེ། འཕེན་འགྲུབ་ཀྱི་རྒྱུ་གཉིས་ཀྱི་བར་དུ་ཚེ་རབས་དུ་མས་ཆོད་པ་སྲིད་པའི་ཕྱིར། འོ་ན་སྔོན་གྱི་མཐར་བཞག་པའི་རྟེན་འབྲེལ་གཉིས་པོའི་རྒྱུར་གྱུར་པའི་རྟེན་འབྲེལ་ནི་དུ་ཞིག དེ་གང་ལ་འཇོག་པའི་ཚེ་རབས་ཤིག་ཀྱང་གཞག་དགོས་པས་གནས་སྐབས་པའི་རྟེན་འབྲེལ་ཚེ་བཞི་པར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྔོན་མཐའི་རྟེན་འབྲེལ་འདི་གཉིས་ཀྱི་སྔོན་དུ་འགྲོ་དགོས་པའི་རྟེན་འབྲེལ་ནི་བར་དུ་བཞག་པའི་བརྒྱད་པོ་དེ་ཉིད་ལས་རིགས་གཞན་མེད་པའི་ཕྱིར། དེ་ལྟར་ན་སྔོན་གྱི་མཐའ་པ་གཉིས་པོའི་ནང་དུ་བར་གྱི་བརྒྱད་དང༌། ཕྱི་མའི་མཐའ་པ་གཉིས་ཚང་ལ། ཕྱི་མཐའ་གཉིས་པོའི་ནང་དུ་ཡང་གཞན་གཉིས་ཚང་ཞིང༌། བར་པས་བརྒྱད་པོའི་ནང་དུ་སྔ་ཕྱིའི་ཡན་ལག་བཞི་པོ་ཚང་བ་འདི་ནི། མངལ་སྐྱེས་ཚེ་ཡོངས་སུ་རྫོགས་པ་དང་ལྡན་པ་གཅིག་གི་དབང་དུ་བྱས་ལ། དེ་ལྟ་ཡིན་པ་དེའི་ཕྱིར་སྔོན་མཐའ་ལ་རྒྱུའི་རྟེན་འབྲེལ་དང༌། ཕྱི་མཐའ་ལ་འབྲས་བུའི་རྟེན་འབྲེལ་ཡོད་ཀྱང༌། ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས་པར་མི་འགྱུར་ཞིང༌། དེ་ལྟར་མི་འགྱུར་བ་དེ་ནི་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་བགོས་ནས་གཞག་པའི་བགོས་པ་བླ་ན་མེད་པ་ཡང་ཡིན་ནོ། །གལ་ཏེ་མདོ་ལས་མ་རིག་པའི་རྒྱུ་ཚུལ་མིན་ཡིད་བྱེད་དུ་བཤད་པས་ཡན་ལག་བཅུ་གསུམ་པར་མི་འགྱུར་རམ་ཞེ་ན། འདི་ལ་གཞན་ལུགས་མི་འཐད་པ་དང༌། རང་གི་ལུགས་གཉིས་ལས། དང་པོ་ནི། བྱེ་སྨྲ་སྔ་རབས་པ་དག་ན་རེ། ཚུལ་མིན་ཡིད་བྱེད་ནི་ལེན་པའི་ནང་དུ་འདུས་པ་ཡིན་ཏེ། ཚུལ་མིན་ཡིད་བྱེད་ཀྱང་མ་རིག་པ་ལས་འབྱུང་བར་བཤད་པའི་ཕྱིར་ཞེས་ཟེར། འདི་མི་འཐད་པ་ལ་གཉིས་ཏེ། དེའི་ནང་དུ་འདུས་པ་མི་འཐད་པ་དང༌། འཐད་དུ་ཆུག་ཀྱང་ཚུལ་མིན་ཡིད་བྱེད་ཡན་ལག་ལོགས་པར་འཇོག་པའི་རྒྱུ་མཚན་འཁྲུལ་པའོ། །དང་པོ་ནི། དེ་དེའི་ནང་དུ་འདུས་པའི་རྒྱུ་མཚན་ཅི། དེ་དང་མཚུངས་པར་ལྡན་པས་སོ་ཞེ་ན། འོ་ན་སྲེད་པ་མ་རིག་པའི་ནང་དུ་ཡང་འདུས་པར་འགྱུར་ཏེ། དེ་དང་མཚུངས་པའི་ཕྱིར། གཉིས་པ་ནི། འོ་ན་མ་རིག་པ་དང་སྲེད་པ་གཉིས་ཀྱང་ཡན་ལག་ལོགས་པ་འཇོག་མི་དགོས་པར་འགྱུར་ཏེ། ལེན་པའི་ནང་དུ་འདུས་པའི་ཕྱིར། ཡང་བཙུན་པ་དཔལ་ལེན་ན་རེ། མདོ་གཞན་ལས་མ་རིག་པ་དང་ཚུལ་མིན་ཡིད་བྱེད་རྒྱུ་འབྲས་སུ་བཤད་པས། མ་རིག་པ་ལ་རྒྱུ་མེད་པའི་ཉེས་པ་ལས་གྲོལ་ཞིང༌། ཡན་ལག་གཞན་ཁ་བསྐང་བར་ཡང་བྱ་མི་དགོས་ཏེ། རེག་པའི་དུས་ན་ཡོད་པའི་ཚུལ་མིན་ཡིད་བྱེད་ལས། ཚོར་བ་དང་ལྷན་ཅིག་པའི་མ་རིག་པ་འབྱུང་བར་མདོ་གཞན་ལས་གསུངས་པའི་ཕྱིར། དང་པོ་གསུངས་ཏེ། མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་གཏི་མུག་ལས་སྐྱེས་པའི་ཡིད་ལ་བྱེད་པ་རྙོགས་པ་སྐྱེའོ། །ཞེས་གསུངས་ལ། མདོ་དེས་རེག་པའི་དུས་སུ་ཚུལ་མིན་ཡིད་བྱེད་ཡོད་པར་བསྟན། ཡང་མདོ་གཞན་ལས། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེའོ། །ཞེས་གསུངས་ལ། མདོ་དེས་ནི་ཚོར་བའི་དུས་ན་མ་རིག་པ་ཡོད་པར་གྲུབ་པ་བཞིན་ནོ། །ཞེས་ཟེར། དེ་ལ་སློབ་དཔོན་གྱིས་བརྗོད་པ་ནི། འོ་ན་རྟེན་འབྲེལ་གྱི་མདོ་འདིར་ཡང༌། རེག་པའི་དུས་ཀྱི་རྒྱུ་དེ་ལས་ཚོར་བའི་དུས་ཀྱི་མ་རིག་པ་འབྱུང་བར་ཅིའི་ཕྱིར་མ་བསྟན། དཔལ་ལེན་ན་རེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*