ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས། ཁ ༽

ཉེས་པས་གཏོང་བ་དང་ཤི་འཕོས་པས་གཏོང་བ་གཉིས་གཏོང་རྒྱུ་སོ་སོར་བཤད་པའི་ཕྱིར། དེ་ལྟར་ཉམས་ཀྱང་ངན་སོང་དུ་མི་སྐྱེ་བ་ནི་ཡོངས་སུ་མ་ཉམས་པའི་རྒྱུ་མཚན་གྱིས་ཡིན་ལ། སྤྱིར་བདེ་འགྲོ་དང་ཁྱད་པར་འདོད་པའི་ལྷ་མིར་སྐྱེ་བ་ནི་དེ་ལས་རྣམ་པར་ཉམས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལྟར་ཤེས་པ་དེའི་ཚེ་སྦྱོར་ལམ་དང་དེའི་རྟེན་བསམ་གཏན་ལས་ཉམས་པའི་ཚུལ་མུ་བཞི་སྟེ། སོ་སོ་སྐྱེ་བོ་བསམ་གཏན་གྱི་དངོས་གཞི་ལས་ཉམས་ཀྱང་ཇི་སྲིད་ཤི་མ་འཕོས་པ་དེ་སྲིད་དུ་ངེས་འབྱེད་མི་གཏོང་བ་ནི་རྣམ་པར་ཉམས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལྟར་མུ་དང་པོའོ། །མུ་གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ལ་རྟེན་པའི་ངེས་འབྱེད་ཅན་གྱི་སོ་སོ་སྐྱེ་བོ་ས་གོང་མ་དེ་ཉིད་དུ་སྐྱེས་པའི་ཚེའོ། །གཉིས་ཀ་ཉམས་པ་ནི་ཉེར་བསྡོགས་ལ་བརྟེན་པའི་དྲོད་རྩེ་ཅན་ཤི་འཕོས་པའི་ཚེ་ལྟ་བུའོ། །མུ་བཞི་པ་ནི་ས་འཕོས་པར་འཕགས་ལམ་མངོན་དུ་བྱས་པའི་ཚེ་ལྟ་བུའོ། །འོ་ན་ངེས་འབྱེད་ལས་ཉམས་ནས་ངན་སོང་དང་བདེ་འགྲོར་སྐྱེ་བ་ལེན་པ་དག་སྲིད་ན། སྔོན་དེ་མ་སྐྱེད་པར་དེ་དང་དེར་སྐྱེ་བ་ལེན་པའི་སོ་སོ་སྐྱེ་བོ་དག་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཁྱད་པར་དེ་ཉིད་འཆད་པ་ནི། ཇི་སྐད་དུ། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་པ་ནི་རྩ་བར་དངོས་སུ་བསྟན་ལ། དྲོད་ཐོབ་པའི་ཕན་ཡོན་ཀྱང༌། འགྲེལ་པར། དྲོ་བར་གྱུར་པ་ནི་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདའ་བའི་ཆོས་ཅན་ནོ། །ཐར་པའི་ཆ་དང་མཐུན་པ་དང་ཁྱད་པར་ཅི་ཡོད་ཅེ་ན། བར་ཆད་བྱེད་པ་མེད་ན་བདེན་པ་མཐོང་བ་ལ་ཆེས་ཉེ་བ་ཉིད་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཡང་གལ་ཏེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ངེས་འབྱེད་ཅན་འཕགས་ལམ་མངོན་དུ་མ་བྱས་པར་ཁམས་གོང་དུ་སྐྱེ་བ་དག་སྲིད་ན། ཇི་སྐད་དུ། དངོས་གཞིས་དེ་ཉིད་ལ་བདེན་མཐོང༌། །ཞེས་འཆད་པ་དང་ཇི་ལྟར་མི་འགལ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ངེས་འབྱེད་དང་པོར་བསྐྱེད་པའི་རྟེན་བསམ་གཏན་གྱི་དངོས་གཞི་ཡིན་པ་ལ་བསམས་ལ། ངེས་འབྱེད་བཏང་ནས་ཁམས་གོང་དུ་སྐྱེ་བ་ནི་ཐོག་མར་ཉེར་བསྡོགས་ལ་བརྟེན་པའི་ངེས་འབྱེད་བསྐྱེད་ནས་དེའི་འོག་ཏུ་བསམ་གཏན་གྱི་དངོས་གཞི་བསྐྱེད་པའི་དབང་དུ་བྱས་པའོ། །དེའི་ཤེས་བྱེད་ཀྱང་ངེས་འབྱེད་ཀྱི་ངོ་བོར་སྐྱེས་པའི་དངོས་གཞི་ནི་སྤྱིར་དག་པ་པ་ཡིན་ཀྱང་ཟག་མེད་དང་དམིགས་རྣམ་རྗེས་སུ་མཐུན་པའི་རྒྱུ་མཚན་གྱིས་སྲེད་པས་རོ་མྱོང་བར་མི་བྱེད་ལ། དེར་མ་སྐྱེས་པ་དེ་ནི་དེས་རོ་མྱོང་བར་བྱེད་པའི་རྒྱུ་མཚན་གྱིས་སོ། །འོ་ན་ཅིག་ཤོས་ཀྱི་ཚེ་ཡང་དངོས་གཞིའི་ངོ་བོར་སྐྱེ་དགོས་པ་མ་ཡིན་ནམ་ཞེ་ན་དེའི་ངེས་པ་མེད་དེ། ངེས་འབྱེད་ནི་སྦྱོར་བ་འབད་རྩོལ་གྱི་སྒོ་ནས་ངེས་པར་སྐྱེ་དགོས་པས་དངོས་གཞིའི་ཚེ། དེ་མ་བསྐྱེད་ན་དེའི་ཚེ་དེ་དང་ལྡན་པར་འཇོག་མོད། ལྡན་པ་དེ་ཡང་ཉེར་བསྡོགས་ཀྱི་ཡིན་གྱི་དངོས་གཞིའི་མ་ཡིན་པས་སོ། །བཟོད་པ་ཐོབ་པའི་ཕན་ཡོན་དེ་ཁོ་ནར་མ་ཟད་མཐོང་སྤངས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་བརྟགས་མ་ཡིན་གྱི་འགོག་པ་ཡང་ཐོབ་པ་ཡིན་ལ། དེའི་ཚེ་དེ་དང་མི་ལྡན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། མི་སྐྱེ་རྣམས་ཀྱི་ཐམས་ཅད་དང༌། །ཞེས་འབྱུང་བ་དང༌། མཐོང་ལམ་མ་སྐྱེས་པར་དེ་དང་བྲལ་བར་བཞག་མི་ནུས་པའི་ཕྱིར། དེར་མ་ཟད་སྲིད་པ་བདུན་ལས་ལྷག་པ་མི་ལེན་པ་དང༌། འདུ་ཤེས་མེད་པ་པ་དང༌། བྱང་སྒྲ་མི་སྙན་པ་དང༌། ཚངས་པ་ཆེན་པོ་ལ་སོགས་པར་མི་སྐྱེ་བའི་ཡོན་ཏན་དང་ཡང་ལྡན་པར་བཤད་ལ། དེ་དག་ཀྱང་བཟོད་པ་ལས་མ་ཉམས་པ་ལྟ་ཞོག ཉམས་ཀྱང་ཡོན་ཏན་དེ་དག་གིས་མི་གཏོང་བའི་དབང་དུ་བྱས་སོ། །དེ་ལྟ་བུའི་ཚུལ་རྒྱས་པར་ཤེས་པ་ན། ཇི་སྐད་དུ། འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། །གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར། །ཞེས་པའི་དོན་ཡང་བདེ་བླག་ཏུ་གོ་ནུས་པ་ཡིན་ཏེ། འཕགས་པའི་ལམ་གྱི་གནས་སྐབས་དག་ཏུ་སྐྱེ་བ་འཕོས་ཀྱང་ས་མ་འཕོས་ན་ངེས་འབྱེད་ཀྱི་ལྡན་པ་མི་གཏོང་བའི་ཕྱིར། ཆོས་མཆོག་ཁོ་ན་ལོགས་སུ་བཀར་བ་ཅི་ཞེ་ན། ཆོས་མཆོག་ནི་འཕགས་ལམ་མ་ཐོབ་གོང་དུ་གཏོང་བ་མི་སྲིད་ལ། གཞན་གསུམ་ནི་སོ་སོ་སྐྱེ་བོའི་རྟེན་ཉིད་ལ་གཏོང་བ་སྲིད་པས་སོ། །དེའི་གོ་བ་ཡང་དྲོད་སོགས་གསུམ་གྱི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ཤི་འཕོས་ནས་གང་དུ་སྐྱེས་ཀྱང་གཉིས་ཀའི་རྟེན་ཅན་དུ་མི་རུང་སྟེ། ཚེ་སྔ་མའི་ངེས་འབྱེད་ངེས་པར་བཏང་བས་ཁྱབ་པའི་ཕྱིར། གཉིས་པ་ཟག་མེད་སྡོམ་པའི་གཏོང་ཚུལ་ལ་གསུམ་སྟེ། འབྲས་བུ་ཐོབ་པ་དང༌། དབང་པོ་སྦྱངས་པ་དང༌། ལམ་གོང་མ་ལས་ཡོངས་སུ་ཉམས་པའོ། །དང་པོ་ནི། གལ་ཏེ་འབྲས་བུ་ཐོབ་པས་གཏོང་བའི་དོན་འབྲས་བུ་བརྒྱད་ཅུ་རྩ་དགུ་པོ་རེ་རེ་བཞིན་ནམ། འབྲས་བུ་བཞི་པོ་དག་ཁོ་ནའི་དབང་དུ་བྱས་པ་ཡིན་ཞེ་ན། དང་པོ་ནི་མ་ཡིན་ཏེ། ཇི་སྐད་དུ། མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །ཞེས་གསུངས་པ་དང༌། ཟག་མེད་ནི་ས་འཕོས་པས་གཏོང་བར་མ་བཤད་པའི་ཕྱིར། དེས་ན་ཕྱི་མ་ལྟར་ཡིན་ཏེ། ཇི་སྐད་དུ། འབྲས་ལ་སྔོན་ལམ་གཏང་བ་དང༌། །གཞན་ཐོབ་པ་དང་ཟད་བསྡོམས་དང༌། །ཞེས་སྔོན་ལམ་བཏང་བ་ལ་སོགས་པའི་རྒྱུ་མཚན་ལྔ་པོ་དེ་ཚང་པའི་གནས་སྐབས་བཞི་ཁོ་ན་ཉིད་གྲངས་ངེས་པར་བཤད་པའི་ཕྱིར་དང༌། ཇི་སྐད་དུ། གཉེན་པོ་སྐྱེས་དང་འབྲས་ཐོབ་དང༌། །ཞེས་པའི་འགྲེལ་པར། འབྲས་བུ་དག་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིའོ། །ཞེས་བཤད་པས་སོ། །དབང་པོ་སྦྱངས་པས་གཏོང་བ་ནི་དགྲ་བཅོམ་པ་དབང་རྟུལ་དབང་པོ་འཕོ་བ་ན། ཇི་སྐད་དུ། ལམ་དགུའོ། །ཞེས་བར་ཆད་མེད་པའི་ལམ་དགུ་དང་རྣམ་པར་གྲོལ་བའི་ལམ་དགུ་དགོས་པར་བཤད་པ་ལས་རེ་རེ་ཞིང་ཟག་མེད་ཀྱི་ལམ་སྔ་མ་བཏང་ནས་ཕྱི་མ་མངོན་དུ་བྱེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་རེ་རེས་དབང་པོ་འཕོ་མི་ནུས་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། ལན་གཅིག་ཏུ་ཟད་དེ་དག་གི །བྲལ་བའི་ཐོབ་པ་ཡང་དང་ཡང༌། །གཉེན་པོ་སྐྱེས་དང་འབྲས་ཐོབ་དང༌། །དབང་པོ་རྣམ་པར་འཕེལ་རྣམས་སུ། །ཞེས་གཉེན་པོ་རྣམ་གྲོལ་ལམ་སྐྱེས་པའི་ཚེ་བྲལ་ཐོབ་ཟག་མེད་རེ་རེ་རྙེད་པར་བཤད་པ་མ་ཡིན་ནམ་ ཞེ་ན། དེ་ལྟར་བཤད་པ་དེ་ནི་བྲལ་བའི་ཐོབ་པ་གོང་དུ་ཁྱད་པར་དུ་འགྱུར་བའི་དུས་ཡིན་གྱི། སྔ་མ་བཏང་ནས་ཕྱི་མ་རྙེད་པའི་སྐབས་སྟོན་པ་མ་ཡིན་པའི་ཕྱིར་དང༌། གཉེན་པོ་སྐྱེས་ཞེས་པ་ཡང་བྲལ་ཐོབ་སྔར་མེད་གསར་དུ་རྙེད་པའི་དུས་སྟོན་པ་ཡིན་གྱི། སྔ་མ་བཏང་ནས་ཕྱི་མ་རྙེད་པའི་དུས་སྟོན་པ་མ་ཡིན་ནོ། །དབང་པོ་འཕེལ་ཞེས་པ་ཡང་དབང་པོ་འཕོས་ཟིན་པ་ཁོ་ནའི་དོན་ཡིན་ཏེ། འགྲེལ་པར། དབང་པོ་རྣམ་པར་འཕེལ་བ་ནི་དབང་པོ་འཕོ་བའོ། །ཞེས་འབྱུང་བས་སོ། །འདི་ཡང་དབང་པོ་འཕོས་པའི་ཚེ་ཉོན་མོངས་སྤངས་པའི་འབྲས་ཐོབ་ཁྱད་པར་དུ་འགྱུར་བའི་དོན་ཡིན་གྱི། དབང་རྣོན་གྱི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་བྲལ་ཐོབ་ལ་འཆད་པ་ནི་མ་ཡིན་ཏེ། སྤང་བྱ་དེ་ནི་ཤེས་བྱའི་སྒྲིབ་པ་ཡིན་པ་དང༌། གཞུང་འདི་དག་ཉོན་སྒྲིབ་ཀྱི་བྲལ་ཐོབ་ཁྱད་པར་དུ་འགྱུར་ཚུལ་འཆད་ཚུལ་འཆད་པའི་སྐབས་ཡིན་པའི་ཕྱིར། གསུམ་པ་ལམ་གོང་མ་ལས་ཉམས་པས་གཏོང་བ་ནི་འབྲས་བུ་གོང་མ་གསུམ་ལས་ཉམས་པའི་ཚེ་ཡིན་ལ། འདི་ལ་འབྲས་བུ་ཙམ་ལས་ཉམས་པ་དང༌། ཁྱད་པར་ཅན་གཉིས་ལས་ཉམས་པ་གཉིས་ལས། དང་པོ་ནི། འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་འགོག་པ་ལས་ཉམས་པའི་ཚེ་ལྟ་བུ་ཡིན་ལ། གཉིས་པ་ནི། ཕྱིར་འོང་གིས་འདོད་ཉོན་བདུན་བརྒྱད་སྤངས་པ་ལས་ཉམས་པ་དང༌། ཕྱིར་མི་འོངས་ཁམས་གོང་གི་ཆགས་བྲལ་ལས་ཉམས་པའི་ཚེ་ལྟ་བུའོ། །འདི་ཡང་ཞིབ་མོར་ན་འབྲས་བུ་དེ་གཉིས་ཀྱི་ཁྱད་པར་གྱི་ལམ་ལས་ཉམས་པ་ལ་འབྲས་བུ་ཁྱད་པར་ཅན་ལས་ཉམས་ཞེས་འགྲེལ་པར་བཏགས་པ་ཡིན་གྱི། འབྲས་བུ་དངོས་ལས་ཉམས་པ་མ་ཡིན་ཏེ། ཕྱིར་འོང་གི་རྒྱུད་ཀྱི་འདོད་ཉོན་བདུན་བརྒྱད་སྤངས་པའི་བྲལ་བ་དེ་ཕྱིར་འོང་གི་འབྲས་བུ་དངོས་མ་ཡིན་པ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཕྱིར་འོང་གིས་འདོད་ཉོན་བདུན་པ་སྤངས་པའི་རྣམ་གྲོལ་ལམ་མངོན་དུ་བྱས་པའི་ཚེ་དེའི་བྲལ་བ་གསར་དུ་རྙེད་པ་ཡིན་ཀྱང་ཕྱིར་འོང་གི་འབྲས་བུའི་ཁྱད་པར་ཞིག་གསར་དུ་རྙེད་པ་མ་ཡིན་ཞིང༌། ལམ་སྔ་མ་བཏང་བ་ཡང་མ་ཡིན་ཏེ། ལན་གཅིག་ཕྱིར་འོང་གིས་ཇི་སྲིད་འདོད་ཉོན་དགུ་པ་མ་སྤངས་པ་དེ་སྲིད་དུ་སྔོན་ལམ་བཏང་བ་ཞེས་བྱ་བ་དེ་མི་འབྱུང་བའི་ཕྱིར། དེ་ལྟར་སྡོམ་པའི་གཏོང་ཚུལ་རྒྱས་པར་བསྟན་ཟིན་ནས་གཉིས་པ་སྡོམ་མིན་གྱི་གཏོང་ཚུལ་ནི། ཇི་སྐད་དུ། སྡོམ་མིན་སྡོམ་པ་ཐོབ་པ་དང༌། །ཤི་དང་མཚན་གཉིས་འབྱུང་བ་ལས། །ཞེས་གསུངས་པ་དེའི་དོན་ནི། སྡོམ་པ་མ་ཡིན་པ་ནི་རྒྱུ་གསུམ་གྱིས་གཏོང་སྟེ། སོ་ཐར་དང་བསམ་གཏན་གྱི་སྡོམ་པ་ཐོབ་པའམ། ཤི་འཕོས་པ་དང་མཚན་གཉིས་ཅིག་ཆར་དུ་བྱུང་བ་དག་ལས་སོ། །འདིར་ཟག་མེད་ཀྱི་སྡོམ་པ་སྡོམ་མིན་གྱི་གཏོང་རྒྱུར་མི་འཆད་པ་ནི། དེ་ལ་བསམ་གཏན་གྱི་སྡོམ་པ་སྔོན་དུ་འགྲོ་དགོས་ལ། དེའི་ཚེ་སྡོམ་མིན་བཏང་ཟིན་པའི་རྒྱུ་མཚན་གྱིས་སོ། །དེ་ཡང་དགེ་སློང་གི་སྡོམ་པ་ཐོབ་ན་ལུས་ངག་གི་མི་དགེ་བ་བདུན་གྱི་ངོ་བོར་གྱུར་པའི་སྡོམ་མིན་གཏོང་ལ། ཡིད་ཀྱི་མི་དགེ་བ་གསུམ་གྱི་ངོ་བོ་ནི་སྤོང་བ་མ་ཡིན་ཏེ། དགེ་སློང་གི་སྡོམ་པའི་ངོ་བོར་གྱུར་པའི་ཡིད་ཀྱི་སྤོང་བ་གསུམ་མི་སྲིད་པའི་ཕྱིར། དེ་ལྟར་བཤད་པ་ནི་སྡོམ་པའི་ངོ་བོར་གྱུར་པའི་ཡིད་ཀྱི་སྤོང་བ་གསུམ་སྲིད་ཀྱང་སྡོམ་མིན་གྱི་ངོ་བོར་གྱུར་པའི་ཡིད་ཀྱི་ཉེས་པ་གསུམ་པོ་མི་སྲིད་པར་ཁས་ལེན་དགོས་ཏེ། གཞན་དུ་ན་སྡོམ་པ་ཙམ་ཐོབ་པས་སྡོམ་མིན་མི་གཏོང་བར་ཐལ་བའི་ཕྱིར་རོ། །གཉིས་པ་མི་མཚུངས་པའི་ཤེས་བྱེད་ཀྱང་ཡིད་ཀྱི་ཉེས་པ་གསུམ་ནི་ཉོན་མོངས་པ་ཁོ་ན་ཡིན་པས་ལས་སུ་མི་རུང་ལ། དེ་སྤོང་བའི་སེམས་པ་གསུམ་ནི་དགེ་བའི་ལས་སུ་བཞག་ནུས་པའི་ཕྱིར་དང༌། སྡོམ་པ་དང་སྡོམ་མིན་གང་རུང་ལ་ལས་ཀྱིས་ཁྱབ་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྡོམ་མིན་ཅན་གྱི་ཡིད་ཀྱི་ཉེས་པ་གསུམ་པོ་ནི་བར་མ་མི་དགེ་བ་ཁོ་ནར་ངེས་པ་དང༌། དགེ་སློང་གི་རྒྱུད་ཀྱི་ཡིད་ཀྱི་སྤོང་བ་གསུམ་པོ་ནི་བར་མ་དགེ་བ་ཁོ་ནར་ངེས་པ་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་ལྡན་གྱི་ཡིད་ཀྱི་སྤོང་བ་གསུམ་ནི་སྡོམ་པའི་ངོ་བོར་གྱུར་པའི་དགེ་བ་ཁོ་ནར་ངེས་སོ། །དེ་ལྟར་ཤེས་པ་ན་བར་མ་དགེ་བ་ལས་སྡོམ་པའི་དགེ་བ་ཁྱད་དུ་འཕགས་པའི་ངེས་པ་མེད་དེ། དཔེར་ན་སོ་ཐར་སྡོམ་ལྡན་གྱི་རྒྱུད་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་བཞིན་ནོ། །དེ་བཞིན་དུ་སྡོམ་མིན་གྱི་མི་དགེ་བ་ལས་བར་མ་མི་དགེ་བ་ཉེས་པ་ཆུང་བར་མ་ངེས་ཏེ། སྡོམ་མིན་ཅན་གྱི་ལོག་ལྟ་བཞིན་ནོ། །གལ་ཏེ་འོ་ན་སྡོམ་མིན་ཅན་ལ་བར་མ་དགེ་བ་དང༌། སྡོམ་ལྡན་ལ་བར་མ་མི་དགེ་བ་ཡོད་པར་གཞུང་ན་གསལ་བ་དེ་ལྟ་མོད་ཀྱི། སྡོམ་ལྡན་གྱི་དགེ་བ་ཐམས་ཅད་སྡོམ་པས་ཟིན་པའི་དགེ་བ་ཁོ་ནར་ངེས་པའི་ཕྱིར་ན་སྡོམ་ལྡན་ལ་བར་མ་དགེ་བ་འཇོག་པ་མི་རིགས་སོ་སྙམ་པའི་དོགས་པ་དག་སྐྱེའོ། །དེ་ནི་མ་ཡིན་ཏེ། བར་མ་དགེ་བ་དང་མི་དགེ་བའི་འཇོག་མཚམས་ནི་རང་གང་ལ་བརྟེན་པའི་རྟེན་གྱི་གང་ཟག་དེ་ལ་སྡོམ་པ་དང་སྡོམ་མིན་གང་དང་ཡང་མི་ལྡན་པའི་རྒྱུ་མཚན་ལས་ནི་མ་ཡིན་གྱི། རང་ཉིད་སྡོམ་པ་དང་སྡོམ་མིན་གང་གི་ཡང་ངོ་བོར་མ་སྐྱེས་པའི་ཆ་ནས་དེར་འཇོག་པ་ཡིན་ཏེ། དཔེར་ན་སྡོམ་པ་དང་སྡོམ་མིན་ཅན་གྱི་རྒྱུད་ལ་ཡོད་པའི་རིག་བྱེད་དང་སེམས་པ་དང་ལུང་མ་བསྟན་གྱི་ལས་མཐའ་དག་བཞིན་ནོ། །ཡང་གལ་ཏེ་སྡོམ་མིན་གྱི་འགལ་ཟླ་མངོན་དུ་གྱུར་པས་གཏོང་བ་དེའི་ཚེ་སྡོམ་པ་མངོན་དུ་གྱུར་པ་ཁོ་ན་ལ་རག་ལས་པ་མི་འཐད་དེ། ཀུན་སློང་གི་ཁྱད་པར་ངེས་འབྱུང་གི་བསམ་པས་དུས་ཀྱི་ཁྱད་པར་ཇི་སྲིད་འཚོའི་བར་དུ་སྡོམ་མིན་གྱི་ལས་དེ་དག་སྤོང་བར་བསམ་པ་ཐག་པས་ཁས་བླངས་པ་དེའི་ཚེ་དེའི་དངོས་ཀྱི་འགལ་ཟླ་དེ་གཏོང་བར་ངེས་ལ། དེ་བཏང་བ་ན་སྡོམ་མིན་བཏང་བས་ཁྱབ་སྟེ། ཁྱབ་བྱེད་བཀག་པ་ན་ཁྱབ་བྱ་ཁེགས་པའི་ཕྱིར་ཞེ་ན། དེ་འདྲ་དེའི་དངོས་ཀྱི་འགལ་ཟླ་ནི་སྡོམ་མིན་མ་ཡིན་ཏེ། བར་མ་མི་དགེ་བ་ཙམ་ཡིན་པའི་ཕྱིར། གཞན་དུ་ན་དེ་འདྲ་དེ་སྡོམ་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་དངོས་ཀྱི་འགལ་ཟླ་སྡོམ་མིན་དུ་དམིགས་པའི་ཕྱིར། གལ་ཏེ་སྡོམ་མིན་གྱི་འགལ་ཟླར་གྱུར་པའི་བར་མ་དགེ་བས་སྡོམ་མིན་མི་གཏོང་བ་དེ་ལྟར་ན། སྡོམ་པའི་དངོས་ཀྱི་འགལ་ཟླར་གྱུར་པའི་བར་མ་མི་དགེ་བས་སྡོམ་པ་མི་གཏོང་བ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་ལོག་པར་ལྟ་བས་སྡོམ་པ་མི་གཏོང་བ་ཉིད་དུ་ཐལ་བར་འགྱུར་རོ། །ཞེ་ན། དེ་ལྟར་ཡང་འདོད་པ་ཉིད་ཀྱི་ཕྱིར་ཧ་ཅང་ཐལ་བ་མེད་དོ། །འོ་ན་སྡོམ་མིན་བླངས་པ་སྡོམ་པའི་གཏོང་རྒྱུར་མ་བཤད་པ་དང་འགལ་ལོ་ཞེ་ན། དེ་དེར་མ་བཤད་པ་མ་ཡིན་ཏེ། སྡོམ་མིན་ལེན་པའི་ཆོ་ག་ནི་བསླབ་པ་འབུལ་ཆོག་གི་ནང་དུ་འདུས་པའི་ཕྱིར། ལོག་ལྟ་སོ་ཐར་སྡོམ་པའི་གཏོང་རྒྱུ་མ་ཡིན་ཏེ། དེའི་འོག་ཏུ་དགེ་རྩ་ཆད་པ་དེ་དེའི་གཏོང་རྒྱུར་བཤད་པ་ཙམ་ཡིན་པའི་ཕྱིར་དང༌། དེའི་རང་གི་ངོ་བོ་ཡང༌། ཇི་སྐད་དུ། མ་ཐོབ་མ་སྒྲིབ་ལུང་མ་བསྟན། །ཞེས་བཤད་པ་ལྟར་མ་སྒྲིབ་ལུང་མ་བསྟན་དུ་བཤད་པའི་ཕྱིར། གཞན་ཡང་བར་མ་མི་དགེ་བ་ཙམ་གྱིས་སྡོམ་པ་གཏོང་ན་ལུང་དང་འགལ་བ་དང༌། རིགས་པས་གནོད་པ་གཉིས་སོ། །དང་པོ་ནི། ཇི་སྐད་དུ། སྡོམ་ལ་གནས་པ་མི་དགེ་བའི། །རྣམ་རིག་མིན་ལྡན། ཞེས་བཤད་པ་དང་འགལ་ལོ། །གཉིས་པ་ནི། སྲོག་གཅོད་པའི་ཕམ་པ་ལྟ་བུ་གཅིག་གིས་ཀྱང་སོ་ཐར་གྱི་སྡོམ་པ་གཏོང་སྲིད་པར་འགྱུར་ཏེ། སོ་ཐར་སྡོམ་པའི་དངོས་ཀྱི་འགལ་ཟླར་གྱུར་པའི་བར་མ་མི་དགེ་བས་དེ་གཏོང་སྲིད་པའི་ཕྱིར། འདོད་ན་གྲུབ་པའི་མཐའ་དང་འགལ་ལོ། །དེ་བཞིན་དུ་ཕམ་པས་ངོ་སྐལ་གྱི་སྡོམ་པ་གཏོང་བ་བྱེ་སྨྲའི་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་བ་དག་ལ་ཡང་བར་མ་མི་དགེ་བས་སྡོམ་པ་གཏོང་སྲིད་པ་དང༌། བར་མ་དགེ་བས་སྡོམ་མིན་གཏོང་བ་ཉིད་དུ་ཧ་ཅང་ཐལ་བའང་བརྗོད་པར་བྱའོ། །འོ་ན་ངེས་འབྱུང་གི་བསམ་པས་ཡང་དག་པར་བླངས་པའི་བར་མ་དགེ་བ་དང་སྡོམ་པའི་ཁྱད་པར་གང་ཡིན། དེ་འདྲ་མི་སྲིད་པར་ཁས་ལེན་ན་ནི་རབ་བྱུང་བར་མ་མི་སྲིད་པར་འགྱུར་ལ། དེ་སྲིད་མཁན་སློབ་ལྟ་བུའི་དྲུང་དུ་མི་དགེ་བ་སྤོང་བའི་བར་མ་ཡང་དག་པར་ལེན་པ་མི་སྲིད་ན་ནི། ཇི་སྐད་དུ། ལྷག་པའི་རྣམ་རིག་མིན་ཞིང་དང༌། །ལེན་དང་གུས་པར་བྱེད་པས་ཐོབ། །ཅེས་བཤད་པ་དང་མ་མཐུན་ནོ་ཞེ་ན། དེའི་ལན་ནི་འདི་ལྟར། སོ་སོར་ཐར་པའི་སྡོམ་པ་ནི་ཀུན་སློང་གི་ཁྱད་པར་ངེས་འབྱུང་གི་བསམ་པ་དང༌། ཡུལ་གྱི་ཁྱད་པར་དགེ་འདུན་དང༌། གང་ཟག་དགེ་སློང་གང་གི་འདུན་དུ་ལེན་ཀྱང་ལུས་ངག་གི་མི་དགེ་བ་དེ་དང་དེ་སྤོང་བར་ཁས་བླངས་པ་ལས་ཐོབ་པ་མ་ཡིན་ཏེ། དེ་ནི་དགེ་བསྙེན་དང༌། བསྙེན་གནས་དང༌། དགེ་ཚུལ་དང༌། དགེ་སློང་ཉིད་དུ་ཁས་བླངས་པ་ལས་འཐོབ་པའི་ཕྱིར། དཔེར་ན་དགེ་ཚུལ་ཉིད་དུ་སྒྲུབ་དགོས་པའི་སྒྲུབ་བྱ་དེས་དེར་སྒྲུབ་པའི་སློབ་དཔོན་གྱི་དྲུང་དུ། དགེ་ཚུལ་གྱི་སྤང་བྱ་བཅུ་པོ་སྤོང་བར་ལན་གསུམ་ཁས་བླངས་ཀྱང་བར་མ་ཙམ་ཡིན་གྱི་དགེ་ཚུལ་དུ་མི་འགྱུར་བ་བཞིན་ནོ། །དེ་ལྟར་སྡོམ་མིན་གྱི་གཏོང་ཚུལ་ཡང་རྒྱས་པར་བསྟན་ཟིན་ནས། བར་མའི་གཏོང་ཚུལ་ནི། ཇི་སྐད་དུ། བར་མ་ཤུགས་བླངས་བྱ་བ་དང༌། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་གསུངས་སོ། །འདི་ནི་སྡོམ་པ་དང་སྡོམ་མིན་གཉིས་གཏོང་ཚུལ་དང་འདྲ་བ་མ་ཡིན་ཏེ། དེ་དག་ནི་གཏོང་རྒྱུ་རེ་རེས་ཀྱང་སྡོམ་པའང་སྡོམ་མིན་མཐའ་དག་གཏོང་བར་ངེས་ལ། འདིར་བཤད་པ་འདི་དག་ནི་ངོ་སྐལ་རེ་རེའི་གཏོང་རྒྱུ་ཡིན་གྱི། སྤྱིར་བར་མ་ཙམ་གྱི་གཏོང་རྒྱུ་མ་ཡིན་པའི་ཕྱིར་དང༌། འདི་དག་ནི། བར་མར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་ཁོ་ནའི་གཏོང་རྒྱུ་ཡིན་གྱི། བར་མ་རིག་བྱེད་དང་སེམས་པའི་ལས་ཀྱི་གཏོང་རྒྱུར་མ་ངེས་པའི་ཕྱིར། དེ་དག་ཀྱང་ཇི་ལྟར་ཞེ་ན། ཤུགས་ཆད་པས་གཏོང་བ་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བདུན་པོ་ལྟ་བུ་རབ་ཏུ་དྭང་བའི་ཤུགས་ཆད་པ་དང༌། ཞེ་སྡང་གིས་ཤུགས་ཆད་པ་ན་དེས་ཀུན་ནས་བསླངས་པའི་བར་མ་གཏོང་བ་ལྟ་བུའོ། །འདི་ཡང་དེ་དང་དེའི་འགལ་ཟླ་མངོན་དུ་གྱུར་པ་ལ་རག་ལས་པ་ཡིན་ཏེ། དེ་མངོན་དུ་མ་གྱུར་ན་རྒྱུའི་ཀུན་སློང་དད་པ་དང་ཞེ་སྡང་ལྟ་བུ་ཀུན་ནས་བསླངས་པའི་ལས་ཀྱི་རིགས་དེ་ཉིད་དུ་གནས་པའི་ཕྱིར་རོ། །བླངས་པ་ཆད་པས་གཏོང་བ་ནི། ལོ་གསུམ་གྱི་བར་དུ་སྲོག་གཅོད་པའམ་དེ་སྤོང་ངོ་ཞེས་ཁས་བླངས་པ་ལས་དེ་འདས་པའི་ཚེ་གཏོང་བ་ལྟ་བུའོ། །བྱ་བ་ཆད་པ་ནི། ཉིན་རེ་བཞིན་བྱ་བ་དེ་དང་དེ་བྱེད་པར་ཁས་བླངས་ནས་དེ་ནམ་ཞིག་གི་ཚེ་མ་གྲུབ་པ་ན་གཏོང་བའོ། །དོན་ཆད་པ་ནི། གཞི་གང་ལ་བརྟེན་ནས་བར་མ་དགེ་བའམ་མི་དགེ་བ་དེ་འབྱུང་བའི་དོན་གཙུག་ལག་ཁང་ངམ་རྡོས་དང་རྒྱ་ལ་སོགས་པ་ཞིག་པའི་ཚེ་ལྟ་བུའོ། །ཚེ་ཆད་པས་གཏོང་བ་ནི་སྡོམ་པ་དང་སྡོམ་མིན་གཉིས་ཀྱི་སྐབས་དང་འདྲ་བ་མ་ཡིན་ཏེ། དེར་ནི་ཁས་བླངས་པའི་དུས་ལས་འདས་པས་གཏོང་བ་ཡིན་ལ། འདིར་ནི་རྟེན་བོར་བ་ཙམ་གྱིས་གཏོང་བ་ཡིན་ཏེ། དཔེར་ན་ཞག་གསུམ་གྱི་བར་དུ་སྲོག་གཅོད་སྤོང་བར་ཁས་བླངས་པ་ལས་ཞག་གཅིག་འདས་པ་ན་ཚེ་འཕོས་པ་ལྟ་བུའོ། །གལ་ཏེ་ཚེ་ཆད་པ་བར་མའི་གཏོང་རྒྱུ་ཡིན་པ་དེ་ལྟ་ན་བསམ་གཏན་དང་ཟག་མེད་གཉིས་ཀྱི་གཏོང་རྒྱུར་ཡང་མཚུངས་ཏེ། བསམ་གཏན་དང་ཟག་མེད་ཀྱི་སེམས་ཐོབ་པ་དག་ལ་ཡང་བར་མར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་ཕྱིར་སྙམ་ན་ཉེས་པ་མེད་དེ། འདིར་བཤད་པ་ནི་འདོད་པར་གཏོགས་པ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་ཏེ། བསམ་གཏན་དུ་གཏོགས་པའི་བར་མ་མི་དགེ་བ་ནི་མི་སྲིད་ཅིང༌། དེར་གཏོགས་པའི་བར་མ་དགེ་བའི་གཏོང་ཚུལ་ནི། ཇི་སྐད་དུ། བསམ་གཏན་གཏོགས་པའི་དགེ་བ་ནི། །ཞེས་པ་དེར་བཤད་ཟིན་པས་སོ། །དགེ་བའི་རྩ་བ་ཆད་པས་གཏོང་བ་ནི། དགེ་རྩ་ཆད་པ་བར་མ་དགེ་བའི་གཏོང་རྒྱུ་ཡིན་ཞེས་པ་ཙམ་ཞིག་རགས་པའི་རྣམ་གཞག་ཏུ་ཁས་བླངས་པས་ཆོག་མོད། ཞིབ་མོར་ན་དགེ་རྩ་གཅོད་ནུས་ཀྱི་ལོག་ལྟའི་སྦྱོར་བ་ཉེར་བསྡོགས་ཙམ་གྱིས་བར་མ་དགེ་བ་གཏོང་ནུས་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་འདྲ་དེ་དགེ་བ་སྦྱོར་བྱུང་ཡིན་པའི་ཕྱིར་དང༌། བསམ་གཏན་དུ་གཏོགས་པའི་དགེ་བ་བར་མ་དག་ནི་དེས་གཏོང་བ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། མེད་པར་ལྟ་བས་རྩ་བ་གཅོད། །འདོད་གཏོགས་དགེ་བ་སྐྱེས་ཐོབ་རྣམས། །ཞེས་སོ། །དེ་ལྟར་ན་གཏོང་རྒྱུ་དྲུག་པོ་གང་རུང་གཅིག་གིས་གཏོང་བར་ངེས་པའི་བར་མ་དགེ་བ་དེ་གཏོང་རྒྱུ་གཞན་དེ་དང་དེས་གཏོང་བར་མ་ངེས་ཏེ། དཔེར་ན་བླངས་པ་ཆད་པས་གཏོང་བ་གང་ཡིན་པ་དེ་ཤུགས་ཆད་པས་གཏོང་བར་མ་ངེས་པ་བཞིན་ནོ། །དེ་ལྟར་ན་ཇི་སྐད་བཤད་པའི་གཏོང་རྒྱུ་དྲུག་པོ་དེ་ནི་སྤྱིར་འདོད་པའི་སས་བསྡུས་ཀྱི་བར་མ་དང༌། བྱེ་བྲག་ཏུ་རིག་བྱེད་མ་ཡིན་པའི་གཟུགས་ཁོ་ནའི་གཏོང་རྒྱུར་ངེས་སོ། །གལ་ཏེ་འོ་ན་འདོད་པའི་སས་བསྡུས་ཀྱི་བར་མ་གཟུགས་ཅན་མ་ཡིན་པའི་གཏོང་རྒྱུ་གང་ཞེ་ན། དེ་འཆད་པ་ནི། ཇི་སྲིད་དུ། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །ཉོན་མོངས་པ་ཅན་གཟུགས་མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་གསུངས་སོ། །འདི་ལ་གལ་ཏེ་འདོད་པའི་སས་བསྡུས་ཀྱི་དགེ་བ་གཏོང་བ་འདོད་ཆགས་དང་བྲལ་བ་དང་ས་འཕོས་པ་ཙམ་གྱིས་མི་ཆོག་པར་གོང་དུ་སྐྱེས་པ་ཁོ་ན་ངེས་པར་དགོས་པ་ཅི་ཞེ་ན། དང་པོའི་ཤེས་བྱེད་ནི་འདོད་པ་ལ་ཆགས་བྲལ་བྱེད་པའི་ལམ་གྱིས་འདོད་པའི་དགེ་བ་ལ་ཆགས་བྲལ་བྱེད་པ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལྟ་ནའང་དེའི་དམིགས་བསལ་ནི། ཡིད་མི་བདེ་བའི་དབང་པོ་དགེ་བ་ལྟ་བུ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བས་ཀྱང་གཏོང་བར་འགྲེལ་པ་ཉིད་དུ་བཤད་དོ། །གོང་དུ་སྐྱེས་པའི་དོན་ནི་ས་འཕོས་པ་ཉིད་ལ་འཆད་དགོས་ཏེ། བསམ་གཏན་གྱི་དགེ་བ་དག་པ་པ་ས་འཕོས་པས་གཏོང་བ་དང་རིགས་པ་མཚུངས་པའི་ཕྱིར། ཡང་གལ་ཏེ་བར་མ་གཟུགས་ཅན་མ་ཡིན་པ་གཉེན་པོ་སྐྱེས་པས་གཏོང་བ་དེ་ལྟ་ན་བར་མ་མི་དགེ་བ་དག་སྡོམ་པ་ཐོབ་པས་གཏོང་བ་དང༌། བར་མ་དགེ་བ་དག་སྡོམ་མིན་གྱིས་གཏོང་བར་འགྱུར་བ་ཉིད་དུ་ཁས་ལེན་ནམ། དེ་ཡང་དེ་ལྟ་ན་ནི། ཇི་སྐད་དུ། སྡོམ་མིན་གནས་པ་དགེ་བ་དང༌། །སྡོམ་ལ་གནས་པ་མི་དགེ་བའི། །རྣམ་རིག་མི་ལྡན། ཞེས་འཆད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལྟར་བཤད་པ་དེ་ནི་སྲོག་གཅོད་སྤོང་བའི་སྡོམ་ལྡན་གྱི་རྒྱུད་ལ་སྲོག་གཅོད་ཀྱི་ལས་ལམ་དངོས་གཞིར་གྱུར་པའི་བར་མ་མི་དགེ་བའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་དང་ལྡན་པ་ལྟ་བུའི་དབང་དུ་བྱས་ལ། འདིར་ནི་སེམས་པའི་དབང་དུ་བྱས་པ་ཡིན་ཏེ། སྲོག་གཅོད་པའི་སེམས་པའི་ལས་དང༌། སྲོག་གཅོད་སྤོང་བའི་སེམས་པའི་ལས་ལྷན་ཅིག་ཏུ་གནས་པར་འགལ་བའི་ཕྱིར། འོ་ན་སྲོག་གཅོད་སྤོང་བའི་སྡོམ་ལྡན་ལའང་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལ་ནི་རབ་ཏུ་འཇུག་བྱེད་སྲོག་གཅོད་སྤོང་བའི་སེམས་པ་དགོས་ཀྱང༌། རྗེས་སུ་འཇུག་བྱེད་དེ་འདྲ་དེ་དགོས་པར་མ་ངེས་པའི་ཕྱིར་རོ། །དེ་ལྟ་ན་འདིའི་སྐབས་ཀྱི་གཉེན་པོ་ཡང་གཟུགས་ཅན་མ་ཡིན་པའི་དགེ་བ་ལ་འཆད་དགོས་པ་སོགས་རྒྱ་ཆེར་སྤྲོས་ནས་བཤད་པར་བྱའོ། །འོ་ན་བསམ་གཏན་གྱི་སྡོམ་ལྡན་ལ་བར་མ་ཉོན་མོངས་ཅན་མི་འབྱུང་བར་ངེས་སམ་ཞེ་ན། བསམ་གཏན་གྱི་སྡོམ་པའི་ངོ་བོར་གྱུར་པའི་ཡིད་ཀྱི་སྡོམ་པ་དང་ལྡན་པ་ལ་ནི་དེར་ངེས་ལ། ལུས་ངག་གི་སྡོམ་ལྡན་ནི་དེ་ལྟར་མ་ངེས་ཏེ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །ཡང་གལ་ཏེ་སྡོམ་པས་སྡོམ་མིན་གཏོང་བར་ཁས་ལེན་པ་དེའི་ཚེ། སྡོམ་མིན་ཅན་གྱིས་བསྙེན་གནས་བླངས་པ་ན། སྡོམ་མིན་གཏོང་བར་ཁས་ལེན་དགོས་ལ། དེ་ཡང་དེ་ལྟར་ན་དེ་འདྲའི་བསྙེན་གནས་མཚན་མོ་འདས་པས་བཏང་བ་དེའི་ཚེ་སྡོམ་མིན་ལྡན་ནམ་མི་ལྡན། ལྡན་ན་ལན་གཅིག་བཏང་ཟིན་ནས་སླར་འཐོབ་པའི་རྒྱུ་གང་ཞིག་བྱས། དེས་ན་སྡོམ་པའི་མ་ཐོབ་པར་རྒྱུད་ལ་སྐྱེས་པ་ཙམ་གྱིས་སྡོམ་མིན་ཐོབ་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན་དེ་དུས་ཀྱི་གང་ཟག་དེ་ཆོས་ཅན། སྡོམ་པའི་ཐོབ་པ་རང་རྒྱུད་ལ་ལྡན་པར་འགྱུར་ཏེ། རྒྱུ་སྡོམ་པ་ལས་བྱུང་བའི་སྡོམ་མིན་གྱི་མ་ཐོབ་པ་རྒྱུད་ལ་ལྡན་བཞིན་པ་ཡིན་པའི་ཕྱིར་སྙམ་པའི་དོགས་པ་འདི་ངེས་པར་སྐྱེའོ། །དེའི་ལན་ནི་བརྟགས་པ་ཕྱི་མ་ལྟར་ཁས་ལེན་ཀྱང་ཐལ་བ་ལ་ཁྱབ་པ་མ་ངེས་ཏེ། བསྙེན་གནས་ཀྱིས་སྡོམ་མིན་བཏང་ཟིན་པའི་འོག་དེར་ཇི་སྲིད་སྡོམ་མིན་གྱི་ཐོབ་རྒྱུ་མ་བྱུང་བ་དེ་སྲིད་དུ་སྡོམ་མིན་གྱི་མི་ལྡན་པ་མི་གཏོང་བའི་ཕྱིར། ཐོབ་རྒྱུ་དེ་ནམ་གྱི་ཚེ་ཞེ་ན། སྡོམ་མིན་གྱི་བྱ་བ་ལ་ཞུགས་པའམ་སླར་ཁས་བླངས་པའི་ཚེ་ན་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། སྡོམ་པ་མིན་པ་བྱ་བའམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། །ཞེས་སོ། །འདིས་མཚོན་ནས་སྡོམ་མིན་ཅན་གྱི་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླངས་ཏེ་བསླབ་པ་ཕུལ་བ་དང་དུས་མཉམ་པ་ཁོ་ནར་སྡོམ་མིན་ཅན་དུ་སོང་བའི་ངེས་པ་མེད་དེ། དེའི་ཚེ་སྡོམ་པ་བཏང༌། ཡང་སྡོམ་མིན་གྱི་འཐོབ་རྒྱུ་བྱུང་བའི་ངེས་པ་མེད་པའི་ཕྱིར་རོ། །ཡང་གལ་ཏེ་སྡོམ་མིན་ཅན་ལ་ལུས་ངག་གི་མི་དགེ་བ་བདུན་པོ་བར་མ་མི་དགེ་བའི་གཟུགས་ཀྱི་ངོ་བོར་སྐྱེ་བ་དང༌། སྡོམ་པ་དང་ལྡན་པའི་ལུས་ངག་གི་དགེ་བ་བདུན་པོ་བར་མ་དགེ་བའི་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ངོ་བོར་སྐྱེ་བ་ལྟ་བུ་ཡོད་དམ་ཞེ་ན། སྤྱིར་བཏང་དུ་དེ་འདྲ་དེ་ཡོད་པ་མ་ཡིན་ཏེ། དེ་དང་དེའི་རྒྱུད་ཀྱི་ལུས་ངག་གི་སྤོང་བ་བདུན་པོ་དེ་སྡོམ་པའམ་སྡོམ་མིན་གང་རུང་གི་ངོ་བོར་སྐྱེས་པས་ཁྱབ་པའི་ཕྱིར། དམིགས་བསལ་ལ་སྡོམ་ལྡན་གྱི་བར་མ་དགེ་བའི་ཁྱད་པར་འགའ་ཞིག་བླངས་པའི་ཚེ་ན་དེ་ལྟ་བུ་སྲིད་པ་ཙམ་སྟེ། དཔེར་ན་དགེ་སློང་གིས་ལོ་གསུམ་གྱི་བར་དུ་སྲོག་ཆགས་གྲོག་སྦུར་མི་གསོད་པར་དམ་བཅས་པ་ལྟ་བུའོ། །ཡང་གལ་ཏེ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྣམ་གཞག་ཁས་ལེན་པ་དང༌། ཐེག་པ་ཆེན་པོ་པ་དག་གིས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཁས་ལེན་པའི་ཁྱད་པར་ཅི་ཞེ་ན། འདིར་ནི་དེ་འདྲ་དེ་འབྱུང་བ་ལས་གྱུར་པའི་གཟུགས་སུ་ཁས་ལེན་ལ། དེར་ནི་དེ་ལྟར་ཁས་མི་ལེན་པའི་ཁྱད་པར་གྱིས་རབ་ཏུ་འབྱེད་དོ། །དེ་ལྟ་ན་ཡང་འདིར་དེ་འདྲ་དེ་རྡུལ་དུ་གྲུབ་པར་ཁས་མི་ལེན་ཏེ། འབྱུང་བ་ལས་གྱུར་པའི་གཟུགས་རྡུལ་དུ་གྲུབ་པ་དག་ཡིན་ན་སྒྲིབ་ཐོགས་ཀྱི་བྱ་བ་བྱེད་དགོས་པའི་ཕྱིར། འོ་ན་བེམ་པོར་ཡང་ཁས་མི་ལེན་ནམ་ཞེ་ན། བེམ་པོ་ལ་རྡུལ་དུ་གྲུབ་པས་ཁྱབ་པ་ནི་འདིར་གྲུབ་པའི་མཐའ་མ་ཡིན་ཏེ། ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་བཞིན་ནོ། །མི་ལྡན་པའི་འདུ་བྱེད་བེམ་པོར་ཁས་ལེན་པ་འདི་པ་དག་གི་གྲུབ་པའི་མཐའ་ཡིན་པ་ཡང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ་མདོ་སྡེ་པའི་གྲུབ་པའི་མཐའ་འཆད་པ་ན། འདུ་བྱེད་བེམ་པོ་ཡོད་མ་ཡིན། །ཞེས་བཤད། སྐབས་དེར་ཡང་བེམ་པོ་མ་ཡིན་པའི་ཤེས་བྱེད་རྡུལ་དུ་མ་གྲུབ་པ་ཉིད་ཡིན་པའི་ཕྱིར། ཞེས་གཞུང་དེ་ཉིད་ཀྱི་འགྲེལ་པར་གནས་བརྟན་བྱང་ཆུབ་བཟང་པོས་བཤད་དོ།།  །།འདིར་སྨྲས་པ། རིག་གནས་རིག་པའི་གཞུང་བརྒྱ་ཤེས་པ་ཡང༌། །རིག་བྱེད་རིག་བྱེད་མིན་པའི་གཞུང་ལུགས་ཀྱི། །རིག་བྱ་རིག་པ་འགའ་ཡང་མ་མཐོང་བས། །རིག་མིན་རིག་པའི་རྣམ་བཤད་འདི་ལོངས་ཤིག །དེ་ལྟར་གཟུགས་ཀྱི་ཕུང་པོའི་སྐབས་ཀྱི་རྟོགས་དཀའ་བ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྣམ་གཞག་རྒྱས་པར་བཤད་ཟིན་ཏོ།།  །།གཉིས་པ་སྐྱེ་མཆེད་ལ། ཇི་སྐད་དུ། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །ཅེས་གསུངས་སོ། །འདི་ལ་གཉིས་ཏེ། སྐྱེ་མཆེད་ཀྱི་མཚན་ཉིད་གཟུང་བ་དང༌། རྣམ་ཤེས་ཀྱི་ཕུང་ཁམས་སྐྱེ་མཆེད་ཁྱབ་མཉམ་དུ་བཤད་པའི་དགོངས་པ་དཔྱད་པའོ། །དང་པོ་ནི། ཇི་སྐད་དུ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཞེས་རང་འབྲས་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྒོར་གྱུར་པ་ཉིད་དུ་གསུངས་སོ། །འདིའི་དོན་ལ་དཔྱད་པ་ན། ཁམས་ཀྱི་དོན་ནི་ཉེར་སྤྱོད་འཛིན་པ་དང༌། སྐྱེ་མཆེད་ཀྱི་དོན་ནི་ཉེར་སྤྱོད་འབྱིན་པའོ། །དེའི་ཕྱིར་ཁམས་ནི་རང་དུས་སུ་རང་གི་འབྲས་བུ་ཉེར་སྤྱོད་དང་བཅས་པས་དུས་མཉམ་པ་ཡིན་ལ། སྐྱེ་མཆེད་ནི་རང་དུས་སུ་རང་གི་འབྲས་བུ་ཉེར་སྤྱོད་གང་ཡིན་པ་དེ་མ་འོངས་པའོ། །མ་འོངས་པ་སྐྱེ་བའི་སྒོ་ཇི་ལྟར་འབྱེད་ཅེ་ན། ནང་གི་སྐྱེ་མཆེད་དྲུག་པོས་ནི་བདག་པོའི་རྐྱེན་དང༌། ཕྱིའི་སྐྱེ་མཆེད་དྲུག་གིས་ནི་དམིགས་པའི་རྐྱེན་བྱས་ནས་སོ། །ཆོས་ཀྱི་སྐྱེ་མཆེད་འདུས་མ་བྱས་རྣམས་ཇི་ལྟར་རྐྱེན་ཡིན་ཞེ་ན། རིགས་པའི་གཞུང་ལུགས་སུ་ནི་དམིགས་རྐྱེན་དུ་འཇོག་པ་ལ་སྤྱིར་འདུས་བྱས་དང༌། བྱེ་བྲག་ཏུ་ཕྱི་རོལ་གྱི་དོན་ཁོ་ན་ལ་བཤད་ཀྱང༌། འདིར་ནི་དམིགས་རྐྱེན་དུ་མི་རུང་བའི་ཆོས་ཞེས་བྱ་བ་མི་སྲིད་དེ། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་ཆོས་ཐམས་ཅད་ལ་དམིགས་ནས་བདག་མེད་དོ་སྙམ་པའི་ཤེས་པ་སྐྱེ་བའི་རྒྱུ་མཚན་གྱིས་དེ་དེར་རུང་བ་ཉིད་དུ་བཤད་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདུས་མ་བྱས་ལ་དམིགས་པའི་ཤེས་པ་གང་ཡིན་གང་ཡིན་པ་དེ་དང་དེ་དག་འདུས་མ་བྱས་དེའི་འབྲས་བུར་ནི་མི་འདོད་དེ། ཇི་སྐད་དུ། འདུས་མ་བྱས་ལ་དེ་དག་མེད། །ཅེས་བཤད་པས་སོ། །དེ་ལྟར་ན་མིག་གི་དབང་པོ་གཅིག་ཉིད་རང་དུས་སུ་རང་འབྲས་མིག་གི་རྣམ་པར་ཤེས་པ་འཛིན་པའི་བྱ་བ་བྱེད་པའི་ཆ་ནས་ཁམས་དང༌། མ་འོངས་པ་ན་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ཆ་ནས་སྐྱེ་མཆེད་ཅེས་བྱའོ། །དེའི་ཕྱིར་མིག་གི་ཁམས་དང་མིག་གི་སྐྱེ་མཆེད་ནི་རྫས་གཅིག་ཀྱང་མཚན་ཉིད་ཐ་དད་པས་ཕྱེ་བ་ཡིན་ཏེ། དཔེར་ན་རིའི་ཕྱོགས་འགའ་ཞིག་གིས་གསེར་འཛིན་པ་དང་འབྱིན་པའི་བྱ་བ་གཉིས་མཚན་ཉིད་ཐ་དད་པ་བཞིན་ནོ། །གཉིས་པ་ནི། ཇི་སྐད་དུ། ཁམས་བདུན་དག་ཏུའང་འདོད་པ་སྟེ། །ཞེས་རྣམ་ཤེས་ཀྱི་ཕུང་པོ་ལ་ཡིད་ཀྱི་སྐྱེ་མཆེད་ཀྱིས་ཁྱབ་པ་དང༌། ཡིད་ཀྱི་སྐྱེ་མཆེད་ལ་ཡིད་ཁམས་བདུན་པོ་གང་རུང་གིས་ཁྱབ་པ་ལྟ་བུར་བཤད་པ་དེ་ནི་ཞིབ་མོར་འབྱེད་དགོས་པ་ཡིན་ཏེ། ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་ཤེས་པའི་ཁམས་དྲུག་པོ་གང་རུང་གིས་ཁྱབ་ཀྱང་ཡིད་ཀྱི་ཁམས་ཀྱིས་མ་ཁྱབ་པའི་ཕྱིར་དང༌། ཡིད་ཀྱི་སྐྱེ་མཆེད་གང་ཡིན་ཡིད་ཀྱི་དབང་པོར་མ་ངེས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ལས་ལོགས་སུ་ཁམས་ཐ་དད་པར་བཞག་པའི་ཡིད་ཀྱི་ཁམས་ཁོ་ན་ལ་ཡིད་ཀྱི་དབང་པོར་བཞག་དགོས་པ་དང༌། དེའི་ངོས་འཛིན་ཀྱང་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་རང་དུས་སུ་འདས་མ་ཐག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཁོ་ན་ལ་བཤད་པས་སོ། །དེ་ལྟར་རྣམ་པར་ཤེས་པའི་ཁམས་དྲུག་པོ་རྣམས་དང་ཡིད་ཀྱི་ཁམས་ནི་རྫས་ཀྱི་སྒོ་ནས་ཐ་དད་པ་མེད་ཀྱང་མཚན་ཉིད་དམ་ལྡོག་པའི་སྒོ་ནས་སོ་སོར་ཕྱེ་བ་ཡིན་ཏེ། རྣམ་པར་ཤེས་པའི་ཁམས་དྲུག་པོ་ཇི་སྲིད་མ་འགགས་པ་དེ་སྲིད་དུ་ཡིད་ཀྱི་ཁམས་དང་དབང་པོར་མི་འཇོག་ལ། དེ་དག་རང་རང་གི་དུས་སུ་ཡང་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་སྐྱེ་མཆེད་དུ་ནི་འཇོག་པའི་ཕྱིར། འདས་ནས་ཡུན་རིང་དུ་ལོན་པ་ཡང་ཡིད་ཀྱི་ཁམས་དང་དབང་པོར་མི་གཞག་སྟེ། འདས་མ་ཐག་པ་ཞེས་བྱ་བའི་ཚིག་གིས་རྣམ་པར་བཅད་ཟིན་པའི་ཕྱིར་རོ། །འོ་ན་ཅི་ཚོགས་དྲུག་འདས་མ་ཐག་པ་དེས་རང་དུས་སུ་འབྲས་བུ་ཡིད་ཀྱི་རྣམ་པར་ཤེས་པ་ཕྱུང་ཟིན་པ་མ་ཡིན་ནམ། རང་དུས་སུ་འབྲས་བུ་འཛིན་པའི་དོན་གྱིས་ཁམས་སུ་འཇོག་པ་ཇི་ལྟར་ཞེ་ན། འགལ་བ་མེད་དེ། སྤྱིར་འབྲས་བུ་འབྱིན་པ་ཞེས་བྱ་བའི་དོན་ནི་རང་དུས་སུ་མ་སྐྱེས་པ་ཞིག་ཕྱིས་འབྱིན་པ་ཡིན་ལ། འཛིན་པ་ཞེས་བྱ་བ་རང་དང་དུས་མཉམ་པ་ཞིག་འཛིན་པ་ཡིན་པ་ལས་དེ་ནི་འདི་ལ་ཡང་ཡོད་པའི་ཕྱིར། ཇི་ལྟར་ཞེ་ན། ཚོགས་དྲུག་འདས་མ་ཐག་པ་དང་དེའི་འབྲས་བུ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པ་ནི་དུས་མཉམ་པ་ཁོ་ན་ཡིན་པས་སོ། །དེ་ཡང་འཛིན་པའི་ཚུལ་ལ་གཉིས་ཏེ། སྐྱེ་འགྱུར་ས་བོན་གྱི་ཚུལ་གྱིས་འཛིན་པ་དང༌། སྐྱེས་ཟིན་རང་གི་ངོ་བོའི་སྒོ་ནས་འཛིན་པའོ། །དང་པོ་ནི་མིག་སོགས་དབང་པོ་ལྔ་པོ་དག་ཡིན་ལ། གཉིས་པ་ནི། ཡིད་ཀྱི་ཁམས་སོ། །འོ་ན་ཅི་མིག་དབང་གི་རང་དུས་སུ་དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ། དེས་དེ་མ་ཡིན་ན་ནི། ཇི་སྐད་དུ། ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་བཤད་པ་ཇི་ལྟར་དྲང་ཞེ་ན། དེའི་དོན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རང་དུས་སུ་དེའི་རྟེན་དུ་གྱུར་པའི་ཡིད་དབང་ལྟ་ཞོག སྤྱིར་ཡིད་ཀྱི་དབང་པོ་ཡོད་པར་ཁས་མི་ལེན་ལ། མིག་གི་རྣམ་པར་ཤེས་པ་སོགས་ལྔ་པོའི་རང་དུས་སུ་ནི་རང་གི་བདག་རྐྱེན་མིག་དབང་སོགས་ཡོད་པར་ཁས་མིན་ལེན་ཀྱང་སྤྱིར་མིག་ཤེས་སོགས་ཀྱི་རྟེན་དུ་གྱུར་པའི་མིག་དབང་སོགས་ཡོད་པར་ཁས་ལེན་པ་ཞེས་བྱ་བའི་དོན་ནོ། །འདིར་རྒྱུ་འབྲས་དུས་མཉམ་ཁས་ལེན་པ་ཞེས་བྱ་བའི་དོན་ཡང་འོག་ནས་རྒྱས་པར་འཆད་པའི་ཕྱིར་དོན་འདི་ལ་སོམ་ཉི་ཟ་བར་མི་བྱའོ། །སྐབས་འདིར་འགྲེལ་པ་ལས། ཇི་སྐད་དུ། འོ་ན་ནི་དགྲ་བཅོམ་པའི་སེམས་ཐ་མ་ཡིན་པར་འགྱུར་ཏེ། དེ་གང་གི་མཚུངས་པ་དེ་མ་ཐག་པ་འདས་པར་འགྱུར་བ་དེ་ནི་མེད་དོ་ཅེ་ན། དེ་ཡང་ཡིད་ཀྱི་ངོ་བོར་གནས་པའི་ཕྱིར་ན་མ་ཡིན་ཏེ། རྒྱུ་མཚན་མ་ཚང་བའི་ཕྱིར། རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བར་ཟད་དོ། །ཞེས་བཤད་པ་འདིའི་དོན་ལ་གཞན་དག་དགྲ་བཅོམ་པ་ཐ་མའི་ཡིད་ཁམས་ཡིན་པའི་བཤད་པ་བྱེད་མོད་ཀྱང་རིགས་པ་མ་ཡིན་ཏེ། ལུང་དེས་ནི་དེ་འདྲ་དེ་ཡིད་ཡིན་ལ་ཡིད་ཁམས་མ་ཡིན་པའི་ཤེས་བྱེད་གསལ་བར་བཤད་པའི་ཕྱིར་དང༌། མངོན་པ་གོང་མར་དེ་འདྲ་དེ་ཡིད་ཡིན་ལ་ཡིད་ཁམས་མ་ཡིན་པར་བཤད་པ་དང་ཡང་མཐུན་ནོ། །འོ་ན་དེ་འདྲ་དེ་ཡིད་ཀྱི་སྐྱེ་མཆེད་དུ་ཡང་ཇི་ལྟར་རུང་སྟེ། ཡིད་ཀྱི་ཤེས་པ་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེ་ན། ཉེས་པ་མེད་དེ། དེས་དེ་སྐྱེ་བའི་སྒོ་མ་ཕྱེ་བ་ནི་མ་ཡིན་གྱི། དེ་སྐྱེ་བའི་རྒྱུ་གཞན་མ་ཚང་བའི་དབང་གིས་ཡིད་ཀྱི་ཤེས་པ་མ་སྐྱེས་པ་ཡིན་པའི་ཕྱིར་དང༌། དེའི་རྒྱུ་ཡིན་པ་ཙམ་གྱིས་དེ་བསྐྱེད་ངེས་སུ་ཁས་ལེན་པ་ནི་རིགས་པའི་གཞུང་ལས་བརྒལ་བའི་ཕྱིར་དང༌། འབྲས་བུ་ཡིད་ཀྱི་རྣམ་པར་ཤེས་པ་འཛིན་འབྱིན་གྱི་བྱ་བ་བྱེད་པ་ཙམ་གྱིས་བདུན་པ་ཡིད་ཁམས་ཀྱི་འཇོག་མཚམས་སུ་མ་གྲུབ་པས་མི་མཚུངས་པའི་ཕྱིར་རོ། །གསུམ་པ་ཁམས་རྣམ་པར་གཞག་པའི་གཞུང་སོ་སོའི་སྐབས་སུ་བརྟག་པར་བྱ་བའི་གནས་མང་པོ་པ་དག་ལས་ཡིད་ཁམས་ཀྱི་དཔྱད་པ་ནི་བཤད་མ་ཐག་པ་དེ་ཙམ་དུ་ཟད་པས་སླར་བཤད་པར་བྱ་མི་དགོས་པ་ཉིད་དོ། །དེ་ནས། ཇི་སྐད་དུ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཞེས་སོགས་ཀྱི་དོན་ལ་ཆོས་ཀྱི་ཕུང་པོ་སྒྲའི་སྐྱེ་མཆེད་དུ་འདོད་པ་དེ་ནི་མདོ་སྡེ་པ་དག་གི་ལུགས་ཡིན་གྱི་ཆོས་མངོན་པ་དག་གི་ལུགས་ནི་མ་ཡིན་ནོ། །དེ་ལའང་ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་པ་གཉིས་ལས་གཉིས་ཀས་ཀྱང་མིང་ཚིག་ཡི་གེ་གསུམ་ཀ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཞེད་པར་འདྲ་ཞིང༌། མདོ་སྡེ་པས་ནི་ཚིག་སྒྲའི་སྐྱེ་མཆེད་དུ་འདོད་ཀྱང་མིང་དེར་མི་འདོད་པ་སོགས་ཀྱི་རྣམ་གཞག་ཞིབ་མོ་ནི་འོག་ལྡན་མིན་དུ་བྱེད་ཀྱི་སྐབས་ནས་སྟོན་པར་འགྱུར་རོ། །ཡང་འདིར་ཚུལ་ཁྲིམས་ཀྱི་ཕུང་པོ་གཟུགས་ཕུང་དུ་བཤད་པ་འདི་ཡང་ལུས་ངག་གི་ཚུལ་ཁྲིམས་དབང་དུ་བྱས་ཀྱི་ཡིད་ཀྱི་ཚུལ་ཁྲིམས་ནི་མ་ཡིན་ཏེ། མི་དགེ་བ་སྤོང་བའི་སེམས་པའི་ལས་བཞིན་ནོ། །ཡང་ཟད་པར་གྱི་སྐྱེ་མཆེད་དང་པོ་བརྒྱད་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་བཤད་ལ། དེའི་ཚེ་ན་ཡང་འདིར་ཡང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཁས་བླངས་པ་ཡིན་ཞིང༌། དེ་དུས་ཀྱི་འབྱུང་བ་བཞི་དང་ཁ་དོག་བཞི་ནི་ལུས་དང་རྟེན་བཅས་ཀྱི་མིག་གི་དབང་པོའི་ཡུལ་དང་བེམ་པོ་དང་གཟུགས་ཅན་སོགས་སུ་ཁས་མི་ལེན་ཞིང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲ་ལ། དེ་དག་ཀྱང་འཁོར་དང་བཅས་ན་འཁོར་བཅས་ཕུང་པོ་ལྔ་པ་ཅན་ཡིན་ཏེ། བསམ་གཏན་གྱི་སྡོམ་པ་དང་བཅས་པའི་ཕྱིར། ཡང་སྐབས་འདིར་སའི་ཁམས་ལ་སོགས་པ་དྲུག་གི་བགྲང་བྱར་གྱུར་པའི་ནམ་མཁའི་ཁམས་ནི་བྱེ་སྨྲ་རང་གི་ལུགས་ལ་གཟུགས་ཁམས་ཀྱིས་བསྡུས་པར་འཆད་དགོས་པ་ཡིན་ཏེ། སྣང་བ་དང་མུན་པའི་ངོ་བོར་ཁས་ལེན་དགོས་ལ། དེ་དག་ནི་མིག་གི་ཡུལ་བསྟན་དུ་ཡོད་པའི་ཕྱིར་དང༌། འདི་ལ་ཐོགས་བཅས་ཉེ་འཁོར་བ་ཞེས་ཀྱང་བྱ་སྟེ། བསགས་པའི་གཟུགས་ཐོགས་བཅས་རྣམས་ཀྱི་ཉེ་འཁོར་ན་ཡོད་པ་དང་རང་ཉིད་ཐོགས་བཅས་མ་ཡིན་པའི་ཕྱིར། སྣང་མུན་གཉིས་ཐོགས་བཅས་ཡིན་པའི་ཤེས་བྱེད་ཀྱང་དེ་དག་སོ་སོར་ཉིན་མོ་དང་མཚན་མོའི་རང་བཞིན་ཡིན་ལ། ཉིན་མཚན་གཉིས་ཐོགས་བཅས་ཡིན་པར་ཡང་འོག་དེ་མ་ཐག་ནས་འཆད་དོ། །དེའི་ཕྱིར་ནམ་མཁའ་ལ་ནམ་མཁའི་ཁམས་ཀྱིས་མ་ཁྱབ་ཏེ། ནམ་མཁའ་ནི་གོང་དུ་འདུས་མ་བྱས་སུ་བཤད་ཟིན་པའི་ཕྱིར། བོད་ཀྱི་སློབ་དཔོན་གཞན་དག་ནི་འདུས་མ་བྱས་དང་འདུས་བྱས་ཀྱི་ནམ་མཁའ་ཞེས་གཉིས་སུ་འཆད་པ་དག་བྱུང་ངོ༌།།  །།ཡང་ཇི་སྐད་དུ། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན། ཞེས་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་གཞི་ཟག་བཅས་ཁོ་ན་ལ་བཤད་པ་འདི་ཡང་ཁམས་དྲུག་གི་ཟླར་བགྲང་བའི་དབང་དུ་བྱས་པ་ཡིན་གྱི། བཅོ་བརྒྱད་ཀྱི་ཟླས་དབྱེ་བ་ནི་མ་ཡིན་ཏེ། གཙོ་བོ་རྣམ་རིག་ཇི་སྙེད་པ་རྣམ་པར་ཤེས་པའི་ཁམས་སུ་བསྟན་མ་ཐག་པ་དེ་སྙེད་ཀྱི་ཕྱིར་རོ། །ཡང་ཇི་སྐད་དུ། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་པའང་ཁམས་བཅོ་བརྒྱད་ཀྱི་ཟླས་ཕྱེ་བའི་གཟུགས་ཁམས་ཁོ་ན་ལ་བྱ་བ་ཡིན་གྱི་གཟུགས་ཀྱི་མིང་ཅན་མཐའ་དག་ལ་བྱ་བ་ནི་མ་ཡིན་ཏེ། གཟུགས་ཅན་ལྷག་མ་དགུ་ལ་མ་ཁྱབ་པའི་ཕྱིར་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ་མ་ཁྱབ་པའི་ཕྱིར། སྤྱིར་བསྟན་དུ་ཡོད་པ་ཞེས་བྱ་བ་ལུང་བསྟན་དུ་ཡོད་པ་དང་ཆོས་བསྟན་དུ་ཡོད་པ་སོགས་མང་པོ་ལ་འཇུག་ཀྱང་འདིར་ནི་འཇིག་རྟེན་ན་གྲགས་པ་དང་མཐུན་པར་མིག་གི་ཡུལ་དུ་བསྟན་དུ་ཡོད་མེད་ལ་དགོངས་སོ། །འོ་ན་གང་བསྟན་དུ་མེད་པ་དེ་ཐམས་ཅད་ཐོགས་མེད་དུ་ཡང་འདོད་དམ་ཞེ་ན། དེའི་ལན་ནི། ཇི་སྐད་དུ། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བཤད་པ་འདི་ལ་སྤྱིར་ཐོགས་པ་ཞེས་བྱ་བའི་དོན་ནི་རྡུགས་པ་ཡིན་ལ། དེ་ཡང་གསུམ་སྟེ། སྒྲིབ་ཐོགས་དང༌། ཡུལ་ཐོགས་དང༌། དམིགས་ཐོགས་སོ། །དང་པོ་ནི། རང་ཡོད་པའི་སར་གཟུགས་ཅན་གཞན་སྐྱེ་བའི་གེགས་བྱེད་པ་སྟེ་ལག་པ་རྡོ་བ་ལ་ཐོགས་པ་ལྟ་བུའོ། །འདིར་བཤད་པ་ནི་དེ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ཏེ། གཟུགས་ཅན་བཅུ་ཞེས་གྲངས་ངེས་པར་བཟུང་བའི་ཕྱིར་རོ། །ཡུལ་དང་དམིགས་པ་ལ་ཐོགས་པའི་དོན་ཡང་རང་རང་གི་ཡུལ་ལ་དམིགས་པ་དེ་ཉིད་ལ་འཇུག་པ་ལ་འཆད་པ་ཡིན་གྱི། མི་འཇུག་པ་ལ་བྱ་བ་ནི་མ་ཡིན་ཏེ། འགྲེལ་པ་ཉིད་ལས། ཡང་ཇི་ལྟར་རང་གི་ཡུལ་ལ་མ་དམིགས་པ་ལ་འཇུག་པ་ཐོགས་པ་ཞེས་བྱ་ཞེ་ན། དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་རོ། །ཡང་ན་འདི་ལ་གཏོད་པ་ནི་ཐོགས་པ་ཡིན་ཏེ། རང་གི་ཡུལ་ལ་འཇུག་པ་གང་ཡིན་པའོ། །ཞེས་བཤད་པས་སོ། །གཉིས་པོའི་མཚན་གཞི་ཡང་མིག་སོགས་དབང་པོ་ལྔ་ནི་ཡུལ་ཐོགས་ཏེ། རང་རང་གི་ཡུལ་ལ་འཇུག་ལ་གཞན་ལ་མི་འཇུག་པས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་དམིགས་ཐོགས་ཏེ། རང་རང་གི་དམིགས་པ་འཛིན་གྱི་གཞན་མི་འཛིན་པའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་བསྟན་དུ་མེད་པ་ཁོ་ནར་མ་ཟད་ཐོགས་བཅས་གསུམ་པོ་གང་ཡང་མ་ཡིན་ཏེ། རང་ཡོད་པའི་སར་གཟུགས་ཅན་གཞན་མི་འགོག་པའི་ཕྱིར་དང༌། ཡུལ་ལ་མི་འཇུག་ཅིང་དམིགས་པ་ཡང་མི་འཛིན་པའི་ཕྱིར། འོ་ན་གཟུགས་ཅན་བཅུ་པོ་དེ་ལུང་མ་བསྟན་ཁོ་ནར་རིགས་པས་ཐོབ་པ་ལྟར་དེར་ཁས་ལེན་ནམ་ཞེ་ན། འདི་ལ་གཉིས་ཏེ། བྱེ་སྨྲ་སྔ་རབས་པའི་ལུགས་བསྟན་པ་དང༌། བྱེ་སྨྲའི་ལུགས་སློབ་དཔོན་གྱིས་བརྟགས་པའོ། །དང་པོ་ནི། ཇི་སྐད་དུ། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས། ཞེས་བཤད་པ་འདི་ལ་གཟུགས་དང་སྒྲའི་ཁམས་ལ་ནི་ལུང་མ་བསྟན་ཁོ་ནར་མ་ཟད་དགེ་བ་དང་མི་དགེ་བ་ཡང་སྲིད་དེ། དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་བའི་ལུས་དང་ངག་གི་རིག་བྱེད་དག་ནི་ཀུན་སློང་གིས་དགེ་བ་དང་མི་དགེ་བར་འཇོག་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། སློབ་དཔོན་ནི་དེ་འདྲ་དེ་བྱེ་བྲག་ཏུ་སྨྲ་བའི་ལུགས་སུ་མི་འདོད་དེ། ཇི་སྐད་དུ། གཟུགས་དགེ་བ་དང་མི་དགེ་བར་སྨྲ་བ་ནི་ཤཱཀྱའི་སྲས་ཀྱིར་མ་ཡིན། ཞེས་གསུངས་པ་ལ། དེའི་དོན་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་དགེ་བ་དང་མི་དགེ་བ་ཁས་ལེན་པ་དེ་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་པ་གཞིར་བྱས་ནས་ལུགས་དེ་ཤཱཀྱའི་སྲས་ཀྱིར་མ་ཡིན་ཞེས་འཆད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་འདྲ་དེ་བྱེ་བྲག་ཏུ་སྨྲ་བའི་ལུགས་མ་ཡིན་ཏེ། ཤཱཀྱའི་སྲས་ཀྱི་ཆོས་ལུགས་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ནོ། །དེར་མ་ཟད་འགྲེལ་པ་ལས། དེ་ནི་འདི་དཔྱད་པར་བྱ་སྟེ། གལ་ཏེ་ཀུན་ནས་སློང་བའི་དབང་གི་ལུས་དང་ངག་གི་ལས་དག་དགེ་བ་དང་མི་དགེ་བ་ཉིད་ཡིན་ན་ཅི་སྟེ་འབྱུང་བ་ཆེན་པོ་རྣམས་མ་ཡིན། བྱེད་པ་པོ་ནི་ལས་ལ་སེམས་པ་ཡིན་གྱི་འབྱུང་བ་རྣམས་ནི་མ་ཡིན་ནོ་ཞེ་ན། མཉམ་པར་བཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ནི་བསམ་པ་མེད་དེ། མཉམ་པར་མ་བཞག་པའི་སེམས་ནི་སྐལ་བ་མི་མཉམ་པའི་ཕྱིར་དེ་ཀུན་སློང་བ་ཉིད་མ་ཡིན་པས་ཇི་ལྟར་དེ་དགེ་བ་ཉིད་ཡིན། ཡང་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་བས་འདི་ལ་འབད་པར་བྱ་དགོས་སོ། །ཞེས་བཤད་ལ། དེའི་དོན་ནི། ལུས་ངག་གི་ལས་གཉིས་ནི་ཀུན་སློང་གིས་དགེ་མི་དགེར་འཇོག་ནུས་ན་ལུས་ངག་གི་ལས་ཀྱི་རྒྱུ་འབྱུང་བ་ལ་ཡང་དགེ་བ་དང་མི་དགེ་བ་ཡོད་པར་འགྱུར་ཏེ། ལུས་ངག་གི་ལས་དགེ་བ་དང་མི་དགེ་བའི་ཀུན་སློང་གང་ཡིན་པ་དེ་ཉིད་དེའི་རྒྱུ་འབྱུང་བའི་ཡང་ཀུན་སློང་དུ་འགྲོ་དགོས་པའི་ཕྱིར་དེ་ལ་བྱེ་སྨྲ་སྔ་རབས་པ་ན་རེ། མི་མཚུངས་ཏེ། བྱེད་པ་པོ་ཀུན་སློང་ནི་འབྲས་བུ་ལས་ལ་སེམས་པ་ཡིན་གྱི་རྒྱུ་འབྱུང་བ་ལ་དམིགས་ཤིང་སེམས་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་མཉམ་གཞག་གི་ས་པའི་རིག་བྱེད་མ་ཡིན་པའི་གཟུགས་དགེ་བ་མ་ཡིན་པར་འགྱུར་ཏེ། ཀུན་སློང་གི་དགེ་བ་ནི་མ་ཡིན། གཞན་དགེ་བ་གསུམ་པོ་གང་དུ་ཡང་མི་རུང་བའི་ཕྱིར། རྟགས་དང་པོ་ཁས་བླངས་ཏེ། དེ་ལ་དམིགས་བྱེད་ཀྱི་རྒྱུའི་ཀུན་སློང་མཉམ་གཞག་གི་ས་པ་མེད་པའི་ཕྱིར། གལ་ཏེ་མེད་ཀྱང་མཉམ་པར་མ་གཞག་པའི་སེམས་དགེ་བས་ཀུན་ནས་བསླངས་སོ། །ཞེ་ན། དེས་དེ་དགེ་བར་སློང་མི་ནུས་ཏེ། གཉིས་པོ་སྐལ་བ་མི་མཉམ་པའི་ཕྱིར། མི་མཉམ་ཡང་དེར་སློང་ནུས་ན་ལྷའི་མིག་དང་རྣ་བ་དག་ཀྱང་ཀུན་སློང་གི་དགེ་བ་ཉིད་དུ་ཐལ་བ་འགྱུར་ཏེ། དེ་ལ་ཡང་དགེ་བར་ཀུན་ནས་སློང་བྱེད་མཉམ་པར་མ་གཞག་པའི་ས་པ་ཡོད་པའི་ཕྱིར། གལ་ཏེ་འདི་མདོ་སྡེ་པས་བྱེ་སྨྲ་འགོག་པའི་གཞུང་ངོ་སྙམ་ན་དེ་ཡང་མ་ཡིན་ཏེ། འདིར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དགེ་བ་རང་ལུགས་སུ་ཁས་བླངས་པའི་ཕྱིར། དེར་མ་ཟད་ཡང་འགྲེལ་པ་ལས། སྐལ་བ་མི་མཉམ་པའི་སེམས་ཀྱི་ཀུན་ནས་བསླངས་པའི་ཐོབ་པ་རྣམས་ཇི་ལྟར་དགེ་བ་ཉིད་ཡིན་པ་ནི་བརྗོད་དགོས་ཏེ། ཞེས་ཀྱང་བཤད་ལ། དེའི་དོན་ནི་ཐེ་ཚོམ་གྱིས་དགེ་བའི་རྩ་བ་མཚམས་སྦྱོར་བའི་ཚེ་ན་ཡང་དག་པའི་ལྟ་བ་དེའི་ཐོབ་པ་དགེ་བར་ནི་བྱེ་བྲག་ཏུ་སྨྲ་བས་འཆད་ལ། དེའི་ཚེ་ན་ཀུན་སློང་གི་དགེ་བར་ནི་མི་རིགས་ཏེ། དེ་ཀུན་ནས་སློང་བྱེད་ནི་ཐེ་ཚོམ་ཡིན་པས་ཉོན་མོངས་ཅན་ཁོ་ནར་ངེས་པའི་ཕྱིར། ཞེས་པའོ། །དེས་ན་སློབ་དཔོན་གྱི་བྱེ་སྨྲའི་ལུགས་འཆད་པ་ན་ལུས་ངག་གི་རིག་བྱེད་ནི་དགེ་བ་དང་མི་དགེ་བར་མི་འཆད་ཀྱི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཁོ་ན་ལ་དགེ་བ་དང་མི་དགེ་བར་འཆད་དོ། །ཡང་ཁམས་བཅོ་བརྒྱད་པོ་ཇི་སྙེད་པ་གཟུགས་ཀྱི་ཁམས་ནའང་ཡོད་དམ་ཞེ་ན། དེའི་ལན་ནི། ཇི་སྐད་དུ། གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་བཤད་པ་འདི་ལ་ཡང་གཉིས་ཏེ། བྱེ་སྨྲ་སྔ་རབས་པའི་འཆད་ཚུལ་དང༌། སློབ་དཔོན་གྱིས་བྱེ་སྨྲའི་ལུགས་སྐྱོན་མེད་དུ་འཆད་པའོ། །དང་པོ་ནི། དེ་ན་དྲི་དང་རོ་དག་མེད་དེ། དེར་ཁམས་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དེས་ན་སྣ་ལྕེའི་རྣམ་ཤེས་གཉིས་ཀྱང་མེད་དེ། དམིགས་པའི་རྐྱེན་མེད་པའི་ཕྱིར་རོ། །འོ་ན་རེག་བྱའི་ཁམས་ཀྱང་མེད་པར་འགྱུར་ཏེ། ཇི་སྐད་དུ། ཁམས་ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་ཁས་བླངས་པས་སོ་ཤེ་ན། མི་མཚུངས་ཏེ། ཁམས་ཟས་ཀྱི་ཆགས་བྲལ་རྣམས་ལ་དྲི་རོ་ནི་དགོས་པ་མེད་པས་མི་འབྱུང་ལ། རེག་བྱ་ནི་གཞི་དང་བགོ་བ་ལ་སོགས་པའི་དོན་དུ་དགོས་པ་ཡོད་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། གཟུགས་ཁམས་ན་སྣ་ལྕེའི་རྣམ་ཤེས་གཉིས་མེད་ཀྱང་སྣ་ལྕེའི་དབང་པོ་གཉིས་ཡོད་པར་འདོད་པ་ནི་ཡང་དག་པ་མ་ཡིན་ཏེ། དེ་ན་སྣ་ལྕེའི་དབང་པོ་གཉིས་ཡོད་པ་ལ་གནོད་བྱེད་དང་མེད་པའི་ཤེས་བྱེད་དོ། །དང་པོ་ལ་གཉིས་ཏེ། ཁས་བླངས་འགལ་བས་ཁྱབ་པ་མ་ངེས་པ་དང༌། དགོས་པ་མེད་པ་ཙམ་སྒྲུབ་བྱེད་ཡང་དག་པ་མ་ཡིན་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། དེ་ལྟ་ན་ནི། འོ་ན། སྣ་དང་ལྕེའི་དབང་པོ་དག་ཀྱང་མེད་པར་ཐལ་བར་འགྱུར་ཏེ། དགོས་པ་མེད་པའི་ཕྱིར་རོ། །དགོས་པ་ཡོད་དེ། དེ་དག་མེད་པར་ནི་རྟེན་མཛེས་པ་ཉིད་དང་མངོན་པར་བརྗོད་པར་ཡང་མི་འགྱུར་རོ། །ཞེ་ན། གལ་ཏེ་དགོས་པ་ཡང་དེ་ཡིན་ན་མཛེས་པར་བྱ་བའི་དོན་དང་ཚིག་གི་དོན་དུ་ནི་རྟེན་ཁོ་ནས་ཆོག་གི་དབང་པོ་ནི་དགོས་པ་མེད་དོ། །དབང་པོ་མེད་པའི་རྟེན་ནི་མི་སྲིད་དེ། ཕོའི་དབང་པོ་བཞིན་ནོ། །ཞེ་ན། དེ་ནི་དགོས་པ་མེད་པའི་ཕྱིར་མི་སྲིད་པར་རིགས་ཀྱི་སྣ་དང་ལྕེའི་དབང་པོའི་རྟེན་ནི་དགོས་པ་དང་བཅས་པ་ཡིན་པས་དེའི་ཕྱིར་འདི་དག་ནི་དབང་པོ་མེད་པར་ཡང་སྲིད་པར་རིགས་སོ། །ཞེས་སོ། །གཉིས་པ་ནི། ཇི་སྐད་དུ། དགོས་པ་མེད་པར་ཡང་དབང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དཔེར་ན་མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་ལྟ་བུའོ། །དགོས་པ་མེད་པ་ཡིན་མོད་ཀྱི་རྒྱུ་མེད་པ་ཅན་ནི་མ་ཡིན་ནོ། །དབང་པོ་སྐྱེ་བའི་རྒྱུ་གང་ཞེ་ན་དབང་པོ་ལ་སྲེད་པ་དང་བཅས་པའི་ལས་ཀྱི་ཁྱད་པར་རོ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རང་གི་སྒྲུབ་བྱེད་དང༌། གཞན་ལ་གནོད་བྱེད་དོ། །དང་པོ་ནི། ཇི་སྐད་དུ། གང་ཡང་ཡུལ་ལ་སྲེད་པ་དང་བྲལ་བ་དེ་ནི་གདོན་མི་ཟ་བར་དབང་པོ་ལས་ཀྱང་སྲིད་པ་དང་བྲལ་བ་ཡིན་པས་དེ་དག་གི་ཡུལ་ལ་འདོད་ཆགས་དང་བྲལ་རྣམས་ལ་སྣ་དང་ལྕེའི་དབང་པོ་དག་འབྱུང་བར་འོས་པ་མ་ཡིན་ནོ། །ཡང་ན་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར། ཞེས་དང༌། འོ་ན་ནི་མདོ་ལས་དབང་པོ་རྣམས་མ་ཚང་བ་མེད་ཅིང་མེད་པ་ཡང་མ་ཡིན་ནོ། །ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། དེ་ན་དབང་པོ་གང་དག་སྲིད་པ་དེ་དག་གིས་དབང་པོ་མེད་པ་མ་ཡིན་པས་འདི་ལ་འགལ་བ་ཅི་ཞིག་ཡོད། དེ་ལྟར་མ་ཡིན་ན་ཕོའི་དབང་པོ་ཡང་ཡོད་པར་ཐལ་བར་འགྱུར་རོ། །ཞེས་བཤད་ལ། འདི་ཡང་མདོ་སྡེ་པའི་ཕྱོགས་བཟུང་བ་ནི་མ་ཡིན་ཏེ། གཟུགས་ཁམས་ན་སྣ་ལྕེའི་དབང་པོ་ཡོད་པ་ནི་མདོ་སྡེ་པའི་གྲུབ་མཐའ་སྔ་རབས་པ་ལ་ཡང་གསལ་བའི་ཕྱིར། དཔེར་ན་མངོན་པ་གོང་མ་ལས་འབྱུང་བ་བཞིན་ནོ། །དེའི་ཕྱིར་གཞུང་རྩ་བར་བྱེ་བྲག་ཏུ་སྨྲ་བ་སྔ་རབས་པའི་ལུགས་དེ་ཉིད་ཐད་སོར་བཞག་ནས་འགྲེལ་པར་བྱེ་སྨྲའི་གྲུབ་མཐའ་ཉིད་གཞིར་བྱས་པ་ལའང་བརྒལ་ཞིང་བརྟག་པ་མང་དུ་ཡོད་པ་དེ་ཉིད་ལ་དགོངས་ནས། ཇི་སྐད་དུ། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་གསུངས་སོ། །དེ་ལྟ་བས་ན་འགྲེལ་པར་ཁ་ཆེ་བའི་གྲུབ་མཐའ་ལ་བརྒལ་བརྟག་གང་བྱུང་གི་སྐབས་སུ་བོད་ཀྱི་ཊཱི་ཀ་བྱེད་པ་དག སློབ་དཔོན་དང་མདོ་སྡེ་པ་ན་རེ་ཞེས་རྣམ་པ་ཀུན་ཏུ་འཆད་པ་ནི་མ་བརྟགས་པ་ཡིན་ནོ། །ཡང་ཁམས་བཅོ་བརྒྱད་ལ་རྟོག་དཔྱོད་དང་བཅས་པ་སོགས་ཀྱི་རབ་དབྱེ་འཆད་པ་ནི། ཇི་སྐད་དུ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་བཤད་པ་འདི་ལ་གཉིས་ཏེ། སྐབས་ཀྱི་དོན་དང༌། ཅུང་ཟད་འཕྲོས་པའོ། །དང་པོ་ནི། འདིར་ནི་ཞེས་བྱ་བའི་ཚིག་ཕྲད་ནི་མི་ལྡན་རྣམ་གཅོད་ཀྱི་དབང་དུ་བྱས་པར་བཤད་པའི་ཕྱིར་ན་རྣམ་པར་ཤེས་པའི་ཁམས་ལྔ་པོ་ནི་རྟོག་དཔྱོད་དང་བཅས་པ་ཁོ་ནར་ངེས་ཞེས་པའི་དོན་ནོ། །དེའི་ཤེས་བྱེད་ཀྱང་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར། རྩིང་བ་ཡིན་ནོ། །ཞེས་བཤད་ལ། དེ་ལྟར་བཤད་པ་ན་གཟུགས་ཁམས་ཀྱི་རྟེན་བསམ་གཏན་གཉིས་པ་ཡན་ཆད་ལ་ཡོད་པའི་རྣམ་པར་ཤེས་པའི་ཚོགས་གསུམ་པོའང་རྟོག་དཔྱོད་དང་བཅས་པར་འགྲུབ་བོ། །འོ་ན་བསམ་གཏན་གཉིས་པ་ཡན་ཆད་རྟོག་དཔྱོད་གཉིས་ཀ་མེད་པའི་མུ་བཞི་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་གཉིས་པ་ཡན་ཆད་ཀྱི་ཁམས་ཐ་མ་གསུམ་པོ་ཁོ་ན་གཞིར་བྱས་ནས་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་བཤད་པས་སོ། །བསམ་གཏན་གཉིས་པ་ཡན་ཆད་ཀྱི་རྣམ་པར་ཤེས་པའི་ཚོགས་གསུམ་པོ་ནི་སྤྱིར་བཏང་དུ་བསམ་གཏན་དང་པོར་གཏོགས་པ་ཡིན་ཏེ། ཇི་སྐད་དུ། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་བཤད་པས་སོ། །གཉིས་པ་ལ་གཉིས་ཏེ། སྤྱིར་རྟོག་པའི་དབྱེ་བ། འདིར་བསྟན་གྱི་རྟོག་པ་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། བྱེ་སྨྲ་སྔ་རབས་པའི་ལུགས་དང༌། སློབ་དཔོན་གྱི་བརྟགས་པའོ། །དང་པོ་ནི། རྣམ་པར་རྟོག་པ་ནི་གསུམ་སྟེ། ངོ་བོ་ཉིད་ཀྱི་དང༌། ངེས་པར་རྟོག་པའི་དང༌། རྗེས་སུ་དྲན་པའི་འོ། །དང་པོ་ནི། རྩིང་བའི་རྣམ་པ་ཅན་གྱི་སེམས་བྱུང་ཇི་སྙེད་པའོ། །དེ་སྐད་དུ་ཡང༌། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་སོ། །ཕྱི་མ་གཉིས་ཀྱི་ངོས་འཛིན་ནི། ཇི་སྐད་དུ། དེ་དག་ཡིད་ཀྱི་ཤེས་རབ་གཡེང༌། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་སོ། །དེ་ཡང་རྟོག་པ་དང་པོ་ལ་ནི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་མིན་གཉིས་ཀ་སྲིད་ལ། ཕྱི་མ་གཉིས་ལ་ནི་སྒྲ་དོན་འཛིན་པའི་རྟོགས་པས་ཁྱབ་པའོ། །འོ་ན་སྒྲ་དོན་འཛིན་པའི་རྟོག་པ་གང་ཡིན་ཐམས་ཅད་ཕྱི་མ་གཉིས་པོ་གང་རུང་དུ་འདུས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཕྱི་མ་གཉིས་ལ་ནི་ཡིད་ཀྱི་ཤེས་རབ་དང་དྲན་པ་གང་རུང་གིས་ཁྱབ་ལ། དེ་དག་གང་རུང་དུ་མ་འདུས་པའི་ཞེན་བློ་རྩིང་བའི་རྣམ་པ་ཅན་ཇི་སྙེད་པ་ཡང་ངོ་བོ་ཉིད་ཀྱི་རྟོག་པར་འཆད་དགོས་པས་སོ། །དེས་ན་འདིར་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་བཤད་པའི་རྟོག་དཔྱོད་ནི། སྒྲ་དོན་འཛིན་པའི་རྟོག་པ་མ་ཡིན་ཏེ། དེ་ཡིན་ན་སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་དུ་འགལ་བའི་ཕྱིར། དེ་ལྟ་ནའང་སྒོ་ལྔའི་རྣམ་ཤེས་ཀུན་ནས་སློང་བྱེད་ཀྱི་རྟོག་དཔྱོད་ནི་སྒྲ་དོན་འཛིན་པའི་རྟོག་པ་ཁོ་ནར་ཁས་ལེན་དགོས་ཏེ། གཟུགས་ལ་བལྟ་ཞིང་དེའི་ཁྱད་པར་ལ་དཔྱད་པར་བྱའོ་སྙམ་པའི་ཡིད་རྟོག་ལ་འཆད་དགོས་པའི་ཕྱིར། འདིར་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་མཚུངས་ལྡན་དུ་འབྱུང་བ་མི་སྲིད་ཀྱང་རྟོག་མེད་ཀྱི་ཤེས་པའི་འཁོར་དུ་རྟོག་པ་འབྱུང་བ་ནི་ཤིན་ཏུ་མང་སྟེ་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་ནི། རྟོག་པ་ལ་གསུམ་དུ་འབྱེད་པ་འདི་ནི་སློབ་དཔོན་གྱིས་ནི་ཆོས་མངོན་པའི་ལུགས་སུ་མི་བཞེད་དེ། འགྲེལ་པར། རྣམ་པར་རྟོག་པ་ནི་རྣམ་པ་གསུམ་མོ་ཞེས་གྲག་ཏེ་ཞེས་བཤད་པས་སོ། །དེའི་དོན་ནི་རྟོག་པ་ལ་ཡིད་ཀྱི་ཤེས་པ་ཡིན་མིན་གཉིས་སུ་འབྱེད་པ་ནི་མི་འཐད་དེ། རྟོག་པ་ཡིན་ན་སེམས་པའམ་ཤེས་རབ་གང་རུང་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པར་གྱུར་པ་ཞིག་ཡིན་པས་ཁྱབ་པའི་ཕྱིར་ཞེས་པ་སྟེ། ཕུང་པོ་ལྔའི་རབ་བྱེད་ལས་འབྱུང་བ་བཞིན་ནོ། །དེ་ཡང་གཏན་ལ་མ་ཕེབས་པའི་གནས་སྐབས་སུ་ནི་སེམས་པ་ཞེས་བྱ་ལ། ཕེབས་པའི་གནས་སྐབས་སུ་ནི་ཤེས་རབ་ཅེས་བྱའོ། །བོད་ཀྱི་རྣམ་བཤད་དང་མཐུན་པར་བཤད་པ་དེ་ལས། ཡང་ན་ཁ་ཆེ་བའི་འདོད་པ་འདི་ལྟར་ཡང་བརྟག་ནུས་ཏེ། རྟོག་པ་གསུམ་ཀ་སྒྲ་དོན་འཛིན་པའི་རྟོག་པར་འདྲ་ཡང་དང་པོ་སྤྱི་དང་ཕྱི་མ་གཉིས་བྱེ་བྲག་གོ །དེའི་རྒྱུ་མཚན་ཀྱང་ཡིད་ཀྱི་ཤེས་རབ་གཡེངས་བཅས་དང་དྲན་པ་མ་ཡིན་པའི་རྟོག་པ་དབང་ཤེས་ཀྱི་འཁོར་དུ་ཡང་འབྱུང་སྲིད་པ་དུ་མ་ཡོད་པས་སོ། །སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཀྱང་དབང་ཤེས་དང་མཚུངས་པར་ལྡན་པ་མི་འགལ་ཏེ། མཚུངས་ལྡན་གྱི་དོན་འཛིན་སྟངས་མཚུངས་པ་ལ་འཆད་པ་ནི་ལུགས་འདི་ལ་མེད་པའི་ཕྱིར། དེ་ལྟར་ཡིན་པ་འོ་ན། ཇི་སྐད་དུ། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་འཆད་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ཇི་སྐད་དུ། ངེས་པར་རྟོག་དང་རྗེས་དྲན་པའི། །ཞེས་སྤངས་ཟིན་པའི་དོགས་པ་དེ་ཉིད་སླར་འོངས་པའི་ཕྱིར། སློབ་དཔོན་གྱིས་རྟོག་པ་ལ་གསུམ་དུ་མི་འབྱེད་པའི་དོན་ནི་ངོ་བོ་ཉིད་ཀྱི་རྟོག་པའི་ངོས་འཛིན་སེམས་པའམ་ཤེས་རབ་གང་རུང་ལ་བརྟེན་པའི་ཡིད་ཀྱི་བརྗོད་པར་བཤད་པ་ན་རྟོག་པ་ཕྱི་མ་གཉིས་ཀྱི་ངོས་འཛིན་ཁ་ཆེ་བས་འཆད་པ་དེ་འདྲ་ངོ་བོ་ཉིད་ཀྱི་རྟོག་པ་ལས་ལོགས་སུ་མི་རྙེད་པ་ཞེས་བྱ་བའི་དོན་ཏེ། དེ་ལ་བསམས་ནས་གྲག་གོ་ཞེས་སྨོས་སོ། །ཡང་སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །ཞེས་བཤད་པ་འདི་ལ་དོན་གཉིས་ཏེ། དངོས་ཀྱི་དོན་དང༌། སློབ་དཔོན་གྱིས་བརྟགས་པའོ། །དང་པོ་ནི། སྒྲ་ལ་རྣམ་སྨིན་གྱི་འབྲས་བུ་མི་སྲིད་དེ། འདོད་རྒུར་འབྱུང་བའི་ཕྱིར། ཞེས་པ་ལ་ཟུར་གནས་ཀྱི་རྒོལ་བ་གཞན་ན་རེ། སྐྱེས་བུ་ཆེན་པོའི་གསུང་ཚངས་པའི་དབྱངས་དེ་ཚིག་རྩུབ་སྤངས་པའི་རྣམ་སྨིན་དུ་གདགས་པའི་བསྟན་བཅོས་ལས་གསུངས་པ་མ་ཡིན་ནམ་ཞེ་ན། དེའི་ལན་ནི་ལས་ལས་མགྲིན་པར་འབྱུང་བ་གྲུབ། དེ་ལས་ཚངས་པའི་དབྱངས་བྱུང་བས་རྣམ་སྨིན་ལས་བྱུང་བ་ཡིན་ནོ། །གཉིས་པ་ནི། འོ་ན་ལུས་ཀྱི་ཚོར་བ་ཡང་རྣམ་སྨིན་དངོས་ཡིན་པ་མི་སྲིད་པར་འགྱུར་ཏེ། ལས་ཀྱི་རྣམ་སྨིན་དངོས་སུ་གྱུར་པའི་འབྱུང་བ་ལས་བྱུང་བ་ཁོ་ནར་ངེས་པའི་ཕྱིར། ཞེས་པ་ལས། དེ་ཡང་འདོད་རྒུར་འབྱུང་ན་རྣམ་སྨིན་དངོས་མ་ཡིན་པའི་ལན་འདེབས་པར་བྱེད་དོ། །ཡང་རྫས་དང་ལྡན་ཅིག་ཞེས་པའི་དོན་འདིར་རྫས་དང་སྐད་ཅིག་མ་གཉིས་སོ་སོར་ཕྱེ་ནས་རྟག་པ་ལ་རྫས་དང་མི་རྟག་པ་ལ་སྐད་ཅིག་མ་ཞེས་འཆད་དོ། །དེའི་ཕྱིར་གཞན་དག་སྐབས་འདིའི་རྫས་ལ་རྟག་རྫས་དང་མི་རྟག་པ་གཉིས་སུ་འཆད་པ་ནི་སྐབས་ཀྱི་དོན་མ་ཡིན་ནོ། །འོ་ན་རྫས་དང་ལྡན་པ་གཅིག་པུ་ཁོ་ནར་ངེས་པ་དེ་ལྟ་ན་སྐད་ཅིག་མ་དང་ལྡན་པ་ཡང་དེར་ངེས་སམ་ཞེ་ན། མ་ཡིན་ནོ། །ཞེས་འཆད་པ་ནི། ཐ་མ་གསུམ་སྐད་ཅིག་མ་སྟེ། །ཞེས་པའོ། །འདིའི་དངོས་བསྟན་གྱི་འཕྲོས་ནི། རྫས་དང་ལྡན་པ་གཅིག་པོ་དེའི་ལྷག་མ་ཇི་སྙེད་པ་སྐད་ཅིག་མར་བསྟན་པ་ཡིན་མོད་དེ་ལྟ་ནའང་ཐ་མ་གསུམ་ཞེས་སྨོས་པ་ནི་ཤུགས་བསྟན་གྱི་འཕྲོས་གོ་བའི་ཕྱིར་དུའོ། །ཇི་ལྟར་ཞེ་ན། གོང་དུ། རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད། ཅེས་པའི་དམིགས་བསལ་སྟོན་ཏེ། འདི་ལྟར། ཐོགས་མེད་བརྒྱད་ཀྱི་ནང་ནས་ཆོས་ཁམས་ཀྱི་ཕྱོགས་ཅིག་རྟག་པ་ནི་བྱུང་བ་གསུམ་པོ་གང་ཡང་མ་ཡིན་པ་དང༌། སྡུག་བསྔལ་ལ་ཆོས་བཟོད་ཀྱི་ཆ་ཤས་ལ་དུས་མཐའི་སྐད་ཅིག་མ་དུ་མ་ཞིག་ཡོད་པའི་ནང་ནས་དང་པོར་གྱུར་པའི་སྐད་ཅིག་མ་གཅིག་པོ་དེའི་ཚོགས་པ་ན་ཡོད་པའི་ཁམས་ཐ་མ་གསུམ་ནི་རྒྱུ་མཐུན་ལས་བྱུང་བ་མ་ཡིན་ཏེ། རིགས་འདྲ་ཟག་མེད་སྔོན་དུ་མ་སོང་བའི་ཕྱིར་ཞེས་པའོ། །དེ་ནས་ཡང་ཇི་སྐད་དུ། མིག་དང་ནི། །རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །ཅེས་པ་འདིའི་དོན་ལ། འགྲེལ་པར་དངོས་བསྟན་དང་གཞན་ཡང་མཚོན་པའི་ཚུལ་ཏེ་གཉིས་གཉིས་བཤད་པ་ལས། དང་པོ་ལ། དངོས་བསྟན་གྱི་མུ་གསུམ་དང༌། ཤུགས་བསྟན་གྱི་མུ་གཅིག་སྟེ་བཞིའོ། །དང་པོ་ལ། གསུམ་སྟེ། མུ་དང་པོའི་དང༌། གཉིས་པའི་དང༌། གསུམ་པའི་གོ་དོན་བཤད་པའོ། །དང་པོ་ནི། འགྲེལ་པར། མིག་གི་ཁམས་དང་ཡིན་ལ་མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡོད་དེ། འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་ཐོབ་པ་དང༌། གཟུགས་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ནའོ། །ཞེས་བཤད་པ་ལས་དང་པོའི་དོན་ནི། རྫུས་སྐྱེས་མ་རྟོགས་པའི་འདོད་ཁམས་ཀྱི་སྐྱེ་གནས་གསུམ་པོ་གང་རུང་དུ་ཞུགས་པའི་ཚེ་མིག་ནི་སྔར་མེད་གསར་དུ་ལྡན་པ་ཡིན་ཏེ། རྣམ་པར་ཤེས་པའི་རྟེན་འབྲེལ་ལས་མིང་གཟུགས་དང་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་རིམ་གྱིས་འབྱུང་དགོས་པའི་ཕྱིར། མིག་གི་རྣམ་པ་ཤེས་པ་དང་ནི་གསར་དུ་ལྡན་པ་མ་ཡིན་ཏེ། དེ་ནི་དེའི་སྔ་རོལ་བར་དོར་ཉིང་མཚམས་སྦྱར་བའི་ཚེ་དེའི་ཐོབ་པ་སྐྱེས་ཟིན་པའི་ཕྱིར། མིག་གི་དབང་པོ་ལ་མི་མཚུངས་ཏེ། ཇི་སྐད་དུ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་ལུང་མ་བསྟན་ལ་ཐོབ་པ་སྔར་སྐྱེ་མེད་པར་བཤད་ཅིང༌། མིག་གི་དབང་པོ་ནི་ལུང་མ་བསྟན་ཁོ་ནར་ངེས་པའི་ཕྱིར་དང༌། མིག་གི་རྣམ་པར་ཤེས་པ་ལ་ནི་དགེ་བ་དང་ཉོན་མོངས་ཅན་ཀྱང་ཡོད་པས་ཐོབ་པ་སྔར་སྐྱེ་བ་སྲིད་པའི་ཕྱིར་རོ། །འགྲེལ་ཚིག་ཕྱི་མའི་དོན་ནི་གཟུགས་མེད་ན་མིག་གི་རྣམ་པར་ཤེས་པ་གཉིས་ཀ་མེད་ཅིང༌། བསམ་གཏན་གཉིས་པ་ཡན་ཆད་ན་རང་རང་གི་སས་བསྡུས་པའི་མིག་ཡོད་ཀྱང་དེའི་ཤེས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། ཇི་སྐད་དུ། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་ལ། མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་དང༌། དེ་དག་ནས་ཤི་འཕོས་ནས་འོག་མར་སྐྱེ་བ་ནའོ། །ཞེས་བཤད། དོན་ནི་བསམ་གཏན་གཉིས་པ་ལ་སོགས་པའི་རྟེན་གྱི་གང་ཟག་དེས་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱས་ནས་གཟུགས་ལ་བལྟ་བའི་ཚེ་དེ་སྔར་མེད་གསར་དུ་ལྡན་པ་ཡིན་ཏེ། ས་དེས་བསྡུས་ཀྱི་མིག་གི་རྣམ་ཤེས་མེད་པའི་ཕྱིར། ཡང་བསམ་གཏན་གཉིས་པ་སོགས་ནས་འདོད་པ་དང་བསམ་གཏན་དང་པོའི་བར་སྲིད་དུ་ཉིང་མཚམས་སྦྱོར་བའི་ཚེ་ན་མིག་གི་རྣམ་ཤེས་སྔར་མེད་གསར་དུ་ལྡན་པ་ཡིན་ཏེ། དེ་དག་ན་རང་སའི་མིག་ཤེས་མེད་པས་ས་འོག་མའི་མིག་ཤེས་གསར་དུ་རྙེད་པའི་ཕྱིར། མིག་གི་ཁམས་ནི་གསར་དུ་རྙེད་པ་མ་ཡིན་ཏེ། སྔར་ནས་ལྡན་པའི་ཕྱིར། གལ་ཏེ་འདི་ཡང་འོག་མའི་བར་སྲིད་ཉིང་མཚམས་སྦྱོར་བ་ལ་མངོན་དུ་ཕྱོགས་ཀྱང་སྦྱར་མ་ཟིན་པའི་དབང་དུ་བྱས་པ་ཡིན་ཏེ། དེའི་ཚེ་ན་རང་སའི་མིག་མ་བཏང་ཞིང་འོག་སའི་མིག་ཤེས་དགེ་བ་དང་ཉོན་མོངས་ཅན་གང་རུང་གི་ཐོབ་པ་སྔར་སྐྱེས་པའོ། །དེ་ནས་དེར་ཉིང་མཚམས་སྦྱར་ཟིན་མ་ཐག་པའི་ཚེ་ན་ནི་མིག་དང་ལྡན་ལ་ཅིག་ཤོས་དང་མི་ལྡན་པའི་མུར་འགྱུར་བ་ཡིན་ཏེ། དེར་འདོད་པའི་མིག་གསར་དུ་རྙེད་ཅིང་གཟུགས་ཀྱི་མིག་བཏང་བ་དང༌། འདོད་པའི་མིག་གི་རྣམ་པར་ཤེས་པ་ནི་ཉིང་མཚམས་སྦྱར་བའི་སྔོན་ནས་ལྡན་ཟིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་གཟུགས་ཁམས་ཀྱི་རྣམ་སྨིན་མ་བཏང་བར་འདོད་པའི་རྣམ་སྨིན་སྔོན་དུ་བྱེད་མི་ནུས་པས་སོ་ཤེ་ན། དེ་ལྟར་ན་ཡང་ཉེས་པ་མེད་དེ། ཇི་སྲིད་གོང་ནས་འོག་ཏུ་ཉིང་མཚམས་སྦྱར་མ་ཟིན་པ་དེ་སྲིད་དུ་འོག་མའི་དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་མི་འབྱུང་བའི་ཕྱིར་དང༌། སྐྱེ་བ་སྔ་ཕྱིའི་དབང་པོ་གཉིས་བར་མ་ཆད་དུ་ལྡན་པ་རྒྱུ་མཚན་དུ་བྱས་ནས་སྔར་མེད་གསར་དུ་ལྡན་པའི་ཐ་སྙད་སྐབས་འདིར་མ་སྦྱར་བ་ལྟ་བུར་སྣང་བའི་ཕྱིར། དེས་ན་གཟུགས་ཁམས་ནས་འདོད་པའི་བར་དོར་ཉིང་མཚམས་སྦྱར་མ་ཐག་པ་དང༌། ཡང་འདོད་པའི་བར་སྲིད་ནས་སྐྱེ་གནས་སུ་དབང་པོ་རིམ་གྱིས་གྲུབ་པ་གཉིས་ལ། དབང་པོ་སྔ་ཕྱིའི་བར་དུ་ཆོད་མ་ཆོད་ཀྱི་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་མིག་གི་དབང་པོ་སོགས་དང་གསར་དུ་ལྡན་པ་ཡིན་མིན་གྱི་ཁྱད་པར་ཡང་འབྱེད་དགོས་པ་ལྟ་བུར་སྣང་ངོ༌། །གསུམ་པ་ནི། ཇི་སྐད་དུ། གཉིས་ཀ་དང་ལྡན་པ་ཐོབ་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །ཞེས་བཤད་དོན་ནི། དེ་ནས་དེ་དང་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་གཉིས་ཀ་སྔར་མེད་གསར་དུ་ཐོབ་པ་ཡིན་ཏེ། བར་སྲིད་ནི་དབང་པོ་ཀུན་ཚང་བ་ཅན་ཡིན་པའི་ཕྱིར་དང༌། མི་ཤེས་དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་ཡང་སྐབས་དེ་ཉིད་དུ་འབྱུང་གི་སྔར་འབྱུང་བ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་སྤྱིར་གོང་མའི་རྟེན་ལ་འོག་མའི་དགེ་བ་དམན་པ་དེ་མངོན་དུ་མི་བྱེད་པ་དང༌། འོག་མའི་ཉོན་མོངས་པ་ནི་སྤངས་ཟིན་པས་སོ། །དེ་ལྟར་ཤེས་པ་ན་ཞར་བྱུང་གོང་མའི་རྟེན་ལ་འོག་མའི་རྣམ་པར་ཤེས་པའི་ཚོགས་གསུམ་མངོན་དུ་བྱས་པའི་ཚེ་དེ་ཐམས་ཅད་ལུང་མ་བསྟན་ཁོ་ནར་ངེས་སོ། །དེ་ལ་བསམས་ནས། ཇི་སྐད་དུ། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་མ་བསྟན། ཞེས་བཤད་པ་ཡིན་ཏེ། ལུང་མ་བསྟན་ཤས་ཆེ་བ་ལ་བསམ་པའི་ཕྱིར། གལ་ཏེ་བར་སྲིད་དུ་དབང་པོ་ལྔ་ཚང་བ་དེ་ལྟ་ན་འདོད་པའི་བར་སྲིད་ནས་སྐྱེ་སྲིད་དུ་དབང་པོ་རིམ་གྱིས་གྲུབ་པའི་ཚེ་ན་དབང་པོ་སྔར་མེད་གསར་དུ་ལྡན་པ་ཅི་ཞེ་ན། བར་དོའི་དབང་པོ་འགགས་ནས་སྔོན་དུས་ཀྱི་སྲིད་པ་མ་སྐྱེས་པའི་བར་དེར་ཡུན་རིང་པོས་ཆོད་པའོ། །དེ་ལྟ་ན་བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་ཚེ་གཅིག་གིས་བསྡུས་པ་མ་ཡིན་པར་འགྱུར་ཏེ། བར་སྐབས་སུ་རྣམ་སྨིན་རྒྱུན་ཆད་པ་སྲིད་པའི་ཕྱིར། ཞེ་ན། དེ་གཉིས་ཀྱི་བར་དུ་མིག་སོགས་དབང་པོ་ལྔ་བཏང་བ་ཙམ་གྱི་རྣམ་སྨིན་རྒྱུན་ཆད་པར་མི་འགྲུབ་སྟེ། བར་དོའི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་སྲོག་ཡིད་བཏང་སྙོམས་གསུམ་པོ་ལྡན་བཞིན་དུ་སྔོན་དུས་ཀྱི་སྲིད་པ་གྲུབ་པའི་ཕྱིར། ཡང་གལ་ཏེ་བསམ་གཏན་གཉིས་པ་སོགས་ནས་འདོད་པར་སྐྱེས་པའི་ཚེ་མིག་གི་རྣམ་ཤེས་སྔར་མེད་གསར་དུ་ལྡན་པར་བཤད་པ་ཡང་མི་འཐད་དེ། བསམ་གཏན་གཉིས་པའི་རྟེན་ལ་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱས་པ་དེ་མ་བཏང་བར་ལྡན་བཞིན་དུ་བར་མ་ཆད་པར་འདོད་པའི་བར་སྲིད་དུ་ཉིང་མཚམས་སྦྱར་བ་དག་ཡོད་པའི་ཕྱིར། དེ་ཙམ་གྱིས་མི་ཆོག་ན་མིག་གི་དབང་པོ་ཡང་གསར་དུ་ལྡན་པར་འགྱུར་ཏེ། བསམ་གཏན་གཉིས་པའི་མིག་གི་དབང་པོ་བཏང་ནས་འདོད་པའི་མིག་དབང་གསར་དུ་རྙེད་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། འདྲ་དེ་ཅིག་སྲིད་པ་དེའི་ཚེ་ཡང་བསམ་གཏན་གཉིས་པའི་རྟེན་ལ་ཡོད་པའི་མིག་ཤེས་ལུང་མ་བསྟན་ཁོ་ནར་ངེས་ལ། འདོད་པའི་བར་སྲིད་དུ་ཉིང་མཚམས་སྦྱར་བའི་ཚེ། ཐོབ་པ་ནི་མིག་ཤེས་དགེ་བ་དང་ཉོན་མོངས་ཅན་གང་རུང་གི་ལྡན་པར་ངེས་པས་རིགས་མི་མཐུན་པའི་ཕྱིར། དང་པོ་ལ་མི་མཚུངས་ཏེ། བསམ་གཏན་གཉིས་པའི་མིག་དབང་དང་འདོད་པའི་བར་སྲིད་ཀྱི་མིག་དབང་གཉིས་ཀ་ལུང་མ་བསྟན་དུ་མཚུངས་ཤིང༌། བར་ཆོད་པ་མེད་པར་ལྡན་པའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་དུ། གཉིས་ཀ་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ཞེས་བཤད། དེའི་ངོས་འཛིན་འགྲེལ་བཤད་བྱེད་པ་དག་གིས་མཐུན་པར། གཟུགས་མེད་ནས་ཤི་བ་དེ་ཉིད་དུ་སྐྱེ་བ་དང༌། བསམ་གཏན་དང་པོ་གསུམ་དུ་སྐྱེས་པ་མིག་ཤེས་མངོན་དུ་མི་བྱེད་པ་དང༌། འདོད་ཁམས་པ་མིག་དང་ལྡན་པ་ཅིག་ཆར་ཤི་བ་ཁམས་གོང་མ་གཉིས་སུ་སྐྱེས་པ་དང༌། རྒྱུད་ཀྱིས་མ་བསྡུས་པ་རྣམས་སོ། །ཞེས་འཆད། དང་པོ་གཉིས་ཀྱི་ཤེས་བྱེད་རྟོགས་པར་སླ་ལ། གསུམ་པའི་ཤེས་བྱེད་ནི། འདོད་པའི་མིག་ལྡན་ཅིག་ཅར་ཤི་བ་གཟུགས་སུ་སྐྱེས་པ་ལ་ནི་མིག་སྔ་ཕྱི་གཉིས་པོ་བར་མ་ཆོད་པར་ལྡན་པའི་རྒྱུ་མཚན་གྱིས་དང༌། དེ་འདྲ་གཟུགས་མེད་དུ་སྐྱེས་པའི་ཚེ་ནི་གཉིས་ཀ་ཐོབ་རྒྱུ་མེད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་གཞན་ཡང་མཚོན་པའི་ཚུལ་ལ། མིག་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་ལྡན་ཚུལ་ལ་མུ་བཞི་དང༌། མིག་དང་གཟུགས་ཀྱི་ལྡན་ཚུལ་ལ་མུ་བཞི་དང༌། མིག་གི་རྣམ་པར་ཤེས་པ་དང་གཟུགས་ཀྱི་ལྡན་ཚུལ་ལ་མུ་བཞི་ཇི་ལྟར་རྩི་བའི་ཚུལ་རྣམས་བཤད་དོ། །དེ་ཡང་ཐོག་མར་མིག་དང་ལྡན་ལ་མིག་གི་རྣམ་ཤེས་དང་མི་ལྡན་པའི་མུ་ནི། བསམ་གཏན་དང་པོའི་རྟེན་ལ་མིག་གི་རྣམ་ཤེས་མངོན་དུ་མི་བྱེད་པའི་ཚེ་ལྟ་བུའོ། །མིག་གི་རྣམ་ཤེས་དང་ལྡན་ལ་མིག་དང་མི་ལྡན་པའི་མུ་ནི། འདོད་པའི་ཁམས་སུ་མིག་མ་ཐོབ་པ་དང་ཐོབ་པ་ལས་ཉམས་པའི་ཚེ་ལྟ་བུའོ། །དེའི་ཤེས་བྱེད་ཀྱང་མིག་ཤེས་ནི་དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་བར་དོའི་གནས་སྐབས་སུ་སྐྱེས་པ་དེ་ཉིད་ཕྱིས་ཀྱང་ལྡན་སྲིད་པ་ཡིན་ལ། མིག་དང་ནི་མི་ལྡན་པའི་ཕྱིར་རོ། །དེ་ཡང་མིག་མ་ཐོབ་པ་ནི་ནུར་ནུར་པོའི་གནས་སྐབས་ལྟ་བུ་ཡིན་ལ། ཉམས་པ་ནི་དམུས་ལོང་དུ་གྱུར་པ་ལྟ་བུའོ། །མུ་བཞི་རྩི་ཚུལ་སྔ་མ་དང་འདིའི་ཁྱད་པར་ནི། སྔ་མ་རྙེད་པའི་ཐོབ་པ་དང༌། ཕྱི་མ་ལྡན་པའི་ཐོབ་པ་ཞེས་བྱ་བ་དེའི་དབང་དུ་མཛད་དོ། །དེ་ནས་ཁམས་རྣམས་ལ་སྤང་བྱ་གཉིས་ཀྱི་དབྱེ་བ་དཔྱོད་པ་ན། ཇི་སྐད་དུ། བཅུ་ནི་སྒོམ་པས་སྤངས་བྱ་ཡིན། །ཞེས་པ་ལ་འཕྲོས་ནས་སྡེ་པ་གཞན་དག་ན་རེ། གཟུགས་ཅན་བཅུའི་ནང་ཚན་དུ་གྱུར་པ་ངན་སོང་བའི་ལུས་ངག་གི་ལས་དང༌། སོ་སོ་སྐྱེ་བོ་ཇི་སྙེད་པ་མཐོང་སྤངས་ཡིན་ཏེ། མཐོང་ལམ་སྐྱེས་པ་ན་འགག་པའི་ཕྱིར། ཞེས་ཟེར་བ་དེ་སུན་འབྱིན་པ་ནི། ཇི་སྐད་དུ། ཉོན་མོངས་ཅན་མིན་མཐོང་སྤངས་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་བཤད་པ་འདིའི་དོན་ནི། དེ་སོ་སོར་དགག་པ་དང་ཐུན་མོང་དུ་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། སོ་སོ་སྐྱེ་བོ་ཆོས་ཅན། མཐོང་སྤངས་མིན་ཏེ། ཉོན་མོངས་ཅན་མིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་སོ་སོ་སྐྱེ་བོ་འགའ་ཞིག་མི་སྲིད་པར་ཐལ་བའོ། །འོ་ན་དགེ་བར་ཁས་ལེན་ནུས་སམ་ཞེ་ན། དེ་ཡང་མ་ཡིན་ཏེ། དགེ་རྩ་ཆད་པ་དག་ལ་སོ་སོ་སྐྱེ་བོ་མ་ཡིན་པར་ཐལ་བས་སོ། །དེས་ན་སོ་སོ་སྐྱེ་བོ་ནི་མ་སྒྲིབ་ལུང་མ་བསྟན་དང༌། སྒོམ་པས་སྤང་བར་བྱ་བ་ཁོ་ནའོ། །འོ་ན་མཐོང་ལམ་སྐྱེས་པ་ན་དེ་འགག་པར་བཤད་པ་ཅི་ཞེ་ན། དེ་ནི་སོ་སོར་བརྟགས་མིན་གྱི་འགོག་པ་སྟེ། བཟོད་པ་ཐོབ་པ་ན་ངན་འགྲོ་འགགས་པ་ལྟ་བུའོ། །ཞར་ལ་སོ་སོ་སྐྱེ་བོའི་མཚན་གཞི་ནི་གང༌། དེ་སྒོམ་པའི་ལམ་གྱིས་སྤོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེའི་ངོ་བོ་ནི་ལམ་བདེན་གྱི་མ་ཐོབ་པ་ཞིག་ཡིན་ལ། དེའི་རྟེན་གྱི་གང་ཟག་ནི་དེར་མི་འདོད་དེ། འཕགས་པ་ཞེས་པ་ལམ་གྱི་བདེན་པ་ཐོབ་པ་དང་བཅས་པ་ཉིད་ལ་འདོད་ཀྱི་དེའི་རྟེན་གྱི་གང་ཟག་ལ་མི་འདོད་པའི་ཤེས་བྱེད་ལས་དང༌། གཞན་དུ་ན་འཕགས་པ་དང་སོ་སྐྱེའི་གཞི་མཐུན་སྲིད་པར་འགྱུར་ཏེ། ཇི་སྲིད་སོ་སོ་སྐྱེ་བོའི་ས་མ་འཕོས་པ་དེ་སྲིད་སོ་སོ་སྐྱེ་བོ་ཉིད་མི་གཏོང་བས་ན་སོ་སོ་སྐྱེ་བོ་དང་ལྡན་པའི་འཕགས་པ་སྲིད་པའི་ཕྱིར། ཞེས་པའི་གནོད་བྱེད་ལས་སོ། །དེ་ཡང་ཇི་ལྟར་ཞེ་ན་སོ་སོ་སྐྱེ་བོས་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་མཐོང་ལམ་མངོན་དུ་བྱས་པ་དེའི་ཚེ། ཇི་སྲིད་འདོད་པ་ལ་ཆགས་བྲལ་མ་བྱས་པ་དེ་སྲིད་དུ་འདོད་པའི་སོ་སོ་སྐྱེ་བོ་ཉིད་མི་གཏོང་ཞིང༌། དེས་དེ་ལ་ཆགས་བྲལ་བྱས་ནས་དངོས་གཞིར་འཕོས་པ་དེའི་ཚེ་འདོད་པའི་སོ་སོ་སྐྱེ་བོ་ཉིད་གཏོང་བར་བཤད་པའི་ཕྱིར། དེ་ལྟ་ན་ཡང་སྤྱིར་ས་ལ་ཆགས་བྲལ་བྱས་པ་ཙམ་གྱིས་ས་དེའི་སོ་སོ་སྐྱེ་བོ་ཉིད་བཏང་བས་མ་ཁྱབ་སྟེ། དེར་འཇོག་པ་ལ་ལམ་བདེན་ཐོབ་པ་དང་ས་དེ་ལ་ཆགས་བྲལ་གྱི་གཞི་མཐུན་དུ་གྱུར་པ་ཞིག་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་དེ་ཐོབ་དང༌། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་གསུངས་སོ། །འོ་ན་སྡུག་བསྔལ་ལ་ཆོས་བཟོད་ཀྱི་ཚེ་སོ་སོ་སྐྱེ་བོ་ཉིད་དུ་འགྱུར་ཏེ། ས་མ་འཕོས་པའི་ཕྱིར། འདོད་ན་ལམ་བདེན་མ་ཐོབ་པར་འགྱུར་ཏེ། དེའི་མ་ཐོབ་པ་དང་ལྡན་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། སོ་སོ་སྐྱེ་བོའི་ལྡན་པ་ནི་སོ་སོ་སྐྱེ་བོར་མི་འདོད་པའི་ཕྱིར། སྦྱོར་ལམ་གྱི་ལྡན་པ་བཞིན་ནོ། །དེའི་ཕྱིར་སོ་སོ་སྐྱེ་བོ་ཉིད་རྒྱུད་ལ་ལྡན་ན་སོ་སོ་སྐྱེ་བོ་ཡིན་པས་མ་ཁྱབ་སྟེ། སྦྱོར་ལམ་དང་ལྡན་ན་སྦྱོར་ལམ་པ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི། སྤྱིར་སོ་སོ་སྐྱེ་བོ་ནི་གསུམ་སྟེ། འདོད་པའི་སས་བསྡུས་དང༌། གཟུགས་ཀྱི་དང༌། གཟུགས་མེད་པའི་སས་བསྡུས་པའོ། །དེ་གསུམ་ཀ་ཡང་ཁམས་གསུམ་པོ་རང་རང་ལ་ཆགས་བྲལ་བྱེད་པའི་བར་ཆད་མེད་པའི་ལམ་དགུ་པས་སྤོང་ཞིང༌། རྣམ་པར་གྲོལ་བའི་ལམ་དགུ་པ་སྐྱེས་པ་ན་དེ་སྤངས་པར་འཇོག་པ་ཡིན་ཏེ། སོ་སོ་སྐྱེ་བོ་ནི་ཁམས་གསུམ་གྱི་ས་དགུ་པ་ཅན་ཡིན་པ་དང༌། ས་དགུ་པོ་རེ་རེ་ཞིང་ཡང་ཆུང་འབྲིང་དགུ་དགུར་འབྱེད་དགོས་པའི་ཕྱིར་དང༌། སྒོམ་སྤངས་རྣམས་ཀྱི་སྤོང་ཚུལ་ནི་དེ་ལྟར་དུ་ངེས་པའི་ཕྱིར། འོ་ན་འཕགས་པ་ཆགས་བཅས་རྣམས་སོ་སོ་སྐྱེ་བོའི་གང་ཟག་དུ་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྡུག་བསྔལ་ལ་ཆོས་བཟོད་ཐོབ་པ་ཙམ་གྱིས་སོ་སོ་སྐྱེ་བོའི་གང་ཟག་རྣམ་པར་ཉམས་པའི་ཕྱིར། དེ་ལྟ་ན་ཡང་སོ་སོ་སྐྱེ་བོ་ཉིད་སྤངས་པས་ནི་མ་ཁྱབ་སྟེ། དེ་སྤོང་བ་ནི་དེ་དང་དེའི་གཉེན་པོ་སྐྱེས་པ་ལ་རག་ལས་པའི་ཕྱིར། གཉིས་པ་ནི། ངན་སོང་བའི་ལུས་ངག་གི་ལས་ནི་ཆོས་ཅན། མཐོང་སྤངས་མ་ཡིན་ཏེ། གཟུགས་ཡིན་པའི་ཕྱིར། དེའི་ཁྱབ་འབྲེལ་ནི་གང་གཟུགས་ཅན་ཡིན་ན་བདེན་པ་ལ་ལོག་པར་རྟོག་པ་རྗེས་སུ་འབྲང་བ་འཁོར་དང་བཅས་པ་གང་རུང་མ་ཡིན་པས་ཁྱབ་པ་ལ་ཐུག་པ་ཡིན་ཏེ། མཐོང་སྤངས་ཉིད་ཡིན་ན་བདེན་པ་ལ་ལོག་པར་ཞུགས་པས་ཁྱབ་པའི་ཕྱིར། གཞུང་རྐང་པ་གསུམ་པོ་འདིའི་ཤུགས་ལ་མཐོང་སྤངས་སུ་གྱུར་པའི་ཤེས་བྱའི་སྒྲིབ་པ་དང་རྣམ་སྨིན་གྱི་སྒྲིབ་པ་དག་མི་སྲིད་པར་བསྟན་ནོ། །གཉིས་པ་ནི། སོ་སོ་སྐྱེ་བོ་དང་ངན་སོང་བའི་ལུས་ངག་གི་ལས་གཉིས་ཀ་ཆོས་ཅན། མཐོང་སྤངས་མ་ཡིན་ཏེ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་པ་ལས་སྐྱེ་བའི་ཕྱིར། དེའི་ཁྱབ་འབྲེལ་ཡང་མཐོང་སྤངས་གང་ཡིན་བདེན་པ་ལ་ལོག་ཞུགས་རྗེས་འབྲང་དང་བཅས་པར་ངེས་པས་ཡིན་ལ། གཏན་ཚིགས་ཀྱི་དོན་ནི་ལུས་ངག་གི་ལས་གང་ཡིན་དབང་པོ་ལྔ་ལས་སྐྱེས་པ་དང་གཟུགས་ཅན་བཅུ་པོ་གང་རུང་དུ་ངེས་པ་དང༌། སོ་སོ་སྐྱེ་བོ་ནི་འདུ་ཤེས་མེད་པ་ལྟ་བུ་རྣམ་པར་ཤེས་པའི་ཚོགས་དྲུག་བཀག་པ་དག་ལ་ཡང་ཡོད་པས་སོ། །འོ་ན་མཐོང་སྤངས་ལ་ཉོན་མོངས་ཅན་གྱིས་ཁྱབ་ན་ཉོན་མོངས་ཅན་མཐོང་སྤངས་མ་ཡིན་པ་ལྟ་ཡོད་དམ་ཞེ་ན། དེ་ལྟར་ཡོད་པ་ནི་གཞུང་ཕྱི་མ་གཉིས་ཀྱིས་བསྟན་ཏེ། གཟུགས་ཅན་དང་དབང་ཤེས་ཉོན་མོངས་ཅན་དག་སྒོམ་སྤངས་སུ་གསལ་བར་བསྟན་པའི་ཕྱིར། གཞུང་དུ་གཟུགས་ཞེས་པས་ཀྱང་གཟུགས་ཅན་བཅུ་པོ་ཕྱིར་འཛིན་པ་ཡིན་ཏེ། ཇི་སྐད་དུ། བཅུ་ནི་སྒོམ་པས་སྤང་བྱ་ཡིན། །ཞེས་པ་དང་འབྲེལ་བས་སོ། །ཡང་དེ་ནས་ཇི་སྐད་དུ། མིག་གིས་གཟུགས་རྣམ་མཐོང་བརྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །ཞེས་པ་འདིའི་དོན་བཤད་པ་ལ་གཉིས་ཏེ། དངོས་བསྟན་དང༌། དེ་ལ་སློབ་དཔོན་གྱིས་བརྟགས་པའོ། །དང་པོ་ནི། གོང་དེར། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་པ་ལ་འོ་ན་མིག་ལྟ་བར་བཤད་པ་དེ་ཉིད་ཀྱིས་མ་ངེས་སོ། །ཞེ་ན། སྤྱིར་ལྟ་བ་ལ་གཉིས་ཏེ། ཡུལ་ལ་ངེས་པར་རྟོག་པའི་དང༌། གཟུགས་ལ་ལྟ་བའི་འོ། །དེ་གཉིས་གནས་སྐབས་ཐ་དད་པས་མི་འགལ་ལོ་ཞེས་པ་ནི། མིག་གིས་སོགས་སོ། །འོ་ན་མིག་རྐྱང་པ་ལྟ་བར་ཁས་ལེན་ནམ་ཞེ་ན། མ་ཡིན་ནོ་ཞེས་འཆད་པ་ནི། བརྟེན་བཅས་ཞེས་པའོ། །དེ་ལྟ་ན་མིག་དང་དེའི་ཤེས་པ་གཉིས་ཀ་ལྟ་བར་ཁས་ལེན་ནམ་སྙམ་ན། དེ་ཡང་མ་ཡིན་ནོ། །ཞེས་འཆད་པ་ནི། དེ་ལ་བརྟེན་པའི་ཞེས་སོགས་སོ། །དེའི་ཤེས་བྱེད་ནི་གང་ཕྱིར་སོགས་ཏེ། ཤེས་པས་གཟུགས་མཐོང་ན་བར་དུ་ཆོད་པའང་མཐོང་དགོས་ཏེ། ཡིད་ཀྱི་ཤེས་པ་བཞིན་ནོ། །གཞུང་དེའི་འཆད་ཚུལ་གཞན་དག བརྟེན་པ་རྣམ་པར་ཤེས་པ་དང་བཅས་པའི་མིག་གིས་གཟུགས་མཐོང་ཞེས་རྟེན་དང་བརྟེན་པ་གཉིས་ཀ་ཕྱོགས་གཅིག་ཏུ་འདུས་པ་དེ་གཟུགས་མཐོང་བྱེད་དུ་འཆད་པ་དང༌། རྣམ་ཤེས་མིན་ཞེས་པའི་དོན་ཁོ་ན་ཞེས་གཞན་ལྡན་རྣམ་གཅོད་མིན་པར་བསྟན་ནས་མི་ལྡན་རྣམ་གཅོད་དུ་སྦྱོར་བ་མི་འཐད་དེ། གཞུང་གི་དོན་ནི་མིག་གི་རྣམ་ཤེས་རང་ལྡོག་ནས་གཟུགས་ལ་ལྟ་བ་དང་མཐོང་བ་གཉིས་ཀ་འགོག་པར་གསལ་བའི་ཕྱིར། དེ་ཡང་ཤེས་པ་ཡིན་པ་གཞིར་བྱས་ཀྱི་ལྟ་བ་ནི་ངེས་པར་རྟོག་པའི་རྣམ་པ་ཅན་ཁོ་ན་དང༌། དེ་མ་ཡིན་པའི་ལྟ་བ་ནི་མིག་ཁོ་ནའོ། །ཞེས་འཆད་རྒྱུ་ཡིན་པ་དང༌། མིག་གི་ཁྱད་པར་ཡང་དེ་མཚུངས་ཙམ་གྱིས་ཆོག་པ་མ་ཡིན་གྱི་བརྟེན་བཅས་ཡིན་པ་ཞིག་དགོས་ཞེས་འཆད་རྒྱུ་ཡིན་པ་དང༌། དེ་ཡང་དེ་མཚུངས་ཀྱི་ཟླས་ཕྱེ་བ་ཡིན་གྱི། མིག་གི་རྣམ་པར་ཤེས་པ་མི་བརྟེན་པའི་ཟླས་ཕྱེ་བ་མ་ཡིན་པ་དང༌། བཅས་ཤེས་པའི་དོན་ཀྱང་གཉིས་ཀ་བསྡུད་པའི་ཚིག་མ་ཡིན་གྱི། མིག་གང་ཞིག་རང་གི་ལས་བྱེད་པ་དེའི་འདོད་རྒྱལ་ཐོག་མའི་མིང་གི་མཐའ་རྟེན་ཡིན་ཏེ། དཔེར་ན་དགེ་བའི་བཤེས་གཉེན་བསྟེན་པ་དང་བཅས་ཞེས་པ་བཞིན་ནོ། །འོ་ན་བསམ་གཏན་གོང་མ་གསུམ་གྱི་མིག་ལྟ་བ་ཡིན་པ་མི་སྲིད་པར་འགྱུར་ཏེ། དེའི་མིག་བརྟེན་བཅས་ཡིན་པ་མི་སྲིད་པའི་ཕྱིར་སྙམ་ན། མི་སྲིད་པ་མ་ཡིན་ཏེ། རང་གི་ས་པའི་རྣམ་པར་ཤེས་པ་དག་མེད་ཀྱང་བསམ་གཏན་དང་པོའི་ས་པའི་མིག་གི་ཤེས་པ་མངོན་དུ་བྱས་པའི་ཚེ་གོང་མའི་མིག་གསུམ་པོ་བསྟེན་བཅས་སུ་འཇོག་པའི་ཕྱིར། ཅི་བསམ་གཏན་དང་པོའི་ས་པའི་མིག་དང་མིག་ཤེས་ཀྱིས་གོང་མའི་གཟུགས་དག་མཐོང་བ་ཡོད་དམ་ཞེ་ན། མིག་གིས་ནི་མེད་དེ། ཇི་སྐད་དུ། མིག་གིས་གོང་མའི་གཟུགས་མ་ཡིན། །ཞེས་འཆད་པའི་ཕྱིར། མིག་ཤེས་ཀྱིས་ནི་གོང་མའི་གཟུགས་མཐོང་བ་ཡོད་དེ། གོང་མ་གོང་མའི་མིག་ལ་བརྟེན་པའི་མིག་གང་གི་ས་པ་ཡིན་པ་དེའི་གཟུགས་དག་མཐོང་བའི་ཕྱིར། དཔེར་ན་འབངས་ཕལ་པས་རང་སྟོབས་ཀྱིས་མ་འགྲུབ་པའི་བྱ་བ་རྒྱལ་པོ་ལ་བརྟེན་པའི་ཚེ་འགྲུབ་པ་བཞིན་ནོ། །ཞེས་བོད་ཀྱི་ཊཱི་ཀ་བྱེད་པ་དག་འཆད་མོད་ཀྱང་དེའི་ཚེ་མིག་ཤེས་ཀྱིས་མཐོང་བ་ནི་མ་ཡིན་ཏེ། ཡིན་ན། དེ་ལ་བརྟེན་པའི་རྣམ་ཤེས་མིན། །ཞེས་པའི་དོན་དང་འགལ་བའི་ཕྱིར། འོ་ན་ཅི་ཞེ་ན། དང་པོའི་ས་པའི་མིག་ཤེས་བསྟེན་པ་དང་བཅས་པའི་མིག་གོང་མ་གསུམ་གྱིས་རང་རང་གི་ས་པའི་གཟུགས་མཐོང་བ་ཡིན་ཏེ། རྒྱལ་པོ་བསྟེན་པ་དང་བཅས་པའི་དམངས་ཕལ་པས་བྱ་བ་ཆེན་པོ་འགྲུབ་པ་བཞིན་ནོ། །དེའི་ཕྱིར་འོག་མའི་མིག་གིས་གོང་མའི་གཟུགས་མི་མཐོང་བར་བཤད་པ་དེ་ཁོ་ན་བཞིན་དུ་འོག་མའི་མིག་གི་རྣམ་པར་ཤེས་པས་ཀྱང་གོང་མའི་གཟུགས་མཐོང་བ་མེད་པར་ཁས་ལེན་དགོས་ཏེ། དེ་ལས་གཞན་དུ་ན་བསམ་གཏན་གཉིས་པའི་མིག་དབང་ལ་བརྟེན་པའི་བསམ་གཏན་དང་པོའི་མིག་ཤེས་དེ་ཆོས་ཅན། བསམ་གཏན་དང་པོའི་མིག་དབང་ལ་བརྟེན་པའི་མིག་ཤེས་མ་ཡིན་པར་ཐལ། བསམ་གཏན་གཉིས་པའི་གཟུགས་མཐོང་བའི་ཕྱིར། འདོད་ན་བསམ་གཏན་དང་པོའི་མིག་ཤེས་སུ་འགའ་ཞིང༌། ཁྱབ་པ་མེད་ན་བསམ་གཏན་གཉིས་པའི་གཟུགས་ལྟ་བྱེད་དུ་འགྱུར་བ་བསམ་གཏན་གཉིས་པའི་མིག་ལ་བརྟེན་དགོས་པར་འགལ། འོ་ན་ཇི་སྐད་དུ། དེ་ཡི་གཟུགས། །ལུས་ཀྱིའང་གཉིས་ཐམས་ཅད་དུ། །ཞེས་མིག་ཤེས་གཅིག་གིས་རང་ས་དང་འོག་ས་དང་གོང་སའི་ཐམས་ཅད་མཐོང་བར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་དོན་ནི་བསམ་གཏན་དང་པོའི་མིག་ཤེས་གང་ལ་བརྟེན་པའི་མིག་གིས་རང་ས་བསམ་གཏན་དང་པོའི་གཟུགས་དང་འོག་ས་འདོད་པ་དང་གོང་ས་བསམ་གཏན་གཉིས་པ་སོགས་ཀྱི་གཟུགས་མཐོང་ཞེས་བྱ་བའི་དོན་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་བསམ་གཏན་དང་པོའི་མིག་གིས་གོང་མའི་གཟུགས་མཐོང་བར་ཐལ། དེའི་མིག་ཤེས་ཀྱིས་གོང་མའི་གཟུགས་མཐོང་བའི་ཕྱིར། རྟགས་ཁས་བླངས། ཐལ་བ་ཚད་མས་བསལ། ཁྱབ་པ་ཚད་མས་གྲུབ་སྟེ། བདག་རྐྱེན་དབང་པོ་དང་དེའི་བདག་འབྲས་དབང་ཤེས་ནི་ཡུལ་སོ་སོ་ལ་མི་འཇུག་པའི་ཕྱིར། ཁྱབ་པ་ཁས་བླངས་པས་ཀྱང་གྲུབ་སྟེ། བསམ་གཏན་གཉིས་པ་སོགས་ཀྱི་གཟུགས་ལ་བལྟ་བ་བདག་རྐྱེན་བསམ་གཏན་གཉིས་པ་སོགས་ཀྱི་མིག་དབང་ལ་བརྟེན་དགོས་པར་ཁས་བླངས་པའི་ཕྱིར། དེས་ན་ཞིབ་མོའི་རྣམ་གཞག་ལ། བསམ་གཏན་དང་པོའི་མིག་ཤེས་བསམ་གཏན་གཉིས་པ་སོགས་ཀྱི་མིག་ལ་བརྟེན་པ་ཞེས་དང༌། བསམ་གཏན་གཉིས་པ་བས་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱས་པ་ཞེས་པ་ནི་མི་བྱ་སྟེ། བསམ་གཏན་དང་པོའི་མིག་མངོན་དུ་མ་བྱས་པར་དེའི་མིག་ཤེས་མངོན་དུ་བྱེད་པའི་ཐབས་མེད་པའི་ཕྱིར། འོ་ན་ཅི་ཞེ་ན། བསམ་གཏན་གཉིས་པ་བ་སོགས་ཀྱི་རང་ས་ན་མིག་ཤེས་མེད་ཀྱང་མིག་ཤེས་མངོན་དུ་བྱས་ནས་གཟུགས་ལ་བལྟ་ཞེས་བྱའོ། །ཇི་ལྟར་མངོན་དུ་བྱེད་ན། གཟུགས་ལ་བལྟ་འདོད་ཀྱི་རྟོག་དཔྱོད་བསམ་གཏན་དང་པོའི་ས་པ་དེ་མངོན་དུ་བྱས་ནས་རང་སའི་མིག་ལ་བརྟེན་པའི་ཤེས་པ་མངོན་དུ་བྱེད་དོ། །དེ་དུས་ཀྱི་ཤེས་པ་དེ་རྟེན་མིག་དང་ས་མཚུངས་པ་མ་ཡིན་ཏེ། རྟོག་དཔྱོད་དང་བཅས་པའི་ཕྱིར་རོ། །གལ་ཏེ་དེ་འདྲ་དེ་བསམ་གཏན་གཉིས་པའི་གཟུགས་གསལ་སྣང་གི་ཤེས་པ་ཡིན་ན་ཇི་ལྟར་བསམ་གཏན་དང་པོའི་རྟོག་དཔྱོད་དང་བཅས་ཤེ་ན། དེ་དེར་ཁས་མི་ལེན་ཏེ། སྤྱིར་དབང་པོའི་རྣམ་པར་ཤེས་པ་ལྔ་ཆར་ཡང་གཟུགས་སོགས་དོན་ལྔ་པོ་གསལ་སྣང་ཅན་གྱི་ཤེས་པར་ཁས་མི་ལེན་པའི་ཕྱིར་དང༌། ཁས་ལེན་ན་བར་དུ་ཆོད་པའི་དོན་མཐོང་བར་ཐལ་བའི་ཕྱིར་དང༌། མིག་ཤེས་གཟུགས་ལ་ལྟ་བྱེད་ཡིན་ན། ཇི་སྐད་དུ། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་བཤད་པ་དང་ཤིན་ཏུ་འགལ་ཏེ། གཟུགས་ལ་བལྟ་བས་བལྟ་བའི་གོ་ཆོད་པར་བཤད་པ་དེ་ཉིད་ངེས་པར་ཁས་མ་བླངས་ན་གཞུང་གི་དོན་འཁྲུག་པའི་ཕྱིར། དེས་ན་བསམ་གཏན་གཉིས་པ་བ་སོགས་ཀྱིས་གཟུགས་ལ་བལྟ་འདོད་ཀྱི་རྟོག་དཔྱོད་མངོན་དུ་བྱས་མིག་གིས་གཟུགས་ལ་བལྟས་པ་དང་རྣ་བས་སྒྲ་ལ་མཉན་པ་དང་ལུས་ཀྱིས་རེག་བྱ་རེག་པ་དེའི་ཚེ་དབང་པོ་སོ་སོ་ལ་བརྟེན་པའི་ཤེས་པ་ཞིག་སྐྱེས་པ་ཡིན་ལ། དེ་དུས་ཀྱི་ཤེས་པ་དེ་ས་འོག་མས་བསྡུས་པའི་ངོ་བོ་ཉིད་ཀྱི་རྟོག་དཔྱོད་ཅེས་བྱ་བའི་མིང་ཅན་དེ་ཉིད་ཡིན་ཞིང༌། དེ་འདྲ་དེ་ཡང་རང་ཡུལ་གསལ་སྣང་ཅན་གྱི་ཤེས་པ་མ་ཡིན་པའི་ཕྱིར་ན་སྒྲ་དོན་འཛིན་པའི་རྟོག་པ་ལས་འོས་མེད་དོ། །དོན་འདི་ཡང་རྟོག་གེའི་གཞུང་ལས། དབང་པོའི་སྒོ་ལ་རྗེས་འབྲང་ཡིད། །མཐོང་སྦྱོར་འདྲེས་པ་རྟོག་མེ་འདྲ། །གཞན་དུ་མཐོང་རྟོག་ཡུལ་ཐ་དད། །ཡིན་ཕྱིར་དོན་རྟོགས་མི་སྲིད་ལོ། །ཞེས་ཕྱོགས་སྔ་མར་བཤད་པ་དེ་ཉིད་ཡིན་ཞིང༌། དེར་མ་ཟད་བརྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་སྐྱེས་པས་དོན་རྟོགས། ཤེས་པས་ཀྱང་དོན་འདི་ཉིད་བསྟན་པ་ཡིན་ཏེ། དེ་ལས་སྐྱེས་པའི་ཤེས་པ་ཞེས་པའི་མིང་ཅན་ནི་མིག་གི་རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱི་རྟོག་དཔྱོད་དུ་གྱུར་པ་གཟུགས་ཀྱི་ངོ་བོ་དང་ཁྱད་པར་ལ་རྩིང་ཞིབ་ཏུ་ཞེན་པའི་རྟོག་པ་ཉིད་ལ་འཆད་དགོས་པས་སོ། །དེ་ལས་གཞན་དུ་མིག་གི་རྣམ་པར་ཤེས་པ་གཟུགས་གསལ་སྣང་ཅན་ཞིག་ཁས་བླངས་ན་ཚད་འབྲས་ཀྱི་རྣམ་གཞག་དེ་ལ་ཞེ་འདོད་ཀྱི་དོན་སྟོན་རྒྱུ་ཅི་ཡང་ཡོད་པ་མ་ཡིན་ཏེ། མིག་ཤེས་ཀྱང་གཟུགས་གསལ་སྣང་ཅན་དུ་ཁས་ལེན་ན་དབང་པོ་ཁོ་ན་ཚད་མར་འཇོག་དོན་མེད་པའི་ཕྱིར། དེས་ན་དབང་པོ་དང་དབང་ཤེས་གཉིས་གཟུགས་ལ་བལྟ་བ་ཡིན་མིན་དང༌། གཟུགས་རྟོགས་པ་ཡིན་མིན་གྱི་ཁྱད་པར་ཅན་དུ་གྲུབ་བོ། །འདི་ཡང་ཇི་སྐད་དུ། མིག་རྣ་ཡིད་ཀྱི་རྣམ་ཤེས་དང༌། །གསུམ་གྱིས་ཉམས་སུ་མྱོང་གང་དེ། །མཐོང་དང་ཐོས་དང་རྣམ་པར་ཤེས། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། །ཅེས་གསུངས་པ་དང་མི་མཐུན་ནོ་སྙམ་ན། འགལ་བ་མེད་དེ། མིག་དང་རྣ་བའི་རྣམ་པར་ཤེས་པས་མཐོང་བ་དང་ཐོས་པ་ཞེས་བྱ་བ་ཡང་ངོ་བོ་ཉིད་ཀྱི་རྟོག་དཔྱོད་དུ་གྱུར་པའི་ཤེས་པས་མཐོང་ཐོས་ལ་འཆད་དགོས་ཤིང༌། དེ་ལས་ལོགས་སུ་རྣ་ལྕེ་ལུས་གསུམ་གྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ལ་རྟོགས་པ་ཞེས་ཁྱད་པར་བཤད་པ་ནི་རྟོག་གེ་ལ་གྲགས་པ་ལྟར་མ་ཡིན་ཏེ། རྟོགས་པ་དང་ཤི་བ་སྐད་དོད་གཅིག་གིས་བསྟན་པ་ལྟར་དྲི་རོ་རེག་བྱ་གསུམ་ལུང་མ་བསྟན་ཁོ་ནར་ངེས་པས་ཤི་བ་དང་འདྲ་བར་འགྲེལ་པས་བཤད་པའི་ཕྱིར། དེ་ཡང་མིག་དང་རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ལ་མཐོང་བ་དང་ཐོས་སོ་ཤེས་པ་ནི་བཏགས་པ་བ་ཡིན་ཏེ། རྒྱུ་མཚན་ནི་རྟེན་དབང་པོས་མཐོང་བ་དང་ཐོས་པ་ལས་སོ། །གནོད་བྱེད་ནི། དེ་ལ་བརྟེན་པའི་རྣམ་ཤེས་མིན། །ཞེས་པའོ། །དགོས་པ་ནི་འཇིག་རྟེན་གྱི་གྲགས་པ་དང་མཐུན་པའི་ཕྱིར་དུ་སྟེ་འཇིག་རྟེན་ན་ནི་མིག་རྣའི་དབང་པོ་དང་དེ་ལ་བརྟེན་པའི་ཤེས་པ་གཉིས་ཀ་ལ་མཐོང་ཐོས་ཀྱི་ཐ་སྙད་ཡོད་པའི་ཕྱིར་རོ། །མདོར་ན་ཁ་ཆེ་བྱེ་སྨྲས་རྣམ་པར་ཤེས་པའི་ཚོགས་ལྔ་རྟོག་པར་འདོད་པ་འདི་ནི་རིགས་པ་ཅན་པས་དབང་ཤེས་རྟོག་པར་འདོད་པའི་ལུགས་ཚད་མ་སྡེ་བདུན་དུ་ཕྱོགས་སྔ་མར་བཞག་ནས་བཀག་པ་དེ་ཉིད་དང་དོན་གཅིག་པ་ཡིན་ཏེ། ཇི་སྐད་དུ། བདག་ཉིད་ཀུན་གྱིས་འབྲེལ་ན་ཡང༌། །ཞེས་པར། དབང་དོན་ཕྲད་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་པ་འབྲས་བུ། ཞེས་ཕྱོགས་སྔ་མར་བཞག་ནས་དེ་ཉིད་འགོག་བྱེད་ཀྱི་རིགས་པ་དེ་དང༌། ཇི་སྐད་དུ། ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །འདི་འདྲ་དབང་པོ་ལ་ཡོད་མིན། །ཞེས་པར། བྱེ་བྲག་ཏུ་སྨྲ་བའི་ཚད་འབྲས་ཀྱི་རྣམ་གཞག་འགོག་བྱེད་ཀྱི་རིགས་པ་བཤད་པ་དེ་དག་ཕྱོགས་སྔ་མ་དང་འགོག་བྱེད་ཀྱི་རིགས་པ་གཉིས་ཀ་དོན་གཅིག་ལ་འདུ་བའི་ཕྱིར། དེ་གཉིས་ཀའི་ངག་དོན་ནི། སྔོར་སྣང་དབང་ཤེས་ཀྱིས་སྔོན་པོ་རྟོགས་ལ་སེར་པོ་མ་རྟོགས། སེར་འཛིན་མིག་ཤེས་ཀྱིས་སེར་པོ་ཁོ་ན་རྟོགས་ལ་སྔོན་པོ་མ་རྟོགས་པའི་ཁྱད་པར་མི་འཐད་པར་ཐལ། དེ་དག་གི་བརྟེན་མིག་དབང་གཉིས་པ་སོ་སོར་སྔོ་སེར་གཉིས་ལ་བལྟ་མི་བལྟ་དང༌། མཐོང་མ་མཐོང་དང༌། ཕྲད་མ་ཕྲད་ཀྱི་ཁྱད་པར་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །ཞེས་པ་ཡིན་ལ། བྱེ་སྨྲས་དབང་དོན་ཕྲད་པར་ཁས་བླངས་ཏེ། བོད་ཀྱི་སློབ་དཔོན་སྔ་མ་རྣམས་དེའི་ཚད་འབྲས་ཀྱི་རྣམ་གཞག་འཇོག་པ་ན། ཐུག་ཕྲད་དུ་སྣང་བའི་དོན་དངོས་གཞལ་བྱ། ཞེས་ཟེར་བ་ལྟར་འགྲེལ་པ་འདི་ཉིད་ལས་ཀྱང༌། ཇི་སྐད་དུ། བྱེ་བྲག་ཏུ་བཤད་པ་ལས་ཀྱང་མིག་དང་ཕྲད་ཅིང་རྣམ་པར་ཉམས་སུ་མྱོང་བ་ལ་མཐོང་བ་ཞེས་བྱའོ། །ཞེས་འབྱུང་ངོ༌། །ཞེས་སོ། །འོ་ན་ཇི་སྐད་དུ། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད། ཅེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་དབང་པོ་དང་ཡུལ་གྱི་རྡུལ་ཕྲན་མ་ཕྲད་པ་ལ་ཟེར་བ་ཡིན་ལ། དེ་ལྟ་ན་ཡང་དབང་དོན་ཕྲད་པར་མི་འདོད་པ་ཉིད་དུ་མི་འགྲུབ་སྟེ། ཇི་སྐད་དུ། གསུམ་གཞན་དུ། ཞེས་རྣ་ལྕེ་ལུས་གསུམ་ཡུལ་དང་ཕྲད་པར་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི་བདག་ཉིད་ཀུན་གྱི་ཕྲད་པ་དང་ཕྱོགས་གཅིག་གི་ཕྲད་པ་ནི་རིགས་པ་ཅན་པ་དང་ཁ་ཆེ་བྱེ་སྨྲའི་འདོད་པའི་ཁྱད་པར་དག་སྟེ། རགས་པ་བཅོམ་པ་ན་རྡུལ་ཕྲན་དག་ནི་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱིས་བྱེ་སྨྲའི་ལུགས་གཞིར་བཞག་ནས་བརྟགས་པ་དང༌། མདོ་སྡེ་པས་བྱེ་སྨྲའི་འདོད་པ་མི་འཐད་པར་བརྟགས་པའོ། །དང་པོ་ལ་གཉིས་ཏེ། དབང་པོས་བར་དུ་ཆོད་པའི་གཟུགས་མི་མཐོང་བར་མ་ངེས་པ་དང༌། ཤེས་པས་བར་དུ་ཆོད་པའི་དོན་མཐོང་བར་མ་ངེས་པའི། དང་པོ་ནི། མིག་གི་དབང་པོས་ཆོད་པའི་དོན་མི་མཐོང་ན་ཐོགས་བཅས་ཡིན་པའི་རྒྱུ་མཚན་གྱིས་སམ། མིག་ཀྱང་ལུས་ཀྱི་དབང་པོ་བཞིན་དུ་ཕྲད་ནས་འཛིན་དགོས་པའི་རྒྱུ་མཚན་གྱིས་ཡིན། དང་པོ་ལྟར་ན། འཆིང་བུ་དང༌། ལྷང་ཚེར་དང༌། ཤེལ་དང༌། ཆུ་དག་གིས་བར་དུ་ཆོད་པའི་གཟུགས་ཀྱང་མི་མཐོང་བར་ཐལ་ལོ། །གཉིས་པ་ལྟར་ཡང་མི་འཐད་དེ། རྒྱང་རིང་པོའི་གཟུགས་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཐོགས་བཅས་ཡིན་པའི་རྒྱུ་མཚན་གྱིས་བར་དུ་ཆོད་པའི་དོན་མི་མཐོང་བ་ནི་མ་ཡིན་ཏེ། དེས་དེ་མཐོང་བ་ལ་གེགས་ཡོད་མེད་ཀྱི་དབང་གིས་ཡིན་ནོ། །གཉིས་པ་ནི། མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་བ་ཡིན་ཀྱང་བར་དུ་ཆོད་པའི་གཟུགས་མཐོང་མི་དགོས་ཏེ། མིག་དང་བར་དུ་ཆོད་པའི་གཟུགས་ཀྱིས་ནི་རང་འཛིན་མིག་གི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར། དེས་ན་གཟུགས་གང་ལ་རང་འཛིན་ཤེས་པ་བསྐྱེད་པའི་རྐྱེན་གྱི་བྱ་བ་ཡོད་པ་དེ་ནི་རང་འཛིན་མིག་གི་རྣམ་པར་ཤེས་པས་མཐོང་བ་ལ་མེད་པ་དེ་མི་མཐོང་ངོ༌། །འོ་ན་མདོ་ལས་མིག་གིས་གཟུགས་མཐོང་བར་གསུངས་པ་འགལ་ལོ་ཞེ་ན། དེ་ནི་མིག་ལ་བརྟེན་ནས་མཐོང་བ་ལ་མིག་གིས་མཐོང་བར་བཏགས་པ་ཡིན་ཏེ། དཔེར་ན་ཡིད་ལ་བརྟེན་ནས་ཆོས་རྣམས་ཤེས་པ་ལ་ཡིད་ཀྱིས་ཤེས་པར་བཏགས་པ་བཞིན་ནོ། །ཡིད་ཀྱི་མི་ཤེས་པ་ཅི་ཞེ་ན། ཡིད་ཀྱི་ཤེས་པས་ཆོས་འགའ་ཞིག་ཤེས་པ་དེའི་ཚེ་རྟེན་ཡིད་ནི་འདས་པ་ཁོ་ན་ཡིན་པས་སོ། །འོ་ན་རང་དུས་སུ་མི་ཤེས་པ་ཅི་ཞེ་ན། རང་དུས་སུ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའི་ཡིད་ཅེས་མི་བྱ་བར་བཤད་ཟིན་ཏོ། །གཉིས་པ་ནི། མདོ་སྡེ་པ་རྣམས་ན་རེ། ཁ་ཆེ་བྱེ་སྨྲའི་མིག་ཁོ་ནས་གཟུགས་མཐོང་ཞེས་ཟེར་བ་དང༌། བྱེ་བྲག་ཏུ་སྨྲ་བ་གཞན་དག་མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་ཞེས་ཟེར་བ་གཉིས་ཀ་ཡང་ནམ་མཁའ་ལ་བལྟ་བ་དང་མཚུངས་ཏེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་བསྐྱེད་དགོས་པས་ན་གཅིག་ཡོད་དུས་སུ་ཅིག་ཤོས་མ་སྐྱེས་པ་དང་འགགས་པའི་ཕྱིར། དེས་ན་མིག་གིས་གཟུགས་མཐོང་ཞེས་པ་དང༌། མིག་གི་རྣམ་པར་ཤེས་པས་གཟུགས་ཤེས་སོ་ཞེས་ཟེར་བ་གཉིས་ཀ་ཡང་འཇིག་རྟེན་ན་གྲགས་པ་ཙམ་ཡིན་པས་འདི་ལ་ཞེན་པར་མི་བྱའོ་ཞེས་ཟེར། གོང་དུ་སློབ་དཔོན་གྱིས་བརྟགས་པ་དེ་མདོ་སྡེ་པས་བྱེ་སྨྲ་བཀག་པའི་ལུགས་ཡིན་ནོ་སྙམ་དུ་མི་བསམ་སྟེ། སློབ་དཔོན་གྱིས་བརྟགས་པ་དེར་ནི་མིག་གི་རྣམ་པར་ཤེས་པ་ཁོ་ནས་གཟུགས་མཐོང་བར་བཤད་ལ། དེ་ནི་རྣམ་བཅས་པའི་གྲུབ་མཐའ་ལ་མི་རུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་འགྲེལ་པར། མིག་གིས་གཟུགས་མཐོང་བ་ནི་ཁ་ཆེ་བའི་གྲུབ་མཐའ་ཡིན་ནོ། །ཞེས་དང༌། གཞན་དག་ན་རེ། མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ལ། མིག་ནི་དེའི་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་མཐོང་བ་ཞེས་བྱ་སྟེ། ཞེས་དང༌། མདོ་སྡེ་པ་རྣམས་ན་རེ། ནམ་མཁའ་ལ་བལྟ་བ་འདི་ཅི་དགོས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར། ཞེས་ཟེར་རོ། །ཞེས་དེ་ལྟར་ལུགས་མི་འདྲ་བ་གསུམ་གསལ་བར་བཤད་པ་ཡིན་ནོ། །གྲུབ་པའི་དོན་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་གཉིས་པོ་གང་ཁས་ལེན་ཀྱང་རུང་སྟེ། རྟེན་དབང་པོ་ལྔ་པོ་དེ་དང་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ནི་འདོད་པའམ་ཡང་ན་བསམ་གཏན་དང་པོའི་རྟོག་དཔྱོད་གང་ཡང་རུང་བ་ཁོ་ནར་ངེས་སོ། །དེའི་ཕྱིར་བསམ་གཏན་གཉིས་པ་སོགས་ཀྱི་མིག་ལ་བསམ་གཏན་དང་པོའི་རྟོག་དཔྱོད་གཉིས་པོ་རེས་འཇོག་གི་ཚུལ་གྱིས་བརྟེན་པ་དེའི་ཚེ་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱས་སོ་ཤེས་བྱའི་ཐ་སྙད་དང༌། དེ་བཞིན་དུ་རྣ་བ་དང་ལུས་ཀྱི་རྣམ་པར་ཤེས་པ་ལ་ཡང་སྦྱར་རོ། །གལ་ཏེ་མིག་ལ་བརྟེན་པའི་རྟོག་དཔྱོད་གཉིས་ནི་སེམས་ལས་བྱུང་བ་ཁོ་ན་ཡིན་ལ། དེའི་ཚེ་གཙོ་བོ་མིག་གི་རྣམ་པར་ཤེས་པ་ནི་ཇི་ལྟ་བུ་ཞེ་ན། རང་གི་ཀུན་སློང་གི་རྒྱུ་རྟོག་དཔྱོད་ལས་བྱུང་ཞིང་རང་དུས་སུ་རྟོག་དཔྱོད་དང་མཚུངས་པར་ལྡན་པའི་དོན་གྱི་ངོ་བོ་ཙམ་ཤེས་ཤིང་རིག་པ་ཞིག་གོ །བསམ་གཏན་གཉིས་པ་ཡན་ཆད་ན་སྤྱིར་སྒྲ་དོན་འཛིན་པའི་རྟོག་པ་ཡོད་ཀྱང་འདིར་བསྟན་གྱི་རྟོག་དཔྱོད་ནི་ཡོད་པར་ཁས་མི་ལེན་པ་སྐབས་འདིར་མ་ཟད་གྲུབ་མཐའ་གོང་མ་དག་གི་ཡང་ལུགས་ཏེ། ཤེས་བྱེད་རྒྱས་པར་འོག་ནས་ཀྱང་འཆད་པར་འགྱུར་རོ། །དེ་ནས་ཡང་ཇི་སྐད་དུ། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །ཞེས་པར་སྤྱིར་རགས་པ་རྩོམ་པའི་ཚེ་རྡུལ་ཕྲ་རབ་ཕན་ཚུན་དུ་ཕྲད་པར་ནི་ཁས་མི་ལེན་ཞིང༌། དེའི་དོན་ཡང་འདབ་ཆགས་པར་གནས་པ་ལ་འཆད་པར་དོན་མཐུན་མོད། ཕན་ཚུན་རེག་པར་འདོད་དམ་དེ་ལས་གཞན་དུ་འདོད་ཅེ་ན། འདི་ལ་གཉིས་ཏེ། སྔ་རབས་པའི་ལུགས་བཀོད་པ་དང༌། སློབ་དཔོན་གང་གི་རྗེས་སུ་འབྲང་བའོ། །དང་པོ་ལ་གསུམ་སྟེ། ཁ་ཆེ་བའི་དང༌། བཙུན་པ་དབྱིག་བཤེས་ཀྱི་དང༌། བཙུན་པ་དཔལ་ལེན་གྱི་ལུགས་སོ། །དང་པོ་ནི། རྡུལ་ཕྲ་རབ་རྣམས་ཕན་ཚུན་དུ་མ་རེག་པའི་ཚུལ་དང༌། རགས་པ་རྣམས་ཕན་ཚུན་རེག་པའི་ཚུལ་ལོ། །དང་པོ་ནི། རྡུལ་ཕྲན་རྣམས་ནི་ཕན་ཚུན་དུ་རེག་པ་མེད་དེ། གཞན་དུ་ན་ཕྱོགས་ཐམས་ཅད་ཀྱིས་སམ། ཕྱོགས་གཅིག་གིས་རེག དང་པོ་ལྟར་ན་གཅིག་གི་ནང་དུ་གཅིག་ཐིམ་པར་འགྱུར་ལ། གཉིས་པ་ལྟར་ན་ཆ་དང་བཅས་པར་འགྱུར་རོ། །དེ་ལ་རྒོལ་བ་ནི། འོ་ན་རྩོལ་བྱུང་གི་སྒྲ་མེད་པར་འགྱུར་ཏེ། དབྱུག་གུས་རྔ་ལ་བསྣུན་པ་ལྟ་བུའི་ཚེ་ན་རེག་པ་མེད་པའི་ཕྱིར། ཞེ་ན། དེའི་ཚེ་འབྱར་ལ་མ་རེག་པའི་རྒྱུ་མཚན་གྱིས་སྒྲ་འབྱུང་བ་ཡིན་ཏེ། རེག་ན་གཅིག་གི་ནང་དུ་གཅིག་བྱིང་བར་འགྱུར་བས་སྒྲ་མི་འབྱུང་དགོས་པའི་ཕྱིར་དང༌། རྡོ་བས་རྡོ་བ་ལ་བསྣུན་ན་ཡང་གཅིག་གི་ནང་དུ་གཅིག་ཐིམ་པར་འགྱུར་ཏེ། དེ་དུས་ཀྱི་རྡུལ་ཕྲན་ཐམས་ཅད་ཕན་ཚུན་རེག་པའི་ཕྱིར་རོ། །འོག་ན་རགས་པ་རྣམས་ཕན་ཚུན་དུ་གཅིག་གིས་གཅིག་ལ་བསྣུན་པ་ན་རྡུལ་ཕྲ་རབ་ཀྱི་བར་དུ་ཡ་བྲལ་དུ་ཞིག་པར་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ཕན་ཚུན་དུ་མ་རེག་པར་ཡོད་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། རླུང་གི་ཁམས་ཀྱིས་བཟུང་བའི་ཕྱིར། དེ་ཡང་རླུང་གི་ཁམས་ནི་གཉིས་ཏེ། འཇིག་བྱེད་ཀྱི་དང༌། འཛིན་བྱེད་ཀྱིའོ། །དང་པོ་ནི། བསྐལ་པ་འཇིག་པའི་དུས་ཀྱི་དང༌། གཉིས་པ་ནི། བསྐལ་པ་འཆགས་པའི་དུས་ཀྱི་རླུང་ལྟ་བུའོ། །རེག་པ་མེད་ན་ཕྲད་པ་ཇི་ལྟར་ཞེ་ན། བར་སྟོངས་ཅུང་ཟད་ཀྱང་མེད་པར་གནས་པ་ལ་འདབ་ཆགས་པ་དང་ཕྲད་པ་ཞེས་བྱའོ། །གཉིས་པ་ནི། དེ་ལྟ་ན་ཡང་གཟུགས་ཅན་གྱི་དངོས་པོ་དག་ནང་ཕན་ཚུན་དུ་རེག་པ་མི་སྲིད་པ་ནི་མ་ཡིན་ཏེ། རགས་པ་རྣམས་ཆ་དང་བཅས་པས་ཡིན་པས་ཕྱོགས་གཅིག་རེག་ལ་ཅིག་ཤོས་མ་རེག་པ་དག་སྲིད་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལས་རེག་པས་མ་རེག་པ་བསྐྱེད་པ་དང༌། མ་རེག་པས་རེག་པ་བསྐྱེད་པ་ལ་སོགས་པའི་མུ་བཞི་གསུངས་པ་དང་ཡང་མཐུན་ནོ། །གཉིས་པ་ནི། བཙུན་པ་དབྱིག་བཤེས་ན་རེ་རགས་པ་དང་རྡུལ་ཕྲན་གང་ཡིན་ཀྱང་རེག་པ་མི་སྲིད་དེ། རེག་ན། རྟག་པར་ཐལ་བའི་ཕྱིར། དེའི་ཤེས་བྱེད་ཀྱང་དང་པོར་སྐྱེས་དེ་ནས་རེག་དགོས་པའི་རྒྱུ་མཚན་གྱིས་སོ། །ཞེས་ཟེར་རོ། །གསུམ་པ་ནི། བཙུན་པ་དཔལ་ལེན་ན་རེ། ཕྱོགས་གཉིས་ཀ་ལ་ཡང་རེག་པ་ནི་མེད་དེ། འདབ་ཆགས་པར་སྣང་བ་རེག་གོ་སྙམ་དུ་ཤེས་པར་ཟད་དོ། །ཞེས་ཟེར་རོ། །གཉིས་པ་སློབ་དཔོན་ལུགས་གང་དང་མཐུན་པ་ནི། གཉིས་ཏེ། ལུགས་གསུམ་པ་འཐད་པར་བསྟན་པ་དང༌། དང་པོ་མི་འཐད་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། བཙུན་པའི་ལུགས་འདོད་པར་བྱའོ། །ཞེས་སོ། །འོ་ན་འདི་བྱེ་བྲག་ཏུ་སྨྲ་བའི་ལུགས་དེ་ཉིད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བས་ནི་བར་ན་སྣང་བ་དང་མུན་པ་འཇུག་པའི་སྐབས་མེད་པ་ལ་འདོད་ཀྱི། རྡུལ་ཕྲན་གཞན་འཇུག་པའི་སྐབས་མེད་པར་ནི་མི་འདོད་དེ། རྫས་ཀྱི་རྡུལ་ཕྲ་རབ་རྣམས་ནི་ཐོགས་མེད་དུ་གནས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། དབྱིག་བཤེས་ཀྱི་ལུགས་མི་འཐད་པ་ནི། རེག་ཀྱང་རྟག་པར་ཐལ་བའི་ཁྱབ་པ་མ་ངེས་ཏེ། སྐྱེས་ཙམ་ནས་རེག་པར་ཁས་ལེན་པ་དག་སྲིད་པའི་ཕྱིར་རོ། །བྱེ་སྨྲའི་ལུགས་མི་འཐད་པ་ནི། རགས་པ་རྣམས་ཕན་ཚུན་དུ་རེག་ན་རྡུལ་ཕྲ་རབ་རྣམས་ཀྱང་རེག་པར་ཁས་ལེན་དགོས་ཏེ། རགས་པ་ནི་རང་གི་རྩོམ་བྱེད་རྡུལ་ཕྲ་རབ་བསགས་པ་ལས་གཞན་ན་མེད་པའི་ཕྱིར་རོ། །དེ་བཞིན་དུ་རགས་པ་ཐོགས་བཅས་ཡིན་ན་རྡུལ་ཕྲ་རབ་ཀྱང་ཐོགས་བཅས་སུ་ཁས་ལེན་དགོས་ཏེ། འདུས་པ་གཟུགས་རུང་ཡིན་ན་རྡུལ་ཕྲ་རབ་ཀྱང་དེ་ཡིན་དགོས་པ་བཞིན་ནོ། །དེ་ལྟར་ན་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཁས་ལེན་པ་ན་དེ་དང་དེས་བསགས་པའི་རགས་པ་གཉིས་ཀ་ལ་ཡང་རེག་པ་ཁས་མི་ལེན་ཏེ། གཞན་དུ་ན་རྡུལ་ཕྲན་ཆ་དང་བཅས་པར་ཐལ་བའི་ཕྱིར་དང༌། རྡུལ་ཕྲན་ཐོགས་མེད་དུ་འདོད་པ་ལྟར་ན་ཐོགས་མེད་བསགས་པ་ལས་ཐོགས་བཅས་འབྱུང་བར་མི་རིགས་པའི་ཕྱིར་རོ། །ཞེས་འཆད་པ་ཡིན་ནོ། །ཡང་ཇི་སྐད་དུ། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་པར་དངོས་བསྟན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིད་ཁམས་ནི་རང་དུས་སུ་འདས་པས་ཁྱབ་ལ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་དབང་པོ་ནི་རང་དུས་སུ་འདས་པ་དང་དུས་མཉམ་པ་གཉིས་ཀ་ཡོད་དོ། །ཞེས་པ་འདི་ཡིན་ལ། དེའི་ཚེ་ན་རྣམ་པར་ཤེས་པའི་བདག་རྐྱེན་དུ་གྱུར་པའི་ཡིད་ཀྱི་དབང་པོ་ཡང་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་ཁས་ལེན་པའི་ཕྱིར་དང༌། ལྔ་པོ་ལ་ནི་བདག་རྐྱེན་དང་དེ་མ་ཐག་པའི་རྐྱེན་སོ་སོར་ངེས་པས་དྲུག་པ་དང་མི་མཚུངས་པའི་ཕྱིར་དང༌། ཡིད་ཀྱི་དབང་པོའི་བདག་རྐྱེན་ཅན་གྱི་ཤེས་པ་ཡིན་ན་ཆོས་ཀྱི་སྐྱེ་མཆེད་པའི་ཡུལ་ཅན་དུ་ཐལ་བའི་ཕྱིར། དེས་ན་གཞུང་འདིའི་བསྟན་དོན་གྱི་གཙོ་བོ་ནི་ཡིད་ཀྱི་དབང་པོ་ལ་རིགས་འདྲའི་རྒྱུན་མེད་པ་དང༌། མིག་སོགས་དབང་པོ་ལྔ་ལ་རིགས་འདྲའི་རྒྱུན་ཡོད་པར་འཆད་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་རང་དུས་ན་ནི་ཡིད་ཀྱི་དབང་པོ་ཡོད་པར་ཁས་མི་ལེན་ལ། མིག་གི་རྣམ་པར་ཤེས་པ་ལྟ་བུའི་རང་དུས་ན་ནི་མིག་དབང་ཡོད་པར་བསྟན་པའི་ཕྱིར་རོ། །དེ་ནས་ཡང་ཇི་སྐད་དུ། ལུས་ལ་འོག་མའི་མིག་མ་ཡིན། །ཞེས་པའི་སྐབས་ཀྱི་དོན་ཕལ་ཆེར་ནི་གོང་དུ་རྒྱས་པར་བཤད་ཟིན་པ་ཉིད་ཀྱིས་རྟོགས་ལ། ངག་དོན་མདོར་བསྡུས་པ་ནི། བསམ་གཏན་གཉིས་པ་སོགས་ཀྱི་མིག་ལ་དང་པོའི་མིག་ཤེས་བརྟེན་ཞེས་པའི་དོན་བསམ་གཏན་གཉིས་པ་བས་བསམ་གཏན་དང་པོ་བའི་གང་ཟག་གི་ཤེས་པ་རང་རྒྱུད་ལ་སྐྱེ་དགོས་པ་ནི་མ་ཡིན་ཏེ། གང་ཟག་གཞན་གྱི་ཤེས་པ་གཞན་གྱི་དབང་པོ་ལ་བརྟེན་པ་མི་སྲིད་པའི་ཕྱིར། དེས་ན་སྔར་བཏང་ཟིན་ཀྱང་སླར་ཡང་རང་རྒྱུད་ལ་མངོན་དུ་བྱས་པ་སྟེ། དཔེར་ན་ཉིན་ཞག་གཅིག་གཟུགས་ལ་མི་བལྟ་བར་དམ་བཅས་པའི་གང་ཟག་གིས་བར་སྐབས་སུ་གཟུགས་ལ་བལྟ་འདོད་ཀྱི་ཤེས་པ་མངོན་དུ་བྱས་པ་བཞིན་ནོ། །དེ་ཡང་འདི་ལྟར། བསམ་གཏན་གཉིས་པ་ན་རང་སས་བསྡུས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་མེད་ཅིང་ཡིད་ཀྱི་ཤེས་པ་གཅིག་པུར་གནས་པ་ལས་གཅིག་པུ་དེ་ཉིད་དབང་པོ་སོ་སོའི་སྒོར་ཞུགས་པ་ན། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དང་དེར་འཇོག་དགོས་པ་ཡིན་ལ། དེ་ལྟ་མོད་ཀྱང་རྟོག་དཔྱོད་གཉིས་ཀའམ་རེ་རེ་མངོན་དུ་མ་བྱས་པར་དབང་པོ་སོ་སོའི་སྒོར་འཇུག་མི་ནུས་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྟོག་དཔྱོད་གཉིས་ཀ་དང་མི་ལྡན་པ་རྣམ་པར་དཔྱད་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཚེ་བསམ་གཏན་གཉིས་པ་སོགས་རང་སའི་གཙོ་བོ་སེམས་དབང་པོ་སོ་སོའི་སྒོར་འབྲངས་པ་དེ་ནི་གཙོ་བོ་དང༌། རྟོག་དཔྱོད་གཉིས་ནི་དེའི་འཁོར་སེམས་བྱུང་དུ་ངེས་པ་ཡིན་ལ། གཙོ་བོ་དེ་དབང་པོ་སོ་སོའི་སྒོར་འདྲེན་མཁན་ནི་འཁོར་རྟོག་དཔྱོད་གཉིས་ཀྱིས་བྱས་པ་ཡིན་ཏེ། དཔེར་ན་ཤིང་རྟའི་ཁ་ལོ་པ་བཞིན་ནོ། །དེའི་ཚེ་གཙོ་བོ་མིག་ཤེས་ལྟ་བུ་དེ་རྟོག་དཔྱོད་གཉིས་ཀྱིས་རྩིང་ཞིབ་ཀྱི་རྣམ་པ་ཅན་དུ་མ་བྱས་ན་རྟོག་མེད་ཀྱི་ཤེས་པར་སྐྱེ་རྒྱུ་ཡིན་ཀྱང་དེ་དག་གིས་དེར་མ་བྱས་པ་མི་སྲིད་པའི་ཕྱིར་རྟོག་པ་ཁོ་ནར་ངེས་སོ། །གཙོ་བོ་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པ་དེ་ལྟ་ན་ཡང་ངོ་བོ་ཉིད་ཀྱི་རྟོག་པ་ནི་མ་ཡིན་ཏེ། སེམས་བྱུང་དུ་ཐལ་བའི་ཕྱིར། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་གཉིས་ཀྱང་མ་ཡིན་ཏེ། སེམས་བྱུང་དུ་ཐལ་བ་དང༌། དབང་ཤེས་ཡིན་པའི་རྒྱུ་མཚན་ལས་སོ། །འོ་ན་གཙོ་བོ་དང་འཁོར་ས་མི་མཚུངས་པ་ཡོད་དམ་ཞེ་ན། གཙོ་བོ་དབང་ཤེས་ཀྱི་དབང་དུ་བྱས་ནས་ཞིབ་མོར་དཔྱད་པ་དེའི་ཚེ་དེ་ཡོད་པར་ཁས་ལེན་དགོས་མོད། གནས་གཉིས་པར་གཙོ་བོ་གང་གི་འཁོར་དུ་སེམས་བྱུང་དུ་ཞིག་འབྱུང་དཔྱོད་པའི་སྐབས་སུ་མ་བཤད་པ་དེ་ནི་བསམ་གཏན་གཉིས་པ་ཡན་ཆད་རང་སས་བསྡུས་པའི་གཙོ་བོ་སེམས་ཇི་སྙེད་པ་ཡིད་ཀྱི་ཤེས་པ་ཁོ་ནར་འདུས་པའི་དབང་དུ་བྱས་པ་ཡིན་ཏེ། བདག་རྐྱེན་དབང་པོ་ལྔ་ལ་བརྟེན་པའི་ཚེ་ཡིད་ཀྱི་ཤེས་པར་མི་འཇོག་ལ། དེར་མ་བཞག་ན་བསམ་གཏན་གཉིས་པ་ཡན་ཆད་ཀྱི་སས་བསྡུས་པའི་ཤེས་པར་འགལ་བས་སོ། །དེའི་ཕྱིར་བསམ་གཏན་གཉིས་པ་ཡན་ཆད་ཀྱི་རྟེན་ལ་ཡོད་པའི་ཤེས་པ་ཡིན་ན་རང་གི་ངོ་བོ་རིག་ཅིང་གསལ་ཙམ་གྱི་ཆ་དེ་ལུས་རྟེན་གང་དུ་གཏོགས་པའི་ས་དེ་ཉིད་ཀྱིས་བསྡུས་པས་ཁྱབ་པ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་བོ། །ལེགས་བཤད་གྲུ་ཆེན་བཟུང་བའི་རྣམ་དཔྱོད་ཀྱི། །དེད་དཔོན་བཟང་པོས་ཕུང་སོགས་ཆོས་གསུམ་པོའི། །བརླབས་ཕྲེང་འཛིན་པའི་ཆོས་མངོན་རྒྱ་མཚོ་ཡི། །ཕ་མཐའ་ཆོད་འདི་ཨེ་མ་ངོ་མཚར་ཏོ། །ཞེས་ཆོས་མངོན་པའི་མཛོད་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་ཞིབ་མོར་བཤད་པའི་བསྟན་བཅོས་བྱེ་བྲག་བཤད་མཚོ་ཞེས་བྱ་བ་ལས་གནས་དང་པོ་ཁམས་བསྟན་པའི་མཛོད་འཕྲོས་དོན་དང་བཅས་པ་རྒྱས་པར་བཤད་པ་ཡིན་ནོ།།  །།དེའི་འོག་ཏུ་གནས་གཉིས་པ་དབང་པོ་བསྟན་པའི་མཛོད་ཀྱི་དཀའ་བའི་གནས་རྣམས་ཞིབ་མོར་བཤད་པ་ལ་གཉིས་ཏེ། དབང་པོའི་རྣམ་པར་བཞག་པ་དང༌། འདུས་བས་ཆོས་ཀྱི་སྐྱེ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རྣམ་པར་བཞག་པའོ། །དང་པོ་ནི། རང་གི་དབང་བསྒྱུར་བྱ་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པའོ། །གཉིས་པ་ནི། བདག་པོར་གྱུར་པའི་དོན་གྱིས་ན་དེ་ཞེས་བྱའོ། །གང་ཞིག་གང་གི་བདག་པོར་གྱུར་ཞེ་ན། ཇི་སྐད་དུ། ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད་ཅེས་སོགས་སོ། །འདིར་ལོ་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བ་སྔ་རབས་པའི་ལུགས་ལ་མ་རངས་པར་བསྟན་ནས་རང་གི་ལུགས་ཟུར་དུ་འཆད་པའོ། །གྲངས་ངེས་ལ་བྱེ་སྨྲ་སྔ་རབས་ཀྱི་རང་ལུགས་ནི། སེམས་ཀྱི་རྟེན་དང༌། ཞེས་སོགས་ཀྱིས་འཆད་ལ། སློབ་དཔོན་རང་ཉིད་ཀྱིས་བརྟགས་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི། །ཞེས་སོགས་སོ། །གསུམ་པ་ལ། སོ་སོར་དབྱེ་བ་དང༌། དེའི་ངོས་འཛིན་ནོ། །དང་པོ་ནི། ཉི་ཤུ་རྩ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཀྱི་དབང་པོ་བཅུ་བཞི་དང༌། རྣམ་བྱང་གི་ཕྱོགས་སུ་གྱུར་པའི་དབང་པོ་བརྒྱད་དོ། །དང་པོ་ནི། མིག་སོགས་དབང་པོ་དྲུག ཕོ་མོའི་དབང་པོ་གཉིས། སྲོག་གི་དབང་པོ། ཚོར་བའི་དབང་པོ་ལྔ་རྣམས་སོ། །གཉིས་པ་ནི་དད་སོགས་དབང་པོ་ལྔ། ཟག་མེད་ཀྱི་དབང་པོ་གསུམ་མོ། །དེ་དག་ལས་དང་པོ་བརྒྱད་ནི་གོང་དེ་མ་ཐག་ཏུ་བཤད་ཟིན་ལ། སྲོག་གི་དབང་པོ་ནི་ལྡན་མིན་འདུ་བྱེད་ཀྱི་ནང་དུ་འཆད་པར་འགྱུར་ཞིང༌། དད་སོགས་དབང་པོ་ལྔ་པོ་ཡང་སེམས་བྱུང་གི་ནང་མཚན་དུ་འཆད་པར་འགྱུར་བས་འདིར་ནི་དེར་མ་ཟད་པའི་དབང་པོ་བརྒྱད་པོ་སོ་སོའི་ངོས་འཛིན་དང༌། སྤྱིར་དབང་པོ་ཉེར་གཉིས་པོའི་ཁྱད་པར་གྱི་ཆོས་དང༌། འཐོབ་གཏོང་དང༌། ལྡན་ཚུལ་རྣམས་བཤད་པར་བྱ་བ་ལས། དང་པོ་ལ་གཉིས་ཏེ། ཚོར་བའི་དབང་པོ་ལྔ་ངོས་བཟུང་བ་དང༌། ཟག་མེད་ཀྱི་དབང་པོ་གསུམ་ངོས་འཛིན་པའོ། །དང་པོ་ནི། ཇི་སྐད་དུ། ལུས་ཚོར་སིམ་པ་མ་ཡིན་གང༌། །ཞེས་སོགས་ཀྱིས་འཆད་ལ། འདིར་དངོས་བསྟན་ལ་དྲུག་བཤད་པ་ནི། སེམས་ཚོར་བདེ་བ་ལ་ཡིད་བདེ་བ་དང་སེམས་བདེ་གཉིས་སུ་ཕྱེ་བ་ལས་ཡིན་ཞིང༌། བསྡུ་ན་བདེ་སྡུག་བཏང་སྙོམས་གསུམ་དུ་འདུས་ལ། དེ་ལ་ཡང་ལུས་ཚོར་བདེ་སྡུག་གཉིས་དང༌། སེམས་ཚོར་བདེ་སྡུག་གཉིས་དང༌། ལུས་སེམས་གཉིས་ཀའི་ཚོར་བ་བཏང་སྙོམས་གཅིག་ཏུ་བསྡུས་པ་སྟེ་ལྔའོ། །འོ་ན་ལུས་སེམས་ཀྱི་བདེ་སྡུག་གཉིས་དབང་པོ་སོ་སོར་འཇོག་པ་བཞིན་དུ་ལུས་སེམས་ཀྱི་བཏང་སྙོམས་གཉིས་ཀྱང་དབང་པོ་ཐ་དད་དུ་འཇོག་པར་རིགས་སོ་སྙམ་ན། མི་མཚུངས་ཏེ་ལུས་སེམས་ཀྱི་བདེ་བ་གཉིས་ནི་རྣམ་པ་དང་འཛིན་སྟངས་འགལ། དེ་བཞིན་དུ་ལུས་སེམས་ཀྱི་སྡུག་བསྔལ་གཉིས་ཀྱང་རྣམ་པ་དང་བྱེད་ལས་ཐ་དད། ལུས་སེམས་ཀྱི་བཏང་སྙོམས་གཉིས་ལ་ནི་རྣམ་པ་དང་བྱེད་ལས་ཐ་དད་པ་མེད་པའི་ཕྱིར། དབང་པོ་གཅིག་ཏུ་བྱས་སོ། །ཞེས་དང༌། སེམས་ཀྱི་བདེ་སྡུག་ནི་རྣམ་རྟོག་ཁོ་ན་ལས་སྐྱེས་ཤིང༌། ལུས་ཀྱི་བདེ་སྡུག་ནི་རྣམ་རྟོག་སྤངས་པའི་དགྲ་བཅོམ་པ་རྣམས་ལ་ཡང་ཡུལ་གྱི་དབང་གིས་སྐྱེ་བས་ན་ལུས་སེམས་ཀྱི་དབང་པོ་ཐ་དད་དུ་བཞག་ལ། ལུས་སེམས་གཉིས་ཀའི་ཡང་བཏང་སྙོམས་ནི་རྣམ་རྟོག་ལ་རག་མ་ལས་པར་རང་གི་ངང་གིས་སྐྱེ་བའི་ཕྱིར། དབང་པོ་གཅིག་ཏུ་བཞག་གོ །ཞེས་སྟོན་པ་ནི། ཇི་སྐད་དུ། བཏང་སྙོམས་ནི། བར་མའོ་གཉིས་ཀའི་མི་རྟོག་ཕྱིར། །ཞེས་སོ། །དེ་ལྟར་བཤད་པའི་ཟུར་ལ་སེམས་ཚོར་བདེ་སྡུག་གཉིས་ཀ་ཡང་སྒྲ་དོན་འཛིན་པའི་རྟོག་པ་དང༌། ལུས་ཚོར་ལ་སྒྲ་དོན་འཛིན་པའི་རྟོག་པ་ཡིན་མིན་གཉིས་ཀ་ཡོད་པ་དང༌། བཏང་སྙོམས་ནི་རྟོག་མེད་ཁོ་ནར་ངེས་པ་ལྟ་བུའི་རྣམ་པར་བཞག་པ་སྣང་བ་ལ་ཅུང་ཟད་ཞིབ་མོར་ཕྱེ་ནས་ཤེས་དགོས་སོ། །འོ་ན་སེམས་ཀྱི་ཚོར་བ་བདེ་བ་ལ་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ཞེས་གཉིས་སུ་འབྱེད་པའི་རྒྱུ་མཚན་ཅི། དེ་ལ་དེ་གཉིས་སུ་འབྱེད་པའི་ཤེས་བྱེད་ཡང་དག་ཡོད་པ་དེ་ལྟ་ན། ལུས་ཚོར་བདེ་བ་ལ་ཡང་བདེ་བའི་དབང་པོ་དང་ལུས་བདེ་གཉིས་སུ་འབྱེད་རིགས་པར་འགྱུར་ཏེ། ལུས་ཤིན་ཏུ་སྦྱངས་པའི་བདེ་བ་དང༌། ལུས་ཚོར་བདེ་བ་ཙམ་གཉིས་སུ་དབྱེར་ཡོད་པའི་ཕྱིར། ཞེ་ན། དང་པོའི་ལན་ནི། སེམས་བདེ་བ་ལ་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། དེ་ལྟར་མ་ཕྱེ་ན་སེམས་ཚོར་གཞིར་བྱས་ཀྱི་དགའ་བདེ་གཉིས་ཀྱི་ཤན་མི་ཕྱེད་པའི་ཕྱིར་དང༌། བསམ་གཏན་དང་པོ་གཉིས་ཀྱི་བདེ་བ་དང་བསམ་གཏན་གསུམ་པའི་བདེ་བ་ཡང་ལུས་སེམས་གང་གི་དབང་དུ་བྱས་པ་ཡིན་གྱི་ཁྱད་པར་མི་ཕྱེད་པའི་ཕྱིར་དེའི་ཤེས་བྱེད་ཀྱང་སེམས་ཀྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གཅིག་ཉིད་ལ་ཡིད་བདེ་ཡིན་མིན་གྱི་ཁྱད་པར་གཉིས་ཡོད་པའི་ཤན་མ་ཕྱེད་ན་བསམ་གཏན་གསུམ་པ་ན་ཡོད་པའི་སེམས་ཚོར་སིམ་པ་དེ་ཡང་ཡིད་བདེ་བའི་དབང་པོ་ཉིད་དུ་དོགས་པར་འགྱུར་བ་དང༌། འདོད་པ་དང་བསམ་གཏན་དང་པོ་སོགས་ཀྱི་སེམས་ཚོར་སིམ་པ་དེ་ཡང་སེམས་བདེ་ཉིད་དུ་དོགས་པར་འགྱུར་ལ། དེའི་ཚེ་ན་ནི་བསམ་གཏན་གསུམ་པར་དགའ་བ་ཡན་ལག་ཏུ་ལྡན་པ་དང༌། བསམ་གཏན་དང་པོ་གཉིས་སུ་བདེ་བ་ཡན་ལག་ཏུ་ལྡན་པར་འགྱུར་ཏེ། ཇི་སྐད་དུ། ལུང་རྣམས་གཉིས་ཕྱིར་དགའ་ཡིད་བདེ། །ཞེས་དགའ་བའི་ངོས་འཛིན་ནི་ཡིད་བདེ་བ་ཁོ་ན་ལ་བཤད་པའི་ཕྱིར་དང༌། འདོད་པ་དང༌། བསམ་གཏན་དང་པོ་གཉིས་ན་སེམས་ཀྱི་ཚོར་བ་སིམ་པར་མྱོང་བ་ཡོད་པས་སོ་སྙམ་པའི་དོགས་པ་དེ་དག་འགོག་པའི་ཕྱིར་དུ་སེམས་བདེ་ལ་གཉིས་སུ་ཕྱེ་བ་ཡིན་ནོ། །ཞེས་སྟོན་པ་ནི། ཇི་སྐད་དུ། བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡི་བདེ་བ་ཡིན། །ཞེས་སོ། །འོ་ན་ཞར་ལ་བདེ་བ་དང་ཡིད་བདེ་བའི་ཁྱད་པར་གང༌། བསམ་གཏན་དང་པོ་གཉིས་སུ་ཕན་ཡོན་གྱི་ཡན་ལག་ཡིན་པར་བཤད་པའི་བདེ་བ་དེ་བསམ་གཏན་གསུམ་པའི་ཡན་ལག་ཏུ་མི་འཇོག་པའི་རྒྱུ་མཚན་ཅི། དེ་དེར་མི་འཇོག་ན་བསམ་གཏན་གཉིས་པར་ཡང་དེ་ཡན་ལག་ཏུ་མི་འཇོག་པ་ཉིད་དུ་མཚུངས་ཏེ། བསམ་གཏན་གཉིས་པ་ཡན་ཆད་ན་རང་སས་བསྡུས་པའི་ལུས་ཚོར་མེད་པར་ནི་མཚུངས། རེག་བྱ་མྱོང་འདོད་ཀྱི་བློ་སྐྱེས་པའི་ཚེ་བསམ་གཏན་དང་པོའི་ལུས་ཚོར་མངོན་དུ་བྱེད་དགོས་པར་ནི་བསམ་གཏན་བཞི་ཀ་མཚུངས་པའི་ཕྱིར་ཞེ་ན། ཁྱད་པར་དང་པོ་ནི། སེམས་ཚོར་སིམ་པ་གཞིར་བྱས་ལ་དགའ་བ་ཉོན་མོངས་ཅན་དང་བྲལ་མ་བྲལ་གྱིས་འབྱེད་པ་ཡིན་ལ། དེའི་དོན་ཡང་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཡིན་མིན་གྱིས་འབྱེད་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་བསམ་གཏན་དང་པོ་གཉིས་ཀྱི་དགའ་བས་ནི་དེ་ལ་རོ་མྱང་བའི་སྲེད་པ་འདྲེར་བར་བྱེད་ཅིང༌། བསམ་གཏན་གསུམ་པའི་དེས་འདྲེན་པར་མི་བྱེད་པའོ། །འོ་ན་བསམ་གཏན་གསུམ་པའི་རོ་མྱང་མཚུངས་ལྡན་གྱི་སྲེད་པ་དེ་གང་ལ་དམིགས་ནས་སྐྱེ་ཞེ་ན། གསུམ་པའི་བདེ་བ་དག་པ་པ་ཉིད་ལ་དམིགས་ནས་སོ། །འོ་ན་སྔ་མ་དང་ཁྱད་པར་མེད་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། གསུམ་པའི་བདེ་བས་ནི་སེམས་བདེ་བར་བྱེད་ཀྱི་ཡིད་དགའ་བར་བྱེད་པ་མ་ཡིན་པས་སོ། །ཡང་བསམ་གཏན་དང་པོ་གཉིས་ཀྱི་ཡན་ལག་ཏུ་གཞག་པའི་བདེ་བ་དེ་ཚོར་བ་བདེ་བར་ཁས་བླངས་ན་དོགས་པ་དེ་དག་མཚུངས་ཀྱང་དེར་ཁས་ལེན་པ་མ་ཡིན་ཏེ། ལུས་ཚོར་དུའང་མི་འདོད་སེམས་ཚོར་དུའང་མི་རིགས་པའི་ཕྱིར་ཏེ། ལུས་ཚོར་ནི་ངོ་བོ་ཉིད་ཀྱི་ཕྱི་རོལ་དུ་གཡེངས་པས་ཏིང་ངེ་འཛིན་གྱི་ས་པར་མི་རུང་བའི་ཕྱིར་དང༌། སེམས་ཚོར་བདེ་བ་ནི་བསམ་གཏན་གཉིས་པ་མན་ཆད་དུ་ཡིད་བདེ་བ་ཉིད་ཡིན་པས་དགའ་བའི་ཡན་ལག་ཏུ་འདུས་པའི་ཕྱིར། དེས་ན་དང་པོ་གཉིས་ཀྱི་ཡན་ལག་ནི་ལུས་ཤིན་ཏུ་སྦྱངས་པའི་བདེ་བའོ། །འོ་ན་བསམ་གཏན་བཞི་པ་ཡན་ཆད་དུ་ཡང་དེ་ཡན་ལག་ཏུ་བཞག་རིགས་པར་མཚུངས་སོ། །ཤེ་ན། མ་ཡིན་ཏེ། དེ་དག་ཏུ་ནི་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་དང་བཏང་སྙོམས་ལུས་ཤིན་ཏུ་སྦྱངས་ཀྱི་བདེ་བ་ལས་ཁྱད་པར་དུ་འཕགས་པ་དག་ཡོད་པས་ཟིལ་གྱིས་མནན་པའི་ཕྱིར་རོ། །གཉིས་པ་ཟག་མེད་ཀྱི་དབང་པོ་ངོས་འཛིན་པ་ནི། ཇི་སྐད་དུ། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན། ཞེས་པ་སྟེ། དེ་ནི་ལམ་གསུམ་པོའི་སྐབས་ཀྱི་དད་སོགས་ལྔ་དང༌། བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་གསུམ་དང༌། ཡིད་ཀྱི་དབང་པོ་སྟེ་དགུ་པོ་ལམ་གསུམ་གྱི་ངོ་བོར་སྐྱེས་པ་དེ་དག་གོ །འདི་དག་ཀྱང་རིགས་ལ་བསམ་པ་ཡིན་གྱི་རྫས་དགུ་པོ་གཅིག་ཆར་ཏུ་ཡོད་སྲིད་པ་ནི་མ་ཡིན་ཏེ། ལམ་གསུམ་པོ་ཟག་མེད་ས་དགུ་པོ་གང་རུང་ལ་བརྟེན་པའི་ཚེ་ན་བདེ་སོགས་གསུམ་པོ་ས་གཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར། འདིར་བཤད་པའི་སྒོམ་ལམ་དེ་ཡང་སྤྱི་ཙམ་ནས་མ་ཡིན་ཏེ། སོ་སོ་སྐྱེ་བོའི་སྒོམ་ལམ་ལ་ཁྱབ་ཆེས་པའི་ཕྱིར། འཕགས་པའི་ཡང་སྒོམ་ལམ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ཇི་སྐད་དུ། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ་ཞེས་དེ་ལའང་ཟག་པ་དང་བཅས་པ་དག་ཡོད་པའི་ཕྱིར་རོ། །དེ་ལྟར་མཚན་གཞི་ངོས་བཟུང་ནས་ཁྱད་པར་གྱི་ཆོས་ལ་ཟག་པ་དང་བཅས་མ་བཅས་ལ་སོགས་པ་དུ་མའི་སྒོ་ནས་བཤད་པར་བྱ་བ་ལས། དང་པོར་ཇི་སྐད་དུ། གསུམ་ནི་དྲི་མ་མེད། །ཞེས་གསུངས་པ་ལས་ནི་རྣལ་འབྱོར་སྤྱོད་པ་པ་དག་མི་ཤེས་པ་ཀུན་ཤེས་པའི་དབང་པོ་སྦྱོར་ལམ་གྱི་ངོ་བོར་གྱུར་པ་དག་ཡོད་པར་འདོད་པ་ཡང་བསལ་བ་ཡིན་ཏེ། ངེས་འབྱེད་ཆ་མཐུན་ནི་མཐའ་གཅིག་ཏུ་ཟག་པ་དང་བཅས་པ་ཁོ་ནར་ངེས་པའི་ཕྱིར་དང༌། འཕགས་ལམ་གྱི་རྟོགས་པ་སྔོན་དུ་སོང་བའི་ངེས་ཆ་ནི་འདིར་མི་འདོད་པའི་ཕྱིར་རོ། །ཡང་གལ་ཏེ་རྩ་བར། ཇི་སྐད་དུ། དགུ་རྣམ་གཉིས་ཞེས་པ་ནི། མི་དགོས་ཏེ། གསུམ་དྲི་མེད་ཡིན་པ་དང༌། གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཅེས་དགུ་པོ་མཐའ་གཅིག་ཏུ་ཟག་པ་དང་བཅས་པར་བཤད་ཟིན་པས་དགུ་པོ་ལ་རྣམ་པ་གཉིས་ཡོད་པར་ཤུགས་ལ་རྟོགས་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ལྟར་བཤད་པ་དེ་ནི་དད་སོགས་དབང་པོ་ལྔ་པོ་མཐའ་དག་གཅིག་ཏུ་ཟག་མེད་ཡིན་པར་འདོད་པའི་ལུགས་ཡོད་པས་དེ་དགག་པར་བྱ་བའི་ཆེད་ཡིན་པས་སོ། །ལུགས་དེ་ཇི་ལྟར་ཡོད་ཅེ་ན། སྡེ་པ་ཁ་ཅིག་ན་རེ། མདོ་ལས། གང་ལ་དབང་པོ་ལྔ་པོ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོ་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ། །ཞེས་གསུངས་པས་སོ། །ཞེས་ཟེར་རོ། །ལུང་དེ་ལས་ནི་དེ་དག་ཟག་མེད་ཁོ་ནར་མི་འགྲུབ་སྟེ། ལུང་དེ་ནི་ཕྱི་རོལ་པའི་སོ་སོ་སྐྱེ་བོ་ལ་དགོངས་པའི་ཕྱིར། འོ་ན་དད་སོགས་དབང་པོར་འཇོག་པའི་ས་མཚམས་གང་ནས་ཡིན་ཞེ་ན། འོག་ནས། ཇི་སྐད་དུ། ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་བཤད་པ་ལྟར་བདེན་པའི་རྣམ་པ་ཅན་དུ་ནམ་སྐྱེས་པ་དེའི་ཚེ་ནས་དེར་འཇོག་སྟེ། དེ་ནས་འཕགས་ལམ་བསྐྱེད་པ་བདག་པོར་གྱུར་པའི་ཕྱིར། །ཡང་ཇི་སྐད་དུ། སྲོག་ནི་རྣམ་སྨིན་ཞེས་སྲོག་དབང་ལ་མཐའ་གཅིག་ཏུ་རྣམ་སྨིན་གྱིས་ཁྱབ་པར་བཤད་པ་ལ་འོ་ན་དགྲ་བཅོམ་པས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་དུས་ཀྱི་སྲོག་གི་དབང་པོ་དེ་རྣམ་པར་སྨིན་པ་ཇི་ལྟར་ཡིན། ཞེ་ན། འདིའི་ལན་ལ་ལུགས་གསུམ་སྟེ། བྱེ་བྲག་ཏུ་སྨྲ་བ་སྤྱིའི་ལུགས་དང༌། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་དང༌། སློབ་དཔོན་ཉིད་ཀྱིས་རྣམ་པར་བརྟགས་པའོ། །དང་པོ་ལ་གཉིས་ཏེ། ཕལ་ཆེ་བའི་ལུགས་དང༌། འགའ་ཞིག་གི་ལུགས་སོ། །དང་པོ་ནི། སྤྱིར་ཚེའི་འདུ་བྱེད་རིང་པོར་སྲིང་བ་དེ་ལ་རྟེན་གྱི་གང་ཟག་ནི་དགྲ་བཅོམ་པ་དུས་མི་སྦྱོར་བ་ཞིག་གིས་སྲིང་དགོས་པ་ཡིན་ཏེ། དེ་སྲིང་བ་ལ་རྒྱུད་ཉོན་མོངས་པས་མ་གོས་པ་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པ་ཞེས་བྱ་བའི་ཁྱད་པར་གཉིས་དང་ལྡན་པ་ཞིག་དགོས་པའི་ཕྱིར། གནས་ནི། མིའི་ནང་ཁོ་ན་ཏེ། དབང་པོ་རྣོ་ཞིང་སྐྱོ་བ་ཤས་ཆེ་བའི་ཕྱིར། སེམས་རྟེན་ནི་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་ཏེ། དེ་ལ་མ་བརྟེན་པར་ཏིང་ངེ་འཛིན་ལ་དབང་ཐོབ་པ་མི་འབྱུང་ཞིང༌། དེ་མེད་པར་ཚེ་འདོར་ལེན་ལ་དབང་བ་མི་འབྱུང་བའི་ཕྱིར། ཚུལ་འདི་ཡུལ་ཁྱད་པར་ཅན་གྱི་དྲུང་དུ་ལྷུང་བཟེད་དམ་ཆོས་གོས་སམ་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཕུལ་ནས་རབ་མཐའ་ལ་སྙོམས་པར་འཇུག་ཅིང༌། དེ་ལས་ལངས་ནས་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚེའི་རྣམ་པར་སྨིན་པར་གྱུར་ཅིག ཅེས་སེམས་བསྐྱེད་ཅིང་ཚིག་ཏུ་ཡང་སྨྲ་བར་བྱེད་དོ། །དགོས་པ་ནི་གཞན་ལ་ཕན་པ་དང་བསྟན་པ་གནས་པ་ལ་སོགས་པའི་དོན་དུའོ། །དུས་ནམ་གྱི་ཚེ་དེ་དེར་སྨིན་ནུས་པ་ཡིན་སྤྱིར་མཐོང་ཆོས་ལ་སྟེ་གཞན་དུ་དགོས་པ་མེད་པའི་ཕྱིར། དེ་ལྟ་ན་ཡང་སྨོན་ལམ་བཏབ་པའི་དེ་མ་ཐག་ཏུ་ནི་མ་ཡིན་ཏེ། དཔེར་ན་ས་བོན་བཏབ་མ་ཐག་ཏུ་མྱུ་གུ་མི་འཁྲུངས་པ་བཞིན་ནོ། །དུས་ཀྱི་ཁྱད་པར་དེ་ཡང་དཔེར་ན། ཟླ་བ་གཉིས་ནས་ཚེའི་དུས་བྱེད་རྒྱུ་ཡིན་པ་ལ་ཚེ་སྲིང་བའི་ཆོ་ག་དེ་ལྟར་བྱས་པས་དེའི་རྣམ་སྨིན་ཟླ་བ་གཉིས་ཕན་ཆད་དུ་སྨིན་ནས་ལོ་མང་པོར་ཚེའི་དུས་མི་འབྱུང་བ་ལྟ་བུའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཚེའི་འདུ་བྱེད་བསྲིངས་པའི་དུས་ཀྱི་སྲོག་གི་དབང་པོ་དེ་སྐྱེ་བ་སྔ་མའི་ཚེའི་འདུ་བྱེད་ཀྱིས་ཕན་བྱེད་ཀྱིས་འཕངས་པའི་རྣམ་སྨིན་མ་ཡིན་ཀྱང་སྤྱིར་རྣམ་པར་སྨིན་པ་ཡིན་ཏེ། ཚེ་འདི་ཉིད་ལ་བསགས་པའི་ལོངས་སྤྱོད་ཀྱི་རྣམ་སྨིན་ཚེའི་རྣམ་སྨིན་དུ་སྨིན་པའི་ཕྱིར། ཞེས་པའོ། །རྣམ་སྨིན་འདོད་རྒུར་འབྱུང་བ་འགལ་ལོ་སྙམ་ན། མ་ཡིན་ཏེ། བེམ་པོར་གྱུར་པའི་རྣམ་སྨིན་ནི་དེར་འགལ་ཡང༌། ཇི་སྐད་དུ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །ཅེས་འབྱུང་བ་ལྟར། མཚུངས་ལྡན་དུ་གྱུར་པའི་རྣམ་སྨིན་ནི་འདོད་རྒུར་ཡང་འབྱུང་བའི་ཕྱིར། གཉིས་པ་ནི། བྱེ་སྨྲའི་ནང་མཚན་ཁ་ཅིག་ན་རེ། དགྲ་བཅོམ་པ་དག་གིས་ཚེ་སྲིང་ཚུལ་དེ་ལྟར་བཤད་པ་དེ་ལོངས་སྤྱོད་ཀྱི་འབྲས་བུ་སྐྱེ་བ་འདི་ཉིད་ལ་ཚེ་སྨིན་པ་མ་ཡིན་གྱི་ཚེ་སྔ་མ་དག་ཏུ་བར་མ་དོར་ཤི་འཕོས་ནས། ཚེའི་ལྷག་མ་ལུས་པ་དེ་དང༌། དེ་བསམ་གཏན་གྱི་རབ་མཐའ་དང་ལོངས་སྤྱོད་ཕུལ་བའི་སྟོབས་ཀྱིས་འདྲེན་པར་བྱེད་པ་ཡིན་ནོ། །དེས་ན་དེ་འདྲ་ཡང་སྲོག་གི་དབང་པོ་འཕེན་བྱེད་ཀྱི་ལས་ཀྱིས་འཕངས་པའི་རྣམ་སྨིན་དངོས་ཡིན་ནོ། །དེའི་ཕྱིར་ལོངས་སྤྱོད་ནི་རྣམ་སྨིན་དེའི་འགྲུབ་བྱེད་ཀྱི་རྒྱུ་ཡིན་པས་དེའི་རྣམ་སྨིན་དུ་བཏགས་པ་ཙམ་མོ་ཟེར། གཉིས་པ་ནི། བཙུན་པ་དབྱངས་སྒྲོགས་ན་རེ། དེ་ལྟར་ཚེའི་འདུ་བྱེད་བསྲིངས་པའི་དུས་ཀྱི་སྲོག་གི་དབང་པོ་དེ་སྤྱིར་རྣམ་སྨིན་མ་ཡིན་ཏེ། འདོད་པའི་ལུས་རྟེན་དེ་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གཟུགས་ཁམས་ཀྱི་སས་བསྡུས་པའི་འབྱུང་བ་ཆེན་པོ་ཚེ་དང་མཐུན་པ་དག་མངོན་དུ་བྱས་ནས་ཚེའི་འདུ་བྱེད་འཇོག་པར་བྱེད་པ་ཡིན་པའི་ཕྱིར། དེས་ན་སྲོག་གི་དབང་པོ་ཕལ་ཆེ་བ་རྣམ་པར་སྨིན་པ་ཡིན་ཀྱང་སེམས་པ་དང་ཏིང་ངེ་འཛིན་གྱི་མཐུས་ཚེ་བསྲིངས་པའི་དུས་ཀྱི་དེ་འདྲ་དེ་རྣམ་པར་སྨིན་པའི་འབྲས་བུ་མ་ཡིན་ནོ། །ཞེས་འཆད། གཉིས་པ་ནི། སློབ་དཔོན་ཉིད་ཀྱང་དབྱངས་སྒྲོགས་ཀྱི་ལུགས་དང་མཐུན་པར་བཞེད་དེ། རང་འགྲེལ་ལས། ཇི་སྐད་དུ། འདི་ལྟ་བུ་ཡིན་ཏེ། དེ་དག་གི་དེ་ལྟ་བུ་དེ་ནི་ཏིང་ངེ་འཛིན་གྱི་མཐུ་ཁོ་ན་སྟེ། དེས་སྔོན་གྱིས་ལས་ལས་སྐྱེས་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་འཕེན་པ་ནི་ཟློག་པར་བྱེད་ལ། སྔོན་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་འཕེན་པ་ནི་འཕེན་པར་བྱེད་དེ། དེ་ལྟ་བས་ན་སྲོག་གི་དབང་པོ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ལ། དེ་ལས་གཞན་པ་ནི་རྣམ་པར་སྨིན་པ་ཡིན་ནོ། །ཞེས་གསུངས་སོ། །ཞར་ལ་ཚེའི་འདུ་བྱེད་འདོར་བའི་ཚུལ་དང་དེའི་དགོས་པ་ནི་གང་ཞེ་ན། ཚུལ་དང་རྒྱུ་ནི་སློབ་དཔོན་ཉིད་ཀྱི་བཞེད་པས་རབ་མཐའི་ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་ཏེ་གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་ལས་ཀྱིས་འཕངས་པའི་འབྱུང་བ་དང་འགལ་བ་གཅིག་མངོན་དུ་བྱས་ནས་སོ། །དགོས་པ་ནི་གསོན་པ་ན་བསྟན་པ་དང་སེམས་ཅན་སོགས་ལ་ཕན་པ་ཆུང་བ་དང་སྡུག་བསྔལ་གྱི་ཕུང་པོ་ནད་ལ་སོགས་པས་གདུངས་པ་ལ་འཇིགས་ནས་དེ་ལས་གྲོལ་བའི་དོན་དུའོ། །དེ་སྐད་དུ་ཡང༌། མདོ་ལས། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང༌། །ལམ་ལའང་ཤིན་ཏུ་སྒོམས་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་གསུངས་པ་ལྟར་རོ། །ཡང་འོ་ན་མདོ་ལས། བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་གཏོང་ངོ༌། །ཞེས་གསུངས་ན་ཚེ་དང་སྲོག་ལ་ཁྱད་པར་ཅི་ཡོད། །ཅེ་ན། བྱེ་སྨྲ་ཁ་ཅིག་ན་རེ། ཁྱད་པར་ཅུང་ཟད་ཀྱང་མེད་དེ། བསྟན་བཅོས་ལས། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེའོ། །ཞེས་གསུངས་པས་སོ། །སོ་སོར་སྨོས་པ་ནི་སྡེབ་སྦྱོར་གྱི་དོན་དུའོ། །ཞེས་ཟེར། ཡང་བྱེ་སྨྲ་ཁ་ཅིག་ན་རེ། སྔོན་གྱི་ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་ཡིན་ལ། དེ་ལྟར་བྱུང་བའི་ལས་ཀྱི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཡིན་ནོ། །ཞེས་ཟེར། འོ་ན་ཚེ་དང་སྲོག་གཉིས་ཀ་ལ་དག་ཅེས་མང་ཚིག་འབྱུང་བ་ཅི་ཞེ་ན། བྱེ་སྨྲ་ཁ་ཅིག་ན་རེ། སྐད་ཅིག་མ་རེ་རེ་ཁོ་ན་ལ་བྱིན་གྱིས་བརློབ་གཏོང་མེད་པས་སྐད་ཅིག་མང་པོ་དག་མཚོན་པའི་ཕྱིར་དུའོ། །ཞེས་ཟེར། ཁ་ཅིག་ན་རེ། ཚེ་སྲོག་གཉིས་ཀ་ཡང་རང་གི་ཆ་ཤས་སུ་གྱུར་པའི་རྫས་མང་པོ་ཚོགས་པ་ལ་དེ་ཞེས་བྱའོ། །སྐད་ཅིག་རེ་རེ་ཁོ་ན་ཚེ་སྲོག་ཏུ་འཇོག་པ་མ་ཡིན་ནོ། །ཞེས་བྱ་བའི་ཕྱིར་དུའོ། །ཞེས་ཟེར། ཡང་འོ་ན། བཅོམ་ལྡན་འདས་ཀྱིས་སྐུ་ཚེའི་འདུ་བྱེད་གཏོང་བ་དང་བྱིན་གྱིས་བརློབས་པ་གཉིས་ཀ་མཛད་པ་ཅི་ཞེ་ན། འཆི་བ་ལ་དབང་བ་ཉིད་དུ་བསྟན་པའི་ཕྱིར་དུ་ནི་བཏང་ལ། ཚེ་ལ་དབང་བ་ཉིད་དུ་བསྟན་པའི་ཕྱིར་ནི་ཟླ་བ་གསུམ་བྱིན་གྱིས་བརླབས་སོ། །དེ་ལས་ལྷག་པ་ནི་མ་རླབས་ཏེ། གདུལ་བྱའི་དོན་མེད་པའི་ཕྱིར་རོ། །འོ་ན་བརླབས་པ་དང་བཏང་བ་གཉིས་གཞི་གཅིག་ལ་མི་འགལ་བ་ཅི་ཞེ་ན། སྤྱིར་བྱིན་གྱིས་བརླབས་པ་ནི་བསྐལ་པའམ་དེ་ལས་ལྷག་པར་ཡང་བརླབས་པ་ཡིན་ལ། དེ་ལྟར་བརླབས་པ་དེ་ལས་ཟླ་བ་གསུམ་དུ་ནི་གནས་ལ་དེ་ཕན་ཆད་ནི་དོར་བའོ། །ཞེས་པ་ནི། སློབ་དཔོན་རང་གིས་བརྟགས་པ་ཡིན་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བདུད་བཞི་ལས་རྒྱལ་ལོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་སྟེ། ཕུང་པོའི་བདུད་ལས་རྒྱལ་བར་ཤེས་པའི་ཕྱིར་དུ་སྐུ་ཚེའི་འདུ་བྱེད་དོར་ལ། འཆི་བདག་གི་བདུད་ལས་རྒྱལ་ལོ་ཞེས་པའི་ཕྱིར་དུ་ནི་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་སོ། །ལྷའི་བུའི་བདུད་དང་ཉོན་མོངས་པའི་བདུད་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་ལྷའི་བུའི་བདུད་དང་ཐོ་རངས་ཉོན་མོངས་པའི་བདུད་ལས་རྒྱལ་ལོ། །ཞེས་འཆད་དོ། །འོ་ན་ཕུང་པོ་དང་འཆི་བདག་གི་བདུད་མ་བཅོམ་པའི་སངས་རྒྱས་ཁས་ལེན་ནམ་ཞེ་ན། ལེན་པ་མ་ཡིན་ཏེ། ཕུང་པོའི་བདུད་དང་མ་བྲལ་ཀྱང་སྤངས་ཟིན་པའི་ཕྱིར་དང༌། རྒྱུ་ལས་དང་ཉོན་མོངས་མ་ལུས་པར་སྤངས་པ་ལ་དེའི་འབྲས་བུ་འཆི་བདུད་མ་སྤངས་པ་མི་སྲིད་པའི་ཕྱིར་དང༌། འོ་ན་རྫོགས་པའི་སངས་རྒྱས་ལ་འཆི་བ་ཡོད་པར་ཁས་མི་ལེན་ནམ་ཞེ་ན། མ་ཡིན་ཏེ། འཆི་བདག་གི་བདུད་བཅོམ་པ་ལ་མི་འཆི་བས་མ་ཁྱབ་པའི་ཕྱིར་དང༌། སྔོན་གྱི་ལས་ཀྱིས་འཕངས་པའི་ཚེའི་ཚད་ལས་ལྷག་པར་གནས་པའི་ནུས་པ་མེད་པ་ལ་འཆི་བདག་གི་བདུད་དང༌། དེ་ལས་ལྷག་པར་གནས་པའི་མཐུ་གྲུབ་པ་ལ་དེ་བཅོམ་པར་འཇོག་པའི་ཕྱིར་རོ། །དེ་ནས་ཇི་སྐད་དུ། བཅུ་གཉིས་གཉིས་ཤེས་བཤད་པ་དེའི་དོན་ནི་བཅུ་གཉིས་ཁོ་ན་ལ་གཉིས་སྲིད་པ་དང༌། གཉིས་ཁོ་ན་ཡོད་པ་ནི་བཅུ་གཉིས་སོ། །ཞེས་པའི་དོན་ཡིན་ལ། འོ་ན་མིག་སོགས་དབང་པོ་གཟུགས་ཅན་ས་བདུན་ལ་རྣམ་སྨིན་མ་ཡིན་པར་ཇི་ལྟར་ཡོད་དེ། འཕེན་བྱེད་ཀྱི་ལས་ཀྱིས་མ་འཕངས་པ་དག་སྲིད་པར་འགྱུར་རོ། །ཞེ་ན། ངོ་བོ་རྣམ་སྨིན་གྱི་འབྲས་བུ་མ་ཡིན་པ་མི་སྲིད་ཀྱང་ལྡོག་ཆ་སོ་སོར་ཕྱེ་བ་ན། རྒྱས་བྱུང་གི་ཆ་རྣམས་རྣམ་སྨིན་སྐྱེས་མ་ཡིན་པ་ལ་བསམ་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་སྨིན་ལས་སྐྱེས་པ་དང༌། །རྒྱས་པ་ལས་བྱུང་ནང་གི་ལྔ། །ཞེས་འབྱུང་བ་ལྟར་རོ། །གལ་ཏེ་ཡིད་མི་བདེ་བའི་རྣམ་སྨིན་མ་ཡིན་པས་ཁྱབ་པ་ཡོད་ན། མདོ་ལས། ལས་ནི་གསུམ་སྟེ། ཡིད་བདེ་བ་མྱོང་བར་འགྱུར་བ་དང༌། ཡིད་མི་བདེ་བ་མྱོང་བར་འགྱུར་བ་དང༌། བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་ལས་ལ་ཡིད་མི་བདེ་མྱོང་བའི་ལས་ཞེས་བཏགས་པ་ཡིན་ཏེ། བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་རེག་པ་ལ་བདེ་བ་མྱོང་འགྱུར་གྱི་རེག་པ་ཞེས་ཟེར་བ་བཞིན་ནོ། །འོ་ན་ཡིད་བདེ་དང་བཏང་སྙོམས་མྱོང་འགྱུར་ཡང་དེ་དང་འདྲའམ་ཞེ་ན། མི་འདྲ་སྟེ། གཉིས་པོ་དེ་དག་ལ་ནི་མཚུངས་ལྡན་གྱིས་དུས་སུ་མྱོང་བ་རྣམ་སྨིན་གྱི་དུས་སུ་མྱོང་བ་གཉིས་ཀ་ཡོད་པའི་ཕྱིར་རོ། །གལ་ཏེ་ཡིད་བདེ་བ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པར་འཆད་པ་དེ་ལྟ་ན་ཡིད་མི་བདེ་བའི་དབང་པོ་མི་དགེ་བའི་རྣམ་སྨིན་དུ་འཆད་མི་ནུས་པ་ཅི་ཞེ་ན། འདི་ནི་གྲུབ་པའི་མཐའ་སྟེ། ཇི་སྐད་དུ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། །ཞེས་འཆད་པས་སོ། །འོ་ན་མི་དགེ་བའི་ལས་ཀྱི་རྣམ་སྨིན་དུ་གྱུར་པའི་སེམས་ཀྱི་ཚོར་བ་མི་སྲིད་པར་ཁས་བླངས་པ་དེའི་ཚེ་སེམས་གཡེངས་པ་ཞེས་བྱ་བའི་མིང་ཅན་སྨྱོ་བའི་སེམས་དེ་རྣམ་སྨིན་དུ་ཁས་ལེན་ན་ནི་དངོས་སུ་འགལ་ལ། མི་ལེན་ན། ཇི་སྐད་དུ། གཡེངས་པའི་སེམས་ནི་ཡིད་སེམས་ལ། །དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །ཞེས་བཤད་པ་དང་འགལ་ལོ། །ཞེ་ན། མ་ཡིན་ཏེ། དེའི་ཚེ་རྣམ་སྨིན་དངོས་ནི་འབྱུང་བ་ཡིན་ལ། དེ་ལས་གཡེངས་པའི་སེམས་དེ་སྐྱེ་ཞེས་འཆད་རྒྱུ་ཡིན་པས་སོ། །མདོར་ན་ཡིད་བདེ་དང་བཏང་སྙོམས་ནི་རྣམ་པར་རྟོག་པ་མེད་བཞིན་དུ་ངང་གིས་སྐྱེ་བས་ལུང་མ་བསྟན་དག་སྲིད་ལ། ཡིད་མི་བདེ་ནི་རྣམ་པར་རྟོག་ཁོ་ནར་ངེས་པས་རྣམ་སྨིན་གྱི་གོ་སྐབས་མེད་དོ། །ཞེས་པའོ། །རྣལ་འབྱོར་སྤྱོད་པ་བདག་གི་ལུགས་ལ། དགེ་བ་དང་མི་དགེ་བ་གང་གིས་ཡང་རྣམ་སྨིན་གྱི་ཚོར་བ་ནི་བཏང་སྙོམས་ཁོ་ནར་ངེས་ཏེ། ཀུན་གཞིའི་འཁོར་གྱི་ཚོར་བ་ནི་བཏང་སྙོམས་ཁོ་ནར་ངེས་པའི་ཕྱིར་ཞེས་འཆད་དོ། །དེ་ནས་ཡང་ཇི་སྐད་དུ། ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས། ཞེས་པར་གཟུགས་ཁམས་ན་ཕོ་མོའི་དབང་པོ་གཉིས་མེད་ཀྱང་གཟུགས་ཁམས་པ་མཐའ་དག་ཕོ་ཉིད་དུ་ནི་ཁས་ལེན་པ་སྟེ། ལུང་དང་རིགས་པ་ལས་སོ། །དང་པོ་ནི། མདོ་ལས། བུད་མེད་ཉིད་ཀྱིས་ཚངས་པ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཕོ་གང་ཡིན་པ་དེ་ནི་གནས་ཡོད་དོ། །ཞེས་གསུངས་པ་དང༌། རིགས་པ་ནི། འདོད་པའི་ཁམས་ན་ཕོ་རྣམས་ལ་ཡོད་པའི་ཁྱད་པར་གྱི་ཆོས་ང་རོ་དང༌། དབྱིབས་དང༌། ནུ་མ་ཆུང་བ་ལ་སོགས་པ་དེ་དག་འདི་ལ་ཡང་ཡོད་པའོ། །སྡུག་བསྔལ་དག་མེད་པའི་ཤེས་བྱེད་ལ་ལུས་ཚོར་སྡུག་བསྔལ་མེད་དེ། རྒྱུ་མི་དགེ་བས་འཕངས་པ་མ་ཡིན་པའི་ཕྱིར་དང༌། ལུས་འོད་ཀྱི་རང་བཞིན་དུ་དྭང་བའི་རྒྱུ་མཚན་གྱིས་རེག་བྱའི་ཁྱད་པར་སིམ་པ་མ་ཡིན་པ་དག་འཛིན་མི་ནུས་པའི་ཕྱིར། ཡིད་མི་བདེ་བ་ཡང་མེད་དེ། རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་དང༌། ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར། གཏན་ཚིགས་དང་པོས་རྒྱུས་བྱས་པའི་ཡིད་མི་བདེ་མེད་པར་བསྟན་ཞིང༌། གཏན་ཚིགས་གཉིས་པས་ནི་ཡུལ་གྱིས་བྱས་པའི་ཡིད་མི་བདེ་མེད་པར་བསྟན་ནོ། །མནར་སེམས་ཀྱི་གཞི་ནི་དགུ་སྣང་སྟེ། བདག་དང་འཛའ་བོ་ལ་གནོད་པ་བྱས་བྱེད་བྱེད་པར་འགྱུར་པ་གསུམ་གསུམ་སྟེ་དྲུག་དང༌། བདག་གི་དགྲ་བོ་ལ་ཕན་བཏགས་འདོགས་འདོགས་པར་འགྱུར་བ་གསུམ་སྟེ་དགུའོ། །ཡང་ཇི་སྐད་དུ། གཟུགས་ཅན་དང༌། བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཤེས་པ་གཟུགས་ཅན་གྱི་དབང་པོ་བདུན་པོ་དག་དང་མི་ལྡན་པའི་དོན་ཡིན་གྱི་སྤྱིར་གཟུགས་དང་མི་ལྡན་པ་ནི་མ་ཡིན་ཏེ། ཟག་པ་མེད་པའི་སྡོམ་པ་དང་ལྡན་པས་སོ། །བདེ་བ་ཡང་ས་དེས་བསྡུས་པ་དང་མི་ལྡན་པའི་དོན་ཡིན་གྱི། དེ་ན་དེ་མེད་པ་ནི་མ་ཡིན་ཏེ། ཟག་པ་མེད་པའི་བདེ་བ་གཟུགས་མེད་ཀྱི་འཕགས་པའི་རྟེན་ལ་ཡོད་པའི་ཕྱིར། ཡང་ཇི་སྐད་དུ། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །ཞེས་སོགས་སུ་དབང་པོ་དག་པས་གང་ཞིག་ཕྲ་རྒྱས་བསྟན་པ་ནས། ཇི་སྐད་དུ། མེད་ལྟ་ཡིད་བདེ་སྡུག་བསྔལ་དང༌། །ཞེས་སོགས་རྒྱས་པར་བཤད་པ་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དེ་དག་ནི་མཐོང་སྤངས་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའམ། དེས་ཀུན་ནས་བསླངས་པའི་དབང་པོ་དག་ནི་སྒོམ་སྤངས་དང༌། དེ་དག་གང་ཡང་མ་ཡིན་པ་དག་ནི་སྤང་བྱ་མ་ཡིན་པའོ། །གསུམ་པས་ཐོབ་གཏོང་གི་ཚུལ་ལ། འཐོབ་ཚུལ་དང༌། གཏོང་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ། ཞེས་པར་འདོད་པའི་ཁམས་ཀྱི་སྐྱེ་གནས་གསུམ་པོ་གང་ཡང་རུང་བའི་སྐྱེ་སྲིད་དུ་དང་པོར་ཉིང་མཚམས་སྦྱོར་བའི་ཚེ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་གཉིས་ཁོ་ནར་རྙེད་དེ། གང་ཞེ་ན། ལུས་ཀྱི་དབང་པོ་དང༌། སྲོག་གི་དབང་པོའོ། །སྐབས་དེར་རྣམ་སྨིན་དུ་གྱུར་པའི་དབང་པོ་གཞན་བཅུ་མ་རྙེད་པའི་ཤེས་བྱེད་ནི། མིག་སོགས་གཟུགས་ཅན་དྲུག་ནི་སྐབས་དེར་མ་སྐྱེས་ཤིང༌། ལུང་མ་བསྟན་ལ་ཐོབ་པ་སྔར་སྐྱེ་ཡང་མེད་པའི་རྒྱུ་མཚན་ལས་དང༌། ཡིད་དང་བཏང་སྙོམས་གཉིས་ནི། ཇི་སྐད་དུ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་སྐབས་དེར་ཉོན་མོངས་ཅན་དུ་ངེས་པར་རྣམ་སྨིན་དུ་མི་རུང་བའི་ཕྱིར། དེས་ན་བདེ་བ་དང་ཡིད་བདེ་བ་སྐབས་དེར་མི་སྲིད་པ་མ་ཡིན་པ་དག་ཀྱང་ཉོན་མོངས་ཅན་ཁོ་ནའོ། །དེ་ལ་སྤྱིར་རྣམ་སྨིན་གྱི་གཙོ་བོ་ཚོར་བར་བཤད་པ་ལས་འདིར་ནི་ཚོར་བའི་དབང་པོ་གཅིག་ཀྱང་མ་རྙེད་པར་བཤད་པ་དེ་ལྟ་ན། སྔོན་དུས་ཀྱི་སྲིད་པའི་ཚེ་ཡང་ཚོར་བའི་དབང་པོ་གཅིག་དང་ཡང་མི་ལྡན་ན་ནི་རྣམ་སྨིན་དངོས་དང་མི་ལྡན་པར་འགྱུར་ལ། ལྡན་ན་ནི་ཚེ་གཅིག་གི་རྣམ་སྨིན་རྒྱུན་ཆད་ཅིང་སྐྱེ་བར་ཐལ་བ་མ་ཡིན་ནམ་ཞེ་ན། དེའི་ལན་ནི་འདིར་ཇི་སྐད་དུ། འདོད་པར་དང་པོར། ཞེས་པ་ནི། སྐྱེ་སྲིད་ཀྱི་དབང་དུ་བྱས་པར་གསལ་བ་ཡིན་ཏེ། རྫུས་སྐྱེས་ལོགས་སུ་བཀར་བའི་ཕྱིར། དེས་ན་འདོད་པའི་རྣམ་སྨིན་གྱི་གཙོ་བོ་ནི་ལུས་ཀྱི་ཚོར་བ་ཡིན་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་མེད་པ་ཡི། །ཞེས་སོགས་ཀྱི་དངོས་ཤུགས་ཅི་རིགས་ལ་གསལ་བའི་ཕྱིར། དེ་ཡང་མི་དགེ་བའི་ནི་ལུས་ཚོར་སྡུག་བསྔལ་དང༌། དགེ་བའི་ནི་ལུས་ཚོར་བདེ་བའོ། །དེ་གཉིས་ལས་གང་ཡང་རུང་བ་ནི་སྔོན་བར་སྲིད་ཀྱི་སྐབས་སུ་ཐོབ་ཟིན་པ་ཡིན་ཏེ། ཇི་སྐད་དུ། དབང་པོ་ཀུན་ཚང༌། ཞེས་བཤད་པས་རིགས་པའི་སྟོབས་མཚུངས་པའི་ཕྱིར། དེ་ལྟར་ཐོབ་པ་དེ་སྐྱེ་སྲིད་དུ་མཚམས་སྦྱོར་བའི་ཚེ་གཏོང་བ་ཡང་མ་ཡིན་ཏེ། བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་གཉིས་འཕེན་བྱེད་གཅིག་གིས་འཕངས་པའི་རྣམ་སྨིན་ཚེ་གཅིག་གིས་བསྡུས་པའི་ཕྱིར། དེས་ན་སྐབས་དེར་ཡང་ལུས་ཚོར་བདེ་སྡུག་གང་རུང་ལྡན་པས་ལྡན་ནོ། །ཚུལ་འདི་ནི་འོག་མ་རྣམས་ཀྱང་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་དབང་དུ་བྱས་པར་ཤེས་དགོས་ཏེ། དེ་དག་ཏུ་རྣམ་སྨིན་གྱི་གཙོ་བོ་ཚོར་བའི་དབང་པོ་ཞིག་རྙེད་པའི་ཚུལ་ངེས་པར་འཆད་དགོས་ཀྱང་དོན་ཐོབ་ཏུ་བཞག་ནས་མ་བཤད་པའི་ཕྱིར། དེ་དང་འདྲ་བར། གོང་མར་གཅིག ཞེས་པ་ཡང་རྣམ་སྨིན་གྱི་གཙོ་བོ་སེམས་ཚོར་བཏང་སྙོམས་ཡིན་པ་ལ་དེ་རྙེད་ཚུལ་མི་འཆད་པར་སྲོག་དབང་གཅིག་བུ་ཉིད་དུ་འཆད་པ་ཅི་ཞེ་ན། དེར་ནི་དེ་མ་རྙེད་པ་ཁོ་ནར་ལྡན་པ་ཡང་མ་ཡིན་ཏེ། འདི་ལ་བར་དོ་མེད་ཅིང་ཁམས་གཞན་དུ་གཟུགས་མེད་ཀྱི་རྣམ་སྨིན་ལྡན་པའང་མི་སྲིད་པའི་ཕྱིར་དང༌། དེའི་དུས་ཀྱི་ཤེས་པ་ནི་མཐའ་དག་ཉོན་མོངས་ཅན་དུ་སྐྱེ་བར་ངེས་པས་སོ། །འོ་ན་འདོད་གཟུགས་ཀྱི་སྐྱེ་སྲིད་དུ་མཚམས་སྦྱོར་བའི་ཚེ་ཡང་རྣམ་སྨིན་གྱི་ཚོར་བ་དང་ཇི་ལྟར་ལྡན་ཏེ། ལུང་མ་བསྟན་གྱི་ཐོབ་པ་ཕྱིས་སྐྱེ་བ་མེད་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཚོར་བ་ཉོན་མོངས་པ་ཅན་དུ་གྱུར་ཀྱང་རྣམ་སྨིན་གྱི་ངོ་བོ་བཏང་བ་མེད་པའི་ཕྱིར། དེ་བཞིན་དུ་བསམ་གཏན་གཉིས་པ་ཡན་ཆད་ལ་ཡང་དཔྱད་དགོས་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །ཅེས་བསམ་གཏན་གཉིས་པ་ཡན་ཆད་དུ་རྣམ་སྨིན་གྱི་ངོ་བོ་སེམས་ཚོར་ཁོ་ན་ལ་བཤད་ཀྱི་ལུས་སྲོག་ལ་བཤད་པ་མེད་པའི་ཕྱིར་སྙམ་པའི་དོགས་པ་འདི་དང༌། ཡང་བར་སྲིད་ནས་ཤི་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ན་ནི། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་དང༌། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་བྱེད་རྣམ་པ་ཉི་ཤུ་གཉིས། །དེ་ནི་མཐོང་ཆོས་འབྲས་བུ་ཅན། །ཞེས་པ་དང་འགལ་ལ། མ་ཤི་བར་ཉིང་མཚམས་སྦྱོར་བ་ཡིན་ན་ནི་འདིར་བར་སྲིད་ནས་སྐྱེ་སྲིད་དུ་སྐྱེ་བའི་ཚེ་སྲོག་གི་དབང་པོ་རྙེད་པར་བཤད་པ་དང་འགལ་སྙམ་པའི་དོགས་པ་འདི་དག་སྤང་བར་དཀའོ། །ཡང་དེ་བཞིན་དུ་གཟུགས་ན་དྲུག་ཅེས་བཤད་པ་ལ་ཡང་བསམ་གཏན་གྱི་དངོས་གཞི་ཁྱད་པར་ཅན་ཡན་ཆད་དུ་ཉིང་མཚམས་སྦྱར་བའི་ཚེ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་དྲུག་རྙེད་པ་ཇི་ལྟར་ཡོད་དེ། དེ་ཡན་ཆད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་རྣམ་སྨིན་ནི། ཇི་སྐད་དུ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །ཅེས་སེམས་བདེ་བ་དང་བཏང་སྙོམས་ཁོ་ན་ཉིད་དུ་ངེས་པར་བཤད་ཀྱི། དེར་གྱུར་པའི་དབང་པོ་གཟུགས་ཅན་པ་དག་མ་བཤད་པའི་ཕྱིར་སྙམ་པའི་དོགས་པ་འདི་ཡང་སྤང་བར་དཀའ་མོད། དེ་ལ་ནི་སྤྱིར་རྣམ་སྨིན་ལ་གཙོ་བོར་ཚོར་བའི་དབང་པོའི་སྟེང་ནས་བཤད་དགོས་ཀྱང་དེ་མ་ཡིན་པ་དག་མེད་པ་མ་ཡིན་ཏེ། ཇི་སྐད་དུ། རྣམ་པར་སྨིན་ལས་སྐྱེས་པ་དང༌། །རྒྱས་པ་ལས་བྱུང་ནང་གི་ལྔ། །ཞེས་བཤད་པ་ལྟར། བསམ་གཏན་ཁྱད་པར་ཅན་ཡན་ཆོད་ཀྱི་དབང་པོ་གཟུགས་ཅན་པ་དག་ཀྱང་རྣམ་སྨིན་དུ་ཁས་ལེན་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། སེམས་ཀྱི་ཚོར་བ་ཁོ་ནར་འདོད། །ཅེས་པ་ནི་འཕེན་བྱེད་ཀྱི་ལས་སེམས་པ་ཁོ་ན་དང༌། དེས་འཕངས་པའི་རྣམ་སྨིན་གྱི་ངོ་བོ་ཚོར་བར་ངེས་ཀྱང་འགྲུབ་བྱེད་ཀྱི་ལས་ལ་ལུས་ངག་གི་ལས་གཟུགས་ཅན་བདུན་པོ་ཡང་སྲིད་ཅིང༌། རྣམ་སྨིན་གྱི་ཁྱད་པར་གཟུགས་ཅན་དང་སེམས་དང་སེམས་ལས་བྱུང་བ་གཞན་དག་དང་སྲིད་དོ་ཞེས་པ་འདི་ཙམ་ཞིག་གིས་ཆོག་པར་མངོན་ནོ། །དེ་ནས་ཡང་ཇི་སྐད་དུ། འབྲས་བུ་ཐ་མ་གཉིས་དགུས་འཐོབ། །ཅེས་སོགས་རྐང་པ་བཞིའི་དོན་ལ་འབྲས་བུ་ཐ་མ་གཉིས་ནི་ཡས་མར་བགྲངས་པ་དང་མས་ཡར་བགྲངས་པའི་ཐ་མ་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པའི་འབྲས་བུ་གཉིས་པོ་དག་ལས། དང་པོ་ནི། དད་སོགས་ལྔ་དང་ཡིད་དང་དྲུག་ནི་བཞི་པོ་ཀུན་གྱི་འཐོབ་བྱེད་ཐུན་མོང་བ་ཡིན་ལ། འདིར་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་ཚོར་བའི་དབང་པོ་ནི་བཏང་སྙོམས་ཁོ་ན་དང༌། ཟག་མེད་དང་པོ་གཉིས་ཏེ་དགུས་འཐོབ་བོ། །དེ་ཡང་ཀུན་ཤེས་པར་བྱེད་པའི་དབང་པོས་ནི་བྲལ་ཐོབ་འདྲེན་པ་དང༌། ཀུན་ཤེས་པའི་དབང་པོས་ནི་བྲལ་ཐོབ་འཛིན་པའི་ཚུལ་གྱིས་སོ། །ཅི་རྒྱུན་དུ་ཞུགས་པའི་རྒྱུད་ཀྱི་ཀུན་ཤེས་པའི་དབང་པོ་དེ་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུར་འཇོག་པ་མ་ཡིན་ནམ། དེ་དེའི་འཐོབ་བྱེད་དུ་འཇོག་པ་ཇི་ལྟར་ཞེ་ན། དབང་པོ་དེ་དང་འབྲས་བུ་དེའི་གཞི་མཐུན་པ་ནི་ངེས་པར་ཁས་ལེན་མོད། དེ་ལྟ་ན་ཡང་དེ་དེའི་འཐོབ་བྱེད་དུ་འཆད་པ་མི་འགལ་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་དངོས་ནི་དེའི་རྒྱུད་ཀྱི་སྤངས་པ་དང་དེའི་ཐོབ་པ་ཡིན་ལ། ཀུན་ཤེས་པའི་དབང་པོས་ནི་སྤངས་པ་དེའི་ཐོབ་པ་འཛིན་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་འདུས་བྱས་ཀྱི་ངོས་འཛིན་ཐོབ་པ་ལ་འཆད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བྲལ་བའི་ཐོབ་པ་སྔར་སྐྱེས་པ་རྣམས་རྣམ་པར་གྲོལ་བའི་ལམ་ཉིད་དུ་ཁས་ལེན་པའི་ཕྱིར། ཡང་ཇི་སྐད་དུ། གཉིས་ནི་བདུན་དང༌། ཞེས་པ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་པའི་འབྲས་བུ་མཐར་གྱིས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དེའི་ཚེ་ཟག་མེད་ཀྱི་དབང་པོ་གང་ཡང་མ་གཏོགས་པའི་དབང་པོ་བདུན་གྱིས་ཐོབ་པར་འཆད་པ་ཡིན་ལ། དེ་ལྟ་ཡིན་པ་འོ་ན། དེ་དག་དགེ་སྦྱོང་ཚུལ་གྱི་འབྲས་བུར་འགལ་ཏེ། རང་འཐོབ་བྱེད་ཀྱི་ལམ་དུ་འགྱུར་བའི་ཟག་མེད་ཀྱི་དབང་པོ་མི་སྲིད་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། འདིར་དབང་པོ་བདུན་འཐོབ་ཏུ་བཤད་པ་ནི་དངོས་སུ་འཐོབ་བྱེད་ཀྱི་དབང་དུ་བྱས་པ་ཡིན་ལ་བརྒྱུད་ནས་འཐོབ་བྱེད་དུ་གྱུར་པའི་ཟག་མེད་ཀྱི་དབང་པོ་ནི་འདི་དག་ལ་ཡང་ཁས་ལེན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་དང༌། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་གསུངས་སོ། །འོ་ན་ཅི་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་པོ་དག་ལའང་འདུས་བྱས་དང་འདུས་མ་བྱས་གཉིས་སུ་དབྱེར་རུང་བ་མ་ཡིན་ནམ། རུང་བར་ཁས་ལེན་པ་དེའི་ཚེ་འདུས་བྱས་སུ་གྱུར་པ་དེ་དག་ནི་ཟག་མེད་ཀྱི་དབང་པོར་ཁས་ལེན་དགོས་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དེ་དང་དེའི་ངོ་སྐལ་གྱི་སྤང་བྱ་ལས་གྲོལ་བའི་རྣམ་གྲོལ་གྱི་ལམ་ཉིད་དུ་ངེས་པས་རྣམ་གྲོལ་གྱི་དབང་པོ་ལས་མ་འདས་པའི་ཕྱིར་སྙམ་ན། དེ་ནི་རྣམ་པར་དཔྱོད་པ་དང་ལྡན་པས་དཔྱད་པ་ཡིན་ཀྱང་ཧ་ཅང་ཐལ་བ་མེད་དེ། འཇིག་རྟེན་པའི་ལམ་གྱིས་འབྲས་བུ་བར་པ་གཉིས་ཐོབ་པ་དེའི་ཚེ་འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཙམ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་བཞག་སྟེ། རང་གི་ངོ་བོ་ཟག་བཅས་ཁོ་ནར་ངེས་པ་དང༌། འཐོབ་བྱེད་ཀྱི་ལམ་ཡང་ཟག་བཅས་ཁོ་ནར་ངེས་པ་དང༌། བྱིས་པ་དག་ལའང་དེ་ལྟ་བུའི་རྣམ་པར་གྲོལ་བའི་ལམ་དེ་དང་དེ་ཡོད་པའི་ཕྱིར་རོ། །འོ་ན་དེ་དག་ནི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་ཇི་ལྟར་ཞེ་ན། དེའི་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་བྲལ་བ་དང་བྲལ་བ་དེ་འཛིན་པར་བྱེད་པའི་ཐོབ་པ་ཐུན་མོང་བ་དེ་ལ་ནི་འབྲས་བུ་གཉིས་ཀྱི་དབྱེ་བར་བཞག་གོ །འོ་ན་ཐོབ་པ་དེ་ཉིད་ཟག་མེད་ཀྱི་དབང་པོར་མི་འཇོག་པ་ཅི་ཞེ་ན། ཟག་མེད་ཀྱི་དབང་པོར་འཇོག་པ་ལ་ནི། ཇི་སྐད་དུ། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན། ཞེས་ཤེས་པ་ཡིན་པ་ཞིག་ངེས་པར་དགོས་ལ་ཐོབ་པ་ལ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་ཁྱབ་པའི་ཕྱིར་རོ། །ཡང་འབྲས་བུ་བར་པ་གཉིས་ཆགས་བྲལ་མངོན་དུ་སོང་བའི་ལམ་གྱིས་ཐོབ་ན་ནི་དབང་པོ་དགུས་འཐོབ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་བཞིན་ནོ། །དེ་ལྟ་ན་ཡང་ཕྱིར་མི་འོང་གི་ཚེ་རྒྱུན་ཞུགས་དང་མི་འདྲ་བའི་ཁྱད་པར་ནི། ཚོར་བ་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་སྟེ་གསུམ་ལས་གང་ཡང་རུང་བ་ཞིག་གིས་འཐོབ་པ་ཡིན་ཏེ། བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་རྟེན་ནས་བདེན་པ་མངོན་པར་རྟོགས་པ་ཞིག་ཡིན་ན་ནི་ཡིད་བདེ་བའི་དབང་པོ་དང༌། བསམ་གཏན་གསུམ་པ་ལ་བརྟེན་ན་ནི་བདེ་བའི་དབང་པོ་དང༌། བསམ་གཏན་ཁྱད་པར་ཅན་ནམ་མི་ལྕོགས་མེད་པ་དང་བསམ་གཏན་བཞི་པ་གང་རུང་ལ་བརྟེན་ན་ནི་བཏང་སྙོམས་ཀྱི་དབང་པོས་ཐོབ་པའི་ཕྱིར་རོ། །ཕྱིར་འོང་ནི་དེ་དང་འདྲ་བ་མ་ཡིན་ཏེ། འདོད་པ་ལ་ཆགས་པ་དང་མ་བྲལ་གྱི་བར་དུ་བདེ་བ་དང་ཡིད་བདེ་བའི་དབང་པོ་དག་མི་འབྱུང་བའི་ཕྱིར་རོ། །འོ་ན་འདོད་པ་ལ་ཆགས་བྲལ་བྱས་ཟིན་པའི་འོག་ཏུ་ཡང་ཉེར་བསྡོགས་ལ་བརྟེན་པ་ཅི་ཞེ་ན། མི་འགལ་ཏེ། མི་ལྕོགས་པ་མེད་པ་ལ་ནི་རྣམ་པར་གྲོལ་བའི་ལམ་དགུ་པའི་ངོ་བོར་གྱུར་པ་ཞིག་ཀྱང་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་འོ་ན་ཆགས་བྲལ་སྔོན་དུ་སོང་བས་བདེན་པ་མངོན་པར་རྟོགས་པ་དེའི་ཚེ་བཅུ་དྲུག་པ་ལམ་རྗེས་ཤེས་ཉིད་དེ་དང་དེའི་འབྲས་བུ་འདུས་བྱས་དང༌། མཐོང་སྤངས་སྤངས་པའི་འགོག་པ་དེའི་རང་ལྡོག་ནས་འབྲས་བུ་དེ་དང་དེར་ཁས་ལེན་དགོས་ཏེ། ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་གཉིས་སོ་སོ་ནས་དབང་པོ་དགུས་ཐོབ་པར་འཆད་པའི་ཕྱིར། ཞེ་ན། མཐོང་སྤང་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང་འགོག་པའི་བདེན་པ་ནི། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུར་མི་རུང་སྟེ། གོ་རིམ་བཞིན་དུ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྒོམ་པས་སྤང་བར་བྱ་བ་དྲུག་པ་དང་དགུ་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །འོ་ན་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུར་ཁས་ལེན་པའམ། ཡང་ན་དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པར་ཁས་ལེན་དགོས་པ་ཉིད་དུ་འགྱུར་རོ། །ཞེ་ན། ཉེས་པ་མེད་དེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པ་ཙམ་གྱིས་བཞི་པོ་གང་རུང་ཡིན་མི་དགོས་པའི་ཕྱིར། དཔེར་ན་ལན་ཅིག་ཕྱིར་འོང་གི་རྒྱུད་ཀྱི་འདོད་པའི་ཉོན་མོངས་དང་པོ་ནས་ལྔ་པའི་བར་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། འགོག་པའི་བདེན་པ་བཞིན་ནོ། །འོ་ན་དེ་དང་དེའི་ངོས་འཛིན་གང་ཞེ་ན། མཐོང་སྤང་སྤངས་པའི་སྤངས་པ་དང༌། ཐོབ་པ་ཐུན་མོང་པ་ཞིག་གིས་སྡོམ་པའི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དྲུག་པ་དང་དགུ་པ་སྤངས་པའི་འགོག་པ་ནི་དེ་དང་དེའི་འབྲས་བུ་འདུས་མ་བྱས་དང༌། དེ་ལྟར་སྡོམ་བྱེད་ཀྱི་ཐོབ་པ་ནི་དེ་དང་དེའི་འབྲས་བུ་འདུས་བྱས་ཏེ། ཇི་སྐད་དུ། འཇིག་རྟེན་པ་ཡིས་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་གསུངས་པས་སོ། །དེ་ལྟ་ན་ཡང་ཟག་མེད་ཀྱི་དབང་པོ་གཉིས་ཀྱིས་ཐོབ་དགོས་པ་མི་འགལ་ཏེ། མཐོང་སྤང་སྤངས་པའི་འགོག་ལམ་གཉིས་པོ་གང་གིས་ཐོབ་པའི་ཟག་མེད་ཀྱི་ལམ་དེ་དང་དེས་ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་གཉིས་པོ་འདི་ཡང་འཐོབ་དགོས་པའི་ཕྱིར། དེ་ཡང་བར་ཆད་མེད་པའི་ལམ་གྱིས་བྲལ་ཐོབ་འདྲེན་པར་བྱེད་ལ། རྣམ་པར་གྲོལ་བའི་ལམ་གྱིས་ནི་བྲལ་ཐོབ་འཛིན་པར་བྱེད་པའོ། །འོ་ན་འདིར་སྔོན་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་དེ་དང་དེ་སྤོང་བྱེད་ཀྱི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོར་གྱུར་པའི་དབང་པོ་དག་ཀྱང་འདིའི་ཐོབ་བྱེད་ཀྱི་དབང་པོར་འཇོག་ནུས་སམ་ཞེ་ན། མ་ཡིན་ཏེ། དེ་དག་གིས་འཐོབ་པའི་འགོག་པ་དང་རྣམ་པར་གྲོལ་བའི་ལམ་ཟག་བཅས་དག་ནི་འབྲས་བུར་མི་རུང་བའི་ཕྱིར་དང༌། འདི་ནི་རྒྱུ་ལྔ་ཚང་བའི་འབྲས་བུ་འཐོབ་བྱེད་ཀྱི་དབང་པོ་ལ་དཔྱད་པའི་སྐབས་ཡིན་པའི་ཕྱིར། དཔེར་ན་ཇི་སྐད་དུ། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན། ཞེས་འབྱུང་བ་ལྟར། ཟག་མེད་ཀྱི་དབང་པོའི་ངོ་བོར་གྱུར་པའི་དབང་པོ་དགུ་པོ་དག་ཁོ་ནའོ། །འཇིག་རྟེན་པའི་དབང་པོ་དག་འབྲས་བུ་འཐོབ་བྱེད་དུ་མི་འདོད་ན། ཆགས་བྲལ་སྔོན་འགྲོའི་རྣམ་གཞག་གིས་ཅི་ཞིག་བྱ། རྣམ་གཞག་དེ་ལྟར་བྱས་པ་དེ་ནི་ཟག་བཅས་ཀྱི་དབང་པོ་དག་འཐོབ་བྱེད་དུ་དགོས་པའི་རྒྱུ་མཚན་ལས་མ་ཡིན་གྱི། མི་ཤེས་པ་ཀུན་ཤེས་པའི་དབང་པོ་འཐོབ་བྱེད་དུ་འཇོག་པའི་རྒྱུ་མཚན་ལས་ཡིན་ཏེ། རིམ་གྱིས་པའི་འབྲས་བུ་བར་པ་གཉིས་འཐོབ་བྱེད་ཀྱི་དབང་པོར་དེ་མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང༌། བདེ་བ་དང་ཡིད་བདེ་བའི་དབང་པོས་འཐོབ་པ་ནི་ཆགས་བྲལ་སྔོན་སོང་ལས་གཞན་ལ་མེད་དོ། །འོ་ན་འདིའི་དབང་པོ་དེ་དག་རང་རང་གིས་ཐོབ་པའི་འབྲས་བུ་དེའི་དངོས་རྒྱུ་ཁོ་ནར་ཁས་ལེན་དགོས་པར་འགྱུར་ཏེ། བརྒྱུད་ནས་འཐོབ་བྱེད་ཀྱི་དབང་པོ་དག་འདིར་མི་རྩི་བའི་ཕྱིར། འདོད་ན་བཟོད་པ་དང་པོ་བདུན་སྐབས་འདིའི་དབང་པོར་མི་རྩི་བ་ཉིད་དུ་འགྱུར་ཏེ། ཞེ་ན། དེ་ལ་དེའི་དངོས་རྒྱུས། ཁྱབ་པའི་རྒྱུ་མཚན་གྱིས། སོ་སོ་སྐྱེ་བོའི་དབང་པོ་དག་དེ་འཐོབ་བྱེད་དུ་མི་འཆད་པ་མ་ཡིན་གྱི། དབང་པོ་གང་ཞིག་རྒྱུ་ལྔ་ཚང་བའི་འབྲས་བུའི་འཐོབ་བྱེད་དུ་གྱུར་པ་དག་འདིར་འཆད་པའོ། །དེས་ན། དབང་པོ་གང་ཞིག་རང་གིས་ཐོབ་པའི་འབྲས་བུ་དེ་ལ་རྒྱུ་ལྔ་ཚང་བས་ཁྱབ་པ་ནི། འདིར་འབྲས་བུ་འཐོབ་བྱེད་དུ་བཞག་པའི་དབང་པོའི་དོན་ནོ། །སོ་སོ་སྐྱེ་བོའི་རྒྱུད་ཀྱི་དབང་པོ་ལ་ནི་དེ་ཡོད་པ་མ་ཡིན་ཏེ། དེ་དང་སྡུག་བསྔལ་ཆོས་བཟོད་ཀྱིས་ཐོབ་པའི་སྡུག་བསྔལ་ལ་ཆོས་ཤེས་ནི་རྒྱུ་ལྔ་ཚང་བའི་འབྲས་བུར་མི་རུང་བས་སོ། །འོ་ན་དངོས་རྒྱུས་མ་ཁྱབ་པ་ཅི་ཞེ་ན། འབྲས་བུ་བཞི་པོ་གང་རུང་འཐོབ་བྱེད་ཀྱི་དབང་པོ་ལ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་དག་ཏུ་འདོད་པས་སོ། །དེའི་ཕྱིར་རིམ་གྱིས་པས་འདས་ལམ་གྱིས་འདོད་ཉོན་དང་པོ་ནས་ལྔ་པའི་བར་སྤངས་ཤིང༌། དྲུག་པ་ཁོ་ན་འཇིག་རྟེན་པའི་ལམ་གྱིས་སྤངས་པ་དེའི་ཚེ། ཕྱིར་འོང་གི་དབང་པོ་འཐོབ་བྱེད་ནི་ཟག་བཅས་ཀྱི་དབང་པོ་ཁོ་ན་དང༌། དེ་ལས་བཟློག་པའི་ཚེ་ན་ཟག་མེད་ཀྱི་དབང་པོ་ཁོ་ན་དེར་འཇོག་ལ། རིམ་གྱིས་པའི་ཕྱིར་མི་འོང་ལ་ཡང་དེ་བཞིན་ནོ། །ཡང་དགྲ་བཅོམ་པའི་འབྲས་བུ་དབང་པོ་བཅུ་གཅིག་གིས་ཐོབ་པ་སྲིད་ལ། ཕྱིར་མི་འོང་གི་འབྲས་བུ་དེས་ཐོབ་པ་མི་སྲིད་པའི་བར་ཁྱད་ནི། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུ་ལས་ནི་ཉམས་པ་མི་སྲིད་ལ། རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ནི་བདེ་བ་དང་ཡིད་བདེ་བའི་དབང་པོས་ཐོབ་པ་མི་སྲིད་པ་ཞེས་བྱ་བ་འདི་ཡིན་ནོ། །དེ་ནས་དབང་པོའི་ལྡན་ཚུལ་ལ་གཉིས་ཏེ། ངེས་ལྡན་དང༌། སྲིད་ལྡན་ནོ། །དང་པོ་ནི། ཇི་སྐད་དུ། བཏང་སྙོམས་དང་ནི་སྲོག་དང་ནི། །སྲིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་སོགས་གསུངས་པ་འདིའི་དོན་ངེས་པར་བྱ་བ་ལ་གཉིས་ཏེ། ས་དང་གང་ཟག་གང་ལ་དབང་པོ་གང་ཡོད་པ་དང༌། དབང་པོ་གང་དང་ལྡན་པ་ལ་དེ་ལས་གཞན་པའི་དབང་པོ་དུ་དང་ལྡན་པའོ། །དང་པོ་ལ་གཉིས་ཏེ། ཁམས་གང་ན་དབང་པོ་གང་ཡོད་པ་དང༌། གང་ཟག་སྐྱེ་འཕགས་གང་ལ་དབང་པོ་གང་ཡོད་པའོ། །དང་པོ་ནི། ཁམས་གོང་མ་གཉིས་ན་ལུས་ཚོར་སྡུག་བསྔལ་གྱི་དབང་པོ་མི་འཇོག་སྟེ། རྟེན་དེ་ལ་དེ་མི་འབྱུང་བའི་ཕྱིར་དང༌། དེའི་ཐོབ་པ་ཡང་བཏང་བའི་ཕྱིར། དེ་བཞིན་དུ་ཁམས་གོང་མ་ན་མོའི་དབང་པོ་དང་ཡང་མི་ལྡན་ཏེ། འདོད་པ་ནས་དེ་དག་དེར་སྐྱེས་པ་ན་དེའི་ལྡན་པ་གཏོང་བའི་ཕྱིར། དེ་བཞིན་དུ་ཡིད་མི་བདེ་བའི་དབང་པོ་དང་ཡང་མི་ལྡན་ཏེ། དེ་ལ་ཆགས་བྲལ་བྱས་ལ་མ་ཉམས་པ་དག་ཁོ་ན་དེར་སྐྱེ་དགོས་པའི་ཕྱིར། དེའི་ལྷག་མར་གྱུར་པའི་དབང་པོ་དག་ནི་གཟུགས་ཁམས་ཀྱི་རྟེན་ལ་ཡང་ཡོད་དོ། །གཟུགས་མེད་པའི་ཁམས་ན་ནི་གསུམ་པོ་དེའི་སྟེང་དུ་མིག་སོགས་དབང་པོ་ལྔ་མི་ལྡན་ཏེ། དེ་ན་གཟུགས་ཅན་གྱི་དངོས་པོ་དང་བྲལ་བའི་ཕྱིར་རོ། །དེ་ན་ལུས་ཀྱི་དབང་པོ་དང་མི་ལྡན་པའི་ཕྱིར་ཕོའི་དབང་པོ་དང་ཡང་མི་ལྡན་ནོ། །མི་ཤེས་པ་ཀུན་ཤེས་པའི་དབང་པོ་ནི་ཁམས་གོང་མ་གཉིས་ཀར་དུ་ཡང་མི་ལྡན་ཏེ། རྟེན་དེ་ལ་མཐོང་ལམ་མི་སྐྱེ་བའི་ཕྱིར་དང༌། སྐྱེས་ཟིན་པ་དག་ཀྱང་དེ་མ་བཏང་བར་གོང་མ་དག་ཏུ་སྐྱེ་བ་མི་སྲིད་པའི་ཕྱིར། འདོད་པའི་ཁམས་ཀྱི་རྟེན་ལ་ནི། དབང་པོ་དེ་དག་ལས་གང་ཞིག་མ་ཐོབ་པའི་གནས་སྐབས་དང༌། ཐོབ་པ་ལས་ཉམས་པའི་གནས་སྐབས་སུ་དེ་དག་ཉིད་དང་མི་ལྡན་པ་ཡིན་གྱི། གཞན་ནི་ཐམས་ཅད་དང་ལྡན་དུ་རུང་བའོ། །གཉིས་པ་ནི། སྤྱིར་སོ་སོ་སྐྱེ་བོ་ལ་ཟག་མེད་ཀྱི་དབང་པོ་གསུམ་ཀ་མི་འབྱུང་སྟེ། མ་ཐོབ་པའི་ཕྱིར་རོ། །བྱེ་བྲག་ཏུ་འདོད་པའི་སོ་སོ་སྐྱེ་བོ་ལ། འདོད་པ་ལ་ཆགས་བྲལ་བྱས་པ་དང༌། མ་བྱས་པའི་དབྱེ་བས་གཉིས་སོ། །དང་པོ་ལ་ཡིད་མི་བདེ་བའི་དབང་པོ་མི་ལྡན་ཏེ། དེ་སྤངས་ཟིན་པའི་ཕྱིར། འོ་ན་འདོད་པའི་སོ་སྐྱེ་འདོད་པ་ལ་ཆགས་བྲལ་མ་བྱས་པ་དེ་ལ་ཡིད་བདེ་བའི་དབང་པོ་ཡོད་མོད། བདེ་བའི་དབང་པོ་ཇི་ལྟར་ཡོད་དེ། བདེ་བའི་དབང་པོ་ནི། ཇི་སྐད་དུ། བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །ཞེས་བཤད་པས་སོ་སྙམ་ན། བསམ་གཏན་གསུམ་པའི་སེམས་བདེ་དང་མི་ལྡན་པ་ཙམ་གྱིས། ཚོར་བའི་དབང་པོ་ལྔའི་ནང་ཚན་གྱི་བདེ་བ་དང་མི་ལྡན་པར་འཇོག་མི་ནུས་ཏེ། ཡིད་བདེ་དང་ལུས་ཀྱི་བདེ་བ་དང་ལྡན་པ་ཙམ་གྱིས་དེར་འཇོག་ནུས་པའི་ཕྱིར། གཟུགས་དང་གཟུགས་མེད་ཀྱི་རྟེན་ཅན་གྱི་སོ་སྐྱེ་ལ་བསམ་གཏན་དང༌། གཟུགས་མེད་དང་པོ་གསུམ་གྱི་རྟེན་ལ་ནི་རང་རང་གི་ས་ལ་ཆགས་པ་དང་བྲལ་བ་དང་མ་བྲལ་བའི་བྱེ་བྲག་གིས་དབང་པོ་སོ་སོ་དང་ལྡན་པའི་གྲངས་མང་ཉུང་གི་ཁྱད་པར་མེད་ལ། བསམ་གཏན་བཞི་པ་དང་གཟུགས་མེད་ཀྱི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ནི་བདེ་བའི་དབང་དང་མི་ལྡན་ཏེ། ས་སྔ་མས་བསྡུས་པ་ནི་བཏང༌། རང་ས་ན་ནི་དེ་མེད་པའི་ཕྱིར། དེར་སྐྱེས་པའི་འཕགས་པ་ནི་དེ་དང་ལྡན་ཏེ། ཟག་མེད་ཀྱི་བདེ་བའི་དབང་པོ་དང་ལྡན་པའི་ཕྱིར། དེ་བཞིན་དུ་དེ་གཉིས་དང་བསམ་གཏན་གསུམ་པའི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ཡང་ཡིད་བདེ་བའི་དབང་པོ་དང་མི་ལྡན་པ་དང༌། དེར་སྐྱེས་པའི་འཕགས་པ་དེ་དང་ལྡན་པའི་ཚུལ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །འདོད་པའི་རྟེན་ལ་ནི་དགྲ་བཅོམ་པ་ཡིན་ཀྱང༌། རྟེན་གྱི་དབང་གིས་ལུས་ཚོར་སྡུག་བསྔལ་གྱི་དབང་པོ་དང་ལྡན་པར་འཆད་དོ། །ཡང་སོ་སོ་སྐྱེ་བོ་ལ་དགེ་བའི་རྩ་བ་ཆད་མ་ཆད་གཉིས་ལས། དང་པོ་ནི་དད་སོགས་ལྔ་དང་ནམ་ཡང་མི་ལྡན་ཞིང༌། གཉིས་པ་ནི་དེ་དག་དང་ལྡན་པའོ། །འཕགས་པ་ལ་མཐོང་ལམ་པ་ནི་ཟག་མེད་ཀྱི་དབང་པོ་དང་པོ་ཁོ་ན་དང་ལྡན་ལ། ཕྱི་མ་གཉིས་དང་མི་ལྡན། སྒོམ་ལམ་པ་ནི་ཀུན་ཤེས་པའི་དབང་པོ་དང་ལྡན་གྱི། ཐོག་མཐའ་གཉིས་དང་མི་ལྡན། མི་སློབ་པ་ནི་ཐ་མ་ཁོ་ན་དང་ལྡན་གྱི། དང་པོ་གཉིས་དང་མི་ལྡན་ཏེ། ཟག་མེད་ཀྱི་དབང་པོ་རྣམས་ནི་འབྲས་བུ་ཐོབ་པས་གཏོང་བའི་ཕྱིར། ཡང་སྲོག་ཡིད་བཏང་སྙོམས་གསུམ་པོ་དེ་གཅིག་དང་ལྡན་པ་ལ་གསུམ་ཀ་དང་ལྡན་པས་ཁྱབ་པར་མ་ཟད། དད་སོགས་ལྔ་པོ་ཡང་གང་རུང་གཅིག་མེད་ན་ཐམས་ཅད་མི་འབྱུང་བའི་ཕྱིར་དེ་བཞིན་ནོ། །དེ་ལྟར་མཐའ་དཔྱད་ནས་གཞུང་དང་སྦྱར་ན། སྲོག་ཡིད་བཏང་སྙོམས་གསུམ་དང་ལྡན་ན། གཞན་དང་ལྡན་པས་མ་ཁྱབ་པའི་དཔེ་ནི། གཟུགས་མེད་ཀྱི་རྟེན་ལ་དེ་གསུམ་ལྡན་ཡང་དབང་པོ་གཟུགས་ཅན་བདུན་མི་ལྡན་པ་དང༌། སོ་སོ་སྐྱེ་བོ་དགེ་རྩ་ཆད་པ་ལ་དེ་གསུམ་ལྡན་ཡང་རྣམ་བྱང་གི་དབང་པོ་བརྒྱད་མི་ལྡན་པ་དང༌། བསམ་གཏན་བཞི་པ་ཡན་ཆད་ཀྱི་རྟེན་ལ་དེ་གསུམ་ལྡན་ཡང༌། བདེ་བ་དང་ཡིད་བདེ་བ་དང་སྡུག་བསྔལ་གྱི་དབང་པོ་གསུམ་མི་ལྡན་པ་ལྟ་བུའོ། །ཡང་ཇི་སྐད་དུ། བདེ་ལུས་ལྡན་ལ་བཞི་དག་དང༌། །ཅེས་པར་གང་ཞིག་བདེ་བའི་དབང་པོ་དང་ལུས་ཀྱི་དབང་པོ་དང་ལྡན་པ་དེ་ནི། ངེས་ལྡན་གསུམ་པོའི་སྟེང་དུ་རང་རང་བསྣན་པས་བཞི་ཁོ་ན་དང་ལྡན་པས་ཁྱབ་ལ། གང་ཞིག་བདེ་བ་དང་ལྡན་པས་མ་ཁྱབ་པའི་དཔེ་ནི། གཟུགས་མེད་ཀྱི་རྟེན་ཅན་གྱི་འཕགས་པ་ནི་དེ་དང་ལྡན་ཡང༌། གཟུགས་ཅན་གྱི་དབང་པོ་བདུན་དང༌། ཚོར་བའི་དབང་པོ་གཞན་གསུམ་དང་མི་ལྡན་པ་ལྟ་བུ་དང་བསམ་གཏན་གསུམ་པའི་དངོས་གཞི་རྒྱུད་ལ་སྐྱེས་པའི་མུ་སྟེགས་ཅན་ནི་དེ་དང་ལྡན་ཡང༌། དད་སོགས་དང་ཟག་མེད་ཀྱི་དབང་པོ་དང་མི་ལྡན་པ་ལྟ་བུའོ། །དེ་ཡང་མུ་སྟེགས་ཅན་ལ་སྤྱིར་དད་སོགས་ལྔ་མི་འབྱུང་བ་མ་ཡིན་གྱི། དེ་དང་དེའི་དབང་པོར་འཇོག་པ་ལ་བདེན་པའི་རྣམ་པ་ཅན་དགོས་པའི་ཤེས་བྱེད་ལས་སོ། །ཡང་ལུས་དབང་དང་ལྡན་ལ། དབང་པོ་གཞན་དྲུག་དང་མི་ལྡན་པའི་དཔེ་ནི། འདོད་པའི་ཁམས་སུ་ནུར་ནུར་པོ་ལ་སོགས་པའི་སྐབས་འགར་དབང་པོ་གཞན་མ་ཐོབ་པ་དང༌། ལོང་པ་ལ་སོགས་པ་ཉམས་པའི་གནས་སྐབས་ལྟ་བུའོ། །ཡང་ཇི་སྐད་དུ། མིག་སོགས་ལྡན་ལ་ལྔ་དང་ལྡན། །ཞེས་པར། ལྡན་པ་ནི་བཤད་མ་ཐག་པ་བཞི་པོའི་སྟེང་དུ་མིག་སོགས་བཞི་པོར་རང་རང་བསྣན་པའོ། །འདིར་མིག་སོགས་བཞི་པོ་གང་རུང་ལྡན་པ་ལ་ལུས་ཀྱི་དབང་པོ་དང་ལྡན་པས་ནི་ངེས་པར་ཁྱབ་ལ། གཞན་བཞི་པོ་གང་རུང་དང་ལྡན་པས་མ་ཁྱབ་པའི་དཔེ་ནི། འདོད་པའི་ཁམས་སུ་མ་ཐོབ་པ་དང་ཐོབ་པ་ལས་ཉམས་པའི་ཚེ་ལྟ་བུའོ། །མིག་སོགས་བཞི་དང་ལྡན་ལ། སྡུག་བསྔལ་དང་ཡིད་མི་བདེ་དང་མི་ལྡན་པ་ནི་གཟུགས་ཁམས་ཀྱི་རྟེན་དང༌། དེ་དང་ལྡན་ལ་བདེ་བ་དང་མི་ལྡན་པ་ནི་བསམ་གཏན་བཞི་པ་སོགས་ཀྱི་རྟེན་དང༌། བདེ་བ་དང་ཡིད་བདེ་གཉིས་དང་མི་ལྡན་པའི་དཔེ་ཡང་དེ་བཞིན་ནོ། །ཡང་ཇི་སྐད་དུ། ཡིད་བདེ་ལྡན་ཡང༌། ཞེས་པར། ལྡན་པ་ནི། ངེས་ལྡན་གསུམ་པོའི་སྟེང་དུ། བདེ་བ་དང་རང་ཉིད་དེ། ལྔ་དང་ལྡན་ནོ། །སྐབས་འདི་དག་ཏུ། བདེ་བ་ནི་གཉིས་ཏེ། ལུས་ཚོར་བདེ་བ་དང༌། སེམས་ཚོར་བདེ་བའོ། །དང་པོ་ནི། དབང་ཤེས་ལྔ་དང་མཚུངས་པར་ལྡན་པ་འདོད་པའི་དང༌། རྣམ་པར་ཤེས་པའི་ཚོགས་གསུམ་དང་མཚུངས་པར་ལྡན་པ་བསམ་གཏན་དང་པོའི་ལུས་ཚོར་བདེ་བའོ། །བསམ་གཏན་གཉིས་ཀ་ཡན་ཆད་ན་འདི་མེད་དེ། རྟོག་དཔྱོད་ཀྱི་ས་ལས་ཡང་དག་པར་འདས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡིད་བདེ་དང༌། སེམས་བདེའོ། །དང་པོ་ནི་བསམ་གཏན་དང་པོ་གཉིས་ན་དང༌། གསུམ་པ་ནི་བསམ་གཏན་གསུམ་པ་ཁོ་ནའོ། །དེ་ལྟར་ཤེས་པ་ན། གཞུང་གི་དངོས་བསྟན་ལ་ཚོར་བ་དྲུག་བཤད་ཀྱང་ལྔར་གྲངས་ངེས་པའོ། །གལ་ཏེ་འོ་ན་བསམ་གཏན་གཉིས་པ་ན་ཡིད་བདེ་བ་དང་ལྡན་ཡང༌། བདེ་བ་དང་ལྡན་པ་མེད་དེ། ལུས་ཀྱི་བདེ་བ་ཡང་མི་ལྡན། སེམས་ཀྱི་བདེ་བ་དང་ཡང་མི་ལྡན་པའི་ཕྱིར་ཏེ། ལུས་ཀྱི་བདེ་བ་ནི་སྤངས་པའི་ཕྱིར་དང༌། བསམ་གཏན་གསུམ་པའི་བདེ་བ་ནི་མ་ཐོབ་པའི་ཕྱིར་དང༌། རང་སའི་ཡིད་བདེ་བ་ནི་ཡིད་བདེ་ལས་དབང་པོ་ལོགས་སུ་འདྲེན་པ་མི་རིགས་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། བསམ་གཏན་གསུམ་པའི་བདེ་བ་ཉོན་མོངས་ཅན་གྱི་ཐོབ་པ་དང་ནི་དེ་མ་སྤངས་པ་ཐམས་ཅད་ལྡན་པའི་ཕྱིར་རོ། །ཞེས་པ་ནི་གྲུབ་པའི་མཐའ་ཡིན་ལ། དེ་ལྟར་བཤད་པ་ན་བསམ་གཏན་གཉིས་པ་མན་ཆད་ཀྱི་སོ་སོ་སྐྱེ་བོ་ཐམས་ཅད་ཀྱང་བདེ་བ་དང་ཡིད་བདེ་བ་གཉིས་ཀ་དང་ལྡན་ཞེས་ཁས་ལེན་དགོས་ལ། འདོད་པ་ན་ཡང་དབེན་པ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཡིད་བདེ་བ་མེད་མོད། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ཡོད་པའི་ཕྱིར། ཡིད་བདེ་བའི་དབང་པོ་ནི་ཡོད་པར་བཞག་དགོས་ཏེ། ཇི་སྐད་དུ། གཞན་ན་དེ་ཡིད་བདེ་བ་ཡིན། །ཞེས་བཤད་པས་སོ། །ཡང་ཇི་སྐད་དུ། སྡུག་བསྔལ་ལྡན། བདུན་དང༌། ཞེས་པ་སྲོག་ཡིད་གཉིས་དང༌། ལུས་དང༌། ཚོར་བའི་དབང་པོ་བཞི་རྣམས་སོ། །འདིར་ཡིད་ནི་བདེ་བའི་དབང་པོ་ལྡན་པའི་ངེས་པ་མེད་པ་ནི། འདོད་པའི་རྟེན་ཅན་འདོད་པ་ལ་ཆགས་པ་དང་བྲལ་བ་དག་ཡོད་པ་དང༌། བདེ་བ་དང་ཡིད་བདེ་བ་ནི། འདོད་པའི་ལུས་ཚོར་བདེ་བ་དང་ཡིད་བདེ་བ་ནི་དངོས་སུ་ཡོད་ལ། གོང་མའི་བདེ་བ་དང་ཡིད་བདེ་བ་ཡང་མ་སྤངས་པས་ལྡན་པའོ། །དེ་ཡང་འདོད་པ་ལ་ཆགས་བྲལ་བྱས་མ་བྱས་ཀྱི་དབྱེ་བ་ལས་ལྡན་ཚུལ་སོ་སོ་སྦྱར་རོ། །ལུས་དབང་དང་ལྡན་པས་ཁྱབ་པ་ནི། སྡུག་བསྔལ་གྱི་དབང་པོ་ཞེས་པ་ལུས་ཚོར་ཁོ་ན་ལ་འཆད་དགོས་པ་དང༌། དེ་ལ་ཡང་འདོད་པའི་རྟེན་ཅན་གྱིས་ཁྱབ་པས་ཡིན་ལ། མིག་སོགས་གཟུགས་ཅན་གྱི་དབང་པོ་གཞན་དང་ལྡན་པའི་ངེས་པ་མེད་པ་ནི། མ་ཐོབ་པ་དང་ཐོབ་པ་ལས་ཉམས་པ་སྲིད་པའི་དབང་དུ་བྱས་པའོ། །རྣམ་བྱང་གི་དབང་པོ་བརྒྱད་དང་ལྡན་པའི་ངེས་པ་མེད་པ་ནི། སོ་སོ་སྐྱེ་བོ་དང་དགེ་རྩ་ཆད་པ་དག་གི་དབང་དུ་བྱས་སོ། །ཡང་ཇི་སྐད་དུ། མོ་ཡི་དབང་སོགས་ལྡན་བརྒྱད་དང༌། །ཞེས་པ་ཕོ་མོའི་དབང་པོ་གཉིས་དང༌། ཡིད་མི་བདེ་བའི་དབང་པོ་སྟེ་གསུམ་པོ་གང་རུང་དང་ལྡན་པ་ནི། ངེས་པར་བཤད་མ་ཐག་པ་བདུན་པོ་དེ་དག་དང་རང་རང་སྟེ་བརྒྱད་དང་ལྡན་ནོ། །དེ་ཡང་ཕོ་མོའི་དབང་པོ་དང་ལྡན་པ་ལ་ལུས་དབང་དང་ལྡན་པས་ཁྱབ་ཀྱང༌། དབང་པོ་གཞན་དང་མི་ལྡན་པ་ནི་ཉམས་པའི་གནས་སྐབས་སོ། །བདེ་བ་དང་ཡིད་བདེ་བའི་ལྡན་ཚུལ་སྔ་མ་དང་འདྲ་ལ། ཡིད་མི་བདེ་མི་ལྡན་པ་ནི་འདོད་པ་ལ་ཆགས་བྲལ་གྱི་དབང་དུ་བྱས་པ་དང༌། སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ནི་འདོད་རྟེན་ཅན་གྱི་དབང་དུ་བྱས་སོ། །འོ་ན་གཟུགས་ཁམས་སུ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པར་བཤད་ན། སྡུག་བསྔལ་གྱི་དབང་པོ་དང་ཇི་ལྟར་ལྡན་ཞེ་ན། དེར་དེ་ལྡན་ཡང་ཡོད་པ་མ་ཡིན་པ་ལས་ཏེ། འདིར་གང་ཞིག་ལྡན་པ་ལ་གཞན་གང་དང་ལྡན་ཞེས་དཔྱོད་པ་ན། ལྡན་པ་དང་པོ་ནི་དེ་ཉིད་ཡོད་པའི་དབང་དུ་བྱས་ལ། གཉིས་པ་ནི་དེའི་ཐོབ་པ་ཡོད་པ་ལ་འཇོག་པས་སོ། །དེ་བཞིན་དུ་ཡིད་མི་བདེ་བའི་དབང་པོ་དང་ལྡན་པ་ལ་ཚོར་བའི་དབང་པོ་ལྔ་ཆར་དང་ལྡན་པས་ཁྱབ་པ་ནི། འདོད་པ་ལ་ཆགས་བྲལ་མ་བྱས་པའི་འདོད་རྟེན་ཅན་དུ་ངེས་པའི་རྒྱུ་མཚན་གྱིས་ཡིན་ལ། ལུས་དང་ལྡན་པ་ཡང་འདོད་རྟེན་ཅན་དུ་ངེས་པས་སོ། །ཡང་དད་སོགས་ལྔ་དང་ལྡན་པ་ཡང༌། ལྔ་པོ་དེ་དག་དང་ངེས་ལྡན་གསུམ་སྟེ་བརྒྱད་དང་ལྡན་ནོ། །འདིར་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ལ། ཕོའི་དབང་པོ་དང༌། ཡིད་མི་བདེ་དང༌། དད་སོགས་ཏེ། དེ་ཙམ་ཁོ་ནར་ངེས་པའི་ཤེས་བྱེད་ནི། དེ་དག་ལས་གཞན་ནི་རང་མིང་གིས་གསལ་བར་བཤད་པ་ལས་སོ། །འོ་ན་བསམ་གཏན་གྱི་ས་པའི་བདེ་བ་དང་ཡིད་བདེ་བ་ཉོན་མོངས་པ་ཅན་མ་སྤངས་པས་ལྡན་པར་འཇོག་ནུས་ན། དད་སོགས་ལྔ་པོ་ལ་ཉོན་མོངས་པ་ཅན་དང་ལྡན་པས་ལྡན་པར་འཇོག་མི་ནུས་པ་ཅི་ཞེ་ན། དད་སོགས་དང་ས་གཅིག་པའི་ཉོན་མོངས་ཀྱི་རྣམ་པར་གཞག་པ་མེད་ལ། ཅིག་ཤོས་དང་ས་གཅིག་པའི་ཉོན་མོངས་ཀྱི་རྣམ་པར་གཞག་ཡོད་པ་དང༌། ས་དེས་བསྡུས་ཀྱི་ཉོན་མོངས་དང་ལྡན་པ་ན། དེའི་ས་པའི་དགེ་བ་དག་པ་པ་དང་ལྡན་པས་ཁྱབ་པ་ལས་ཡིན་གྱི། བསམ་གཏན་གསུམ་པའི་བདེ་བ་ཉོན་མོངས་ཅན་བདེ་བ་དངོས་སུ་འཆད་པ་ནི་མ་ཡིན་ནོ། །འོ་ན་འདོད་པའི་རྟེན་ལ་དགེ་རྩ་ཆད་པའི་རྒྱུད་ལའང་དད་སོགས་ལྡན་པར་འགྱུར་ཏེ། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་པ་དང་ལྡན་པའི་ཕྱིར་སྙམ་ན། མི་མཚུངས་ཏེ། དེའི་ཉོན་མོངས་ནི་འདོད་པའི་དད་སོགས་དང་ས་མི་གཅིག་པས་སོ། །དེའི་ཤེས་བྱེད་ཀྱང་ཉོན་མོངས་དེ་གང་ལ་ལྡན་པའི་སེམས་རྒྱུད་དེར་དད་སོགས་ཀྱི་ཐོབ་པ་བཅད་ཟིན་པ་དང༌། བསམ་གཏན་གསུམ་པའི་ཉོན་མོངས་མ་སྤངས་ནས་ལྡན་པ་དེར་དེའི་དགེ་བའི་ཐོབ་པ་མ་བཅད་པས་ཁྱབ་པའི་ཕྱིར་དང༌། བསམ་གཏན་གསུམ་པའི་ཉོན་མོངས་པ་དངོས་དང་ལྡན་ན། དེའི་བདེ་བ་ལས་མ་ཉམས་པས་ཁྱབ་ལ། འདོད་པའི་ཉོན་མོངས་ཅན་ལ་འདོད་པའི་སས་བསྡུས་ཀྱི་དད་སོགས་ཉམས་པ་སྲིད་པའི་ཕྱིར་རོ། །ཡང་ཇི་སྐད་དུ། ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་ལ་བཅུ་གཅིག་ལྡན། །ཞེས་པར། བཅུ་གཅིག་ནི། བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང༌། སྲོག་ཡིད་གཉིས་དང༌། དད་སོགས་ལྔ་རྣམས། རང་ཉིད་རྣམས་སོ། །འོ་ན་ཀུན་ཤེས་པའི་དབང་པོ་དང་ལྡན་པའི་ཕྱིར་མི་འོང་དང་དགྲ་བཅོམ་པ། བསམ་གཏན་བཞི་དང་གཟུགས་མེད་ཀྱི་རྟེན་ཅན་པ་དག་ལ། བདེ་བ་དང་ཡིད་བདེ་བའི་དབང་པོ་ཇི་ལྟར་ཡོད་དེ། རང་ས་ན་མེད་ཅིང༌། འོག་སའི་དེ་དག་ནི་བཏང་བའི་ཕྱིར། ཞེ་ན། ཟག་བཅས་ཀྱི་དེ་དག་དང་མི་ལྡན་ཡང༌། ཟག་མེད་ཀྱི་བདེ་བ་ཡིད་བདེ་དག་དང་ལྡན་པའི་ཕྱིར། དེ་ཡང་འབྲས་བུ་ཐོབ་པས་གཏོང་བ་མ་ཡིན་ནམ་ཞེ་ན། སྔ་མ་གཏོང་ཡང༌། ཕྱི་མ་རེ་རེ་ཐོབ་པའི་ཕྱིར། ཉེས་པ་མེད་དེ། དེ་བཞིན་དུ་ཀུན་ཤེས་པའི་དབང་པོ་དང་ལྡན་པ་ལ་ཡང་སྔ་མ་བཅུ་དང་རང་ཉིད་དེ། བཅུ་གཅིག་དང་ངེས་པར་ལྡན་ནོ། །འདི་གཉིས་ཀྱི་ངེས་ལྡན་མ་ཡིན་པའི་དཔེ་ནི། གཟུགས་དང་གཟུགས་མེད་ཀྱི་རྟེན་ཅན་སྲིད་པ་ལས་དང༌། ཡིད་མི་བདེ་སྤངས་ཟིན་པ་སྲིད་པ་ལས་དང༌། ཟག་མེད་གསུམ་པོ་ཡང་གང་རུང་གཅིག་དང་ལྡན་པ་ན་གཞན་གཉིས་པོ་དང་མི་ལྡན་པས་ཁྱབ་པའི་རྒྱུ་མཚན་གྱིས་སོ། །ཡང་ཇི་སྐད་དུ། ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་པར། བཅུ་གསུམ་ནི། སྲོག་ཡིད་ལུས་གསུམ་དང༌། ཆགས་བྲལ་སྔོན་སོང་ལ་ཡིད་མི་བདེ་མི་ལྡན་པས་ཚོར་བའི་དབང་པོ་བཞི་དང༌། དད་སོགས་ལྔ་དང༌། རང་ཉིད་དོ། །སྡུག་བསྔལ་གྱི་དབང་པོ་དང་ངེས་པར་ལྡན་པའི་ཤེས་བྱེད་ནི། མཐོང་ལམ་པ་ཡིན་པས་འདོད་པའི་རྟེན་ཅན་ཁོ་ནར་ངེས་པ་ལས་ཡིན་ལ། དེའི་ཚེ་འོ་ན་ཕོ་མོའི་དབང་པོ་གང་རུང་གཅིག་དང་ཡང་ལྡན་པ་ངེས་པར་དགོས་ཏེ། དེ་དང་མི་ལྡན་པ་ལ། རྣམ་པར་ཉམས་པ་ལ་ནི་སྡོམ་པ་དང་འབྲས་བུ་ཐོབ་པ་དང་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར། སྙམ་ན། སྔར་ཕོ་མོ་གང་རུང་གི་དབང་པོ་དང་ལྡན་པའི་རྟེན་ལ་མཐོང་ལམ་ཐོབ་པ། ཕྱིས་མཚན་གཉིས་ཅིག་ཆར་དུ་བྱུང་བ་ལྟ་བུས་དབང་པོ་ཉམས་པ་ལ་མི་ལྡན་པའི་དབང་དུ་བྱས་སོ། །ཞེས་འཆད་པ་དང༌། སྦྱོར་ལམ་པ་རིམ་གྱིས་འཆི་བ་ན་དབང་པོ་གཟུགས་ཅན་བདུན་ཀ་འགགས་པ་ན་མཐོང་ལམ་སྐྱེ་སྲིད་པ་ལ་དགོངས་པ་ཡིན་ནོ། །ཞེས་ཟེར་བའི་ལུགས་གཉིས་ཡོད་ཀྱང༌། ལན་ཇི་བཞིན་མ་ཐེབས་པས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་མཐོང་ལམ་པ། ཕོ་མོའི་ཆགས་པ་དང་བྲལ་བ་ལ་དགོངས་པ་ཡིན་ནམ། ཞེས་བརྟག་པར་བྱའོ། །གཉིས་པ་སྲིད་ལྡན་ལ། ཉུང་ལྡན་དང༌། མང་ལྡན་གཉིས་ལས། དང་པོ་ལ། སོ་སོ་སྐྱེ་བོ་དང༌། འཕགས་པ་གཉིས། དང་པོ་ལ། དགེ་རྩ་ཆད་པ་དང༌། མ་ཆད་པ་གཉིས། དང་པོ་ནི། ཇི་སྐད་དུ། དགེ་མེད་ནང་ན་ཉུང་ལྡན་པས། །ཞེས་དང༌། གསུམ་པ་ནི། གཟུགས་མེད་བྱིས་པ། ཞེས་པས་བསྟན་ནོ། །འཕགས་པ་ལ། ཆགས་བྲལ་དང༌། ཆགས་བཅས་གཉིས་ལས། དང་པོ་ནི། གཟུགས་མེད་ཀྱི་རྟེན་ཅན་གྱི་དགྲ་བཅོམ་པ་ཡིན་ལ། གཉིས་པ་ལ་ཉུང་ལྡན་མི་སྲིད་དེ། མང་ལྡན་གྱི་མཐར་ཐུག་པ་ནི་དེ་ཉིད་ཡིན་པའི་ཕྱིར་རོ། །མང་ལྡན་ལ། སོ་སོ་སྐྱེ་བོ་དང༌། འཕགས་པ་གཉིས་ལས། དང་པོ་ནི། འདོད་ཁམས་ཀྱི་མཚན་གཉིས་པའོ། །གཉིས་པ་ནི། འཕགས་པ་ཆགས་བཅས་སོ། །དེ་ལྟར་དབང་པོའི་རྣམ་པར་གཞག་པ་བཤད་ཟིན་ནས། གཉིས་པ་འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་ལ་གཉིས་ཏེ། གང་ཞིག་སྐྱེ་བའི་འདུས་བྱས་ཀྱི་ཆོས་རྣམས་རྒྱས་པ་བཤད་པ་དང༌། གང་གིས་བསྐྱེད་པ་རྒྱུ་རྐྱེན་འབྲས་བུའི་རྣམ་པར་གཞག་པའོ། །དང་པོ་ལ། གཉིས་ཏེ། གཟུགས་ཅན་གྱི་སྐྱེ་ཚུལ་དང༌། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་ལ་གཞུང་གི་དོན་དངོས་དང༌། དེ་ལ་འཕྲོས་ནས་རགས་པ་བཅོམ་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་པ་དེའི་དོན་ནི། འདིར་རྡུལ་ཕྲ་རབ་ལ་གཉིས་ཏེ། བསགས་པའི་རྡུལ་ཕྲ་རབ་དང༌། ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲ་རབ་བོ། །མིང་གི་རྣམ་གྲངས་ནི། དང་པོ་ལ་སྐྱེ་མཆེད་ཀྱི་རྡུལ་དང༌། གཉིས་པ་ལ་རྫས་ཀྱི་རྡུལ་ཞེས་བྱ། དང་པོ་ནི། ལུས་ཤེས་ཀྱི་ཡུལ་དུ་རུང་བས་རེག་བྱའི་སྐྱེ་མཆེད་ཡིན་ལ། གཉིས་པ་ནི། དེར་མི་རུང་བ་ཁོ་ནར་མ་ཟད། ཆོས་ཀྱི་སྐྱེ་མཆེད་དུ་ཡང་མ་བཞག་སྟེ། ཇི་སྐད་དུ། དེ་གསུམ་རྣམ་རིག་བྱེད་མིན་དང༌། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཤེས་བྱ། །ཞེས་བཤད་པ་དེར་མ་འདུས་པའི་ལུང་ལས་དང༌། སྐྱེ་མཆེད་ཀྱི་རྡུལ་དུ་ཐལ་བའི་རིགས་པ་ལས་སོ། །འདི་ལ་སྟོང་པའི་རྡུལ་ཞེས་ཀྱང་བྱ་སྟེ། རྡུལ་དུ་གྲུབ་ལ། སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པའི་ཕྱིར་རོ། །ཐ་སྙད་འདི་ནི་བྱེ་བྲག་པ་ཁོ་ནའི་ལུགས་མ་ཡིན་ཏེ། དུས་ཀྱི་འཁོར་ལོ་ལས་ཀྱང༌། ཇི་སྐད་དུ། དེ་ཡི་ཕྱི་རོལ་སྟོང་པ་གཅིག་པུ་སྲིད་པ་གསུམ་བྲལ། །ཞེས་ཀྱང་བཤད་པས་སོ། །རྫས་རྡུལ་འདི་ལ་སའི་རྡུལ་ལ་སོགས་པའི་དབྱེ་བ་ཡོད་པ་མ་ཡིན་ཏེ། ཡོད་ན། སྲ་བ་ལ་སོགས་པར་ཐལ་བ་ལས། ལུས་ཀྱི་ཤེས་པའི་ཡུལ་དུ་མི་རུང་བས་སྲ་བ་ཉིད་ལ་སོགས་པར་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ན་རྫས་ཀྱི་རྡུལ་ཕྲ་རབ་ནི་གཟུགས་ཀྱི་ཕུང་པོའི་ནང་དུ་མ་འདུས་པས་ན། སྤྱིར་ཕུང་པོར་མི་རུང་སྟེ། རྡུལ་དུ་གྲུབ་པས་ཤེས་པ་དང་མི་ལྡན་པའི་འདུ་བྱེད་དུ་ནི་ནམ་ཡང་མི་རུང་བའི་ཕྱིར་རོ། །འོ་ན་ཆོས་སུ་ཁས་ལེན་དགོས་པས་དམིགས་པས་རྐྱེན་དུ་ཁས་ལེན་ནམ། ཞེ་ན། མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་རྐྱེན་དུ་མི་རུང་བར་ནི་བཤད་ཟིན་ལ། ཆོས་ཀྱི་སྐྱེ་མཆེད་དུ་མི་རུང་བ། ཡིད་ཀྱི་ཤེས་པའི་དམིགས་རྐྱེན་དུ་ཡང་མི་འཐད་པའི་ཕྱིར་རོ། །དེས་ན་འདོད་པའི་བསགས་རྡུལ་ཕྲ་རབ་ལ་རྡུལ་རྫས་བརྒྱད་འདུས་དང༌། གཟུགས་ཀྱི་རྡུལ་ཕྲ་རབ་ལ་རྡུལ་རྫས་དྲུག་འདུས་ཀྱིས་ཁྱབ་པ་ཡིན་ཏེ། དེ་མ་ཡིན་པ་ནི་རང་རང་གི་དབང་པོའི་ཤེས་པའི་ཡུལ་དུ་མི་རུང་བའི་ཕྱིར། ཇི་སྐད་དུ། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །ཞེས་གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་ཏུ་བཤད་པ་དེ་ཡང༌། བསགས་རྡུལ་ཕྲ་རབ་ཉིད་ལ་འཆད་དགོས་པ་ཡིན་ཏེ། དེ་ལས་ཆུང་བའི་རྫས་རྡུལ་ཕྲ་རབ་ནི་མངོན་སུམ་ལ་མི་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། འགྲེལ་པར། ཐམས་ཅད་པས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། །ཞེས་གསུངས་སོ། །ཡང་འོ་ན། ཇི་སྐད་དུ། རྡུལ་རྫས་བརྒྱད། ཅེས་འབྱུང་བ་བཞི་ཀའི་བསགས་རྡུལ་རེ་རེ་ཞིང༌། ཁ་དོག་དང་དྲི་རོ་རེག་བྱ་བཞི་ཀ་ཡོད་པར་བཤད་ན། རླུང་ལ་ཁ་དོག་ཇི་ལྟ་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། ལུང་ལས་ཡིན་གྱི། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་མེད་དོ། །ཞེས་ཟེར། མདོ་སྡེ་པ་ན་རེ། དྲི་དམིགས་པའི་རྟགས་ཀྱིས་རེག་བྱ་དང་ལྡན་པར་སྒྲུབ་ནུས་པས། རྒྱུ་ཆོས་རྗེས་སུ་དཔོག་པའོ། །ཞེས་ཟེར། ཡང་འོ་ན་འདིར་བཤད་པའི་རྫས་བརྒྱད་པོ་དེ་རྫས་ཁོ་ནའམ། འོན་སྟེ་སྐྱེ་མཆེད་ལ་རྫས་སུ་བཏགས་པ་ཡིན། དང་པོ་ལྟར་ན་ནི། བརྒྱད་ལ་སོགས་པའི་གྲངས་ངེས་འདི་ཉུང་བ་ཡིན་ཏེ། དབྱིབས་དང༌། ལྕི་ཡང་དང༌། འཇམ་རྩུབ་ལ་སོགས་པའི་རྫས་ཀྱི་ཁྱད་པར་མང་པོ་དག་དང་བཅས་པའི་ཕྱིར། གཉིས་པ་ལྟར་ན་ནི་མང་པ་ཡིན་ཏེ། འབྱུང་བ་བཞིའི་རྫས་ཀྱང་རེག་བྱའི་སྐྱེ་མཆེད་དུ་འདུས་པའི་ཕྱིར། ཞེ་ན། དེའི་ལན་ནི། སྐབས་འདིའི་རྫས་ནི་གཉིས་ཏེ། རྟེན་དང༌། བརྟེན་པའོ། །རྟེན་གྱི་རྫས་ནི། རྫས་ཁོ་ན་ལ་རྫས་སུ་བཞག་པ་ཡིན་ལ། བརྟེན་པའི་རྫས་ནི་སྐྱེ་མཆེད་ཀྱི་རྫས་ལ་དེར་བཏགས་པའོ། །དེ་ལྟར་ན་རྟེན་ནི་རྫས་རེ་བ་ཁོ་ནར་ངེས་ལ། བརྟེན་པ་སྐྱེ་མཆེད་ཀྱི་རྫས་ནི་རྫས་དུ་མ་དག་དང་བཅས་པ་ཡིན་ཏེ། གཟུགས་སོགས་བཞི་པོ་རེ་རེ་ཞིང་ཡང་རང་རང་གི་རྟེན་འབྱུང་བ་བཞི་ཚན་རྫས་ཐ་དད་པ་རེ་རེ་ལས་སྐྱེ་དགོས་པའི་ཕྱིར། དེ་ལྟ་ན་ཡང་གྲངས་ངེས་ཉམས་པར་མི་འགྱུར་ཏེ། འབྱུང་བ་བཞི་ཚན་གཞན་དང་གཞན་དག་ཀྱང་རང་རང་གི་རིགས་སུ་གཅིག་པའི་ཕྱིར། གྲངས་བགྲངས་པའི་ཚེ་རྫས་རེ་རེ་ཁོ་ནར་བཞག་པ་ཡིན་ནོ། །མདོར་བསྡུས་པའི་ངག་དོན་ནི། རྫས་ཀྱི་རྡུལ་ཕྲ་རབ་རྣམས་ཟླ་མེད་ཡན་གར་དུ་གནས་པའི་ཚེ་ན་ནི་དབང་པོའི་སྤྱོད་ཡུལ་དུ་མི་འགྱུར་ལ། རྫས་རྡུལ་གཞན་དག་དང་ལྷན་ཅིག་ཏུ་ཚོགས་ཤིང༌། འདབ་འབྱར་དུ་གནས་པ་དེའི་ཚེ་ན། རང་གི་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ཏེ། དེའི་ཚེ་ན་འབྱུང་བ་ལས་གྱུར་པའི་སྐྱེ་མཆེད་ལྔ་པོ་མངོན་དུ་གྱུར་པའི་ཕྱིར། འོ་ན་རྒྱུ་འབྱུང་བ་སོ་སོ་བའི་རེག་བྱ་དང༌། འབྱུང་བ་ལས་གྱུར་པའི་རེག་བྱའི་ཁྱད་པར་ཅི་ཞེ་ན། འབྱུང་བ་གཞན་གསུམ་པོ་རྒྱུར་བྱས་པ་དང་མ་བྱས་པའི་ཁྱད་པར་རོ། །དེ་ཡང་ཞིབ་མོར་ན། འབྱུང་བ་ལས་གྱུར་པའི་རེག་བྱའི་སྐྱེ་མཆེད་དུ་འཇོག་པ་ཡིན་ཏེ། ལུས་ཀྱི་དབང་པོས་དངོས་སུ་དམིགས་པའི་ཕྱིར། འབྱུང་བ་བཞི་པོ་རེ་རེ་བའི་རེག་བྱ་ནི་དེར་མི་གཞག་སྟེ། རྡུལ་ཕྲན་གཞན་དང་ལྷན་ཅིག་ཏུ་ཚོགས་པ་ལ་མ་རེག་པར་ནི་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ་མི་རུང་བའི་ཕྱིར། འོ་ན་རེ་རེ་བ་ལ་རེག་བྱ་ཡོད་པར་གང་ལས་གྲུབ་ཅེ་ན། བཞི་པོ་ཚོགས་པ་ལས་གྱུར་པའི་རེག་བྱ་ཉམས་སུ་མྱོང་བ་ན། སོ་སོའི་རེག་བྱ་ཉམས་སུ་མྱོང་ཞིང་དམིགས་པ་ཡིན་ནོ། །དེས་ན་ཟླ་མེད་དུ་གནས་པའི་ཚེ་འབྱུང་བ་དང་རེག་བྱ་ཅན་དུ་ཡང་མི་འདོད་ལ། གཞན་དང་ལྷན་ཅིག་ཏུ་ཚོགས་པའི་ཚེ། འབྱུང་བའི་རྡུལ་དང་རེག་བྱ་ཅན་དུ་ཡང་ཁས་ལེན་པ་འདི་ནི། བྱེ་བྲག་པ་དང༌། བྱེ་བྲག་ཏུ་སྨྲ་བའི་འདོད་པའོ། །གཉིས་པར་རགས་པ་རྩོམ་པའི་ཚུལ་ལ། སྤྱིར་རགས་པ་རྩོམ་པའི་དོན་ནི། དབང་པོའི་ཡུལ་དུ་མ་གྱུར་པའི་རྡུལ་ཕྲ་རབ་ལས། དེའི་ཡུལ་དུ་གྱུར་པའི་གཟུགས་ཀྱི་ཕུང་པོ་དང་སྐྱེ་བའོ། །དེ་ཡང༌། དང་པོ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ལ་ཕྱོགས་བཅུའི་རྡུལ་གྱིས་སྐོར་བའི་ཚེ་ན། ཕན་ཚུན་རེག་པ་ནི་མེད་དེ། ཕྱོགས་གཅིག་གིས་རེག་ན་ཆ་བཅས་སུ་ཐལ་བ་དང་ཐམས་ཅད་ཀྱིས་རེག་ན་གཅིག་གི་ནང་དུ་གཅིག་ཐིམ་པར་འགྱུར་བའི་ཕྱིར་རོ། །མ་རེག་ན་ཞིག་པར་འགྱུར་རོ། །ཞེ་ན། མི་འགྱུར་ཏེ། རླུང་གིས་བཟུང་བའི་ཕྱིར། རྫས་ཀྱི་མཐུས་ཀྱང་འབྲེལ་བར་བྱེད་པའི་ཕྱིར་རོ། །འོ་ན་སྣང་བས་མུན་པ་སེལ་བ་དང༌། ཚ་རེག་གིས་གྲང་རེག་ལ་གནོད་པ་མེད་པར་འགྱུར་ཏེ། མ་རེག་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། མ་ཕྲད་ན་དེ་དང་དེའི་རྡུལ་ཉེ་བ་ལས་ཅིག་ཤོས་འགགས་པ་གནོད་པ་བྱས་པར་འཇོག་པའི་ཕྱིར། དེ་ལྟར་ན་རྡུལ་ཕྲ་རབ་ནི། ཁ་དོག་དང་དབྱིབས་དང་ཆ་ཤས་དང་བྲལ་བའོ། །དེས་བརྩམས་པའི་རགས་པ་ནི། དབང་པོ་ལྔ་དང་དོན་ལྔ་པོ་རྣམས་སོ། །རྫས་ཀྱི་རྡུལ་ཕྲ་རབ་དོན་ལྔའི་ཁོངས་སུ་མི་འདུ་བ་ཉིད་དབྱིག་གཉེན་ཞབས་ཀྱི་དགོངས་པ་ཡིན་པར། རྣམ་འགྲེལ་ལས་བཤད་པ་ཡིན་ཏེ། ཇི་སྐད་དུ། རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཞེས་དེ་གཅིག་ལ་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །དབུ་མའི་རྒྱན་ལས་ཀྱང༌། རྣམ་ཤེས་ལྔ་ཡི་ཁམས་རྣམས་ནི། །བསགས་ལ་དམིགས་པའི་རྣམ་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །རྡུལ་དང་རགས་པ་གཉིས་ཀ་མ་ཡིན་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་སུ་འཆད་པའི་ཕྱིར། དེ་ལྟར་ན་བེམ་པོ་ལ་རྡུལ་དུ་གྲུབ་པས་མ་ཁྱབ་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཏེ། རིག་བྱེད་མ་ཡིན་པའི་གཟུགས་དང་ལྡན་པ་ཡིན་པའི་འདུ་བྱེད་ཀྱང་བེམ་པོར་ཁས་ལེན་པའི་ཕྱིར་རོ། །གཞན་དག་ལུགས་འདི་རྡུལ་ཕྲ་རབ་ཀྱང་གཟུགས་ཅན་དུ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། དེ་ལྟ་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་ཐལ་བར་འགྱུར་ཏེ། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ནི་དེ་ལས་གཞན་མེད་པའི་ཕྱིར། གཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ་སེམས་དང་སེམས་ལས་བྱུང་བའི་སྐྱེ་ཚུལ་དང༌། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་སྐྱེ་ཚུལ་ལོ། །དང་པོ་ལ་སྐྱེ་ཚུལ་དངོས་དང༌། དེ་ལས་འཕྲོས་ནས་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། ཇི་སྐད་དུ། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་པའི་དོན་ནི། སེམས་མེད་པར་ནི་སེམས་ལས་བྱུང་བ་མི་སྐྱེ་ལ། སེམས་ལས་བྱུང་བ་མེད་པར་སེམས་ཀྱང་མི་སྐྱེས་ཏེ། སེམས་བྱུང་དང་ལྷན་ཅིག་པ་མ་ཡིན་པའི་སེམས་མི་སྲིད་ཅིང༌། སེམས་དང་ལྷན་ཅིག་པ་མ་ཡིན་པའི་སེམས་བྱུང་ཀྱང་མི་སྲིད་པའི་ཕྱིར། འོ་ན་སེམས་ལས་བྱུང་བ་ཞེས་འབྱུང་ཁུངས་ཀྱི་སྒྲ་སྨྲོས་པའི་ཕྱིར་གཙོ་བོ་སེམས་དང་དེའི་འཁོར་གྱི་སེམས་བྱུང་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་ཁས་ལེན་དགོས་པ་མ་ཡིན་ནམ། ཇི་ལྟར་ན་ལྷན་ཅིག་ཏུ་སྐྱེ་ཞེ་ན། སེམས་ཀྱང་སེམས་བྱུང་ལ་རག་མ་ལས་པར་སྐྱེ་བ་མ་ཡིན་ཏེ། ཡིད་ལ་བྱེད་པ་སྔ་མ་ལ་མ་རག་པར་མི་སྐྱེ་བའི་ཕྱིར། གཉིས་ཀ་གཉིས་ཀ་ལས་སྐྱེ་བར་འདྲ་བ་དེ་ལྟར་ན། ཅིའི་ཕྱིར་འཁོར་ཁོ་ན་ལ་སེམས་ལས་བྱུང་བ་ཞེས་ཇི་ལྟར་འདོགས་ཏེ། གཙོ་བོ་ལ་ཡང་འཁོར་ལས་བྱུང་བའི་མིང་གིས་འདོགས་པར་མཚུངས་པའི་ཕྱིར་རོ། །ཞེ་ན། མི་མཚུངས་ཏེ། འཁོར་རྣམས་ནི་རང་གི་ཉེར་ལེན་སེམས་ལས་སྐྱེ་བ་ཁོ་ན་ཡིན་གྱི། སེམས་བྱུང་ལས་སྐྱེ་བ་མི་སྲིད་ལ། གཙོ་བོ་སེམས་ནི་ཉེར་ལེན་སེམས་སེམས་བྱུང་གཉིས་ཀ་ལས་སྐྱེ་བའི་ཕྱིར། དེས་ན་གཉིས་པོ་ཕན་ཚུན་གཅིག་མེད་ན་གཅིག་མི་འབྱུང་བ་ལ་བསམས་ནས་སྐྱེ་ཞེས་བཤད་པ་ཡིན་གྱི། གཙོ་འཁོར་གཉིས་པོ་དུས་གཅིག་པས་ཁྱབ་པར་སྟོན་པ་ནི་མ་ཡིན་ཏེ། ཕན་ཚུན་དུ་ཕན་གདགས་བྱ་དང་འདོགས་བྱེད་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། སེམས་ཀྱི་རྗེས་འཇུག་དུས་དང་ནི། །ཞེས་དུས་གཅིག་པར་བཤད་པ་དེ་ནི། རྒྱུན་ལ་ལྟོས་ནས་ཡིན་ཏེ། དཔེར་ན། བུའི་དུས་སུ་ཕ་ཡོད་པ་ལ་བསམས་ནས་ཕ་བུ་དུས་གཅིག་པའི་ཐ་སྙད་བྱེད་པ་བཞིན་ནོ། །ཡང་ཇི་སྐད་དུ། ཐམས་ཅད་འདུས་བྱས་མཚན་ཉིད་དང༌། །ཞེས་པ་ནི། འདུས་མ་བྱས་གསུམ་དངོས་པོར་ཁས་ལེན་ཀྱང༌། སྐྱེ་བར་ཁས་མི་ལེན་ཏེ། འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པར་ཐལ་བས་སོ། །དེས་ན་གང་ཅུང་ཟད་སྐྱེ་བ་དེ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་ཀུན་དང་ཅིག་ཆར་དུ་སྐྱེ་བའོ། །འོ་ན་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ་བ་མ་ཡིན་ནམ་ཞེ་ན། འདི་ཡང་རགས་པའི་རྣམ་གཞག་ཡིན་གྱི། ཞིབ་མོར་ན་དུས་གཅིག་ཏུ་སྐྱེས་པ་ནི་མི་སྲིད་ཏེ། དུས་དེར་གནས་ན་འཇིག་པར་འགལ་བའི་ཕྱིར། ཞིབ་མོར་ན། སྐད་ཅིག་ལ་གནས་པ་ཡང་མི་སྲིད་པའི་ཕྱིར། འོ་ན་འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལ་མཚན་ཉིད་དེ་དག་ཇི་ལྟར་ཡོད། མེད་ན་ནི་འདུས་བྱས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར། འདུས་བྱས་མ་ཡིན་པར་འགྱུར་ལ། ཡོད་ན་ནི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ། །སྙམ་ན། སྐྱེ་བ་དང་ལྡན་ཡང་སྐྱེས་པ་མི་སྲིད་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་དུ་བརྗོད་དོ། །འོ་ན་དེའི་སྐྱེ་བས་དེ་སྐྱེ་བའི་བྱ་བ་བྱེད་པ་མ་ཡིན་པར་འགྱུར་ཏེ། དེའི་སྐྱེ་བ་ཡོད་ཀྱང་དེ་མི་སྐྱེ་བའི་ཕྱིར། ཞེ་ན། ཉེས་པ་མེད་དེ། རྒྱུ་དང་རྐྱེན་མ་ཚོགས་པ་དེ་སྲིད་དུ་མི་སྐྱེ་བའི་ཕྱིར། ཡང་ཇི་སྐད་དུ། ཐོབ་པའམ། ཞེས་པའི་དོན་ནི། འདུས་བྱས་ཐམས་ཅད་མཚན་ཉིད་སྐྱེ་སོགས་དང་ལྷན་ཅིག་ཏུ་སྐྱེ་ན། ཐོབ་པ་དང་ཡང་ལྷན་ཅིག་ཏུ་སྐྱེའམ་སྙམ་པ་ལ། འམ་ཞེས་བྱ་བའི་སྒྲས་བསྟན་པ་ནི། སེམས་ཅན་དུ་བགྲངས་པ་དག་ནི་རང་རང་གི་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེ་ལ། སེམས་ཅན་དུ་མི་བགྲང་བ་དག་ལ་ནི་ཐོབ་པ་ཡོད་པར་མ་ངེས་པས། དེ་དང་དེའི་ཐོབ་པ་ལྷན་ཅིག་ཏུ་སྐྱེ་བ་མི་སྲིད་དོ། །དེ་ལྟ་ན་ཡང་དེ་ལ་དེ་མེད་པས་ཁྱབ་པ་ནི་མ་ཡིན་ཏེ། འགོག་པ་གཉིས་སེམས་ཅན་དུ་བགྲང་བ་མ་ཡིན་ཀྱང༌། དེའི་ཐོབ་པ་དང་ལྡན་པ་དག་ཡོད་པའི་ཕྱིར། ཞེས་པ་དང༌། སེམས་ཅན་དུ་བགྲང་བ་དག་ལ་ཡང༌། རང་རང་གི་ཐོབ་པ་སྔར་སྐྱེ་བ་དང༌། ཕྱིས་སྐྱེ་བ་དག་ཡོད་པ་ཞེས་བྱ་བའི་དོན་ནོ། །འདི་དག་གི་རྣམ་གཞག་རྒྱས་པར་ནི་འོག་ནས་ལྡན་མིན་འདུ་བྱེད་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ལ། མཚན་ཉིད་དང༌། དབྱེ་བ་དང༌། ས་གང་ན་གང་ཡོད་པ་དང༌། གང་གི་འཁོར་དུ་གང་བྱུང་བའོ། །དང་པོ་ལ། སྤྱིའི་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། རྟེན་དམིགས་པ་རྣམ་བཅས་དང༌། མཚུངས་པར་ལྡན་པ་དེ། སེམས་སེམས་བྱུང་གཉིས་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་མཚན་ཉིད་དོ། །གཉིས་པ་ལ། གཙོ་བོ་སེམས་ཀྱི་མཚན་ཉིད་ནི། སེམས། ཡིད། རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་གྲངས་ཀྱིས་བསྟན་པའི་རིག་པའོ། །གཙོ་བོ་རྣམ་ཤེས་ཐམས་ཅད་སྤྱི་ཙམ་ནས་ཡིད་དུ་ཁས་ལེན་ཀྱང༌། རང་དུས་སུ་ཡིད་ཀྱི་དབང་པོ་དང་ཁམས་སུ་ཁས་མི་ལེན་ཏེ། དུས་དེར་འདས་པ་མ་ཡིན་པའི་ཕྱིར། སེམས་བྱུང་གི་མཚན་ཉིད་ནི། རང་གི་གཙོ་བོ་དང་མཚུངས་ལྡན་རྣམ་པ་ལྔས་མཚུངས་པའི་རིག་པའོ། །གཙོ་བོ་སེམས་ཀྱང་རང་གི་འཁོར་དང་མཚུངས་པར་ཡིན་མོད། དེའི་མཚན་ཉིད་དེ་ལྟར་འཇོག་པ་མ་ཡིན་ཏེ། ཡིན་ན་གཉིས་པོ་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བ་དང༌། གཙོ་བོ་ནི་རྒྱུན་དང་བཅས་པས་རྟེན་དང་དམིགས་པ་སོགས་ངོས་བཟུང་བར་སླ་བ་ཡིན་ལ། ཅིག་ཤོས་ལ་ནི་རྒྱུན་མེད་པས་ངོས་བཟུང་བར་དཀའ་ཞིང༌། གང་ངེས་དཀའ་བ་དེ་ངེས་པ་སླ་བ་དེའི་མཚན་ཉིད་དུ་མི་རུང་བའི་ཕྱིར་རོ། །མཚུངས་པ་ལྔ་ནི། གཙོ་བོ་རྟེན་དབང་པོ་གང་ལ་བརྟེན་པ་དང༌། དེས་གང་ལ་དམིགས་པ་དང༌། དེ་གང་གི་རྣམ་པ་ཅན་ཡིན་པ་དེ་དེའི་ཡང་ཡིན་པ་དང༌། གཉིས་པོ་དུས་གཅིག་པོ་དང༌། རྫས་རེ་རེ་བར་འདྲ་བའོ། །རྟེན་མཚུངས་པའི་གོ་བ། རྟེན་ཁྱབ་མཉམ་པར་སྟོན་པ་ནི་མ་ཡིན་ཏེ། གཟུགས་འཛིན་མིག་ཤེས་འཁོར་གྱི་དྲན་པ་དང་སྒྲ་དོན་འཛིན་པའི་རྟོག་པ་རྣམས་ནི། རང་གི་གཙོ་བོ་དང་རྟེན་ཡིད་ཀྱི་དབང་པོ་ལ་བརྟེན་པར་མཚུངས་ཀྱང་མིག་གི་དབང་པོ་ལ་བརྟེན་པར་མཚུངས་པ་ནི་མ་ཡིན་ཏེ། དེ་ལ་དངོས་སུ་བརྟེན་པའི་ཤེས་པས་ནི་གཟུགས་གསལ་བར་མཐོང་བས་རྟོག་མེད་ཀྱི་ཤེས་པ་ཁོ་ནར་ངེས་པའི་ཕྱིར་རོ། །དམིགས་པ་དང་རྣམ་པ་ནི་ཡུལ་གྱི་སྤྱི་དང་བྱེ་བྲག་སྟེ། ཡུལ་གཟུགས་དང་སྔོ་སེར་ལ་སོགས་པ་ལྟ་བུའོ། །ཞིབ་མོར་ན་དམིགས་པ་ནི། ཡུལ་ཅན་གྱི་ཤེས་པ་ལས་རྫས་ཐ་དད་པའི་ཕྱི་རོལ་གྱི་དོན་ལྟ་བུ་ཡིན་ཀྱང༌། རྣམ་པ་ནི་ཡུལ་ཅན་གྱི་ཤེས་པ་ཁོ་ན་སྟེ། ཇི་སྐད་དུ། རྣམ་པ་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཅེས་པས་སོ། །དུས་དང་རྫས་མཚུངས་པ་ཡང་རགས་པའི་རྣམ་གཞག་སྟེ། སེམས་བྱུང་བཏགས་ཡོད་རྣམས་རྫས་སུ་མེད་པའི་ཕྱིར་དང༌། མིག་ཤེས་འཁོར་དུ་བྱུང་བའི་ངེས་ཤེས་ཀྱི་ཁྱད་པར་ཁ་ཅིག ཞིབ་མོར་ན་དེ་ལས་བྱུང་བ་ཡིན་ཀྱང༌། ཇི་སྲིད་གཟུགས་འཛིན་མིག་ཤེས་གནས་པ་དེ་སྲིད་དུ། དེའི་འཁོར་གྱི་ངེས་ཤེས་ཀྱང་གནས་པ་ལ་བསམ་ནས་དུས་གཅིག་པར་བཤད་པའོ། །འདིར་ལྔ་མཚུངས་སུ་བཤད་པའི་རྣམ་པ་དེ་འཛིན་སྟངས་ལ་ངོས་བཟུང་ནས། གཙོ་འཁོར་གཉིས་ཀ་རྟོག་པ་དང་རྟོགས་མེད་ཀྱི་ཤེས་པ་ཡིན་མཉམ་དུ་འདོད་པ་དང༌། དོན་གྱི་ངོ་བོ་དང་ཁྱད་པར་རིག་མཉམ་དུ་མཚུངས་པ་དང༌། རང་སྟོབས་དང་གཞན་སྟོབས་ཀྱི་སྒོ་ནས་ཁྱད་པར་འབྱེད་པ་སོགས། གཞུང་ལུགས་དང་མི་མཐུན་པ་དུ་མ་ཞིག་སྣང་ཡང༌། ངེས་པའི་དོན་ནི་ལྔ་མཚུངས་སུ་འཆད་པ་སེམས་བྱུང་གི་ངོས་ནས་ཕར་ཡིན་གྱི། གཙོ་སེམས་ནས་ཚུར་མ་ཡིན་པ་དང༌། ལྔ་ལྡན་དུ་འཆད་པའི་ཚེ་ཡང༌། བྱེ་སྨྲའི་ལུགས་ཀྱི་རྣམ་པའི་ངོས་འཛིན་ལྟར་ཡིན་གྱི། རྣལ་འབྱོར་སྤྱོད་པའི་ལུགས་ལྟར་མ་ཡིན་པ་དང༌། དེ་ལྟར་ཁས་བླངས་ན། རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བའི་ཉེས་པ་སོ་ན་གནས་པ་དང༌། གཙོ་བོ་དབང་ཤེས་ཀྱི་འཁོར་དུ་སྒྲ་དོན་འཛིན་པའི་རྟོག་པ་འབྱུང་བར་བཤད་པ་རྣམས་མི་འཐད་པར་ཐལ་བ་སོགས་འཇུག་པས། གཞན་དག་ལ་རླུང་ལྟར་གྲགས་པ་རྣམས་ནི། ཕལ་ཆེར་ཡིད་བརྟན་དུ་རུང་བའི་གནས་མ་ཡིན་ནོ། །གཉིས་པ་དབྱེ་བ་ལ། རྩ་བའི་དངོས་བསྟན་ལ་ནི་སྡེ་ཚན་ལྔ་དང༌། རྟོག་དཔྱོད་གཉིས་དང༌། འགྱོད་གཉིད་གཉིས་ཏེ་བཞི་བཅུ་རྩ་གཉིས་སུ་བཤད་ལ། འགྲེལ་བཤད་ལས་མ་ངེས་པ་བཞི་བསྣན་ནས་བཞི་བཅུ་རྩ་དྲུག་ཏུ་འཆད་དོ། །ལྔ་ནི། སེམས་ཀྱི་ས་མང་པོ་པ་བཅུ་དང༌། དགེ་བའི་ས་མང་པོ་པ་བཅུ་དང༌། མི་དགེ་བའི་ས་པ་གཉིས་དང༌། ཉོན་མོངས་ཆེན་པོའི་ས་པ་དྲུག་དང༌། ཉོན་མོངས་ཆུང་ངུའི་ས་པ་བཅུ་རྣམས་སོ། །མ་ངེས་པ་བརྒྱད་ནི། གང་སྤེལ་དང་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་འབྱུང་བ་ལྟར་རོ། །དེ་ལྟར་མཛོད་རྩ་འགྲེལ་ལས་འབྱུང་བ་ནི། བཤད་མ་ཐག་པ་བཞི་བཅུ་རྩ་དྲུག་པོ་དེའི་སྟེང་དུ། འོག་ནས་ལྟ་བའི་རྣམ་གཞག་རྒྱས་པར་གསུངས་པ་ནི་ལྟ་བ་ཙམ་དང་ཞེ་བདུན་ནོ། །ཆོས་མངོན་པ་གོང་མ་བ་དག་ལ་གྲགས་པའི་བརྗེད་ངེས་དང༌། རྣམ་གཡེང་དང༌། ཤེས་བཞིན་མ་ཡིན་པ་སྟེ། གསུམ་པོ་རྩ་བར་དངོས་སུ་མ་བཤད་ཅིང༌། གཏི་མུག་མེད་པ་ནི་བློ་གྲོས་ཀྱི་ནང་དུ་བསྡུས་ནས་བསྟན་ལ། འགྲེལ་པར་ནི་དེ་བཞི་ཀ་ཡང་སེམས་ཀྱི་ས་མང་པོ་པ་ཡིན་པར་བཤད་དོ། །དེ་ལྟར་ན་སེམས་དང༌། དགེ་བ་དང་མི་དགེ་བ་དང༌། ཉོན་མོངས་ཆེན་པོ་དང༌། ཉོན་མོངས་པ་ཆུང་ངུ་དང༌། མ་ངེས་པའི་ས་ཞེས་པ་རྣམས་སུ་འགྱུར་རོ། །དང་པོ་ལ། རྐང་གྲངས་ངོས་བཟུང་བ་དང༌། དོགས་པ་སྤངས་པའོ། །དང་པོ་ནི། ཚོར་དང་སེམས་པ་འདུ་ཤེས་དང༌། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དག །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །བཅུ་པོ་འདི་དག་ནི་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ལ་ཚོར་བར་འབྱུང་ངོ་ཞེས་གྲག་གོ་ལོ། །ཞེས་འབྱུང་ངོ༌། །གཉིས་པ་ལ། ཁ་སྐོང་གི་དོགས་གཅོད་དང༌། འགྲེལ་པ་ཉིད་ནས་བཤད་པའི་དོགས་གཅོད་དོ། །དང་པོ་ནི། འོ་ན་འདུན་མོས་དྲན་ཏིང་ཤེས་རབ་ལྔ་པོ་ཡུལ་ངེས་སུ་བཤད་པ་མ་ཡིན་ནམ། སེམས་ཀྱི་ས་མང་པོ་བར་འཆད་པ་ཅི་ཞེ་ན། དེ་ལྟར་འཆད་པ་ནི་བྱེ་བྲག་ཏུ་སྨྲ་བ་སྔ་རབས་པའི་འདོད་པ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་དངོས་བསྟན་ནོ། །གྲག་གོ་ལོ། །ཞེས་པ་ནི། སེམས་མཐའ་དག་གི་འཁོར་དུ་འབྱུང་སྲིད་པ་ལ་བསམས་ནས་ས་མང་པོ་པར་བཤད་པ་ཡིན་གྱི། གཙོ་སེམས་སྐད་ཅིག་མ་གཅིག་གི་འཁོར་དུ་ཡང་མི་འབྱུང་མི་སྲིད་པ་ནི་མ་ཡིན་ཏེ། འདུན་པ་དང་དྲན་པ་ལྟ་བུ་འཛིན་སྟངས་འགལ་བའི་ཕྱིར་དང༌། མོས་པ་ནི་ངེས་ཤེས་སུ་བཤད་པས་ལོག་རྟོག་དང་ཐེ་ཚོམ་ལ་མི་འབྱུང་བའི་ཕྱིར་དང༌། ཏིང་ངེ་འཛིན་ཡང་མཚན་ཉིད་པ་ནི་དབང་ཤེས་ཀྱི་ས་པར་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། སེམས་ཀྱི་ས་མང་ལ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བས་མ་ཁྱབ་པ་འདི་ནི་རང་བཟོར་བྱས་པའི་ཕྱིར། དབྱིག་གཉེན་ཞབས་ཀྱི་དགོངས་པ་མ་ཡིན་ནོ། །ཞེ་ན། དེ་ལ་དེས་ཁྱབ་པ་དེ་ལྟར་ན། སེམས་ཀྱི་ས་མང་དང༌། ཉོན་མོངས་ཆེན་པོའི་གཞི་མཐུན་མི་སྲིད་པར་འགྱུར་རོ། །འདོད་ནུས་པ་མ་ཡིན་ཏེ། འགྲེལ་པ་ལས། ས་མང་པོ་པ་དག་ཡིན་པ་དེ་དག་ལས། གང་དག་ཉོན་མོངས་པའི་ས་མང་པོ་པ་ཡང་ཡིན་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། འདུན་པ་དང༌། རེག་པའོ། །གཉིས་པ་ནི། མ་དད་པ་དང༌། ལེ་ལོ་དང༌། མ་རིག་པ་དང༌། རྒོད་པ་དང༌། བག་མེད་པའོ། །གསུམ་པ་ནི། དྲན་པ་ལ་སོགས་པ་ཉོན་མོངས་པ་ཅན་ལྔ་ཇི་སྐད་བཤད་པ་རྣམས་སོ། །ཞེས་གཉིས་ཀ་ཡིན་པའི་གཞི་མཐུན་བཤད་ལ། ལྔའི་ངོས་འཛིན་ནི། བརྗེད་ངེས་དང༌། རྣམ་པར་གཡེང་བ་དང༌། ཤེས་བཞིན་མ་ཡིན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལོག་པར་མོས་པ་རྣམས་ལ་ཟེར་བ་ཡིན་ཏེ། དྲན་པ་ཉོན་མོངས་ཅན་ཞེས་པ། བརྗེད་ངེས་ཀྱི་མིང་ཡིན་པའི་རིགས་པ་ལས་དང༌། ཇི་སྐད་དུ། འགྲེལ་པ་ལས། འདོད་པ་གང་ཡིན་ཞེ་ན། བརྗེད་ངེས་དང༌། རྣམ་པར་གཡེང་བ་དང༌། ཤེས་བཞིན་མ་ཡིན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལོག་པར་མོས་པ་རྣམས་ནི། ས་མང་པོ་པ་ཡིན་པའི་ཕྱིར། ཉོན་མོངས་པའི་ས་མང་པོ་པ་དག་ཡིན་པར་ངེས་པར་མི་བཟུང་སྟེ། དྲན་པ་ཉོན་མོངས་ཅན་ཁོ་ན་བརྗེད་ངེས་ཡིན་ལ། ཏིང་ངེ་འཛིན་ཉོན་མོངས་པ་ཅན་ཁོ་ན་རྣམ་པར་གཡེང་བ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཞེས་གསུངས་སོ། །ལུང་དེ་ལས་ནི། ས་མང་པོ་པ་གཉིས་ཀྱི་གཞི་མཐུན་སྲིད་པ་ཉིད་གྲུབ་པ་ཁོ་ནར་མ་ཟད། དོན་གཞན་གཉིས་ཀྱང་མཚོན་པར་ནུས་ཏེ། གང་ཞེ་ན། མངོན་པ་གོང་མ་པ་དག་གིས་འདོད་པའི་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ཐམས་ཅད། མཛོད་རྩ་འགྲེལ་འདིར་ཡང་ཁས་ལེན་ཀྱང་མ་བཤད་པ་ནི་གྲངས་ངེས་ཀྱི་དབང་དུ་བྱས་པའོ། །ཇི་ལྟར་ཞེ་ན། བརྗེད་ངེས་ནི་དྲན་པ་ཉོན་མོངས་ཅན་དང༌། རྣམ་པར་གཡེང་བ་ནི་ཏིང་ངེ་འཛིན་ཉོན་མོངས་ཅན་དང༌། ཤེས་བཞིན་མ་ཡིན་པ་ནི་ཤེས་རབ་ཉོན་མོངས་ཅན་དང༌། ཚུལ་མིན་ཡིད་བྱེད་ནི་ཡིད་བྱེད་ཉོན་མོངས་ཅན་དང༌། ལོག་པར་མོས་པ་ནི་མོས་པ་ཉོན་མོངས་ཅན་དང༌། གཏི་མུག་མེད་པ་ནི་ཤེས་རབ་དང་དོན་གཅིག་པས། སེམས་ཀྱི་ས་མང་པོ་པ་དག་གི་ནང་དུ་མ་འདུས་པ་མེད་དོ། །ཞེས་ བྱ་བ་འདི་དང༌། དབང་ཤེས་འཁོར་དུ་ཏིང་ངེ་འཛིན་དང༌། མ་རིག་པ་དང་མཚུངས་ལྡན་གྱི་ཤེས་རབ་ཇི་ལྟར་འབྱུང་སྙམ་པའི་དོགས་པ་ཡང་སེལ་ནུས་པ་ཡིན་ཏེ། ཏིང་ངེ་འཛིན་ཉོན་མོངས་ཅན་དང་ཤེས་རབ་ཉོན་མོངས་ཅན་ལ་ཡང༌། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མིང་གིས་འདོགས་པ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་དགེ་བའི་ས་མང་ལ་གཉིས་ཏེ། ངོས་འཛིན་དང༌། དོགས་པ་སྤང་བའོ། །དང་པོ་ནི། ཇི་སྐད་དུ། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང༌། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། །ཆོས་འདི་དག་ནི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་ངོ༌། །ཞེས་གསུངས་སོ། །གཉིས་པ་ལ་སྔར་ལྟར་གཉིས་ལས། དང་པོ་ནི། དེ་ལྟར་བཤད་པ་འདི་ཡང་བཅུ་པོ་འདི་དག་དགེ་བའི་སེམས་ཀྱི་འཁོར་དུ་འབྱུང་སྲིད་པ་ལ་བསམས་པ་ཡིན་གྱི་མི་འབྱུང་བ་མི་སྲིད་པ་ནི་མ་ཡིན་ཏེ། བཏང་སྙོམས་དང༌། ཤིན་ཏུ་སྦྱངས་པ་བཞིན་ནོ། །དེའི་ཤེས་བྱེད་ཀྱང་འདི་གཉིས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནང་ཚན་ལ་འཆད་པར་འགྲེལ་པ་ཉིད་ལས་འབྱུང་བའི་ཕྱིར། འོ་ན་གཙོ་སེམས་ཐམས་ཅད་ལ་ཤིན་ཏུ་སྦྱངས་པ་འབྱུང་སྲིད་པ་ཇི་ལྟར་ཞེ་ན། དེའི་རྒྱུ་ལུས་ཤིན་ཏུ་སྦྱངས་པ་འབྱུང་སྲིད་པ་ལ་བསམས་པར་འགྲེལ་པ་ཉིད་ལས་བཤད་དེ། དེ་མ་ཐག་ཏུ་འབྱུང་བར་འགྱུར་རོ། །མངོན་པ་གོང་མ་ལས་ནི་དགེ་བ་བཅུ་གཅིག་ཅེས་བཤད་ཀྱི། བཅུ་པོ་འདི་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་བཤད་པ་མེད་པ་དང༌། དགེ་བའི་རྩ་བ་གསུམ་པོ་ཕན་ཚུན་ངེས་ལྡན་དུ་བཤད་པ་དང༌། འདིར་རྩ་བ་གཉིས་ཁོ་ན་དགེ་བའི་ས་མང་དུ་བཤད་པ་ཡང་མ་མཐུན་ཞིང༌། སྤྱིར་ནི་སེམས་ཀྱི་ས་མང་དང་དགེ་བའི་ས་མང་གི་གཞི་མཐུན་ཁས་བླངས་པས་ཆོག་པ་ཡང་སྔ་མ་དང་རིགས་པ་མཚུངས་སམ་སྙམ་སྟེ། དཔྱད་པར་བྱའོ། །གཉིས་པ་འགྲེལ་པར་འབྱུང་བའི་དོགས་གཅོད་ནི། འདིར་བཤད་པའི་ཤིན་ཏུ་སྦྱངས་པ་དངོས་ནི་སེམས་ལས་སུ་རུང་བ་ཡིན་ལ། དེ་ལྟ་ན། མདོ་ལས་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ཞིག་ཡོད་པར་བཤད་པ་དང་འགལ་ལོ། །ཞེ་ན། འདིའི་ལན་ལ་གཉིས་ཏེ། སེམས་ཤིན་སྦྱངས་ལ་ལུས་ཤིན་སྦྱངས་ཀྱི་མིང་གིས་བཏགས་པར་བསྟན་པ་དང༌། ལུས་ལས་སུ་རུང་བ་ཁོ་ན་ལ་ལུས་ཤིན་སྦྱངས་སུ་བཤད་པའོ། །དང་པོ་ནི། ཇི་སྐད་དུ། དེ་ནི་ལུས་ཀྱི་ཚོར་བ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཞེས་གསུངས་ལ། དེའི་དོན་ནི། སེམས་ཤིན་ཏུ་སྦྱངས་པ་ཉིད་ལུས་ལ་བརྟེན་པ་ལ་བསམས་ནས་ལུས་ཤིན་སྦྱངས་སུ་བཤད་པ་ཡིན་ཏེ། དཔེར་ན། སེམས་ཀྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གཅིག་ཉིད་ལུས་ལ་བརྟེན་པའི་ཆ་ནས་ལུས་ཚོར་དུ་འཆད་པ་བཞིན་ནོ། །གཉིས་པ་ནི། ཇི་སྐད་དུ། དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཏུ་རུང་བར་འགྱུར་ཞེ་ན། འོ་ན་དེར་ནི་ལུས་ལས་སུ་རུང་བ་ཁོ་ན་ལ་ལུས་ཤིན་ཏུ་སྦྱངས་པ་ཡིན་པར་རིག་པར་བྱའོ། །ལུས་ལས་སུ་རུང་བ་དེ་ནི། སེམས་ལས་སུ་རུང་བ་བྱང་ཆུབ་ཀྱི་ཡན་ལག་འདྲེན་པར་བྱེད་དོ། །ཞེས་གསུངས། ཡང་དོགས་སྤོང་གཉིས་པ་ཞིག་གསུངས་པ་ནི། ཇི་སྐད་དུ། དེ་ལྟ་བུ་གཞན་ལ་ལར་སྣང་བ་ཡོད་དམ། ཞེ་ན། ཞེས་འབྱུང་ལ། དེའི་དོན་ནི། རྣམ་པར་ཤེས་པའི་ཚོགས་ལྔ་ནི་མཉམ་པར་གཞག་པའི་ས་པ་མ་ཡིན་པའི་ཕྱིར། ཤིན་ཏུ་སྦྱངས་པ་ཇི་ལྟར་ཡོད་ཅེས་པའོ། །འོ་ན། ཇི་སྐད་དུ། སྨྲས་པ། ཡོད་དེ། དཔེར་ན་བཅོམ་ལྡན་འདས་ཀྱིས། དགའ་བ་དང༌། དགའ་བ་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པ་དང༌། ཁོང་ཁྲོ་བ་དང༌། ཁོང་ཁྲོ་བའི་རྒྱུ་མཚན་གནོད་སེམས་ཀྱི་སྒྲིབ་པར་གསུངས་པ་དང༌། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། རྩོལ་བ་རྣམས་ཤེས་རབ་ཀྱི་ཕུང་པོར་གསུངས་པ་གང་དག་ལྟ་བུ་སྟེ། རྟོག་པ་དང་རྩོལ་བ་དག་ཤེས་རབ་ཀྱི་རང་བཞིན་མ་ཡིན་ཀྱང་དེ་དང་མཐུན་པའི་ཕྱིར། དེའི་སྒྲ་འཐོབ་བོ། །དེ་བཞིན་དུ་ལུས་ཤིན་ཏུ་སྦྱངས་པ་ཡང་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པའི་རྒྱུ་མཚན་གྱིས། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་སྒྲ་འཐོབ་པར་འགྱུར་རོ། །ཞེས་གསུངས། དེའི་དོན་ནི། བཅོམ་ལྡན་འདས་ཀྱིས་སྤང་བྱ་སྒྲིབ་པ་ལྔ་དང༌། སྤོང་བྱེད་བྱང་ཆུབ་ཀྱི་ཡན་ལག་བདུན་ལ། དངོས་དང༌། དེའི་རྒྱུ་གཉིས་གཉིས་སུ་ཕྱེ་ནས་བཤད་པའི་ཕྱིར་ན། ལུས་ཤིན་ཏུ་སྦྱངས་པ་ཡང་ཤིན་སྦྱངས་དངོས་ཀྱི་རྒྱུ་ཡིན་པའི་ཕྱིར་ན་དེར་བཏགས་ནས་བཞག་གོ །ལྟ་རྟོག་རྩོལ་གསུམ་པོ་དེ་ལ་ཤེས་རབ་ཀྱི་མིང་གིས་འདོགས་པ་ཡང༌། འཕགས་ལམ་ཡན་ལག་བརྒྱད་ཆར། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕུང་པོ་གསུམ་དུ་བསྡུ་བར་བྱའོ། །ཞེས་པའི་དོན་ནོ། །གསུམ་པ་ཉོན་མོངས་པའི་ས་མང་པོ་པ་འཆད་པ་ལ་གཉིས་ཏེ། རྐང་གྲངས་ངོས་བཟུང་བ་དང༌། དོགས་པ་སྤངས་པའོ། །དང་པོ་ནི། ཇི་སྐད་དུ། རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། །ཞེས་པ་འདི་ཡང་ཉོན་མོངས་པ་ཅན་གྱི་གཙོ་བོ་རྣམ་རིག་གཅིག་གི་འཁོར་དུ་ཅིག་ཆར་དུ་འབྱུང་བ་ནི་མ་ཡིན་ཏེ། རྨུགས་པ་དང་རྒོད་པ་ཅིག་ཆར་དུ་འབྱུང་མི་སྲིད་པའི་ཕྱིར། དེས་ན་ཉོན་མོངས་པ་ཅན་གྱི་གཙོ་བོ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་སྲིད་པའོ། །གཉིས་པ་ལ་གཉིས་ལས། དོགས་སྤོང་དང་པོ་ནི།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*