རྡོ་རྗེ་འཆང་གི་བསྟོད་པ་སོགས་བསྟོད་ཚོགས།

༼མ༽༄༅། །རྡོ་རྗེ་འཆང་གི་བསྟོད་པ་སོགས་བསྟོད་ཚོགས་བཞུགས་སོ།།

སྭསྟི། ཕྱག་འཚལ་རྡོ་རྗེ་ཐེག་ལམ་གྱི། །སྐལ་བར་ལྡན་འགའ་ཚེ་དེ་ཉིད། །དེ་རང་ཉིད་ཀྱི་གོ་འཕང་ལ། །འགོད་མཛད་རྡོ་རྗེ་འཆང་ལའོ། །དེ་ཡིས་དེ་དུས་དེ་མངོན་དུ། །བྱེད་པའི་མེད་ན་མི་འབྱུང་རྒྱུ། །དེ་རང་རྫོགས་སངས་རྒྱས་ཉིད་དུ། །དད་པས་མོས་རྣམས་མི་བསླུ་བར། །རྗེས་འཛིན་གང་ཡིན་དེ་བླ་མ། །རྡོ་རྗེ་འཆང་ཡིན་དེ་སྔོན་གྱི། །མཐའ་ཡོད་མིན་པའི་སངས་རྒྱས་ནས། །རིམ་པར་དབང་བསྐུར་གྱུར་དེ་ཡིན། །དེ་འགྱུར་བ་ནི་རིགས་ལྔ་པོ། །སོ་སོའི་གནས་ཡོངས་གྱུར་ཐོབ་ནས། །ཆོས་དབྱིངས་ཐ་དད་མིན་གཅིག་པུར། །ཡང་དག་རྫོགས་སངས་རྒྱས་ཁོ་ན། །མི་འཇིགས་སེང་གེའི་ཁྲི་སྟེངས་སུ། །ཞབས་ཟུང་རྡོ་རྗེའི་གདན་གྱུར་ནས། །ཕྱག་དག་ཐབས་ཤེས་ཟུང་འཇུག་སྐུར། །དབྱེར་མེད་གྱུར་དེ་དང་པོ་ཡི། །སངས་རྒྱས་ཉིད་ཀྱིས་དེ་དབང་བསྐུར། །དེ་ཐོབ་པ་ལ་རྡོ་རྗེ་ཡི། །སློབ་དཔོན་ཞེས་པར་མཚན་གསོལ་བ། །དེ་ལ་གུས་པར་ཕྱག་འཚལ་ལོ། །གང་འདི་གཟུགས་སོགས་ཕུང་པོ་ལྔ། །གོང་མས་རིགས་ལྔར་བྱིན་བརླབས་ཤིང༌། །ཉོན་མོངས་རྣམ་ལྔ་སྦྱངས་གྱུར་ནས། །དེ་ཚེ་སངས་རྒྱས་རིགས་དྲུག་པ། །གང་དེ་ཕྱོགས་བཅུའི་སངས་རྒྱས་ཀྱིས། །འཇིགས་མེད་ཁྲི་ལ་བཞུགས་གསོལ་ཏེ། །ཆོས་ཀྱི་རྒྱལ་པོར་དེ་དབང་བསྐུར། །རྒྱལ་པོའི་རིགས་འཁྲུངས་རྣམ་དཔྱོད་བརྩལ། །ཡོངས་རྫོགས་ཆོས་དང་སྲིད་ཀུན་གྱི། །བརྩོན་འགྲུས་བརྩོམ་མཁས་རྒྱལ་པོའི་ཁྲིར། །དབང་བསྐུར་གཞན་དག་མིན་དེ་བཞིན། །རྒྱལ་བ་ཡུམ་དང་བཅས་གྱུར་པའི། །མངལ་ནས་འཁྲུངས་པ་ལྟ་ཅི་སྨོས། །ཐེག་མཆོག་རྩེ་མོར་སེམས་བསྐྱེད་པ། །དེས་ཀྱང་དེ་ཡི་གདུང་འཚོབ་ནུས། །དེ་ནས་དྲི་བཅས་ཆོས་དབྱིངས་ལ། །སྒྲིབ་བྱེད་དྲི་མ་ལྔ་སྦྱངས་པས། །རྡོ་རྗེ་སློབ་མར་གྱུར་གང་དེ། །སྐྱེད་པའི་རིམ་ལ་གདེང་ཐོབ་ཚེ། །ལྔ་པར་བཅས་པའི་རིགས་དྲུག་པ། །ཁྱབ་བདག་རྡོ་རྗེ་འཆང་དབང་གིས། །རང་གི་ཁྲི་ལ་དེ་དབང་བསྐུར། །རྣལ་འབྱོར་རྒྱུད་དུ་གང་གསུངས་པའི། །ཁྱབ་བདག་འཁོར་ལོའི་མགོན་དེ་དང༌། །སྐྱེད་རིམ་ཙམ་གྱི་ཁྱབ་བདག་ཡང༌། །དྲུག་པ་རྡོ་རྗེ་འཆང་ཉིད་དུ། །ཐེ་ཚོམ་མེད་པར་དད་བྱས་ནས། །དེ་དང་དེ་ཡི་ལམ་ཉིད་དུ། །གང་བཤད་དེ་ལ་གོམས་བྱས་པས། །ལུས་འདི་ཉིད་ཀྱིས་དེ་མངོན་བྱེད། །གོང་མའི་དབང་གི་ཆུ་བོ་ཡང༌། །རྒྱུན་མ་ཆད་པ་དེ་བསྐུར་ནས། །རྫོགས་པའི་རིམ་ལ་གོམས་འདྲིས་པ། །དེ་ཁོ་ན་ཉིད་རྡོ་རྗེ་འཆང༌། །ཆེན་པོར་ཕྱོགས་བཅུའི་སངས་རྒྱས་ཀྱིས། །དབང་བསྐུར་བར་འོས་སློབ་དཔོན་གྱི། །ཕྲིན་ལས་མ་ལུས་སྒྲུབ་པར་དབང༌། །དེ་ལྟའི་དམ་ཚིག་སློབ་དཔོན་ལས། །བསྐལ་བཟང་གང་གིས་དབང་བསྐུར་དང༌། །རྒྱུད་དང་མན་ངག་གནས་ཀྱི་ནི། །བཀའ་དྲིན་ཐོབ་པའི་སློབ་མ་དེས། །བཀའ་དྲིན་མནོས་ཁྱོད་སྒྲིབ་ཀུན་དང༌། །བྲལ་ཞིང་ཡོན་ཏན་ཀུན་རྫོགས་པའི། །བཅོམ་ལྡན་འཁོར་ལོ་སྡོམ་ཁྱོད་ཅེས། །སྐུ་བཞིའི་དབང་ཕྱུག་དེ་གཅིག་ལས། །ཉིན་མཚན་ཐུན་བཞིར་དབང་བཞི་པོ། །སྲོལ་བཞིན་ཉམས་སུ་བླངས་གྱུར་པ། །མཆོག་གི་དངོས་གྲུབ་ཅེས་བྱ་བ། །ཐག་དང་ཐོགས་པ་མེད་པར་ཡང༌། །རང་རང་ལག་པས་བླངས་ཇི་བཞིན། །སྙིང་གི་འཁྱམས་ཆེན་དེ་དང་དེར། །སྟེར་མཛད་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་མཐུན་མོང་གི །དངོས་གྲུབ་མ་ལུས་པ་ཡང་དེ། །བསྟན་པའི་རིམ་གྲོར་སྩོལ་མཛད་ན། །ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི། །བསྟན་པའི་ཆུ་བོ་ཀུན་འདུས་པ། །རྡོ་རྗེ་ཐེག་པའི་ཡིད་བཞིན་མཚོ། །གོང་ནས་གོང་འཕེལ་དོན་དུ་བསྔོ། །སྙན་བརྒྱུད་བཞི་དང་ཚད་མ་བཞི། །བྱིན་བརླབས་མཛད་པོའི་སློབ་དཔོན་ལ། །མོས་གུས་བསམ་པས་རྒྱུད་ཚིམ་པའི། །སློབ་མས་དངོས་གྲུབ་ཀུན་ལོངས་ཤོག།  །།ཤུ་བྷཾ།།  ༈  །།སྟོན་པ་ཐུབ་པའི་དབང་པོ་ལ་བསྟན་པ་དང་མཐུན་པར་བསྟོད་པ་འཆི་མེད་ཀྱི་མཛོད་བཞུགས་སོ།། ༄། །ཐར་བའི་ལམ་དང་རྗེས་མཐུན་པར། །འཁོར་བའི་ས་ཆེན་དང་པོ་བརྒྱད། །རབ་གནོན་རྣལ་འབྱོར་བདུད་རྩི་ནི། །སྔོན་གྱི་དྲང་སྲོང་གིས་ཀྱང་བསྟན། །སྲིད་པའི་རྩེ་མོ་འགོང་ནུས་པའི། །འགྲོས་ཆེན་དེ་ནི་ཁྱོད་ཀྱིས་བཤད། །ཆགས་དང་ཁོང་ཁྲོ་ཆོས་མིན་པར། །ཚངས་པའི་རྗེས་འཇུག་གིས་ཀྱང་སྨྲ། །གཏི་མུག་ཁོ་ན་སྡིག་པ་ཡི། །རྩ་བར་འཆད་པ་ཁྱོད་ཀྱི་གཞུང༌། །གང་ལ་ཉེས་པར་བཟུང་བ་ཡིས། །དེ་ལ་ཆགས་བྲལ་བྱེད་ཅེས་པ། །འུག་པའི་བུ་རྣམས་ཀྱིས་ཀྱང་སྨྲ། །ཡུལ་ལ་བདག་མེད་མཐོང་བ་ཡིས། །སྲིད་པའི་ས་བོན་འཇོམས་སོ་ཞེས། །གསལ་བར་འཆད་པ་ཁྱོད་ཁོ་ན། །འཁོར་བ་དང་ནི་ཐར་པ་ལ། །བླང་དོར་བྱེད་ཅེས་ཆད་ལྟ་བ། །མིན་པའི་མུ་སྟེགས་ཀུན་ཀྱང་སྨྲ། །མྱ་ངན་འདས་ལ་ཐར་པ་ཞེས། །སྙན་པར་སྨྲ་བ་ཁྱོད་ཀྱི་གསུང༌། །འཁོར་བ་ལས་ནི་འབྱུང་འདོད་པ། །ངེས་འབྱུང་ཡིན་པར་གཞན་དག་སྨྲ། །མྱ་ངན་འདས་པ་དོན་གཉེར་བ། །ངེས་འབྱུང་ཡིན་པར་ཁྱོད་ཀྱིས་བཤད། །ལུས་ངག་སྤང་བྱ་བདུན་སྤོང་བའི། །ཚུལ་ཁྲིམས་མུ་སྟེགས་བྱེད་ཀྱང་འདོད། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་པའི། །སོ་སོར་ཐར་པ་ཁྱོད་ཀྱིས་བསྟན། །རྫོགས་སངས་རྒྱས་ལ་སྐྱབས་འཆའ་བ། །ཁྱབ་འཇུག་རྗེས་འབྲང་གཞུང་ནའང་ཡོད། །མྱ་ངན་འདས་ལ་སྐྱབས་འགྲོ་བ། །ཁྱོད་ཀྱི་བསྟན་པའི་རྩ་བར་ངེས། །དམ་པའི་ཆོས་ལ་སྐྱབས་སོང་ནས། །རྫོགས་སངས་རྒྱས་ལ་མི་བརྟེན་པ། །རང་སངས་རྒྱས་རྣམས་ལ་ཡང་ཡོད། །དེ་ཕྱིར་དམ་ཆོས་ཁོ་ན་སྐྱབས། །ཐེག་པ་གཉིས་པོ་རང་སངས་རྒྱས། །རྣམས་ཀྱིས་ཀྱང་ནི་གསལ་བར་བཤད། །ཐེག་གསུམ་ཚང་བར་སྟོན་པ་ནི། །ཁྱོད་ཉིད་ཁོ་ནའི་བསྟན་པ་ཡིན། །བསམ་གཏན་སྡོམ་ལ་གནས་པ་ནི། །མེས་པོའི་རྗེས་འཇུག་རྣམས་ལའང་ཡོད། །སོ་སོར་ཐར་དང་ཟག་མེད་ཀྱི། །སྡོམ་པ་ཁྱོད་ཀྱི་བསྟན་ལས་བྱུང༌། །རྐྱང་བ་ལྡན་དང་འདུས་པའི་ནད། །གསོ་བྱེད་སྔོན་གྱི་མེས་པོས་དྲན། །ཆགས་སྡང་རྨོངས་པའི་ནད་གསོ་བའི། །གསོ་སྤྱད་ཁྱོད་ཉིད་ཁོ་ནས་བསྟན། །བྱིས་པ་རྣམས་ཀྱི་དབང་བྱས་པའི། །རྟོག་གེ་རིག་བྱེད་གཞུང་ལས་བྱུང༌། །ཤེས་བྱའི་གནས་ཀུན་ལ་འཇུག་པའི། །རིགས་པ་དེ་ནི་ཁྱོད་ཀྱིས་བསྟན། །བྱིངས་དང་ཉེར་སྒྱུར་རྐྱེན་སོགས་ཀྱི། །རྣམ་དབྱེ་སྔོན་གྱི་བྲམ་ཟེས་བསྟན། །ངེས་དོན་བརྡ་སྤྲོད་གཞུང་ལུགས་ནི། །ཁྱོད་ཀྱི་བསྟན་པ་ཁོ་ན་ཡིན། །འཕོང་དང་སྒྱུ་རྩལ་ལ་སོགས་པའི། །བཟོ་ཡི་རིག་གནས་རྒན་པོའི་གཞུང༌། །ཕྱི་ནང་གཞན་གསུམ་ལེགས་སྦྱོར་བའི། །བཟོ་རིགས་མཁས་པ་ཁྱོད་གཅིག་ཡིན། །འདུས་བྱས་ཆོས་རྣམས་ནམ་ཞིག་འཇིག་གོ་ཅེས། །སེར་སྐྱས་བཏགས་པའི་གཞུང་ཆེན་ལས་ཀྱང་འབྱུང༌། །འདུས་བྱས་ཐམས་ཅད་སྐད་ཅིག་འཇིག་ཅེས་པ། །ཁྱོད་ཀྱི་བདུད་རྩིའི་སྒོ་ཆེན་དང་པོ་ཡིན། །འགྱུར་བའི་བདེ་བའང་སྡུག་བསྔལ་ཡིན་ནོ་ཞེས། །དེ་ལས་ཡིད་འབྱུང་མུ་སྟེགས་རྣམས་ཀྱང་ཚོལ། །ཟག་བཅས་མ་ལུས་སྡུག་བསྔལ་ཡིན་ཞེས་པ། །ཁྱོད་ཀྱི་བདུད་རྩིའི་སྒོ་ཆེན་གཉིས་པ་ཡིན། །གྲུབ་མཐས་བརྟགས་པའི་བདག་འགའ་མེད་ཅེས་པ། །གསལ་བར་སྟོན་པའི་མུ་སྟེགས་གཞུང་ཆེན་མང༌། །ལྷན་སྐྱེས་འཛིན་པས་བཟུང་བའི་བདག་མེད་པ། །ཁྱོད་ཀྱི་བདུད་རྩིའི་སྒོ་ཆེན་གསུམ་པ་ཡིན། །ཐ་སྙད་བདེན་པ་རང་རང་རིགས་པ་ཡིས། །བརྟགས་ནས་འཇོག་པ་དངོས་པོར་སྨྲ་བའི་གཞུང༌། །རྟེན་འབྲེལ་སྣ་ཚོགས་མ་བརྟགས་ཉམས་དགའ་བར། །བྱིས་དང་མཐུན་པར་འཇོག་པ་ཁྱོད་ཀྱི་ལུགས། །ཕྱི་རོལ་རགས་རྒྱུན་རྫས་སུ་མེད་དོ་ཞེས། །གསལ་བར་འཆད་པའི་མུ་སྟེགས་གཞུང་ཡང་མང༌། །ཤེས་པའི་རྒྱུན་ཡང་དམ་པར་མེད་དོ་ཞེས། །བྱེ་བྲག་སྨྲ་བའི་གཞུང་ཆེན་དང་པོར་བསྟན། །དེ་ཕྱིར་རགས་རྒྱུན་བདེན་པར་འཛིན་པའི་བློ། །ཤེས་བྱའི་སྒྲིབ་པར་ཁྱོད་ཀྱིས་དང་པོར་བསྟན། །དོན་སྣང་ཤེས་པས་ཕྱི་དོན་རྣམ་མེད་དུ། །འཛིན་པའི་གཞུང་ལུགས་རིགས་པས་སུན་ཕྱུང་ནས། །རྣམ་རིག་ཙམ་ལ་མྱུར་དུ་འཇུག་པའི་སྒོ། །རྣམ་བཅས་གྲུབ་མཐའི་རིམ་པ་གཉིས་པར་བསྟན། །དོན་སྣང་མ་ལུས་སེམས་སུ་ལེགས་གྲུབ་ཅིང༌། །དེ་ལས་གཞན་ན་ཕྱི་དོན་མི་འགྲུབ་པས། །གཉིས་མེད་རང་རིག་དོན་དམ་ཡིན་ནོ་ཞེས། །རྣལ་འབྱོར་སྤྱོད་པའི་གཞུང་ཆེན་གསུམ་པར་བསྟན། །ཡང་དག་རིགས་པས་ཚུལ་བཞིན་དཔྱད་པ་ན། །ཆོས་ཀུན་མཚན་མའི་ཚུལ་ལས་རབ་འདས་ཤིང༌། །ངེས་དོན་བརྗོད་པའི་ལམ་དང་བྲལ་ལོ་ཞེས། །གསང་ཆེན་བདུད་རྩི་ཉིད་རང་གཅིག་པུས་བརྙེས། །སྤྲོས་མེད་བརྗོད་པའི་ལམ་ལས་འདས་སོ་ཞེས། །མི་མཁས་པ་རྣམས་སྤྲོས་མེད་ཉིད་ལ་ཡང༌། །སྤྲོས་པའི་དུག་གིས་མ་རུངས་བྱེད་གཟིགས་ནས། །ཁྱོད་ཀྱིས་བདུད་རྩིའི་སྒོ་ཆེན་དམ་དུ་བསྡམས། །དེ་ནས་ཚངས་དང་དབང་པོའི་དྲེགས་པ་ཡི། །ཐོར་ཅོག་མདུད་པ་དམ་པོ་གྲོལ་གྱུར་ནས། །དད་པའི་མེ་ཏོག་སྤྱི་བོར་བཅིངས་པ་ན། །ཁྱོད་ཀྱིས་བདུད་རྩིའི་སྒོ་ཆེན་དང་པོར་ཕྱེ། །དེ་ལྟར་གྲུབ་མཐའི་སྲོལ་ཆེན་རྣམ་བཞི་ཡི། །ངོ་མཚར་བདུད་རྩིའི་འབབ་སྟེགས་ལས་འོངས་པའི། །བསྟན་པ་རིན་ཆེན་འཆི་མེད་མཛོད་བཟུང་ནས། །གདུལ་བྱའི་འཕོངས་པ་སེལ་ལ་ཕྱག་འཚལ་ལོ། །ཞེས་སྟོན་པ་ཐུབ་པའི་དབང་པོ་ལ་བསྟན་པ་དང་མཐུན་པར་བསྟོད་པ། འཆི་མེད་ཀྱི་མཛོད་ཅེས་བྱ་བ། ཡུལ་དབུས་ཀྱི་སྙན་དངགས་མཁན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ། དབོ་ཡིས་ཉ་བའི་ཉི་ཤུ་གཅིག་ལ་ཉེ་བར་སྦྱར་བ་ཡིན་ནོ།།  ༈  །།སྟོན་པ་ཐུབ་པའི་དབང་པོ་ལ་བཀའ་བཙན་པ་དང་རྩོད་པ་མེད་པར་བསྟོད་པ་ངེས་དོན་མེ་ཏོག་ཅེས་བྱ་བ་བཞུགས་སོ།། ༄། །སྟོན་པ་ཐུབ་པའི་དབང་པོ་ལ་བཀའ་བཙན་པ་དང་རྩོད་པ་མེད་པར་བསྟོད་པ་ངེས་པའི་དོན་གྱི་མེ་ཏོག་ཅེས་བྱ་བ། སྟོན་པ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་ལོ། །གང་དག་སྨྲ་མཁས་བསྟན་བཅོས་ཀྱི། །རི་མོ་འགོད་མཁས་གཞན་དག་ལ། །མེད་པའི་ཆོས་ཀྱི་ཕྱག་རྒྱ་ནི། །རབ་བཙན་བཞི་པོ་ཁྱེད་ཀྱིས་བཏབ། །ཆོས་ཀྱི་དེ་ཉིད་མ་མཐོང་བ། །གཞན་གྱི་ཚིག་ལ་སུས་ཀྱང་འདའ། །དེ་ཉིད་གཟིགས་ནས་སྨྲ་མཁས་པ། །ཁྱོད་ཀྱི་བཀའ་ལུང་སུ་ཡིས་འགོངས། །ཀུན་རྫོབ་རིག་པའི་གནས་རྣམས་ཀྱི། །ངོ་མཚར་ལྟད་མོ་སུས་ཀྱང་བལྟ། །དོན་དམ་བདུད་རྩིའི་སྒོ་ཆེན་ནི། །དབྱེ་མཛད་ཁྱེད་ལས་གཞན་ན་སུ། །འཇིག་རྟེན་མགུ་བྱེད་རིག་པའི་གནས། །ལེགས་པར་བསླབས་ན་སུས་ཀྱང་ཤེས། །ངེས་དོན་ནང་གི་བདུད་རྩི་ནི། །ལེགས་པར་འཐུངས་པ་ཁྱོད་གཅིག་ཡིན། །དེ་ཉིད་མ་མཐོང་གཞན་དག་གི །སྨྲས་པའི་གཞུང་ལུགས་སུན་དབྱུང་ནས། །ཆོས་ཀྱི་དེ་ཉིད་ལེགས་གཟིགས་པ། །ཁྱོད་ཀྱི་ལུགས་ལ་རྩོད་པ་སུ། །རྣོ་ངར་ལྡན་པའི་མཚོན་གྱིས་ནི། །མཁའ་ལ་བསྣུན་པར་མི་ནུས་ལྟར། །བརྒྱ་ཕྲག་རྟོག་གེའི་རིགས་པ་ཡིས། །ཁྱོད་གཞུང་གཞོམ་པར་ག་ལ་ནུས། །ཐ་དད་ལྟ་བ་ལ་བརྟེན་པ། །དེ་ལ་རྣལ་འབྱོར་གོང་མས་གནོད། །སྤྲོས་མེད་གཟིགས་པ་ཁྱོད་ལས་ནི། །གོང་ན་རྣལ་འབྱོར་སུ་ཡང་མེད། །སྤྲོས་པའི་ལྟ་བ་ལ་དགའ་བའི། །བློ་མིག་ཅན་རྣམས་སྤྲོས་ཉིད་ལའང༌། །ཤིན་ཏུ་རྨོངས་ནི་ཇི་བཞིན་དོན། །ཆ་ཙམ་ཤེས་པ་སྨོས་ཅི་འཚལ། །སྤྲོས་མེད་གཟིགས་པ་གཅིག་ཉིད་ཀྱིས། །འཇིག་རྟེན་ཤེས་བྱའི་རི་མོ་དང༌། །ཇི་ལྟའི་ཡ་མཚན་དགའ་སྟོན་ནི། །གསལ་བར་བསྟན་པ་མ་ཡིན་ནམ། །འཇིག་རྟེན་པ་རྣམས་རང་གི་བློ། །ལྷན་ཅིག་སྐྱེས་པས་བཟུང་བ་དང༌། །གཞན་བློས་བརྟགས་པའི་གྲུབ་པའི་མཐའ། །བཟུང་ནས་ཁྱོད་ལ་རྩོད་པར་བྱེད། །འཇིག་རྟེན་དང་ནི་འཇིག་རྟེན་ལས། །འདས་པའི་ལུགས་གཉིས་མཁྱེན་ཁྱོད་ཀྱིས། །འཇིག་རྟེན་ཀུན་དང་མི་རྩོད་པར། །ཆོས་ཀྱི་དེ་ཉིད་སྟོན་པར་མཛད། །ལེགས་བཤད་ཁོ་ན་གསུང་ཁྱོད་ཀྱི། །གཞུང་ལ་མཁས་པ་སུ་ཞིག་རྩོད། །མི་མཁས་རྣམས་དང་རྗེས་མཐུན་པའི། །གྲུབ་མཐའི་རིམ་པའང་ཁྱོད་ཀྱིས་བསྟན། །དེ་ཕྱིར་ཁྱོད་གསུང་གཅིག་པུ་ནི། །རྩོད་པ་ཀུན་ལས་གྲོལ་མཐོང་ནས། །འཇིག་རྟེན་སྐྱོང་བ་རྣམ་བཞི་པོས། །ཁྱོད་ཀྱི་བསྟན་པ་གཅེས་པར་བཟུང༌། །རིག་བྱེད་ནས་འབྱུང་རིག་པ་ཡི། །གནས་ལྔ་ཤེས་པ་ཀུན་གྱི་ནི། །ཐོད་དུ་དལ་བར་ངལ་གསོ་བ། །གསེར་གྱི་མངལ་ལྡན་གཅིག་པུར་ངེས། །ནང་གི་དོན་ལ་ངེས་སྦྱོར་བའི། །རིག་པའི་གནས་ལྔ་གསུང་མཁྱེན་པ། །བཅོམ་ལྡན་ཚངས་པ་ཁྱོད་གཅིག་ནི། །མེས་པོའི་ཐོད་དུ་སྟེགས་ཀྱང་འཆའ། །ཚངས་པའི་རྗེས་འཇུག་གཞུང་ལ་ནི། །བརྟེན་པའི་ཐར་པས་འདོད་པ་དང༌། །གཟུགས་ཀྱི་ཁམས་ལས་འདའ་སྲིད་ཀྱང༌། །སྲིད་པའི་རྩེ་ལས་བརྒལ་མི་ནུས། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བའི། །ཐར་ལམ་གསུང་བ་ཁྱོད་གཅིག་ནི། །དེ་ཉིད་གཟིགས་པའི་སྤྱན་ཡངས་པ། །རྩོད་པ་མེད་པའི་ཁྲི་ལ་བཞུགས། །ཁྱོད་ཀྱིས་མེ་ཏོག་གཞུ་བཅག་ཅིང༌། །གཞུ་རྒྱལ་དགྲ་དང་མེས་པོ་ཡི། །སྙིང་མཚོར་བདུད་རྩིའི་རྒྱུན་ཕབ་པ། །དེ་ཚེ་ལྷ་ཡི་ལྷ་ཡིན་ནོ། །ཞེས་ཐུབ་པའི་དབང་པོ་ལ་བཀའ་བཙན་པ་དང༌། རྩོད་པ་མེད་པར་བསྟོད་པ་ངེས་པའི་དོན་གྱི་མེ་ཏོག་ཅེས་བྱ་བ་ཡིན་ནོ།།  ༈  །།ངོ་མཚར་རྨད་དུ་བྱུང་བའི་ཐུབ་པའི་དབང་པོའི་བསྟོད་པ་བཀྲ་ཤིས་རབ་རྒྱས་བཞུགས་སོ།།  ༄། །ནམཿསརྦ་ཛྙཱ་ཡ། ཐུབ་དབང་བསོད་ནམས་བརྒྱ་པའི་མཚན་བཟང་གིས། །བདུད་དང་རྒོལ་བའི་དྲེགས་པ་ཉམས་བྱས་ནས། །ས་ཆེན་འདི་ན་ལྷམ་མེར་གསལ་གྱུར་པ། །དགེ་མཚན་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱེད་སྐུ་མིག་སྟོང་ལྡན་པའི་སྐྱེ་མཆེད་ཅན། །གང་གསུང་ཚངས་པའི་དབྱངས་ལྟར་ཡིད་རབ་འཕྲོག །ཉིད་ཐུགས་རྒྱ་མཚོ་ཇི་བཞིན་ཟབ་གསལ་བ། །དེ་དག་དང་མཚུངས་དེ་ལ་ཕྱག་འཚལ་ལོ། །ཉེས་ཀུན་སྤངས་པའི་ཡེ་ཤེས་ཉག་གཅིག་གི །ཞིང་ཁམས་རྒྱ་མཚོའི་མཛེས་པ་ཀུན་བསྡུས་ནས། །ཁྱོད་སྐུར་སྤྲུལ་པའི་སྟོན་པ་གཟུགས་བཟང་བ། །དཔེ་དང་བྲལ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་སྐུའི་ཆ་ཤས་དཔེ་དང་བྲལ་གྱུར་ཀྱང༌། །ས་ལའི་མཛེས་པ་མཛེས་པ་མི་མཛད་ནས། །ད་དུང་གཞན་གྱི་གཟི་བརྗིད་འཕྲོག་མཛད་པ། །མཛེས་པས་མི་ངོམས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཛེས་པ་དག་དང་འདྲ་མཚུངས་པའི། །ལོངས་སྤྱོད་རྫོགས་པའི་རྣམ་སྣང་གངས་ཅན་མཚོ། །ཁྱོད་ཀྱི་འགྲན་ཟླར་གཞན་གྱིས་བཙལ་བ་ན། །དེ་ཉིད་ཁྱོད་སྐུར་སྤྲུལ་ལ་ཕྱག་འཚལ་ལོ། །མིག་སྟོང་ལྡན་པས་ཁྱོད་དང་མཛེས་མཚུངས་པ། །ཀུན་ནས་མ་རྙེད་ལྷ་ཡི་སྐྱེད་ཚལ་གྱི། །དགའ་བ་བོར་ནས་ཁྱོད་ཀྱི་ཞལ་ཉིད་ལ། །རྟག་པར་ལྟ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཞལ་མཐོང་བས་ཆགས་པ་ཀུན་སེལ་ཡང༌། །ཆགས་བྲལ་དགྲ་བཅོམ་ཁྲི་དང་དྲུག་སྟོང་དང༌། །བཞི་བརྒྱའི་ཚོགས་རྣམས་ཁྱོད་ཞལ་ལ་ཆགས་པས། །འཁོར་དུ་བསྡུད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཡིད་ཀྱི་བསྲུབས་ཤིང་ཡུལ་གྱི་ལོངས་སྤྱོད་ལ། །དགའ་བ་བཏང་ནས་ཁྱོད་ཀྱི་དྲུང་ཉིད་དུ། །ཁྱོད་ཞལ་བལྟ་བའི་དགའ་བས་ཟིལ་མནན་པ། །ཀུན་གྱི་བར་ཆད་སེལ་ལ་ཕྱག་འཚལ་ལོ། །མདའ་ལྔ་འཛིན་པའི་རྣམ་འགྱུར་སྣ་ཚོགས་ཀྱིས། །ཚངས་དང་དབང་པོའི་དཀའ་ཐུབ་ཉམས་ཞེས་གྲགས། །འདོད་པའི་ལྷ་མོ་སྟོང་གི་མཛེས་སྡུག་གིས། །རྣམ་ཀུན་གཡོ་མེད་ཁྱོད་ལ༴ །དངོས་ཀུན་སྤྲུལ་རློམ་མངོན་པའི་ང་རྒྱལ་ཅན། །ཚངས་དང་བྱེད་པོས་ཁྱོད་སྐུ་དང་མཚུངས་པ། །སྤྲུལ་པར་མ་ནུས་ལྷག་པར་སྐྱེངས་བྱས་ནས། །ཁྱོད་ཞབས་བསྟེན་པ་དེ་ལ་ཕྱག་འཚལ་ལོ། །མཐོང་བས་སིམ་བྱེད་ཁྱོད་ཞལ་ཡིད་འོང་བ། །མིག་གཉིས་ཙམ་གྱི་བལྟས་པས་མི་ངོམས་ཞེས། །མཆོད་སྦྱིན་བརྒྱ་པས་ཁྱོད་ཞལ་བལྟ་བའི་སླད། །མིག་སྟོང་ཅིག་ཅར་སྤྲུལ་ལ་ཕྱག་འཚལ་ལོ། །ཕྱི་རོལ་སྡེ་པས་ཁྱོད་དང་མཉམ་པ་ཡི། །སྟོན་པ་གཞན་དག་མེད་པར་ཐག་བཅད་ནས། །ཁྱབ་འཇུག་ཉིད་ཀྱིས་ཁྱོད་སྐུར་སྤྲུལ་ལོ་ཞེས། །གཞུང་འཛུགས་ཟོལ་གྱིས་འདུད་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཚོགས་གཉིས་བསྐྲུན་པའི་རྒྱུས། །ཡེ་ཤེས་སྐུ་མངའ་ཁྱོད་དང་མིག་སྟོང་ཅན། །མཆོད་སྦྱིན་བརྒྱས་བྱིན་དེ་མཚུངས་ག་ལ་ཞིག །འགྲན་ཟླ་བྲལ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་དཔེ་དང་བྲལ་བ་ཇི་བཞིན་དུ། །ཁྱེད་གསུང་ཉིད་དང་མཚུངས་པའང་མ་མཆིས་པས། །ཁྱོད་ཀྱི་སྐུ་གསུང་གཉིས་ཀ་དཔེ་བྲལ་བར། །རྣམ་ཀུན་མཚུངས་པ་དེ་ལ་ཕྱག་འཚལ་ལོ། །དྲི་ཟའི་དབང་པོས་ཁྱོད་ཀྱི་གསུང་དབྱངས་ལ། །འགྲན་པར་མ་བཟོད་དྲེགས་པ་བཏང་བྱས་ནས། །གསུང་དབྱངས་མཉན་པས་སྐད་ཅིག་དེ་ཉིད་ལ། །བདེན་པ་མཐོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་དང་འཇིག་རྟེན་མེས་པོ་ཚངས་པའི་དབྱངས། །མཉམ་པར་རློམ་ཡང་ཁྱོད་གསུང་ཆོས་ཀྱི་སྒོར། །མཐོང་བས་ཁེངས་པ་ཉམས་ནས་མི་མཇེད་ཞིང༌། །ཁྱོད་ཀྱི་ཞིང་དུ་ཕུལ་ལ་ཕྱག་འཚལ་ལོ། །ཁྱོད་གསུང་ལྷ་ཡི་རྔ་ཆེན་ཇི་བཞིན་དུ། །བསྐལ་བཟང་རང་གི་བཟང་པོའི་བགོས་སྐལ་ལས། །བྱུང་བར་རློམ་ཡང་ཁྱོད་ཉིད་འབའ་ཞིག་གི །སྨོན་ལམ་ལས་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །རྒྱ་མཚོ་རང་གི་གནས་ལས་མི་གཡོ་ཡང༌། །ཆུ་ཆེན་སྟོང་གིས་ཕོངས་པ་ཉེར་སེལ་བཞིན། །གཡོ་མེད་ངང་ནས་རྣམ་རོལ་བརྒྱར་སྟོན་པ། །ཁྱོད་ཐུགས་མཉམ་པར་བཞག་ལ་ཕྱག་འཚལ་ལོ། །ཡོན་ཏན་མ་ལུས་ཉིད་ཀྱི་ཐུགས་ལ་བསྡུས། །ཡོན་ཏན་མིན་རྣམས་ཁྱོད་ཀྱི་དཔེར་མི་རུང༌། །དེ་ཕྱིར་ཁྱོད་ཀྱི་ཐུགས་དང་མཚུངས་པ་ཡི། །དོ་ཟླ་མེད་པ་དེ་ལ་ཕྱག་འཚལ་ལོ། །དགེ་ལེགས་མ་ལུས་ཁྱོད་ཐུགས་ལ་བསྡུས་ན། །འགྲོ་འདི་ཆོས་ཀྱི་སྐལ་བས་ཕོངས་མིན་ནམ། །འོན་ཀྱང་ཕངས་པ་མེད་པར་ཐམས་ཅད་ལ། །སྙོམས་པར་སྦྱིན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཉིད་གཅིག་པུས་ཡོན་ཏན་ཀུན་བསྡུས་ཀྱང༌། །བརྩེ་ཆེན་ཁྱོད་ཀྱིས་གྲངས་མེད་འགྲོ་བ་རྣམས། །ཁྱོད་རང་ཉིད་དང་མཉམ་པར་བསྒྲུབ་བྱེད་པ། །བརྩེ་ཆེན་དབང་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །མིག་གི་དགའ་སྟོན་སྤེལ་མཛད་མཚན་དཔེའི་སྐུ། །རྣ་བའི་བདུད་རྩི་སྤྲོ་བྱེད་ཚངས་པའི་གསུང༌། །ཀུན་ལ་སྙོམས་པ་ཁྱོད་ཀྱི་ཐུགས་གསུམ་པོ། །རང་དང་མཚུངས་པ་དེ་ལ་ཕྱག་འཚལ་ལོ། །ཡབ་རྗེ་ཉིད་ཀྱི་ཐུགས་ཀྱི་བང་མཛོད་ལ། །དབང་བསྒྱུར་རྒྱལ་པོ་རྒྱལ་བ་མ་ཕམ་པ། །འཁོར་ཚོགས་རྒྱ་མཚོའི་དབུས་ན་ལྷམ་མེ་བ། །གནས་འདིར་རྟག་པར་འབྱོན་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་པའི་ཆ་ཤས་གཏེར། །རབ་གསལ་མཚན་དཔེས་སྤྲས་པའི་སྐུར་བསྟན་ནས། །ས་གསུམ་འགྲོ་བའི་རྨོངས་པ་སེལ་བརྩོན་པ། །འཇམ་པའི་དབྱངས་ལ་རྟག་པར་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་བདག་དང་མ་རྣམས་ཀུན། །གཏིང་ཟབ་འཁོར་བའི་མཚོ་ཆེན་དེ་བརྒལ་ནས། །ཚོགས་གཉིས་གསེར་གྱི་ཁྲི་ལ་བརྗིད་ཆགས་པའི། །ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཐོབ་ཤོག།  །།ངོ་མཚར་རྨད་དུ་བྱུང་བའི་ཐུབ་པའི་དབང་པོའི་སྐུའི་བསྟོད་པ་བཀྲ་ཤིས་རབ་རྒྱས་ཞེས་བྱ་བ་ཡུལ་དབུས་ཀྱི་སྙན་དངགས་མཁན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། རྣམ་འགྱུར་ཞེས་པ། ལྕགས་མོ་ཡོས་ཀྱི་ལོ་ནག་པས་ཉ་བའི་ཡར་ཚེས་ཀྱི་འགྲུབ་སྦྱོར་བཟང་པོ་ལ། ཤངས་བདེ་ཆེན་གྱི་གཙུག་ལག་ཁང་དུ་ལེགས་པར་སྦྱར་པ་བཀྲ་ཤིས་པར་གྱུར་ཅིག།  ༈  །།རྟེན་ཁེབས་ཐུབ་ཆེན་ལ་བསྟོད་པ་གནང་དུས་ཀྱི་བཀྲ་ཤིས་ཚིགས་བཅད།།  ༄། །ཨོཾ་བདེ་ཆེན་ཁྱབ་བདག་འཁོར་ལོའི་མགོན་པོ་ཉིད། །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །གང་ལ་ཅི་དགའི་དགོས་འདོད་ཉེར་སྩོལ་པ། །དཔལ་ལྡན་ཕྲིན་ལས་བཟང་པོའི་བཀྲ་ཤིས་ཤོག །གང་ཐུགས་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཉིད། །དེས་གསུང་བདུད་རྩིའི་དཔལ་སྟེར་དམ་པའི་ཆོས། །ཁྱོད་སྐུ་མཆོག་ཚོགས་འདུས་པའི་སྐུར་སྟོན་པ། །བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །དཔལ་ལྡན་རྒྱལ་བ་ཉིད་དང་རྒྱལ་བའི་ཡབ། །བྱམས་དང་ཐུགས་རྗེའི་དབང་ཕྱུག་མ་ཕམ་པ། །བགྲང་ཡས་འགྲོ་བའི་མུན་སེལ་འཇམ་པའི་དབྱངས། །སྲས་དང་བཅས་པའི་བཀྲ་ཤིས་དེང་འདིར་རྩོལ། །སངས་རྒྱས་བསྟན་པའི་དཔལ་གྱི་ཕྲིན་ལས་དང༌། །ཤཱཀྱའི་བསྟན་པ་ནོར་བུའི་བསིལ་ཡབ་ནི། །བཤད་སྒྲུབ་རྒྱལ་མཚན་རྩེ་ལ་རབ་བཟུང་ནས། །བསྟན་འཛིན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་འཇིག་རྟེན་སྐྱོང་བ་དང༌། །ཉན་ཐོས་རང་སངས་རྒྱས་དང་ཞིང་ཀུན་ན། །མཐའ་ཡས་ཕན་བདེའི་དཔལ་ལ་དབང་འབྱོར་བ། །དེ་དག་ཀུན་གྱི་བཀྲ་ཤིས་དེང་འདིར་བྱོན། །ཡེ་ཤེས་ནོར་བུའི་ཏོག་གིས་ངོ་མཚར་བའི། །བསོད་ནམས་རྒྱལ་མཚན་རྟག་པར་མཐོ་བ་དང༌། །བསོད་ནམས་ཆར་ཆེན་དུས་སུ་འབེབས་པ་དང༌། །དཔལ་ལྡན་ལྷ་མོས་ས་འདི་བསྲུང་གྱུར་ཅིག །ཐུགས་རྗེས་ས་ཆེན་སྐྱོང་བའི་རྒྱལ་པོ་ཉིད། །དགེ་མཚན་དུ་མའི་དཔལ་གྱིས་འབྱོར་གྱུར་ནས། །མ་ཕམ་སྐྱེ་བའི་འཇུག་ངོགས་ཉམས་དགའ་བ། །ཡུལ་ཕྱོགས་འདི་ཀུན་དར་ཞིང་རྒྱས་པར་ཤོག།  ༈  །།སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པ་དོན་རྒྱན་གསལ་བའི་མེ་ལོང་བློ་གསལ་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ།།  ༄། །རྒྱ་གར་སྐད་དུ། ཤསྟྲ་ཨིནྟྲ་མུ་ནེ་སྟོད་ཏྲ་ཨརྠ་ཨ་ལཾ་ཀ་ར་པྲ་དི་པ་ཨཱ་དརྴ་རྷི་དི་པཾ་བྱེ་མ་ནུ་ཧ་རི་ནཱ་མ། བོད་སྐད་དུ། སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པ་དོན་རྒྱན་གསལ་བའི་མེ་ལོང་བློ་གསལ་གྱི་ཡིད་འཕྲོག་ཅེས་བྱ་བ། ཕན་དགོངས་ཐུགས་རྗེའི་ལྷ་ཁྱོད་ལ། །ཡིད་རབ་དྭང་བས་ཕྱག་བྱས་ཏེ། །ངོ་མཚར་རྒྱན་ཕྲེང་འདི་འབུལ་གྱི། །ཐུགས་རྗེའི་ཕྱག་གིས་བཟུང་འཚལ་ལོ། །ཡིད་འོང་སྙན་ངག་ཨིནྟ་ནི་ལའི་དྭངས་མ་འཁྱིལ་བའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་བརྡ་སྤྲོད་སྡེབ་སྦྱོར་མངོན་བརྗོད་མཚར་དུ་མངར་བའི་པད་དཀར་ཟླ་བ་ལ་གནས་ཞབས་གཉིས་སྣོལ་བའི་ཁྲི་སྟེང་ན། །རང་བཞིན་བརྗོད་པའི་གདོང་མཛེས་གཡོ་ལྡན་དཔེ་དང་གཟུགས་ཅན་གསལ་བྱེད་སྐོར་བའི་ཐུན་མཚམས་ལི་ཁྲིའི་ཐིག་ཕྲེང་གསར་པའི་ངང་མོ་ཁུར་འཛུམ་རླབས་ཕྲེང་འཁྲུག་པའི་ཆུ་གཏེར་དབུས་ན་མགྲིན་རྒྱུ་རབ་མཁས་མ། །འགོག་དང་དོན་གཞན་བཀོད་དང་ལྡོག་དང་སྲིད་པ་ཅན་གྱི་ཟུར་མིག་བུང་བ་སྙན་ངགས་སྦྲང་རྩི་སྐྱུག་བྱེད་མ་རྣམས་འཕྱོ་བའི་སྤྱན་ཟུར་པད་མ་དཀར་པོའི་ལྕགས་ཀྱུས་བློ་གསལ་མཛའ་བོ་རིང་ནས་འགུག་བྱེད་མ། །བསྡུས་དང་ཕུལ་བྱུང་རབ་བརྟགས་རྒྱུ་དང་ཕྲ་མོ་ཆ་དང་རིམ་པའི་སྨིན་འཁྱོག་རྨ་བྱའི་གདུགས་མཛེས་གཡོ་བའི་གྲིབ་བསིལ་རབ་འབབ་དགའ་དང་ཉམས་ཀྱི་ཚེམས་དཀར་འཕྲེང་བས་ཀུན་གྱི་ཡིད་རབ་འཁུལ་བྱེད་མ། །བརྗིད་ཅན་རྣམ་གྲངས་བརྗོད་དང་ཕན་དང་རྒྱ་ཆེ་སྙོན་དོར་སྦྱར་བའི་ལན་བུའི་མེ་ཏོག་ཆུན་འཕྱང་ཁྱད་པར་མཚུངས་པར་སྦྱར་བའི་མུ་ཏིག་ཕྲེང་བའི་ཟར་བུའི་སིལ་སིལ་སྒྲ་ཡིས་ཕྱོགས་ཀྱི་མགྲོན་པོ་འབོད་མཛད་མ། །འགལ་དང་སྐབས་མིན་ཟོལ་བསྟོད་ངེས་པར་བསྟན་པའི་ཨུཏྤལ་སྔོན་པོའི་ཁུ་བྱུག་སྙན་གོང་དཔག་བསམ་ལྗོན་པའི་ཕྲག་རྩེར་ལྡིང་བའི་སྙན་གྲགས་འབྲུག་གི་སྣ་རྒྱན་འགྲམ་པའི་ཆུ་འཛིན་གསར་བ་ལ་གནས་མ། །ལྷན་ཅིག་བརྗོད་དང་ཡོངས་རྗེས་ཤིས་བརྗོད་རབ་སྤེལ་དགོངས་པ་ཅན་གྱི་གཏམ་བུ་ར་བསྒྲེང་སྙན་ངགས་འགྱུར་ཁུག་ཉམས་ཀྱི་རྒྱུད་མངས་ངོས་ལ་ངོ་མཚར་མགྲིན་དབྱངས་གསར་པའི་སོར་མོའི་འདུ་བྱེད་གར་བསྒྱུར་མ། །གང་ཞིག་གུས་པས་གཙང་སྦྲ་ལྷུར་ལེན་བརྩོན་པས་སྒྲུབ་པ་ཚུལ་བཞིན་བགྱིད་པའི་སློབ་མའི་སྙིང་གི་ཆུ་གཏེར་རབ་འཛིན་མཛེས་མའི་ངང་ཚུལ་ལྷུར་མཛད་ངག་གི་ལྷ་དེ་མིན་ནམ་རྒྱལ་བ་དེ་ལ་འདི་ལྟར་བསྟོད། །ངོ་མཚར་མཆོག་གི་སྤྲུལ་པ་དེ། །དགའ་ལྡན་ཆོས་ཀྱི་ཁང་བཟང་ནས། །ཐལ་སྐར་གླང་པོའི་གཟུགས་ཀྱི་ནི། །སེར་སྐྱའི་གྲོང་ཁྱེར་དེར་བྱོན་ནོ། །སུམ་རྩེན་ཡུལ་གྱི་མཛེས་སྡུག་དང༌། །མཚུངས་པའི་སྒྱུ་འཕྲུལ་ལྷ་མོའི་ལྷུམས། །རྣམ་རྒྱལ་ཁང་བཟང་དང་འདྲ་བར། །པད་མཚོར་ངང་པ་ཇི་བཞིན་ཞུགས། །ཚོགས་གཉིས་ཡུམ་གྱི་ཆུ་གཏེར་ནས། །འགྲོ་འདིའི་བསོད་ནམས་ཁྱབ་འཇུག་གི །ལག་པས་སྐུ་ཡི་ཟླ་བ་བཏོན། །མེས་པོའི་བདེ་འབྱུང་གཙུག་གིས་མཆོད། །མཁས་པོ་ཡི་གེ་སྦྱོར་བ་དང༌། །འཕོང་དང་རྒྱུ་བརྩལ་དྲུག་ཅུ་དང༌། །རིག་པའི་གནས་ཆེན་བཅོ་བརྒྱད་པོ། །གྲགས་པ་མིན་པ་དག་ལ་ཡང༌། །རིགས་གཟུགས་ལང་ཚོའི་རྒྱན་ཕྲེང་དང༌། །ཁྲེལ་ཡོད་ངང་ཚུལ་བཟང་པོ་དང༌། །མཛེས་མའི་སྤྱོད་ཚུལ་ལྷུར་ལེན་དང༌། །རབ་ལྡན་བཙུན་མོའི་འཁོར་གྱི་རོལ། །མཆོད་སྦྱིན་བརྒྱ་པའི་ཡ་མཚན་ལ། །ནམ་ཡང་ཡིད་བརྟན་མི་རུང་ན། །འཁོར་ལོས་བསྒྱུར་བའི་དཔལ་གྱི་ནི། །ཅི་ཞེས་ཁྱིམ་ནས་དེ་བྱུང་ངོ༌། །བརྩོན་འགྲུས་ཁྲི་ཡིས་མ་བཏེགས་པའི། །མཐོན་པོའི་གོ་འཕངས་ཡོད་མིན་ཕྱིར། །སྙིང་སྟོབས་ཆེ་ལྡན་དེ་ཡིས་ཀྱང༌། །མཚོ་འགྲམ་དཀའ་བ་དེས་སྤྱད་དོ། །མགོན་དེ་བྱང་ཆུབ་སྙིང་པོར་གཞུད། །དུས་མཚུངས་ཉི་མ་ཤར་དུ་རྒྱུ། །ཉིན་བྱེད་རླུང་འགྲོས་ནུབ་ལ་ཕྱོགས། །མགོན་དེའི་གཤེགས་བརྩོམ་སུ་ཡིས་ཟློག །སྲ་བའི་གོ་ཆ་མ་བགོས་ཤིང༌། །རྣོ་བའི་མཚོན་ཆ་མ་ཐོགས་ལ། །དཔུང་ཚོགས་ཡན་ལག་མ་བཤམས་པར། །བདུད་བཞིའི་དཔུང་ལས་ཁྱོད་རྒྱལ་ལོ། །ཕྲག་དོག་ཟླ་བའི་གདོང་ཉམས་ཤིང༌། །མུན་པའི་བུ་མོ་སྐྱེངས་བྱེད་པའི། །ཉི་མའི་དཀྱིལ་འཁོར་ཡོངས་རྫོགས་པར། །བྱང་ཆུབ་གྱུར་པ་འདི་ཡ་མཚན། །འཇིག་རྟེན་ཡོངས་ཀྱི་ལེགས་བཤད་ཀུན། །ཁྱོད་ཉིད་གཅིག་པུའི་མགྲིན་པར་བསྡུས། །ཐུབ་ཁྱོད་འདི་ལ་ཐུགས་འགྱོད་ནས། །བརྩེ་ཆེན་ཁྱོད་ཀྱི་ཆོས་འཁོར་བསྐོར། །ཉིད་དང་མཚུངས་པ་གཞན་ཡོད་དམ། །འོན་ཀྱང་མེད་ཅེས་དོགས་འཚལ་ནས། །ཉི་ཟླའི་སྒྲོན་མེ་དང་འགྲོགས་ཏེ། །གླིང་གཞན་གཤེགས་པར་མ་ལགས་སམ། །ཁྱོད་ཀྱི་འཕོངས་པ་གཞན་སྐྱོབས་ཕྱིར། །ཉིད་རང་བདེ་གཤེགས་ལགས་པར་གོ །སྔོན་ཚེ་བསམ་སྦྱོར་ཕུན་ཚོགས་ལས། །ད་ལྟ་འབྲས་བུ་སྐུ་གསུམ་འཁྲུངས། །ཁྱིམ་གྱི་འབྱོར་པ་ཀུན་སྤངས་ནས། །ཁྱོད་ཀྱི་རྗེས་སུ་གཞུག་འདོད་དག །ནམ་ཡང་འཕོངས་པ་མེད་མཚོན་ཕྱིར། །གྲོང་དུ་བསོད་སྙོམས་དག་ལ་གཤེགས། །ད་དུང་བདུད་རྩིའི་ཟིམ་ཆར་གང༌། །རྒྱུན་མི་ཆད་པར་འབབས་པ་འདི། །བདུད་རྩིའི་ཁུར་ལྡན་སྒྲ་བརྒྱ་པ། །ཀུན་ལ་སྙོམས་པའི་དབང་གིས་སོ། །ཉིད་ཀྱི་སྐུ་གསུང་ཐུགས་གསུམ་ལས། །མཛེས་སྙན་ཡངས་པའི་ཐུགས་གཏན་ལས། །ལ་ལས་མི་མཐོང་མི་ཐོས་དང༌། །གཏིང་རྟོགས་དཀའ་བའི་སྐྱོན་ཡང་སྣང༌། །ཡིད་འོང་གསེར་མདོག་ལང་ཚོ་ཅན། །ངང་པའི་དེད་དཔོན་ཁྱོད་ཀྱི་གསུང༌། །བློ་གསལ་ངང་མོའི་རྣ་བར་སོན། །རྩོམ་ཞིང་འཆད་པའི་དགའ་བ་འཕེལ། །བཅོམ་ལྡན་ཁྱོད་ཀྱི་མཚན་དཔེ་ཡི། །ལང་ཚོའི་མཛེས་སྡུག་ཉམས་ཀྱི་ནི། །སྨིན་ལེགས་མ་རྣམས་ཆགས་པ་ཡི། །མེ་ཏོག་རབ་ཏུ་རྒྱས་པར་བྱས། །འོན་ཀྱང་ཐུགས་རྗེ་ཁྲོས་པའི་སྒྲ། །ཆེམ་ཆེམ་འབྲུག་གི་སྒྲ་ཆེན་པོའི། །རྔམ་དྲག་གློག་གི་ཞགས་པ་ཅན། །ཡེ་ཤེས་རྡོ་རྗེའི་ཐོག་ཕྲེང་སྤྲོ། །འགྲན་ཟླ་མེད་པ་མཐོན་པོའི་ཁྲི། །འཇིགས་མེད་བསྙེངས་པ་དང་བྲལ་བ། །བདུད་སྡེའི་ཚོགས་བཅོམ་སེང་ཆེན་ཁྱོད། །ཁེངས་ལྡན་ཡོངས་ཀྱི་ཕྱག་གི་གནས། །ནམ་ཡང་རང་དོན་མི་གཉེར་བའི། །སྐྱབས་ཅིག་ཐུགས་རྗེའི་མགོན་ཁྱོད་ཀྱི། །གཞན་དོན་འབའ་ཞིག་བསྒྲུབ་མཛད་པའི། །གཉེར་བྱ་མིན་པའང་ངང་གིས་གྲུབ། །ཁྱོད་རང་གཅིག་པུས་ཡོངས་ཀྱི་དོན། །འབད་པས་བསྒྲུབ་པར་བཞེད་པའི་ཚེ། །འབད་མི་དགོས་པ་སྤྲུལ་པའི་སྐུ། །ཉིད་དང་མཉམ་པ་བགྲང་ཡས་བྱོན། །ཁྱོད་ཀྱི་མཁྱེན་པ་རྒྱ་མཚོ་ལྟར། །ཟབ་ཡངས་དགོངས་པ་ལྷུན་པོ་བཞིན། །རབ་མཐོ་གཞན་ཕན་ནམ་མཁའ་དང༌། །མཚུངས་པར་གོང་ནས་གོང་དུ་འཕགས། །མཚན་དཔེ་ལང་ཚོའི་གཡོ་ལྡན་འདི། །ཁྱོད་སྐུ་མ་ལགས་ལྷ་མིན་གྱི། །བུ་མོའི་ཡིད་ཀྱི་ཤིང་རྟ་ནི། །འདྲེན་བྱེད་སྲིད་པའི་ལྕགས་ཀྱུ་ཡིན། །འོན་ཀྱང་ཐུགས་རྗེའི་ཤུགས་གཅིག་ནི། །ཆགས་པའི་བུད་ཤིང་བསྲེག་པའི་མེ། །མ་ཡིན་སྲེད་པའི་ཚ་གདུང་ནི། །བསྲེག་བྱེད་བདུད་རྩིའི་ཆུ་མིན་ནོ། །དཔའ་བོ་ཉི་མ་གཅིག་ཤར་བས། །ཉིན་མོའི་པད་མོ་རྒྱས་པ་དང༌། །བདུད་མོའི་བཞིན་གྱི་ཀུ་མུད་ཏ། །གནག་ཅིང་ཟིན་པ་གཉིས་ཀ་མཛད། །བརྩེ་ཆེན་ཁྱོད་ཀྱི་ལྕགས་ཀྱུ་དང༌། །ཞགས་པ་ལྕགས་སྒྲོག་མ་གཟུང་བར། །ཐུགས་རྗེའི་ཟུར་མིག་ཉག་གཅིག་གིས། །འགྲོ་མང་བཀུག་ཅིང་དབང་དུ་མཛད། །མི་སྟུག་ཁྱོད་དཔུང་ཁྲོས་པ་ཡིས། །དྲག་པོ་ཁྲོས་པའི་མདའ་དང་མཚུངས། །དཔལ་ལྡན་ཁྱོད་སྐུ་ཞི་བ་ནི། །བདུད་རྩིའི་དཔལ་ལྡན་ལྷ་དབང་འདྲ། །གཞན་གྱི་ཆགས་པ་རྣམ་སེལ་ཡང༌། །འགྲོ་བ་རྣམས་ལ་ཆགས་པར་མཛད། །འགྲོ་བའི་བུད་ཤིང་བསྲེག་མཛད་ཀྱང༌། །ཆགས་པའི་གདུང་བ་སེལ་བའི་ཆུ། །ལྷ་མིན་ཁྲོས་པའི་དཔུང་ཚོགས་ཀྱི། །ཆུ་ཆེན་ཀློང་དུ་འབར་བ་མཐོང༌། །བཅོམ་ལྡན་ཐུགས་རྗེའི་རྒྱུན་གཅིག་གིས། །འོག་ནས་འོག་ཏུ་འབེབས་པར་མཛད། །འཕངས་པ་མེད་པར་བདོག་པ་ཀུན། །གཞན་ལ་གཏོང་བའི་ཟོལ་གྱིས་ནི། །འཇིག་རྟེན་ཁམས་ཀྱི་འབྱོར་བ་ཀུན། །ཉིད་རང་གཅིག་པུས་བསྡུད་འདི་མཚར། །གང་ཞིང་གང་གིས་ཉན་གྱུར་པ། །དེ་ཉིད་དེ་ལ་ཕན་པའི་རྒྱུ། །པད་མོའི་ཚལ་ལ་ཉི་མ་བཞིན། །ཐུགས་རྗེ་བརྩེ་ལྡན་འགྲོ་བའི་གཉེན། །ཉིན་མོའི་མགོན་དང་འོད་དཀར་གྱིས། །མཚན་མོའི་མུན་པ་མཉམ་དུ་སེལ། །རྒྱལ་བ་ཁྱོད་ཀྱི་མཁྱེན་བརྩེ་ཡིས། །མི་ཤེས་ཁོང་ཁྲོ་ལྷན་ཅིག་འཇོམས། །ཉིད་ཀྱི་སྙན་གྲགས་གསེར་གྱི་ཕྲེང༌། །འགྲོ་བ་ཡོངས་ཀྱི་རྣ་བར་སྦྱིན། །འགྲོ་འདིའི་བསོད་ནམས་བགོས་སྐལ་ནི། །མ་ལུས་ཉིད་རང་ཁོ་ན་བསྣམས། །རྣམ་རྒྱལ་ཁྱོད་ཀྱི་རིགས་པ་དང༌། །གྲོལ་བར་སྨྲ་བའི་སྤོབས་པ་དང༌། །སྲིད་ཞིའི་འབྱོར་པ་དེ་ཀུན་གྱིས། །འགྲོ་འདི་དགེ་ཞིང་ཤིས་པར་མཛད། །དེ་ལྟར་ཐུབ་ལ་བསྟོད་བྱེད་མ། །མགྲིན་པའི་བུ་མོ་མཛེས་སྟུག་མ། །རོ་འཛིན་གློག་གི་ཕྲེང་ལྡན་མ། །ངག་དབང་ལྷ་མོ་དེ་ཡིན་ནོ། །དེ་ལྟར་མགྲིན་པའི་སུམ་རྩེན་གྱི། །སྐྱེད་ཚལ་ཡིད་འོང་ནས་འཐོན་པའི། །ངག་དབང་མཐོ་རིས་ལྷ་མོའི་གར། །རོ་འཛིན་དལ་བའི་ནགས་སུ་རོལ། །དེ་ནས་སྙིང་གི་རྙོག་པ་ནི། །མ་ལུས་ལེགས་པར་བསལ་བྱས་ནས། །ཐམས་ཅད་མཁྱེན་མཚོ་ཉམས་དགའ་བར། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །དྲི་ཟའི་རྒྱུད་མངས་སྒྲེང་བའི་ཆུ་གཏེར་དུ། །སོར་གདུབ་གསེར་ཐིག་གཡོ་བའི་རོལ་མོ་ཡིས། །ངང་མོའི་རྣམ་འགྱུར་སྟོན་པའི་རྩེད་དགའ་ལས། །མཁས་རྣམས་བཞད་པའི་དབྱངས་སྙན་འདི་བླངས་སོ། །དོན་རྒྱན་གསལ་བའི་མེ་ལོང་བློ་གསལ་གྱི། །ཡིད་འཕྲོག་ཅེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་སྙན་དངགས་མཁན། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རབ་ཏུ་དགའ་བ་ཞེས་པ་ཆུ་ཕོའི་བྲུག་གི་ལོ། ས་གས་ཉ་བའི་ཕྱོགས་དང་པོ་ལ་གཙང་གཡས་རུའི་ཤངས་ཀྱི་སའི་ཐིག་ལེར་སྦྱར་བའོ།།  །།  ༄༅། །དེ་ལྟར་ཐུབ་ལ་ཕྱག་བྱས་ནས། །ངག་དབང་ལྷ་མོར་བསྟོད་པར་བགྱི། །ཀ་ཙ་ལ་ཀའི་སྟོད་གཡོགས་ནི། །ཁ་བའི་ས་འཛིན་དང་བྲལ་མ། །ག་བུར་འཐུལ་བའི་ཞལ་འཛུམ་གྱིས། །ང་ལ་ཚིག་གི་དཔལ་སྟེར་མ། །ཅ་ཙོ་སྤངས་པའི་སྙན་དངགས་ནི། །ཆ་ཤས་གཏེར་བཞིན་གསལ་མཛད་མ། །ཇ་ཤིང་རྒྱས་པའི་བདུད་རྩི་ནི། །ཉ་གང་ཞལ་གྱིས་ལེན་མཛད་མ། །ཏ་རེ་དང་ཡང་ཁྱོད་གཉིས་ནི། །ཐ་དད་ཉིད་དུ་འཚལ་མིན་མ། །ད་དུང་བསམས་ན་སྙན་དངགས་ནི། །ན་ཆུང་གཟུགས་ཀྱིས་རྩོལ་མཛད་མ། །པ་སངས་སློབ་མའི་བུ་མོ་ནི། །ཕ་རོལ་ཟིལ་གྱིས་གནོན་མཛད་མ། །བ་གླང་ལྟ་བུར་བླུན་པ་ནི། །མ་ལུས་མཁས་པར་བསྒྱུར་མཛད་མ། །ཙ་ར་ཀ་བའི་སྙན་དངགས་ནི། །ཚ་བའི་རོ་བཞིན་འདོར་མཛད་མ། །ཛ་ཡ་སེ་ནའི་ཚིག་རྒྱན་ནི། །ཝ་གི་ཤྭ་རའི་ཞལ་ལེན་མ། །ཞ་ཉེ་མ་འདྲེས་དངུལ་དཀར་ནི། །ཟ་འོག་དར་གྱིས་འཕྱིད་མཛད་མ། །འ་བཏགས་ཀཱ་མ་ལ་གདན་ནི། །ཡ་ཡོའི་ཞབས་ཀྱིས་མནོན་མཛད་མ། །ར་ཧཱུས་མ་བསྒྲིབ་ཟླ་བ་ནི། །ལ་ལ་གདན་དུ་འདིངས་མཛད་མ། །ཤ་མདངས་དཀར་བའི་ལྷ་མོ་ནི། །ས་སྟེང་འགྲོ་བའི་ཡིད་འཛིན་མ། །ཧ་ཅང་དགྱེས་པའི་ཟུར་མིག་ནི། །ཨ་ལ་ལ་ཞེས་སྤྲོ་མཛད་མ། །ཁྱོད་ལ་གུས་པས་ཕྱག་བྱས་པས། །ངག་གི་དབང་ཕྱུག་ཉིད་གྱུར་མཛོད། །དབྱངས་ཅན་གྱི་བསྟོད་པ། གསལ་བྱེད་ཀྱི་རྒྱན་ཕྲེང་ཞེས་བྱ་བ་འདི། གངས་ཅན་གྱི་སྙན་ངགས་མཁན། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་སྦྱར་བའོ།།  །།མངྒ་ལཾ།།  ༈  །།འཇམ་དཔལ་གྱི་བསྟོད་པ་མངོན་རྟོགས་དང་མཐུན་པ།།  ༄། །ན་མོ་མཉྫུ་ཤྲཱི་ཡེ། རྗེ་བཙུན་ཡེ་ཤེས་སེམས་དཔའ་ལ་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་དང་མཐུན་པར་བསྟོད་པ་ཞེས་བྱ་བ། ཟབ་གསལ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཡ་མཚན་སྒྱུ་མའི་གར་གྱིས་རྣམ་རོལ་བ། །སྨྲས་མཁས་གསུང་གི་རོལ་མོ་མཁན་ཁྱོད་ལ། །བདག་བློ་སྒོ་གསུམ་གུས་པས་ཕྱག་བགྱིའོ། །གསལ་སྟོང་ནམ་མཁའི་ངང་དུ་རོ་གཅིག་པ། །སྣང་སྟོང་ཤེས་བྱའི་གནས་ལ་རྗེས་ཞུགས་ནས། །བདེ་ཆེན་ལོངས་སྐུའི་ཉམས་ཀྱི་ཟློས་གར་ནི། །སྒྱུར་མཛད་འཇམ་པའི་དཔལ་ལ་ཕྱག་བགྱིའོ། །ཨ་ལས་འཁྲུངས་པའི་བཅོམ་ལྡན་ཆོས་ཀྱི་དབྱིངས། །ཆུ་ཤེལ་མདངས་གསལ་རྣམ་ཐར་སྒོ་བཞིའི་ཞལ། །སྣ་ཚོགས་རྒྱན་སྤྲས་ཕྱག་གཉིས་བྱང་ཆུབ་མཆོག །རྣམ་«་་་་་ཨོཾ་སརྦ་དྷརྨ་ཨ་བྷ་ཝ་སྭ་བྷ་ཝ། »སྣང་ཆོས་ཀྱི་སྐུ་ལ་ཕྱག་འཆལ་ལོ། །དྷི་ལས་འཁྲུངས་པའི་བཅོམ་ལྡན་ཞལ་ལྔ་པ། །སྣ་ཚོགས་འོད་ཅན་གཞོན་ནུའི་རོལ་རྩེད་མཁན། །ཕྱག་བརྒྱད་རལ་གྲི་གླེགས་བམ་བཞི་བཞི་ཡིས། །རབ་མཛེས་«་་་་་སྠི་ཏོ་ཧྲྀ་དི་ཛྙཱ་ན་མུརྟི་ཞེས་པ་ནས་ཝི། »དང་པོའི་སངས་རྒྱས་ཕྱག་འཚལ་ལོ། །ཨ་ལས་སྐྱེས་པའི་བཅོམ་ལྡན་སྟོན་ཟླའི་མདོག །ཕུན་ཚོགས་འཆར་ཀའི་མདངས་ཀྱིས་ཉེར་འཁྱུད་པ། །ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་རྣམ་རོལ་ཅན། །ཡེ་ཤེས་སེམས་དཔའི་སྐུ་«་་་་་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི། »ལ་ཕྱག་འཚལ་ལོ། །ཆོས་སྐུའི་རང་བཞིན་གསལ་དང་སྟོང་པ་དང༌། །ཟུང་འཇུག་དང་པོའི་སངས་རྒྱས་རྣམ་གསུམ་གྱི། །ཐུགས་ཁའི་ཨ་ལས་འཇིག་རྟེན་གསུམ་པོ་ཡི། །མུན་སེལ་འོད་དཀར་སྤྲོ་ལ་ཕྱག་འཚལ་ལོ། །ཧྲཱི་ལས་བྱུང་བའི་རྡོ་«་་་་་བཛྲ་ཏིཀྵཎ། »རྗེ་རྣོན་པོའི་སྐུ། །ལི་ཁྲིའི་མདངས་གསལ་ཕྱག་གཡོན་པདྨོས་མཛེས། །ཆགས་ཅན་འདྲེན་མཛད་འོད་དཔག་མེད་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུྃ་ལས་བྱུང་བ་རྡོ་རྗེ་རལ་«་་་་་བཛྲ་དུ་ཁ་ཙྪེ་ད། »གྲིའི་སྐུ། །མརྒད་མདངས་འཆར་ཕྱག་གཡོན་རྡོ་རྗེས་བརྗིད། །ཞེ་སྡང་སེལ་མཛད་རྒྱལ་བ་མི་བསྐྱོད་པའི། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཡིག་ལས་འཁྲུངས་ཤེས་«་་་་་པྲ་ཛྙཱ་ཛྙཱ་ན། »རབ་ཡེ་ཤེས་སྐུ། །པད་དཀར་མདངས་སྤྲོ་ཤེས་རབ་འཁོར་ལོ་ཅན། །གཏི་མུག་སེལ་མཁས་རྒྱལ་བ་སྣང་མཛད་ཀྱི། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཡིག་ལས་འཁྲུངས་ཡེ་«་་་་་ཛྙཱ་ན་ཀཱ་ཡ། »ཤེས་སྐུ་ཅན་ནི། །སེར་ལྗང་ཕྱག་གཡོན་སྣ་ཚོགས་རྡོ་རྗེ་འཛིན། །ཕྲག་དོག་འཇོམས་མཁས་རྒྱལ་བ་དོན་གྲུབ་ཀྱི། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །ཨོཾ་ཡིག་ལས་འཁྲུངས་ངག་«་་་་་ཝ་གི་ཤྭ་ར། »གི་དབང་ཕྱུག་སྐུ། །གསེར་མདོག་རབ་གསལ་ཕྱག་གཡོན་ནོར་བུས་སྤྲས། །ང་རྒྱལ་ཞི་མཛད་རྒྱལ་བ་རིན་འབྱུང་གི །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཡིག་ལས་འཁྲུངས་འགྲོ་ཀུན་«་་་་་ཨ་ར་པ་ཙ་ན། »སྨིན་བློའི་སྐུ། །གངས་རིའི་ཟེར་འཕྲོ་ཕྱག་གཡོན་པོ་སྟི་ཅན། །ཉོན་མོངས་ཀུན་འཇོམས་རྡོ་རྗེ་སེམས་དཔའ་ཡི། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །ཀུན་ཀྱང་ཞལ་གཅིག་མི་ཕྱེད་སྐྱིལ་ཀྲུང་ཅན། །གཡས་ཀྱི་རལ་གྲིས་མཚན་རྟོག་ཀུན་བཅད་ནས། །ཐུགས་ཁའི་ཨ་ལས་འཇིག་རྟེན་ཁམས་ཀུན་གྱི། །མུན་སེལ་འོད་དཀར་སྤྲོ་ལ་ཕྱག་འཚལ་ལོ། །འཁོར་ལོས་སྒྱུར་མཛད་སྤྲུལ་སྐུ་རིགས་དྲུག་པོ། །དང་པོའི་སངས་རྒྱས་ལོངས་སྐུའི་ཚུལ་གཅིག་ལ། །ཉོན་མོངས་འཇོམས་མཛད་ཡེ་ཤེས་སེམས་དཔའི་སྐུ། །རིགས་དྲུག་གསལ་བར་ཤར་ལ་ཕྱག་བགྱིའོ། །རྣམ་དག་ཆོས་དབྱིངས་སྟོང་པའི་རྣམ་རོལ་གྱིས། །མཚན་འཛིན་རྟོག་པའི་ཕྲེང་བ་ཞི་མཛད་ནས། །སྣ་ཚོགས་གཟུགས་སྐུའི་ཟློས་གར་བགྲངས་ཡས་ཀྱིས། །ཉོན་མོངས་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པས་མཐའ་ཡས་འགྲོ་བ་ཡི། །རྣམ་རྟོག་འོད་གསལ་ངང་དུ་ཤར་གྱུར་ནས། །གཞིའི་འཇམ་དབྱངས་ལམ་དུ་ཤེས་པ་ལས། །འབྲས་བུའི་འཇམ་དབྱངས་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་རྗེ་བཙུན་དགེས་པའི་བཤེས་གཉེན་གྱིས། གསེར་འཕྱང་གི་ལོ་ནག་པའི་ཉ་ལ་གཙང་གཡས་རུའི་སའི་ཐིག་ལེ་ཐུབ་བསྟན་གསེར་མདོག་ཅན་གྱི་དབེན་གནས་དམ་པར་གྲུབ་པའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ་བྷ་ཝནྟུ།།  ༈  །།རྗེ་བཙུན་མ་ཕམ་པའི་ཞབས་ལ་ཡན་ལག་བདུན་རྣམ་པར་དག་པ་བྱས་ནས་བྱང་ཆུབ་དུ་སེམས་བསྐྱེད་པ་ཐེག་མཆོག་དབྱངས་ཀྱི་རོལ་མོ་བཞུགས།།  ༄། །ན་མོ་ཨཱརྻ་མཻ་ཏྲི་ནཱ་ཐ་ཡ། མཁའ་«་་་་་སྤྱན་དྲངས་ནས་བཞུགས་སུ་གསོལ་བ། »དབྱིངས་དག་པའི་མདུན་ས་ཉམས་དགའ་བར། །བརྒྱ་བྱིན་གཞུ་ཡི་གུར་ཁང་བྲིས་པའི་ནང༌། །སྣ་ཚོགས་སྤྲིན་དཀར་སྤུངས་པའི་ཁྲི་སྟེངས་སུ། །མ་ཕམ་རྒྱལ་བ་མྱུར་སྤྱོན་བཞུགས་སུ་གསོལ། །མཚན་དཔེའི་«་་་་་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྟན་པ། »འཇའ་ཚོན་གསར་བས་སྤུད་པའི་སྐུ། །རྟག་ཏུ་ཐེག་མཆོག་གསུང་བ་ཉིད་ཀྱི་གསུང༌། །མ་ལུས་ཡོན་ཏན་གཏེར་གྱུར་གང་གི་ཐུགས། །མ་ཕམ་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །གང་«་་་་་གསུམ་པོ་གདུལ་བྱའི་རྒྱུད་ལ་འཇུག་ཚུལ་གྱི་སྒོ་ནས་བཤད་པ། »སྐུ་བལྟ་བས་ངོམས་པར་མ་གྱུར་ཀྱང༌། །ཁྱོད་གསུང་ཐོས་པའི་མོད་ལ་ཉེ་བར་སིམ། །ཁྱོད་ཐུགས་ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཕྲིན་ལས་དབང་པོར་གྱུར་ལ་ཕྱག་འཚལ་ལོ། །ཐུབ་ཆེན་ཉི་མ་ནུབ་པའི་འོག་རོལ་དུ། །མི་ཕམ་སྐུ་ཡི་ཟླ་བ་ཤར་བ་ལས། །འཇིག་རྟེན་རྣམ་གསུམ་ཉིན་མོ་ལྟར་མཛད་པ། །ཐུབ་པའི་རྒྱལ་ཚབ་ཉིད་ལ་ཕྱག་འཚལ་ལོ། །འཛམ་གླིང་སྐྱེ་བོའི་བློ་མཚོ་རྙོག་«་་་་་སྐུའི་ཚབ་དུ་གྱུར་པའི་བསྟོད་པ། »པ་ན། །«གསུང་གི་བསྟན་པ་འཛིན་པས་བསྟོད་པ།་་་་་»ཤཱཀྱའི་སྲས་ཀྱི་ཟླ་བ་ནུབ་གྱུར་ཀྱང༌། །ཐེག་ཆེན་ཆོས་ཀྱི་གདུང་འཛིན་མ་ཕམ་པས། །སྟོན་པའི་བསྟན་པ་འཛིན་ལ་ཕྱག་འཚལ་ལོ། །བརྩེ་ཆེན་སྟོན་པའི་ཟླ་བ་ཉ་གང་«་་་་་ཐུགས་རྗེ་ལ་འཕེལ་འགྲིབ་མི་མངའ་བའི་བསྟོད་པ། »བ། །སྟོང་གསུམ་སྐྱེ་བོའི་ཉེས་བྱས་མར་ངོ་ཡིས། །འགྲིབས་པར་གྱུར་ཀྱང་མི་གསུང་མི་ཕམ་ཐུགས་རྗེའི་མགོན། །ཞིང་འདིར་རྟག་པར་བཞུགས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་«་་་་་སངས་རྒྱས་ཐམས་ཅད་ཀྱི་བྱམས་པ་གཅིག་ཏུ་བསྡུས་པས་བསྟོད་པ། »གྱིས་གཞན་ལ་ཕན་དགོངས་པ། །མཚན་དཔེའི་འཇའ་འོད་འཁྲིགས་པའི་སྐུར་བཞེངས་ཚེ། །བྱམས་པའི་མཚན་དང་མ་ཕམ་རྒྱལ་བ་ཞེས། །གྲགས་པའི་གདུགས་དཀར་གཡོ་ལ་ཕྱག་འཚལ་ལོ། །བརྩེ་ཆེན་«་་་་་རྒྱན་གཉིས་ཀྱི་སྒོ་ནས་བསྟོད་པ། »སྟོན་པས་ཐེག་མཆོག་ཅི་གསུངས་པ། །ཀུན་གྱི་ངེས་དོན་རྩེ་མོར་གང་གྱུར་དེ། །རྒྱལ་སྲས་སྤྱོད་པས་བརྒྱན་པའི་གཞུང་ལུགས་ཀྱིས། །འཛམ་གླིང་ཉིན་མོར་མཛད་ལ་ཕྱག་འཚལ་ལོ། །«འབྱེད་གཉིས་ཀྱི་སྒོ་ནས་བསྟོད་ནས།་་་་་»གཟུང་འཛིན་གཉིས་མེད་རང་རིག་རང་གསལ་བ། །ལྟ་བའི་ཡུལ་དང་དེ་གོམས་བྱེད་པའི་བློ། །སྒྲིབ་ཀུན་སེལ་བྱེད་དབུ་མའི་ལམ་ཉིད་དུ། །སྟོན་མཛད་མ་ཕམ་པ་ལ་ཕྱག་འཚལ་ལོ། །«རྒྱུད་བླའི་སྒོ་ནས་བསྟོད་པ།་་་་་»རྒྱན་དང་འབྱེད་ཀྱི་གྲུབ་ཆེན་ལ་ཞུགས་ནས། །འཁོར་ལོ་རྣམ་གསུམ་རྒྱ་མཚོའི་ཕ་རོལ་དུ། །བདེ་བར་ཕྱིན་ནས་རྡོ་རྗེ་རྣམ་བདུན་པོ། །ངེས་དོན་བླ་མར་བསྟན་ལ་ཕྱག་འཚལ་ལོ། །«མཆོད་པ་འབུལ་བ།་་་་་»དེ་ནས་ཐོགས་མེད་ལེགས་བཤད་མཚར་བ་ཡི། །མུ་ཏིག་ཕྲེང་མཛེས་རྣམ་འགྲེལ་མཛད་གཞུང་གི །རིགས་པའི་ཉག་ཐག་འཇམ་པོ་ལ་དྲངས་པ། །མ་ཕམ་བྱམས་པའི་མགུལ་དུ་མཆོད་པར་འབུལ། །«སྡིག་པ་བཤགས་པ།་་་་་»བདག་བློ་གྱ་གྱུའི་ལམ་དུ་སོང་བ་ན། །རྗེ་བཙུན་གཞུང་ཆེན་དངོས་སྨྲའི་ལམ་ཉིད་དུ། །ལོག་པར་བཤད་པའི་ཉེས་བྱས་གང་ཡོད་པ། །འགྱོད་པས་མཐོལ་ཞིང་སྡོམ་པའི་སེམས་ཀྱིས་འཆགས། །མི་ཕམ་ཉིད་ཀྱིས་དབུ་མར་གང་གསུངས་པའི། །གཞུང་ལུགས་དེ་དག་ཚུལ་བཞིན་འཆད་མཛད་དུ། །ལུང་བསྟན་བརྙེས་པའི་འཕགས་པས་བཀྲལ་བ་བཞིན། །དབུ་མར་འཆད་བྱེད་ཀུན་ལ་རྗེས་ཡི་རང༌། །«ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ།་་་་་»སླར་ཡང་ཐེག་མཆོག་བདུད་རྩིའི་མཚོ་«་་་་་དགེ་བ་ལ་རྗེས་སུ་ཡི་རང་བ།» ཆེན་པོས། །ཐུབ་པའི་རྗེས་འཇུག་མ་ལུས་འཚོ་བ་དང༌། །«མྱ་ངན་ལས་མི་འདའ་བར་གསོལ་བ།་་་་་»འཛམ་གླིང་སྐྱེ་བོའི་བསོད་ནམས་ཞིང་ཉིད་དུ། །ཉིན་བཞིན་འཆར་བར་གུས་པར་གསོལ་བ་འདེབས། །མི་«་་་་་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་པ། »ཕམ་སྔོན་གྱི་མཛད་པ་ཇི་ལྟ་བར། །གཞན་ཕན་ལྷུན་གྲུབ་བྱང་ཆུབ་ཆེན་པོའི་ཕྱིར། །ལྷག་བསམ་དག་པས་སྨོན་ལམ་བཏབ་བྱས་ནས། །«འཇུག་སྡོམ་བླང་བ།་་་་་»རྒྱལ་སྲས་སྤྱོད་པ་མ་ལུས་བཟུང་བར་བགྱི། །ཚེ་འདིའི་«་་་་་ཕྱི་མ་དགའ་ལྡན་དུ་སྨོན་པ། »ཉིན་བྱེད་ནུབ་པར་གྱུར་པ་ན། །བྱམས་མགོན་ཐུགས་རྗེའི་ཟླ་བ་ཤར་གྱུར་པས། །བྱམས་དང་སྙིང་རྗེའི་ཕྱག་གཉིས་མྱུར་བརྐྱངས་ནས། །དགའ་ལྡན་ཆོས་ཀྱི་མདུན་ས་དེར་དྲོངས་ཤིག །འཁོར་«་་་་་འཛམ་གླིང་འདིར་བསྟན་པ་རིང་དུ་གནས་པ། »གསུམ་དག་པའི་ཡན་ལག་རྣམ་བདུན་གྱི། །བསོད་ནམས་གང་དེས་བདག་དང་སློབ་མའི་ཚོགས། །གཞུང་ཆེན་རྣམ་ལྔའི་སྲོལ་ཆེན་དེར་བཞུགས་ནས། །སྟོན་པའི་བསྟན་པ་རིང་དུ་འཛིན་གྱུར་ཅིག །ཅེས་རྗེས་བཙུན་མ་ཕམ་པའི་ཞབས་ལ་ཡན་ལག་བདུན་རྣམ་པར་དག་པར་བྱས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚིག་ལེའུར་བྱས་པ། ཐེག་མཆོག་དབྱངས་ཀྱི་རོལ་མོ་ཞེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་སྦྱར་བའི་ཡེ་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  ༈  །།ཁྲོ་ཕུའི་བྱམས་ཆེན་ལ་ཕྱག་མཆོད་ལ་ཕེབས་དུས་བསྟོད་པ་ཕུལ་བ།།  ༄། །ན་མོ་ཨཱརྻ་མཻ་ཏྲི་ནཱ་ཐ་ཡ། བགྲང་ཡས་རྒྱལ་བའི་མཁྱེན་དང་ཐུགས་བརྩེ་བ། །རྒྱལ་བའི་སྲས་གྱུར་ཀུན་ཏུ་བཟང་པོ་དང༌། །མི་ཕམ་པ་ཞེས་གྲགས་པའི་གདུགས་དཀར་གྱིས། །ས་གསུམ་ཉེ་བར་ཁེབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སྤྱོད་པས་སྲིད་པའི་མཐའ་སྤངས་ཤིང༌། །བཟང་པོ་སྤྱོད་པས་ཞི་བའི་མཐའ་བསལ་ནས། །གཞོན་ནུའི་ས་དང་བྱང་ཆུབ་ཆེན་པོའི་སར། །འདྲེན་མཛད་མི་ཕམ་པ་ལ་ཕྱག་འཚལ་ལོ། །མཁྱེན་གསུམ་གོམས་བྱེད་སྦྱོར་བཞིའི་བཟློས་གར་གྱིས། །ས་ཆེན་རྣམ་བཅུར་རོལ་བའི་རྩེ་དགའ་ཡིས། །སྐུ་གསུམ་མངའ་མདངས་གང་བའི་ཞལ་གྱི་སྒོར། །ཕྲིན་ལས་ཉིན་མོར་བྱེད་ལ་ཕྱག་འཚལ་ལོ། །ཕུན་ཚོགས་འཆར་ཁའི་མདངས་གསལ་ནི། །བྱམས་དང་སྙིང་རྗེའི་འོད་རིས་ཅན། །མཁྱེན་ཅན་སྤྲུལ་པའི་ཤིང་རྟ་ཡིས། །ངེས་པར་དྲངས་པ་འདི་ཡ་མཚན། །ཞབས་ཟུང་ཡངས་པའི་སྐྱིལ་མོ་ཀྲུང༌། །བསོད་ནམས་དབང་ཆེན་གཞི་ལ་བཅས། །ཞལ་གྱི་དཀྱིལ་འཁོར་འོད་འབར་བ། །མེས་པོའི་གནས་སུའང་ངེས་པར་འཆར། །ཁྱོད་སྐུའི་དགེ་མཚན་རི་མོ་གང༌། །དབང་པོའི་སྙིང་མཚོར་ངེས་ཤར་བ། །དེ་ཚེ་ལྷ་བརྒྱའི་ལག་པ་ཡིས། །གསལ་བར་སྐྲུན་པའི་ངོ་མཚར་ནི། །གསེར་གྱི་རི་བོའི་མདངས་འཕྲོག་པ། །བསོད་ནམས་ཡོངས་འདུའི་ཕྲག་པ་ནས། །ཡིད་འོང་ཕན་བདེའི་འབབ་སྟེགས་ཅན། །མི་ཕམ་གཉིས་པའི་རྣམ་དཔྱོད་ཀྱི། །ཕན་བདེའི་སྐྱེད་ཚལ་འདིར་སྤྱོན་ཏོ། །ཐོགས་མེད་ལེགས་བཤད་མཚར་བའི་མཛེས་སྡུག་གིས། །གསུང་གི་སྐྱེ་མཆེད་ཡ་མཚན་གསལ་བརྩོན་པ། །མི་ཕམ་མཆོད་པའི་དོན་དུ་འབུལ་ལགས་ཀྱི། །ཐུགས་རྗེའི་ཕྱག་གིས་གྲིམས་པར་དེ་ལོང་ཤིག །ཡིད་འོང་མཚན་དཔེའི་ལང་ཚོ་རབ་རྒྱས་ཀྱང༌། །དྲུག་བཅུའི་དབྱངས་ཀྱི་སྐྱེ་མཆེད་མི་གསལ་ན། །བལྟ་འདོད་ཡིད་ཀྱི་ཤིང་རྟ་མི་ངོམས་པས། །ངོ་མཚར་ཞལ་གྱི་སྦྲང་རྩི་དེ་སྩོལ་ཤིག །ཚེ་འདིའི་ཉིན་བྱེད་འཆི་བདག་མུན་ནག་གིས། །རྣམ་པར་ཟོས་ཚེ་ཡིད་ཀྱི་ནམ་མཁའ་ལ། །བྱམས་མགོན་ཐུགས་རྗེའི་འོད་དཀར་སྣང་བ་ཡིས། །འདྲེན་བྱེད་བྱམས་པའི་ཕྱག་རིང་དེ་རྐྱོང་ཤིག །དེ་ནས་རྗེ་བཙུན་ཞབས་ལ་འདུན་པ་དང༌། །རབ་དཀར་སྨོན་ལམ་རྐྱེན་གྱིས་མཚམས་སྦྱར་ནས། །ཚུལ་ཁྲིམས་དག་པའི་ཡིད་ཀྱི་གཞོན་ནུ་མ། །འཆི་མེད་བདུད་རྩིའི་གཏམ་གྱིས་འཚོ་བར་ཤོག།  ༈  །།ངམ་རིང་གི་བྱམས་པ་ལ་བསྟོད་པ་དབང་པོའི་དོ་ཤལ་ཅེས་པ་བཞུགས།།  ༄། །ན་མོ་མཻ་ཏྲི་ན་ཐཱ་ཡེ། རྒྱལ་བ་མ་ཕམ་པ་ལ་བསྟོད་པ་དབང་པོའི་དོ་ཤལ་ཞེས་བྱ་བ། རྗེ་བཙུན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འཛུམ་ཞལ་ཡངས་པའི་ལང་ཚོ་ནི། །བརྒྱ་བྱིན་སྙིང་གི་དད་པ་ཡི། །ཆུ་ཤེལ་དཀར་པོའི་ཁྱམས་ཆེན་དུ། །ལེགས་པར་ཤར་ལ་ཕྱག་འཚལ་ལོ། །ཕུན་ཚོགས་འཆར་ཁའི་མདངས་གསལ་ནི། །བྱམས་དང་སྙིང་རྗེའི་འོད་རིས་ཅན། །ས་སྐྱོང་བསོད་ནམས་ཤིང་རྟ་ཡིས། །ངེས་པར་དྲངས་པ་འདི་ཡ་མཚན། །ཞབས་ཟུང་ཡངས་པའི་སྐྱིལ་མོ་ཀྲུང༌། །བསོད་ནམས་དབང་ཆེན་གཞི་ལ་བཅས། །ཞབས་ཀྱི་དཀྱིལ་འཁོར་འོད་འབར་བ། །མེས་པོའི་གནས་སུ་ངེས་པར་འཆར། །ཁྱོད་སྐུའི་དགེ་མཚན་རི་མོ་ནི། །དབང་པོའི་སྙིང་མཚོར་ངེས་ཤར་བ། །དེ་ཚེ་ལྷ་བརྒྱའི་ལག་པ་ཡིས། །གསལ་བར་བསྐྲུན་པའི་ངོ་མཚར་ནི། །གསེར་གྱི་རི་བོའི་མདངས་འཕྲོག་པ། །བསོད་ནམས་ཡོངས་འདུའི་ཕྲག་པ་ནས། །ཡིད་འོང་ཕན་བདེའི་འབབ་སྟེགས་ཅན། །མི་ཕམ་གཉིས་པའི་རྣམ་དཔྱོད་ཀྱི། །སུམ་རྩེན་སྐྱེད་ཚལ་འདིར་སྤྱོན་ཏོ། །མི་ཕམ་དགེས་པའི་ཐུགས་མཚོ་ཡི། །ཤར་གྱི་རི་བོ་ལ་འཛེགས་པ། །བརྩོན་འགྲུས་ཤིང་རྟ་ལ་ཞོན་ནས། །འཛམ་གླིང་སྐྱེ་བོའི་ལེགས་བྱས་ཀྱི། །དཔལ་དུ་བྱོན་པ་ཁྱོད་ཡ་མཚན། །ཁྱོད་ཐུགས་བྱམས་པའི་མཚར་སྡུག་ནི། །སྐྱེ་འགྲོའི་སྙིང་ལ་རྟག་པར་འཆར། །ཁྱོད་གསུང་ལེགས་བཤད་རི་མོ་ནི། །གླེགས་བམ་ངོས་ལ་ནམ་ཡང་ཤར། །ཁྱོད་སྐུའི་ཡ་མཚན་ལྟད་མོ་ནི། །དེ་རིང་ཁོ་ན་ཁྱམས་འདིར་མཐོང༌། །རབ་མཉམ་ཐུགས་རྗེའི་ཁ་ལོ་པས། །གང་དྲངས་བྱམས་པའི་ཤིང་རྟ་ལ། །མ་སླངས་སྲིད་པའི་སྡུག་བསྔལ་དང༌། །ཞི་བའི་ཕུན་ཚོགས་དེ་གང་ཅི། །བདེ་འབྱུང་ཐོད་ཀྱི་ཟླ་འོད་ལ། །རབ་འཁོད་སེན་མོའི་དམར་འོད་ནི། །གང་གི་སྤྱི་བོར་མ་བཞག་པའི། །དྲེགས་ལྡན་སྐྱེ་བོ་དེ་གང་སུ། །ལུས་མེད་པས་རྩེན་འགྲོ་བ་འདི། །མཐོན་པའི་གནས་སུ་རབ་འདྲེན་པའི། །བྱམས་པའི་ཞགས་པ་རིང་པོ་ཡིས། །མ་བཏབ་ལུས་ཅན་སུ་ཞིག་ཡོད། །མང་པོའི་སྙིང་ལ་མྱུར་འཇུག་པའི། །མེ་ཏོག་གཞུ་ཅན་ལག་པ་ཡིས། །རབ་བཅིངས་ཆགས་ཁྲོའི་མདུད་པ་ནི། །བྱམས་པའི་ཕྱག་གིས་ངེས་པར་བཀྲོལ། །ལས་ཉོན་མཁའ་ལྡིང་གིས་སྐྱུགས་པའི། །སྡུག་བསྔལ་རྒྱ་མཚོའི་གཏིང་ནས་ནི། །བྱམས་པའི་ལྕགས་ཀྱུ་རྣོན་པོ་ཡིས། །མ་བཟུང་བྱིས་པ་སུ་ཞིག་ཡོད། །བྱམས་པའི་བ་དན་དཀར་པོ་ཡིས། །རབ་མཛེས་ཆོས་ཀྱི་གྲུ་ཆེན་གྱིས། །མ་བསྒྲལ་སྔོན་གྱི་འཕགས་པ་དང༌། །མི་སྒྲོལ་ཕྱི་མའི་སྐྱེ་བོ་སུ། །ཡིད་འོང་ཆོས་ཀྱི་གཏམ་གཅིག་གིས། །མ་བཅོམ་རྨོངས་པའི་མུན་པ་གང༌། །མི་སྡུག་འཁོར་བའི་སྐྱོ་ཤས་ཀྱིས། །མ་བསྣུན་སྲིད་པའི་བདེ་བ་ཅི། །ཁྱོད་ཀྱི་བྱམས་པའི་ཆུ་གཅིག་གིས། །མ་བསྲེགས་ཞེ་སྡང་བུད་ཤིང་མེད། །ཡེ་ཤེས་མེ་ཆེན་གཅིག་གིས་ཀྱང༌། །མ་བཀྲུས་སྡིག་པའི་དྲི་མ་ཅི། །ངེས་དོན་གསུང་མཛད་སྟོན་པ་ཡི། །བསྟན་པའི་ཞལ་མདངས་ཁྱོད་གཅིག་གི །ལེགས་བཤད་གསེར་གྱི་ཐུར་མ་ནི། །ཁོ་ནས་གསལ་བར་མཛད་པ་ལགས། །སྔོན་གྱི་རྒྱལ་བ་ཕལ་ཆེར་ནི། །མཐའ་དག་མྱ་ངན་འདས་ཚུལ་བསྟན། །མ་འོངས་རྒྱལ་བ་སྔོན་མ་བྱོན། །ད་ལྟ་ཁྱོད་སྐུ་ཁོ་ན་བཞུགས། །དེ་ཕྱིར་ཁྱོད་ཞལ་འཛུམ་ཕྲེང་ལས། །ཕན་བདེའི་འབྱུང་གནས་བསྟན་པ་ཡི། །ཉི་མའི་དཀྱིལ་འཁོར་ཆེར་འབར་བ། །ངེས་པར་འཆར་ལ་ཕྱག་འཚལ་ལོ། །དེ་ལྟར་རྗེ་བཙུན་ཉིད་ཀྱི་ནི། །སྐུ་ཡི་བཀོད་པ་ངོ་མཚར་ཅན། །མཆོད་འོས་ནོར་བུ་འབར་བའི་ཏོག །བསྔགས་པའི་རྒྱལ་མཚན་རྩེར་མཆོད་པས། །བསྟན་པའི་རྒྱ་མཚོར་བསྟན་འཛིན་གྱི། །ཆུ་ཀླུང་སྟོང་ཕྲག་བདུན་བཅུ་པོ། །རབ་འདུས་ཕྲིན་ལས་ཆུ་ཆེན་གྱིས། །སྲིད་ཞིའི་རྒུད་པ་ཀུན་སེལ་ཤོག །ས་སྐྱོང་བློན་པོར་བཅས་པ་ཡི། །ཆོས་དང་སྲིད་པའི་འབྱོར་པ་ལ། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བར་ཤོག །མི་ཕམ་དགེས་པའི་སྙིང་གི་ཁྱམས་ཆེན་ནས་འོངས་རྣམ་དཔྱོད་གསར་པའི་ཁ་ལོ་པས། །དགའ་ལྡན་ཆོས་ཀྱི་ཁྲི་ཆེན་འདེགས་པའི་ཤིང་རྟ་གསར་པའི་ལུང་མིག་ངོས་དག་ལ། །དད་དང་བརྩོན་པའི་ལུང་ཐག་འཇམ་པོས་གྲིམས་པ་བརྒྱུས་ནས་དལ་བར་འཐེན་པ་ན། །ཀུན་དགའི་སྐྱེད་ཚལ་འདིར་ཁྱོད་བྱོན་ནོ་བཀྲ་ཤིས་གསེར་གྱི་མེ་ཏོག་མཆོད་པར་དབུལ།།  །།  ༄༅། །སྭསྟི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་མཚོ་ལས། །གསལ་བར་རབ་འཁྲུངས་ཐུགས་རྗེའི་ཟླ་བ་ནི། །འཇིག་རྟེན་དབང་པོར་གྲགས་པའི་སྤྱན་རས་གཟིགས། །ཕྱག་སྟོང་ཉི་མ་སྤྱན་སྟོང་སྐར་མའི་ཚོགས། །ཕྱོགས་བརྒྱར་སྤྲོས་པས་འགྲོ་ཀུན་རྨོངས་པ་དང༌། །ཆགས་དང་སྡང་དང་ང་རྒྱལ་སེར་སྣ་ཡི། །མུན་ཆེན་དབྱིངས་སུ་ཞི་ནས་ཕྲག་དོག་གི །གདོན་ཆེན་མང་པོས་བཟུང་རྣམས་རང་རང་ཀུན། །གནས་སུ་གྲོལ་མཛད་དེ་ལ་མཆོད་པར་འབུལ། །རྒྱ་མའི་བཅུ་གཅིག་ཞལ་ལ་བསྟོད་པའོ།།  །།ཤུ་བྷཾ།།  ༈  །།ཆུ་མིག་གི་འཕགས་མ་སྒྲོལ་མ་ལ་བསྟོད་པ།། ༄། །ན་མ་ཨཱརྻ་ཏཱ་རེ། རྒྱལ་བའི་ཡུམ་གཅིག་འགྲོ་བ་ཡོངས་ལ་སྙོམས། །ཕོངས་པ་ཀུན་བསྒྲོལ་འཇིགས་པ་མ་ལུས་སེལ། །འཕྲལ་དུ་ཕན་དང་ཡུན་གྱི་བདེ་བ་ལ། །སྦྱོར་མཛད་སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ། །དོན་གྲུབ་གཞན་ཕན་རྒྱས་པའི་དཔག་བསམ་ལ། །ཟག་མེད་བདུད་རྩིར་བྱེད་པའི་ལང་ཚོ་མ། །འཆི་མེད་བདེ་བ་སྩོལ་བའི་བཞད་ཕྲེང་གིས། །འགྲོ་ཀུན་དབང་དུ་མཛད་ལ་ཕྱག་འཚལ་ལོ། །ལུས་ཅན་རང་གིར་མཛད་པའི་འཛུམ་ཞལ་གྱིས། །ཐུབ་རྣམས་དགྱེས་པའི་མྱ་ངན་མེད་མ་ནི། །བསྐལ་བཟང་གདུལ་བྱའི་མཛའ་བོ་ལ་སོང་བས། །ཆགས་བྲལ་བདེ་བ་སྩོལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་སྐྱེ་རྒུ་ཡོངས་ཀྱི་གཉེན། །ཕྲིན་ལས་ཚ་ཟེར་རྒྱས་པའི་ཉི་མ་ཡང༌། །སྡུག་བསྔལ་རྒྱ་མཚོ་སྐེམ་པས་ངལ་གྱུར་ཚེ། །མྱུར་མཛད་ཁྱོད་སྐུར་འཁྲུངས་ལ་ཕྱག་འཚལ་ལོ། །ཕྱག་ན་པད་མའི་ཚེམས་དཀར་སྙིང་རྗེའི་བཅུད། །རིངས་པར་འཐུངས་པའི་ཞལ་གྱི་ཆུ་སྐྱེས་ལས། །ཕྲིན་ལས་གེ་སར་རྒྱས་པའི་ལྷ་མོ་ནི། །སྲིད་ཞིའི་དཔལ་དུ་འཁྲུངས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཟླ་གཞོན་གསར་པའི་འོད་ཕྲེང་གིས། །རྣམ་དཀར་འཇིག་རྟེན་དབང་པོའི་གངས་ཀྱི་རི། །ཕྲིན་ལས་མརྒད་འཁྱིལ་བའི་ཆུ་གཏེར་དུ། །རང་བྱོན་སྒྲོལ་མའི་ཐུགས་ལ་ཕྱག་འཚལ་ལོ། །མྱུར་མཛད་དཔའ་མོའི་མཚན་ཙམ་བཟུང་བས་ཀྱང༌། །སེང་གེ་གླང་ཆེན་མེ་སྦྲུལ་དུག་མཚན་དང༌། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་ལས། །སྐྱོབ་མཛད་སྒྲོལ་མའི་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་མ་ལུས་པ། །འཇིག་རྟེན་དབང་པོས་སྒྲུབ་པར་ཞལ་གྱིས་བཞེས། །སྤྱན་རས་གཟིགས་དབང་མཛད་པའི་ལྷག་མ་ཀུན། །སྒྲུབ་མཛད་སྒྲོལ་བའི་ཐུགས་ལ་ཕྱག་འཚལ་ལོ། །རྒྱལ་དང་དེ་སྲས་ཀུན་ཀྱང་འཇིག་རྟེན་ལ། །སྙིང་ནས་བརྩེ་བའི་མཛད་པར་ཆབས་ཅིག་ཀྱང༌། །ཁྱོད་ཉིད་གཅིག་པུས་རང་རང་དང་འཚམ་པའི། །ཡོན་ཏན་སྟེར་མཛད་ཁྱེད་ལ་ཕྱག་འཚལ་ལོ། །རྒྱལ་དང་དེ་སྲས་ཀུན་གྱིས་མི་བསྐྲུན་པའི། །ཕྲིན་ལས་མཐའ་དག་ཁྱོད་ཀྱིས་བསྐྲུན་ཞེས་པ། །དེ་ཀུན་ཡོན་ཏན་མ་རྫོགས་པས་མིན་མོད། །སྨོན་ལམ་མཐར་ཕྱིན་ཁྱོད་ཉིད་གཅིག་པུ་སྟེ། །རྒྱལ་སྲས་ཀུན་གྱི་ཕྲིན་ལས་འཆར་ནུས་པའི། །བློ་མཚོའི་མེ་ལོང་གང་གི་མ་ཐོབ་པ། །དེར་ཡང་རང་གི་མཛད་པ་འཇུག་གྱུར་ཞེས། །སྨོན་ལམ་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ། །སངས་རྒྱས་རྣམ་ལྔའི་མཛད་པ་གཅིག་བསྡུས་ནས། །གང་ལ་ཅི་འདོད་རྣམས་ལ་དེ་སྩོལ་བ། །ཕོངས་སྐྱོབ་སྒྲོལ་མའི་བཀྲ་ཤིས་དེང་འདིར་སྤྱོན། །ཡུལ་ཕྱོགས་འདིས་མཚོན་འཇིག་རྟེན་ཁམས་ཀུན་དུ། །ཕན་དང་དགེ་ལེགས་སྩོལ་མཛད་ལྷ་མོའི་སྐུ། །ལྷ་ཡི་བཟོ་བོ་ལས་ཀུན་ཐམས་ཅད་པས། །མི་བསྐྲུན་འདི་ཡི་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་འཕགས་མ་ལ། སྙིང་ནས་སྐྱབས་སུ་ཀློག་པ་བ། མཆོག་ལྡན་ལེགས་པའི་བློ་གྲོས་དེས། ཡུམ་གཅིག་ཉིད་ཀྱི་དྲུང་དུ་སྦྱར།།  །།དགེའོ།།  ༈  །།འཕགས་མ་སྒྲོལ་མ་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབ་ཅེས་བྱ་བ་བཞུགས་སོ།།  ༄། །ན་མོ་ཨཱརྻ་ཏཱརྻེ། གྲུ་འཛིན་ཕོ་བྲང་རྩེ་ནས་ཐུགས་རྗེ་ཡིས། །འཇིག་རྟེན་ཀུན་ལ་སྙོམས་པར་ཉེར་གཟིགས་པའི། །སྤྱན་རས་གཟིགས་དབང་མཁྱེན་པའི་ལམ་ཆེན་ནས། །རང་བྱོན་འཕགས་མའི་སྐུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་པོའི་སྤྱན་གྱི་གེ་སར་ལས། །གསལ་བར་གང་འཁྲུངས་ཐུགས་རྗེའི་དབང་ཕྱུག་མ། །བཅུ་དྲུག་ལང་ཚོ་འབར་བའི་སྐྱེ་མཆེད་ཀྱིས། །འགྲོ་ཀུན་འདྲེན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཉིད་ཀྱི་ལེགས་མཛད་ངེས་པའི་དད་པ་ཡིས། །རྩེ་གཅིག་གུས་པའི་རྒྱལ་མཚན་རྩེར་མཆོད་ན། །གང་ལ་ཅི་དགའི་དོན་རྣམས་མ་ལུས་པ། །བདེ་བླག་སྩོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །བསྟན་ལ་སྲིད་ཞུར་བྱེད་པའི་རིམ་གྲོ་པས། །ཁྱོད་ཉིད་དཔང་པོར་གསོལ་བའི་གདུང་ཤུགས་ཀྱིས། །བསྟན་པའི་ཉི་མ་འབར་བར་གསོལ་འདེབས་ན། །དེ་དོན་མྱུར་དུ་སྩོལ་ལ་ཕྱག་འཚལ་ལོ། །འདོད་པས་ཕོངས་འགའ་ཁྱོད་ཀྱི་མཚན་ཙམ་ལ། །བསམ་པ་ཐག་པས་ངེས་པར་སྐྱབས་སོང་ན། །དེ་དག་བྱམས་པའི་ཕྱག་གིས་ལེགས་བཟུང་ནས། །དགོས་པའི་དོན་རྣམས་སྩོལ་ལ་ཕྱག་འཚལ་ལོ། །དུས་མིན་འཆི་དང་འབར་བའི་རིམ་ལ་སོགས། །འཇིགས་པས་ཉེན་རྣམས་མཚན་ནས་འབོད་བྱེད་ན། །དེ་ཀུན་ཐུགས་རྗེའི་སྤྱན་གྱིས་མྱུར་གཟིགས་ནས། །བདེ་བའི་གནས་སུ་འདྲེན་ལ་ཕྱག་འཚལ་ལོ། །སྐད་ཅིག་རེ་ལ་བགྲང་ཡས་སེམས་ཅན་རྣམས། །སྒྲོལ་བའི་མཛད་པས་དུས་ཀུན་འདས་གྱུར་ཀྱང༌། །མཛད་པའི་ཕ་མཐས་ངལ་ནས་འདྲེན་པ་ཀུན། །ཞི་བའི་དབྱིངས་སུ་མཉམ་པར་འཇོག་བཞེད་ཚེ། །རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །སྤྱན་རས་གཟིགས་ཞེས་གྲགས་པའི་འོད་བརྒྱ་པ། །བདེ་འགྲོའི་གནས་དང་ངན་འགྲོའི་གནས་དག་ཏུ། །ཐུགས་རྗེའི་ཟླ་བ་ཉག་གཅིག་གསལ་བར་ཤར། །སྲིད་མཐའ་ཞུགས་ནས་སངས་རྒྱས་ཐམས་ཅད་ཀྱི། །མ་ལུས་ཕྲིན་ལས་བསྒྲུབ་ལ་ངལ་མ་གྱུར། །དེ་ནས་རྣམ་འདྲེན་ཐུབ་པ་ཐམས་ཅད་ཀྱང༌། །ངལ་བསོ་ཐོབ་ནས་སྐུ་གསུམ་ཁྲི་ལ་བསྟི། །སྤྱན་རས་གཟིགས་དབང་མཁྱེན་བརྩེའི་ཕོ་ཉ་ཞིག །ངོ་མཚར་སྒེ་ཆགས་ལྡན་པའི་སྐུར་བཞེངས་པ། །རྒྱལ་བའི་ཡུམ་གཅིག་ཕྲིན་ལས་དབང་ཕྱུག་ལ། །བདག་བློ་ཡིད་གཉིས་བྲལ་བས་སྐྱབས་མཆི་ན། །བསྟན་པའི་སྣང་བ་ཕྱོགས་བརྒྱར་གསལ་བ་དང༌། །བསྟན་འཛིན་ཉི་མ་རྟག་ཏུ་འཆར་བ་དང༌། །འཇིག་རྟེན་ཕོངས་པ་ཀུན་ལས་གྲོལ་བ་དང༌། །འཚེ་དང་འཇིགས་པ་ཀུན་ལས་སྐྱབས་ཏུ་གསོལ། །གྲུ་འཛིན་ཆོས་ཀྱི་ཕོ་བྲང་མཐོང་བ་དང༌། །འོད་དཔག་མེད་པའི་ཞིང་དུ་སྐྱེ་བ་དང༌། །ཟབ་ཅིང་རྒྱ་ཆེའི་བདུད་རྩིས་འཚོ་བ་དང༌། །རྒྱལ་བའི་སྲས་ཀྱི་རྣམ་ཐར་མཐར་ཕྱིན་ཤོག །མར་གྱུར་འགྲོ་བའི་སྡུག་བསྔལ་བསམ་བྱས་ནས། །གཞན་ཕན་ལྷུན་གྲུབ་རྫོགས་སངས་རྒྱས་བློའི་ཕྱིར། །ལྷག་བསམ་དག་པའི་ཐབས་ཤེས་འགྲོས་ཆེན་གྱིས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དེ་ཐོབ་ཤོག །བདག་དང་ཆོས་ཀྱི་ལམ་དུ་ཆབས་གཅིག་པར། །ལྷན་ཅིག་ཆས་པའི་དོན་མཐུན་སློབ་མའི་ཚོགས། །བདུད་དང་སྡིག་པའི་གྲོགས་ཀྱིས་མི་གཡོ་ཞིང༌། །ཕོངས་དང་འཇིགས་པ་ཀུན་ལས་སྐྱོབས་མཛོད་ཅིག །ཅེས་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པའི་ཚིགས་ལེའུར་བྱས་པ་བྱིན་རླབས་ཀྱི་ཆར་འབེབས་ཞེས་བྱ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་སྦྱར་བ་ཡིན་ནོ།།  ༈  །།ངུར་སྨྲིག་སྒྲོལ་མ་ལ་བསྟོད་པ།།  ༄། །སྭསྟི། ཕྲིན་ལས་དབང་ཕྱུག་སྤྱན་རས་གཟིགས་མགོན་པོས། །ཐུགས་རྗེའི་ཕོ་ཉ་ཕྱོགས་བཅུར་སྤྲོས་པ་ཡི། །དཔལ་ཡོན་མ་ལུས་གཅིག་ཏུ་བསྡུས་གྱུར་པ། །ཕོངས་སྐྱོབ་སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ། །ལྷ་དང་དབང་པོའི་དགྲ་དང་པད་དཀར་མིག །མིག་གསུམ་པས་མཆོད་མཆོད་སྦྱིན་བརྒྱ་པའི་ལྷ། །ལྷའི་ལྷ་ཁྱོད་ཁྱོད་རང་དང་མཚུངས་ཀྱི། །མཚུངས་པའི་དཔེ་གཞན་གཞན་ནས་མ་རྙེད་པར། །ཁྱོད་ཉིད་ཁྱོད་ཀྱི་དཔེ་ཟླར་བགྱིས་ནས་བསྟོད། །མ་ལུས་འགྲོ་བ་བུ་བཞིན་གཟིགས་པའི་མ། །མ་དག་ཞིང་གི་འགྲོ་ཀུན་འདྲེན་མཛད་མ། །སྤྱན་རས་གཟིགས་དང་ཐ་དད་མེད་པའི་སྤྱན། །གཟིགས་པ་སྒྲིབ་མེད་ཉིད་ཀྱིས་ཀུན་ལ་གཟིགས། །ཚེ་དང་བསོད་ནམས་འདོད་པས་གསོལ་བཏབ་ཚེ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བའི་མཆོག །གསོལ་བ་འདེབས་སོ་དོན་འདི་སྩལ་དུ་གསོལ། །ཐུབ་བསྟན་ཉི་མ་དལ་བའི་སྐབས་མེད་པར། །བ་གླང་སྤྱོད་གླིང་མཁའ་ལ་གཤེགས་མཐོང་ནས། །ཤར་ནས་ཤར་དུ་འདྲེན་པའི་ཁ་ལོ་བ། །མྱུར་མཛད་སྒྲོལ་མ་ཉིད་ཀྱིས་མྱུར་དུ་མཛོད། །དེང་སང་འདི་ན་ཐུབ་པའི་བསྟན། །ལང་ཚོ་ཡོལ་བའི་རྒན་པོ་ལྟར། །སྣང་ཡང་ལང་ཚོ་ཉིད་དུ་ནི། །གསོ་མཁས་སྨྲ་བརྗོད་མཁན་འདི་ཡི། །ལྷག་བསམ་རྣམ་དཀར་འདི་བཀྲ་ཤིས། །ངུར་སྒྲིག་གི་སྒྲོལ་མའི་བསྟོད་པའོ།།  །།ཤུ་བྷཾ།།  ༈  །།རྒྱལ་བ་འཆི་མེད་དབང་པོའི་བང་མཛོད་ལ་བསྟོད་པ་སྒྲ་རྒྱན་ངག་གི་རོལ་མཚོ་ཞེས་བྱ་བ་བཞུགས།། ༄། །སྭསྟི། རྒྱལ་བ་འཆི་མེད་ཡེ་ཤེས་དབང་པོའི་མཛོད་ལ་བསྟོད་པ་སྒྲ་རྒྱན་ངག་གི་རོལ་མཚོ་ཞེས་བྱ་བ། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་འཆི་མེད་དབང་པོའི་རྡོ་རྗེ་ཡིས། །འཆི་བདག་ཁྲོས་པའི་གཞུ་རྒྱལ་དཔུང་གི་ཚོགས། །ས་འོག་མུན་པའི་དབྱིངས་སུ་འཇུག་མཁས་པ། །བཅོམ་ལྡན་ཡེ་ཤེས་སྤྱན་སྟོང་མངའ་བ་རྒྱལ། །འཆི་བདག་ལས་རྒྱལ་རྒྱལ་བ་དེ། །དེ་བཞིན་ཉིད་རྟོགས་རྟོགས་པའི་སྐུ། །སྐུ་ཡི་དུས་དགྲ་དགྲ་རྣམས་བཅོམ། །བཅོམ་ལྡན་ཡོངས་རྫོགས་རྫོགས་སངས་རྒྱས། །རྒྱས་མཛད་ཚེ་རིང་རིང་ལུགས་ཤེས། །ཤེས་བྱ་ཀུན་མཁྱེན་མཁྱེན་པའི་གདོན། །གདོན་མི་ཟ་ངེས་ངེས་པའི་རྒྱལ། །རྒྱལ་བ་གཟི་བརྗིད་བརྗིད་ཆེ་ལ། །ལ་འུར་བརྒྱ་ཕྱག་ཕྱག་འཚལ་ལོ། །ལོ་གྲངས་དཔག་ཏུ་མེད་པའི་ལོ། །ཚེ་ཟད་པ་ཡང་བརྒྱ་པའི་ཚེ། །ཐུབ་མཛད་མི་མཐུན་གྱིས་མི་ཐུབ། །སྩོལ་མཛད་ལྷ་དེའི་དངོས་གྲུབ་སྩོལ། །དཔག་མེད་བསོད་ནམས་བསོད་ནམས་དང༌། །ཆེན་པོའི་བསོད་ནམས་བསོད་ནམས་ཚེ། །ཡེ་ཤེས་ཚོགས་རབ་རབ་རྫོགས་པ། །སྙིང་ལ་ཉེ་བར་ཉེ་བར་མཛོད། །ཡོངས་སུ་དག་པའི་འདུ་བྱེད་ཡོངས། །ཆོས་ཉིད་ངང་དུ་སོང་བའི་ཆོས། །ནམ་མཁའ་ལྟ་བུར་དག་མི་ནམ། །ཡང་དག་རང་བཞིན་དག་པ་ཡང༌། །གློ་བུར་རྣམ་དག་འཕགས་པའི་བློ། །སྤངས་པ་ཆེན་པོ་སྒྲིབ་གཉིས་སྤངས། །སེམས་བསྐྱེད་སྤངས་པ་བྱང་ཆུབ་སེམས། །རྒྱལ་བ་འཆི་བདག་བདུད་ལས་རྒྱལ། །རྒྱལ་བ་ཉིད་དུ་གཞི་ཚུགས་ཤིག །དེ་སྐད་བརྗོད་འདི་ཤཱཀྱ་ཡི། །དགེ་སློང་མཆོག་ལྡན་ལེགས་པའི་བློས། །འཆི་བདག་གཤིན་རྗེའི་དཔུང་ཚོགས་ཀྱི། །བདུད་ལས་རྒྱལ་ཕྱིར་སྨྲས་པ་ཡིན། །གཟུངས་རིངས་ཡི་གེ་ཇི་བཞིན་པ། །བསྣན་པ་མེད་པར་བསྟོད་པ་འདི། །དཔལ་ལྡན་སྒྲ་ཡི་རིག་གནས་ལ། །བློ་གྲོས་རབ་ཏུ་དཀར་བས་སོ།།  །།ཛཱ་ཡེ། སྐབས་གསུམ་དཔག་བསམ་དབང་པོའི་འབྲས། །འབྲས་བཟང་འཆི་མེད་བདུད་རྩིའི་རྒྱུན། །རྒྱུན་མི་ཆད་པར་འབབ་པ་གང༌། །གང་དུ་འོངས་པའི་བུམ་བཟང་དེ། །དེ་ཡི་ཕྱག་གིས་ལེགས་པར་འཛིན། །འཛིན་མར་གནས་པའི་འགྲོ་བ་འདི། །འདི་ལ་གུས་པར་ཕྱག་འཚལ་ན། །ན་དང་རྒ་བའི་འཇིགས་ལས་སྐྱོབ། །སྐྱོབ་པ་ཉིད་ལ་སྐྱབས་སོང་ཚེ། །ཚེ་ཡིས་དངོས་གྲུབ་མྱུར་དུ་སྩོལ། །རབ་དཀར་བདུད་རྩིའི་ཟེར་འཕྲོ་བའི། །ཡོངས་རྫོགས་ཟླ་བའི་དཀྱིལ་འཁོར་འདི། །ཉིན་རེ་བཞིན་ཡང་ཆ་ཤས་རེ། །བསགས་པས་ཡོངས་སུ་གང་བར་སྣང༌། །བུམ་པར་གནས་པའི་བདུད་རྩིའི་རྒྱུན། །ཉིན་རེ་བཞིན་ཡང་ལེགས་འཐུངས་ན། །འཆི་མེད་བདུད་རྩིའི་རྒྱ་མཚོ་ཡི། །དཔལ་འདི་རྫོགས་པར་ཅིས་མི་གང༌། །དེ་སྐད་བརྗོད་འདི་སྙན་ངགས་མཁན། །རྒྱལ་བ་དགྱེས་པའི་བཤེས་གཉེན་ནོ།།  །།ཨ་མ་ར་ཡེ། ཚེ་དང་བསོད་ནམས་ཀྱིས་གང་བའི། །བུམ་པ་བཟང་པོ་རབ་འཛིན་པའི། །བཅོམ་ལྡན་ཞབས་པད་གུས་བསྟེན་པས། །སྐྱེས་བུ་དེ་ཡི་ཞུ་བ་ནི། །ཅི་བྱས་བྱ་བས་ཟིན་པའི་ཚེ་རིང་དང༌། །ཅི་བསམ་ལྷུན་གྱིས་གྲུབ་པའི་བསོད་ནམས་དང༌། །ཅི་སྣང་སྒྱུ་མར་རྟོགས་པའི་ཡེ་ཤེས་དང༌། །ཅི་དགའི་དགོས་འདོད་སྩོལ་བའི་བཅོམ་ལྡན་དང༌། །ཅི་ནས་མཇལ་བར་སྨོན་པའི་སྐལ་བ་དང༌། །དང་པོའི་སངས་རྒྱས་མྱུར་དུ་ཕྲད་པར་ཤོག །དེ་སྐད་འདི་ཡང་སྙན་ངགས་མཁན། །དབྱངས་ཅན་དགྱེས་པའི་བཤེས་གཉེན་ཡིན།།  །།སིདྷཾ་ཡེ། རྒྱལ་བ་དེ་ཡི་མཛད་པ་ནི། །རྨད་བྱུང་ཚེ་དང་བསོད་ནམས་ནི། །སྟེར་མཛད་དེ་ཡང་མྱུར་དུ་ནི། །ཕངས་པ་མེད་པར་སྙོམས་པར་ནི། །འགྲོ་བ་ཀུན་ལ་ཁྱབ་པ་ནི། །སྦྱིན་མཛད་དེ་ཡི་ཐུགས་རྗེ་ཡང༌། །སྲིད་པ་གནས་ཀྱི་བར་དུ་ཡང༌། །སེམས་ཅན་ཀུན་ལ་རྟག་པར་ཡང༌། །རིང་ནས་གཟིགས་པ་གང་དེ་ཡང༌། །ངོ་མཚར་དེ་ཡི་མཁྱེན་པ་གང༌། །གང་ཡང་རྒྱ་མཚོ་ཆུ་ཡིས་གང༌། །གང་ཞིག་བང་མཛོད་ནོར་གྱིས་གང༌། །གང་གི་མཁྱེན་པའི་ཁང་བཟང་གང༌། །གང་ནས་བལྟས་ཀྱང་ཚོགས་ཀྱིས་གང༌། །གང་གི་སྟོན་ལྡན་མཐུ་ཆེན་གྱིས། །འཆི་བདག་འཇོམས་མཛད་ཡེ་ཤེས་ཀྱིས། །དུས་གསུམ་གཟིགས་མཛད་བསོད་ནམས་ཀྱིས། །འགྲོ་བློའི་དབུལ་བ་སེལ་བར་གྱིས། །བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད། །འགྲོ་བ་ཀུན་ལ་ཉེ་རིང་མེད། །ཅི་འདོད་སྟེར་ལ་ཕངས་པ་མེད། །སྐྱབས་སུ་སོང་ན་བསླུ་བ་མེད། །ཚེ་དང་ཡེ་ཤེས་དཔག་མེད་ཡོད། །མཁྱེན་པ་ཀུན་ལ་ཐོགས་མེད་ཡོད། །ཐུགས་རྗེའི་གཟིགས་པ་སྒྲིབ་མེད་ཡོད། །དངོས་གྲུབ་འགྲོ་ལ་འཆི་མེད་ཡོད། །དེ་སྐད་བརྗོད་འདི་སྙན་ངགས་མཁན། །ཀུན་གྱི་གཙུག་རྒྱན་ལྷ་མེ་མཛེས།།  །།སརྦ་ཛྙ་ཡེ། ཚེ་རིང་པདྨོའི་དཔལ་ལ་ཆགས་པ་དང༌། །རིག་སྔགས་དྲག་ཏུ་སྒྲོག་པའི་དར་དིར་ཅན། །འཆི་མེད་སྦྲང་རྩིའི་དོག་པ་འགྱེད་མཛད་པའི། །སྐལ་བཟང་སློབ་མ་རྐང་དྲུག་ལྡན་པ་དེ། །ཡིན་འོང་འདབ་བརྒྱ་རྒྱས་པའི་པད་མོ་ལ། །རབ་དཀར་ཆ་ཤས་བསགས་པའི་ལྟེ་བ་ཅན། །བཅུད་ལྡན་བདུད་རྩིའི་བུམ་བཟང་ལེགས་འཛིན་པ། །བཅོམ་ལྡན་གཞོན་ནུའི་གེ་སར་ཅན་དེས་དྲངས། །ཀྭ་ཡེ་ཡེ་ཤེས་ཚེ་དཔག་མེད། །བཤེས་གཉེན་དགེ་ལེགས་སྟེར་བྱེད་དེ། །ལོངས་སྤྱོད་ཡོངས་རྫོགས་དགོས་འདོད་སྐོང༌། །དཀོན་མཆོག་འགྲོ་དོན་དགོངས་པ་ཁྱོད། །སྤྲུལ་སྐུ་སྐུ་གསུམ་མངའ་བར་འཁུམས། །ཕུལ་བྱུང་ཕུགས་སུ་འབྱུང་འགྱུར་ན། །འདི་ཡི་མགྲིན་པའི་དཀྱིལ་ནས་ནི། །མི་འཆིའི་རིག་འཛིན་རིངས་པར་བྱིན། །དེ་སྐད་གླེང་བའང་སྙན་ངགས་མཁན། །དཔལ་ལྡན་རིགས་པ་འཛིན་པ་ཡིན།།  །།ན་མཿཨ་མ་རཱ་ཡེ། དཔལ་ལྡན་པད་མ་རཱ་ག་ཡི། །དཔག་བསམ་མརྒད་འདབ་ཕྲེང་ཅན། །དབང་པོའི་རིན་ཆེན་སྟོང་ཕྲག་གི །འབྲས་བུའི་ཁུར་འཕྱང་བཅོམ་ལྡན་འདས། །ཁྱོད་ཞབས་རྐང་འཐུངས་དབང་པོ་ཟུང༌། །མཉམ་པར་བཞེངས་པའི་ཞབས་མཐིལ་གྱིས། །ཡིད་འོང་པདྨ་དམར་པོ་དང༌། །རབ་དཀར་ཟླ་བའི་བདུད་རྩི་འཐུངས། །དེ་ནས་རིམ་གྱིས་ཕྱག་གཉིས་ཀྱི། །ཡི་འོང་སོར་མོའི་ཡལ་གར་སོན། །འཆི་མེད་བདུད་རྩིའི་བུམ་བཟང་གི །འབྲས་བུ་དུས་སུ་སྨིན་པ་ལ། །ཚེ་དང་བློ་དང་བསོད་ནམས་ཀྱིས། །ཕོངས་པའི་འཇིག་རྟེན་མ་ལུས་ནི། །ཕངས་པ་མེད་པར་ལོངས་སྤྱོད་པའི། །བཅོམ་ལྡན་དཔག་བསམ་ལྗོན་པ་རྒྱལ། །རྒྱལ་བ་དེའི་ཕྲིན་ལས་གང༌། །གངྒཱའི་རྒྱ་མཚོ་ཆེན་པོ་བཞིན། །བཞིན་མདངས་བཟང་པོས་གུས་བསྟེན་ན། །ན་དང་འཆི་བའི་འཇིགས་ལས་རྒྱལ། །རྒྱལ་ལོ་རྒྱལ་བ་བདུད་ལས་ཏེ། །བདག་བློ་བདག་ཏུ་འཛིན་པ་ལས། །དེ་སྐད་དེ་ནི་ཤཱཀྱ་ཡི། །དགེ་སློང་དགེ་མཆོག་ལྡན་པའོ།།  །།ཨ་སྨྲི་ཏ་ཡེ། དཀར་དམར་དར་འཇམ་ན་བཟའ་དང༌། །རྒྱན་མང་རྣམ་པར་བཀྲ་བ་དང༌། །ཞལ་རས་ཟླ་ལྟར་གང་བ་དང༌། །ལྡན་པས་རྒྱལ་ལ་དང་བ་རྒྱས། །མ་བླངས་པར་ཡང་ལྷ་རྫས་ལྡན། །མ་བརྒྱན་པར་ཡང་རྒྱན་མང་སྤྲས། །མ་བསགས་པར་ཡང་ཆ་ཤས་གང༌། །མ་བཤམས་པར་ཡང་བར་ཆད་ལས། །རྣམ་པར་རྒྱལ་ལ་དད་ཕྱག་འཚལ། །མཚལ་དང་པདྨ་ར་ག་ལྟར། །དམར་དང་རབ་གསལ་ཟླ་བ་ལྟར། །མདངས་དཀར་ནམ་མཁའ་དག་པ་ལྟར། །རབ་ཡངས་ཞལ་ལ་མངའ་བ་ཡང༌། །ཡང་དག་སྤྱན་ཟུར་ཟུར་ལ་བཟུང༌། །ཟུར་ཕུད་ལན་ཚར་ཟུར་ལྔར་འཕྱང༌། །གཙུག་ཕུད་ལན་བུ་ཟུར་དུ་བྱུང༌། །ཁུར་འཛུམ་རྒྱུན་དུ་ཟུར་ནས་འཛུམ། །མགུལ་དང་དཔུང་རྒྱན་གདུ་བུར་བཅས། །དཀྱུས་སུ་བཅུག་ནས་སྟར་ལ་བརྒྱུས། །སྐུ་ལུས་ཀུན་ཏུ་བྱུགས་པ་ལྟར། །ཕུལ་ནས་ཕུལ་བྱུང་རྒྱན་དུ་འབྱུང༌། །མ་འཛིངས་དྲི་ཞིམ་ལི་པའི་སྐྲ། །པིར་གྱིས་བྲིས་འདྲའི་སྨིན་མ་དང༌། །རི་དྭགས་མིག་ལྟར་རིང་གཟིགས་པ། །འདི་ནི་གང་གི་ཡིད་རབ་འཛིན། །ཤར་གྱི་མཁའ་དབྱིངས་དག་པའི་དབྱིངས། །ལི་ཁྲིའི་མཚམས་སྤྲིན་གསར་པའི་ཁྲིར། །མི་འཇིགས་བཞི་ཡི་སྒྲ་དབྱངས་ཀྱིས། །འཆི་བདག་བཞིན་གྱི་མདངས་ཉམས་ཤིང༌། །མི་འཆིའི་དཔལ་བྱིན་འདིར་སྐྱབས་མཆི། །འདི་འདྲའི་ཡིད་དམ་འདི་ལས་ནི། །གཞན་ཡང་ཡིད་ལ་མི་འཛིན་ན། །མི་འཆིའི་དཔལ་གྱིས་ཚིམ་པར་གྱིས། །ཡོངས་རྫོགས་ཅོད་པཎ་མཐོན་པོ་ལ། །བཅོམ་ལྡན་འོད་མཛད་རྒྱལ་པོ་འཕྲོ། །ཁམས་དང་དབང་པོ་འདོད་དོན་ལ། །སོ་སོར་དགོངས་ནས་ཆོས་སྟོན་པ། །ཁྱོད་ལ་མཆོད་ཡོན་པདྨོ་དང༌། །སྤོས་དང་རོ་མཆོག་རོལ་མོས་མཆོད། །ཅེས་པ་འདི་ཡང་སྙན་དངགས་མཁན། །དཔལ་ལྡན་སྡེ་སྣོད་གསུམ་པའོ།།  །།མནྟྲ་ཡེ། དཔག་བསམ་འདབ་མའི་ཁ་རྒྱན་ཅན། །ལྟོ་བར་དགོས་འདོད་ཡོངས་རྫོགས་མནོས། །མགྲིན་པར་དར་འཇམ་གྱིས་དཀྲིས་པའི། །བུམ་པ་ཕྱག་ཏུ་རབ་བཟུང་ནས། །ཚེ་དང་ཡེ་ཤེས་སྟེར་མཛད་དེ། །གྲགས་པས་རྣམ་སྤྲས་དགྲ་རྣམས་བསྒྲལ། །སངས་རྒྱས་སྤྱན་ལྡན་རྒྱན་མང་འཕྱང༌། །གང་སྐུ་སྐུ་གསུམ་རྒྱུན་དུ་བྱུང༌། །གང་གསུང་གསུང་དབྱངས་དྲུག་ཅུར་བསྒྱུར། །གང་ཐུགས་ཐུགས་སུ་མ་ལུས་ཆུད། །སྐུ་གསུང་ཐུགས་ལ་རྟག་ཏུ་འདུད། །རབ་གང་ཞལ་རབ་གང་བ་དང༌། །རབ་སྙན་དབྱངས་རབ་སྙན་པ་དང༌། །རབ་ལྡན་ཤེས་རབ་ལྡན་པ་རྒྱལ། །དཀྱུས་རིང་སྤྱན་དཀྱུས་རིང་བའི་ཟུར། །ཟུར་འཁྱོག་སྤྱན་ཟུར་འཁྱོག་པོས་མཛེས། །མཛེས་མཐོ་ཤངས་མཛེས་མཐོ་བ་ཡང༌། །ཡང་དག་ལམ་ཡང་དག་པ་དང༌། །དང་འདྲེན་ཁྱོད་དང་འདྲེན་པ་ཀུན། །ཀུན་དགར་འགྲོ་ཀུན་དགར་མཛད་རྒྱལ། །རྒྱལ་བ་དེ་ཡི་ཕྲིན་ལས་ནི། །འཆི་མེད་དེ་འཆི་མེད་དེ་རྒྱལ་བའི་སྐུ། །ཚེ་རིང་དེ་ཚེ་རིང་དེ་སྒྲུབ་པའི་ལུས། །དབྱངས་སྙན་དེ་དབྱངས་སྙན་དེ་རྒྱལ་བའི་གསུང༌། །འགག་མེད་དེ་འགག་མེད་དེ་སྒྲུབ་པོའི་ངག །ཀུན་མཁྱེན་དེ་ཀུན་མཁྱེན་ཏེ་རྒྱལ་བའི་ཐུགས། །རབ་གསལ་དེ་རབ་གསལ་ཏེ་སྒྲུབ་པོའི་སེམས། །དེ་བས་རྒྱལ་བའི་སྐུ་གསུང་ཐུགས། །སྒྲུབ་པོའི་ལུས་ངག་ཡིད་གསུམ་ལ། །རྗེས་སུ་འཇུག་པར་བྱེད་པ་འདི། །མཚན་མོའི་མགོན་དང་རྒྱ་མཚོ་བཞིན། །ཡོངས་རྫོགས་མཚན་མོའི་མགོན་པོ་དེ། །དག་པའི་མཁའ་ལས་མི་གཡོ་ཡང༌། །རྒྱ་མཚོར་ཞུགས་ནས་རྒྱ་མཚོ་ཡི། །དཔལ་རབ་རྒྱས་པར་བྱེད་པ་ལགས། །རབ་དཀར་ཟླ་བའི་དཀྱིལ་འཁོར་འདི། །ཆ་ཤས་བསགས་པས་གང་བ་ཡིན། །སྐལ་བཟང་སྒྲུབ་པོའི་དགེ་ལེགས་ཀྱང༌། །ལེགས་པར་བསགས་པས་གོང་དུ་འཕེལ། །དེ་སྐད་སྨྲ་བ་སྙན་དངགས་མཁན། །དཔལ་ལྡན་སྡེབ་སྦྱོར་ཤེས་པས་སོ།།  །།ན་མཿཨཱ་ཡུར་ཛྙ་ན་ཡེ། པདྨ་དཀར་དང་ཟླ་དཀར་གདན། །རྟིང་པའི་མཐིལ་གྱི་ལྕིད་ཀྱིས་བརྫིས། །བཞེངས་ཏེ་གསེར་རྐེད་ཕྲེང་ལེགས་སྒེག །ཕུལ་བྱུང་ཁུར་འཛུམ་རྒྱུན་དུ་མུལ། །འགྲོ་མགྱོགས་སྲོག་འགྲོས་སོ་སོར་འགོག །ཁྲོལ་ཁྲོལ་ཁྲོལ་ལོ་དོ་ཤལ་ཁྲོལ། །འཚེར་འཚེར་འཚེར་ཏེ་གསར་ཕྲེང་འཚེར། །སིལ་སིལ་སིལ་ལི་མགྲིན་འཛིན་སིལ། །ལྷུབ་ལྷུབ་ལྷུབ་འཐུང་བུམ་རྒྱུན་ལྷུབ། །དེ་ནས་ཕྲེང་བ་འདྲེན་པ་དེ། །གུས་པས་བཏུད་ནས་མདུན་དུ་འདུག །འཇིགས་པར་དམིགས་ནས་རིག་སྔགས་འཛིན། །མཆོད་པ་མཆོག་དང་ཡོ་བྱད་མཆོད། །ཚེ་དང་ནོར་དང་རིག་པ་དང༌། །ཀུན་ནས་ཀུན་ཏུ་བཀུར་བ་དང༌། །དབྱངས་སྙན་པ་དང་གྲགས་པ་དང༌། །གཟུངས་དང་མངོན་ཤེས་འཆར་བར་ཤོག །དཔལ་ལྡན་སྙན་དངགས་སྨྲ་མཁས་ཤིང༌། བརྒྱན་དང་སྡེབ་སྦྱོར་ཉམས་ཀྱིས་ནི། །རྣམ་པར་སྒེག་པའི་གཞོན་ནུ་རྣམས། །རོལ་བྱེད་ངག་གི་རོལ་མཚོ་འདིས། །བཅོམ་ལྡན་ཚེ་དང་ཡེ་ཤེས་མཛོད། །མངོན་པར་བསྟོད་བྱེད་སྒྲ་བརྒྱན་མཁན། །བརྡ་སྤྲོད་བྱེད་གཞུང་འདོན་མཁས་པ། །འཆི་མེད་དབང་པོའི་རྡོ་རྗེ་ཡིན། །ཞེས་རྒྱལ་བ་འཆི་མེད་ཡེ་ཤེས་དབང་པོའི་མཛོད་ལ་བསྟོད་པ་སྒྲ་རྒྱན་ངག་གི་རོལ་མཚོ་ཞེས་བྱ་བ། ཡུལ་དབུས་ཀྱི་སྙན་དངགས་མཁན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཐིག་ལེ་ཆོས་འཁོར་རྩེ་མོར་སྦྱར་བའོ།།  །།མངྒལཾ།།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*