གྲུབ་པ་མཆོག་གི་ཤིང་རྟ། ཁ ༽

ཕྱེད་ཀ་འཇུག་པ་སྦྱང་གཞི་དང་མི་མཐུན་པའི་ཕྱིར། ཞེས་བརྗོད་ན་སུན་འབྱིན་རྣལ་མར་འཕེན་པ་ཞེས་བྱ་བ་དེའི་ཁོངས་སུ་གཏོགས་པ་ཡིན་ཀྱང༌། ཐལ་ཞེས་པ་སྒྲུབ་པར་ཡང་མི་རུང༌། སུན་འབྱིན་དུ་ཡང་མི་རུང་བའི་ཚུལ་ནི། དཔེར་ན། ཕྱོགས་སྔ་མས་སྒྲ་རྟག་པར་ཁས་བླངས་པ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར། ཞེས་འཕེན་པ་ནི། སྒྲུབ་པར་ཡང་མི་རུང༌། སུན་འབྱིན་དུ་ཡང་མི་རུང་བ་ཁོ་ནར་མ་ཟད། ལྟག་ཆོད་ཀྱི་གནས་སུ་འཇོག་པ་བཞིན་ནོ། །གཉིས་པ་ཉེས་སྤོང་གི་ལན་དཔྱད་པ་ལ་གཉིས་ཏེ། ཉེས་སྤོང་དངོས་དང༌། དེ་ལ་སུན་འབྱིན་མི་འཇུག་པའོ། །དང་པོ་ནི། བར་དོའི་ཤེས་པ་ལ་ཆ་གཉིས་སུ་ཕྱེ་ནས་རྟེན་དང་བརྟེན་པ་གཉིས་ཀ་ལ་འཇུག་པ་ནི། སྦྱང་གཞི་དང་མི་མཐུན་པ་མ་ཡིན་ཏེ། སྦྱོང་བྱེད་བར་དོའི་ཤེས་པ་རྫས་གཅིག་ཉིད་ལ་སེམས་ཀྱི་སྣང་བ་ཆ་གཉིས་སུ་ཕྱེ་ནས། རྟེན་དང་བརྟེན་པ་གཉིས་ཀ་ལ་ངེས་པར་བསྲེ་དགོས་པའི་ཤེས་བྱེད་ནི། སྦྱང་གཞི་ཐ་མལ་པའི་བར་དོ་གཅིག་ཉིད། འཛམ་བུ་གླིང་དུ་སྐྱེ་བ་ལེན་པ་དེའི་ཚེ་ན། སྣོད་ཀྱི་སྣང་བ་ཇི་སྙེད་པ་ནི་རྒྱུ་བར་དོའི་སེམས་ཙམ་དེ་ཉིད་ཀྱི་དབང་གི་འབྲས་བུ་ཡིན་ཞིང༌། རང་གི་ངོ་བོ་ཡང་བར་དོའི་ཤེས་པ་ནི་ཡིན་ལ། དེ་དུས་ཀྱི་བར་སྲིད་དེ་ཉིད་སྐྱེ་གནས་སུ་ཉིང་མཚམས་ངེས་པར་སྦྱོར་དགོས་ཀྱི། སྣོད་ལ་ཐིམ་པས་ཆོག་པ་མ་ཡིན་པ་དང་ཆ་མཐུན་པའོ། །གཉིས་པ་ནི། དེ་ལ་ཁྱེད་ཀྱིས། འདི་སྐད་དུ། སྦྱང་གཞི་གཅིག་ལས་མེད་ཀྱང༌། སྦྱོང་དུས་ཕྱེད་ཀར་བཏང་ངོ་སྙམ་ན། སྦྱང་གཞི་གཅིག་ལས་མེད་པས། སྦྱོང་བྱེད་ཀྱི་བར་སྲིད་ཕྱི་མ་གཞན་གྱི་བར་སྲིད་དུ་ཐལ་བའི་ཁྱབ་འབྲེལ་སུས་ཁས་བླངས་པ་བསམ་པར་རིགས་སོ། །ཞེས་ཟེར་བ་འདི་ནི། རིགས་པས་དབུལ་བའི་གཏམ་སྒམ་པོར་འཆོས་པའི་ཟོལ་གྱིས་སྦྱར་བ་ཡིན་ཏེ། འདི་ལྟར། སྦྱང་གཞིའི་བར་དོ་གཅིག་ལས་མེད་པའི་རྒྱུ་མཚན་གྱིས། སྦྱོང་བྱེད་ཀྱི་བར་དོ་ལ་ཆ་གཉིས་སུ་མི་འབྱེད་པའི་ཁྱབ་པ་སུ་ཞིག་གིས་གང་དུ་དམ་བཅས་པ་ཡིན། ཟླ་ཟེར་ལས་ནི། སྦྱོང་བྱེད་ཀྱི་བར་དོ་ལྷག་མ་མེད་པར་གཞལ་ཡས་ཁང་ལ་བསྲེས་ན། ལྷག་མ་བསྲེ་རྒྱུའི་སྦྱོང་བྱེད་བར་དོ་དེ་གཞན་ནས་འཚོལ་དགོས་པར་ཐལ་བ་འཕངས་པ་ཡིན། དེ་ལྟར་ཁས་བླངས་པ་དེ་དང༌། སྦྱོང་བྱེད་བར་དོ་ལ་ཆ་གཉིས་སུ་འབྱེད་པ་ཁས་བླངས་པ་ལ་འགལ་བ་ཇི་ལྟར་ཡོད་པ་ད་བཟོད་སྟོན་ཅིག བསྟན་པ་དེ་ཉིད་དོ་སྙམ་ན། དེའི་ཁྱབ་པ་ཚད་མས་གྲུབ་པའམ། གཞན་གྱིས་ཁས་ལེན་ལ་གཏོང་བ་ཡིན། གཉིས་པ་ལྟར་ན། ལྟག་ཆོད་ཀྱིས་འགལ་བ་མི་ཟད་པ་ཁས་ལེན་དགོས་པར་འགྱུར་བས། དང་པོ་ལྟར་ཁས་ལེན་པ་ལས་འོས་མི་འདུག་ལ། འདི་མི་འཐད་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དང༌། རྣལ་མའོ། །དང་པོ་ནི། སྦྱང་གཞི་རྣལ་འབྱོར་པ་གཅིག་ལ། སྦྱོང་བྱེད་དགྱེས་རྡོར་དང༌། བདེ་མཆོག་གཉིས་མི་སྲིད་པར་ཐལ་བ་དང༌། སྦྱང་གཞི་བར་དོ་གཅིག་ཉིད་ལ། སྦྱོང་བྱེད་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གཉིས་མི་འཐད་པར་ཐལ་བ་དང༌། དེ་གཅིག་ལ་མངོན་བྱང་གི་དུས་སུ་གཙོ་བོ་ཡབ་ཡུམ་སོ་སོའི་ཕྱག་མཚན་དང་ས་བོན་གཉིས་གཉིས་སུ་འཇུག་པ་མི་འཐད་པར་ཐལ་བ་སོགས་འཇུག་གོ །གཉིས་པ་ནི། སྦྱང་གཞི་བར་དོ་གཅིག་ལ། སྦྱོང་བྱེད་བར་དོ་ཆ་གཉིས་སུ་འབྱེད་པ་མི་འགལ་ཏེ། གཉིས་པོ་ཤེས་རྒྱུད་གཅིག་གིས་བསྡུས་པའི་ཕྱིར། དཔེར་ན། སྦྱོང་བྱེད་ལྷ་དང་གཞལ་ཡས་ཁང་གཉིས་ཀ་རྒྱུད་གཅིག་གིས་བསྡུས་པ་དང༌། སྦྱོང་བྱེད་གཙོ་བོ་ཡབ་ཡུམ་རྒྱུད་གཅིག་གིས་བསྡུས་པར་འཆད་དགོས་པ་བཞིན་ནོ། །འདིར་སྨྲས་པ། རིགས་པ་ཤེས་པར་ཁས་འཆེ་བ། །སྒྲུབ་པ་དང་ནི་སུན་འབྱིན་གྱི། །རྣམ་པར་དབྱེ་བ་མ་ཕྱེད་ཅིང༌། །ལྷག་ཆོས་འབའ་ཞིག་ལྷུར་ལེན་ཏོ། །རིགས་སྨྲར་ཁས་མི་འཆེ་འགའ་ཡིས། །སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱིས། །ཕ་རོལ་འདོད་པ་སུན་འབྱིན་ཞིང༌། །རང་གཞུང་ཚད་མ་སྐྱེད་འདི་མཐོང༌། །གཉིས་པ་རང་ལུགས་འཇོག་ཚུལ་མི་འཐད་པ་ལ་གཉིས་ཏེ། སྐབས་སུ་བབ་པའི་སུན་འབྱིན་དང༌། ངེས་དོན་གྱི་ཁྱད་པར་འགའ་ཞིག་ལ་དཔྱོད་པ་བཅུག་པའོ། །དང་པོ་ལ་གསུམ་སྟེ། བསྒྲུབ་བྱ་ཚད་མས་བསལ་བ་དང༌། སྒྲུབ་བྱེད་མ་ངེས་པ་དང༌། ཚེར་མ་འབྱིན་བྱེད་འཁྲུལ་བའོ། །དང་པོ་ལ་གསུམ་སྟེ། ལུང་གིས་བསལ་བ་དང༌། རིགས་པས་གནོད་པ་དང༌། ཁས་བླངས་ཀྱིས་གེགས་བྱེད་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་ངོས་བཟུང་བ་དང༌། དེ་སེལ་བྱེད་ཀྱི་ལུང་འདྲེན་པའོ། །དང་པོ་ནི། ཇི་སྐད་དུ། ཡན་ལག་དྲུག་པའི་ཕྱོགས་ལ་འོག་ཏུ་བར་སྲིད་འཇུག་པ་ཡོད་ཀྱི་གོང་དུ་འཇུག་པ་མེད། ཡན་ལག་བཞི་པའི་ཕྱོགས་ལ། འོག་ཏུ་འཇུག་པ་མེད་དོ། །ཞེས་འཆད་པ་འདིའོ། །གཉིས་པ་ནི། དེ་ལྟ་ན་ཡན་ལག་དྲུག་པའི་ལུང་ཉིད་ཀྱིས་དངོས་སུ་བསལ་བ་ཡིན་ཏེ། མི་ཐུབ་ཟླ་བས། ཇི་སྐད་དུ། ཧོ་གཉིས་དབུས་སུ་གནས་པ་ནི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས་ཅན་མིང༌། །ལྷ་མོའི་པདྨར་བསམ་གཏན་བྱ། །དྲི་ཟ་སྙོམས་པར་འཇུག་པ་ན། །ཁུ་བའི་ངོ་བོར་རྗེས་དྲན་བྱ། །ཞེས་འོག་ཏུ་འཇུག་པར་བཤད་པ་ལ་བསྙོན་པ་སུ་ཡང་མེད་ཅིང༌། གོང་དུ། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མའི་བསམ་གཏན་བྱ། །འདི་ནི་འབྱུང་བའི་འཁོར་ལོ་བཞི། །ཅིག་གྱུར། ཞེས་པས་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་བསྲེ་བ་སྟོན་པར་ཆེན་པོ་ཀུན་གྱིས་འཆད་ཅིང༌། ཁས་བླངས་སྔ་ཕྱི་དེ་མ་ཐག་ཏུ་འགལ་བ་མ་དྲན་པར་སྣང་བའི་ཕྱིར། འདི་སྙམ་དུ། ལུང་དེས་འབྱུང་བཞི་འཁོར་ལོ་དང་བཅས་པའི་བར་སྣང་དུ་བར་སྲིད་སྒོམ་པར་བསྟན་གྱི། བསྲེ་བར་མི་སྟོན་ནོ། །ཞེས་ཟེར་དགོས་པ་ལས་འོས་མི་འདུག་པས། འོ་ན་ཁྱེད་ཉིད་ཀྱིས་ལུང་དེ་བར་སྲིད་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་བསྲེ་བའི་ཤེས་བྱེད་དུ་ཇི་ལྟར་མ་དྲངས་ཏེ། ལུང་དེ་ཉིད་བར་སྲིད་འབྱུང་བཞི་སོགས་ཁོ་ནར་འཇུག་པའི་ལུགས་དགོད་པ་ཞེས་པའི་ས་གཅོད་ཐོག་མར་བཀོད་པ་དེའི་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ། །ཡང་གོང་དུ་བསྲེས་ན་འོག་ཏུ་མི་བསྲེ་ཞེས་པ་ནི་ཧ་ཅང་ཐལ་བ་སྟེ། རྩ་བ་དང་བཤད་པའི་རྒྱུད་མཐའ་དག་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། རྩ་བར། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་པས་རྟེན་ལ་བསྲེ་བ་སྟོན་པར་ཆེན་པོ་དག་གིས་འཆད་ཅིང༌། ཁྱེད་རང་གིས་ཀྱང་ཤེས་བྱེད་དུ་དྲངས་པའི་ཕྱིར་དང༌། བརྟག་པ་གཉིས་པའི་ལྔ་པར། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །ཞེས་པས་ཀྱང་བརྟེན་པ་ལ་དྲི་ཟ་འཇུག་པ་སྟོན་པར་ཆེན་པོ་དག་དང༌། ཁྱད་པར་རྗེ་བླ་མ་དམ་པའི་གསུང་གིས་ཀྱང་བཀྲལ་བའི་ཕྱིར། བཤད་པའི་རྒྱུད་ལས་ཀྱང༌། དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་སྒོམ་པར་བྱ། །ཞེས་པས་རྟེན་ལ་བསྲེ་བ་བསྟན་པར་ཁྱེད་རང་གིས་ཀྱང་དྲངས་ཤིང༌། ཡང་དེ་ཉིད་ལས། དྲི་ཟ་མཉམ་པར་ཞུགས་པ་ནི། །ཁུ་བར་རྗེས་སུ་དྲན་བྱས་ནས། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་པས་རྟེན་ལ་བསྲེ་བ་སྟོན་པ་ནི། སུས་ཀྱང་མི་སྙོན་པའི་ཕྱིར་རོ། །གཉིས་པ་ནི། འོག་ཏུ་བསྲེ་བའི་ལུགས་ལ་གོང་དུ་མི་བསྲེ་ན། ལུགས་དེར་གོང་དུ་བསྲེས་པའི་དགོས་པའི་ཁྱད་པར་སྣང་བ་སེམས་སུ་གོ་བ་སོགས། མ་ཚང་བ་དང༌། མི་དགོས་པར་འགྱུར་བ་དང༌། ཡང་ཅིག་ཤོས་ཀྱི་ཕྱོགས་དང༌། བར་སྲིད་བརྟེན་པ་ལྷ་ལ་འཇུག་པའི་དགོས་པའི་ཁྱད་པར་རྣམས་མ་ཚང་བ་དང་མི་དགོས་པར་འགྱུར་རོ། །ཡང་ཡན་ལག་བཞི་པའི་ཚེ། འོག་ཏུ་འཇུག་མི་དགོས་ཏེ། གོང་དུ་ཞུགས་ཟིན་པའི་ཕྱིར། ཞེས་དང༌། དྲུག་པའི་ཚེ་གོང་དུ་མི་འཇུག་སྟེ། འོག་ཏུ་འཇུག་དགོས་པའི་ཕྱིར། ཞེས་ཟེར་བ་ལས་ལྷག་པའི་རིགས་པ་གཞན་མི་འདུག་ལ། དེ་ལྟ་ན་ཡན་ལག་དྲུག་པའི་ཉམས་ལེན་གྱི་ཚེ། སྣོད་སྦྱོང་བྱེད་ཀྱི་ཉམས་ལེན་མི་དགོས་པར་ཐལ། བཅུད་སྦྱོང་དགོས་པའི་ཕྱིར། བཞི་པའི་ཚེ་ན། བཅུད་སྦྱོང་མི་དགོས་པར་ཐལ། སྣོད་སྦྱོང་བྱེད་བསྟན་ཟིན་པའི་ཕྱིར། ཞེས་མཚུངས་པ་མ་ཡིན་ནམ། གཞན་ཡང་གོང་དུ་བཅུག་ན་འོག་ཏུ་འཇུག་རྒྱུ་མེད་པ་ལ་བསམས་ནས་དེ་སྐད་སྨྲ་བ་ཡིན་ནམ། འཇུག་རྒྱུ་ཡོད་ཀྱང་མི་དགོས་པ་ཡིན། དང་པོ་ལྟར་ན་སྦྱོང་བྱེད་བར་དོས་ལྷའི་སྐྱེ་བ་མི་ལེན་པའི་ཉེས་པ་སོ་ན་འདུག་སྟེ། ལེན་མཁན་གྱི་བར་དོ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེས་དེ་ལེན་མི་དགོས་པའི་ཐལ་བ་སོ་ན་གནས་ཏེ། སྦྱོང་བྱེད་ཀྱི་བར་དོ་རྟེན་གཞལ་ཡས་ཁང་ལ་སྲེས་པ་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །གཞན་ཡང་ཐ་མལ་གྱི་བཟུང་བའི་བག་ཆགས་སྤང་པའི་ཚེ། འཛིན་པའི་བག་ཆགས་སྤོང་མི་དགོས་པར་ཐལ་བ་དང༌། བཟུང་བའི་བག་ཆགས་སྤོང་བྱེད་ཀྱི་གཉེན་པོ་མ་སྒོམ་པར། འཛིན་པའི་བག་ཆགས་སྤོང་བྱེད་ཀྱི་ལམ་དེ་ཉིད་ཀྱིས་ཆོག་པར་འགྱུར་ཏེ། རྩ་བའི་དམ་བཅའ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་སྔར་བསྲེས་པའི་ཕྱོགས་ལ་ཕྱིས་མི་བསྲེ་བའི་ཁྱབ་པ་ཁས་ལེན་པ་དང༌། ཁྱེད་ཉིད་ཀྱིས། ཇི་སྐད་དུ། བར་དོ་སྔར་བསྲེས་པའི་ཕྱོགས་ལ་རང་གི་བར་སྲིད་ཀྱིས་འབྲས་བུ་རྡོ་རྗེ་འཛིན་པར་སྐྱེ་བ་བླངས་བར་མི་འགྱུར་རོ་སྙམ་ན། མ་ཡིན་ཏེ། སྔར་བསྲེས་པའི་ཕྱོགས་ལ་དེའི་རྒྱུན་ནར་མར་ཡོད་པས། ཤིན་ཏུའང་སྐྱེ་བ་བླངས་བར་འགྱུར། ཞེས་བཤད་པ་གཉིས་ནི་ཕན་ཚུན་གེགས་བྱེད་དུ་མི་འགྱུར་བའི་ཚུལ་སྟོན་དགོས་ཏེ། བར་སྲིད་ཀྱི་རྒྱུན་རྒྱུ་རྡོ་རྗེ་འཛིན་པ་ལ་མ་ཞུགས་ན། འབྲས་བུ་རྡོ་རྗེ་འཛིན་པར་སྐྱེ་བ་བླངས་པའི་གོ་དོན་ཇི་ལྟར་བཙལ་ཀྱང་མི་རྙེད་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱིས་དམ་བཅའ་འདི་དག་ནི་གླང་ཆེན་གྱི་ཁྲུས་དང་མཚུངས་ཏེ། བར་དོ་ཆ་གཉིས་སུ་བསྲེ་བ་འགོག་པའི་ཕྱིར་དུ། གོང་དུ་ཞུགས་ན་འོག་ཏུ་མི་འཇུག་པའི་ཁྱབ་པ་དམ་འཆའ། བརྟེན་པ་ལྷའི་སྐྱེ་བ་མི་ལེན་པར་ཐལ་བའི་ཉེས་པ་སྤངས་ཕྱིར་དུ། གོང་དུ་ཞུགས་ཟིན་པའི་བར་སྲིད་ཀྱི་རྒྱུན་དེས་འབྲས་བུ་རྡོར་འཛིན་གྱི་སྐྱེ་བ་ཤིན་ཏུའང་ལེན་པར་དམ་འཆའ་བའི་ཕྱིར་རོ། །གཉིས་པ་བསྒྲུབ་བྱེད་མ་ངེས་པ་ལ་གཉིས་ཏེ། གོང་དུ་འཇུག་ཚེ་འོག་ཏུ་མི་འཇུག་པའི་སྒྲུབ་བྱེད་མ་ངེས་པ་དང༌། འོག་ཏུ་འཇུག་ཚེ་གོང་དུ་མི་འཇུག་པའི་སྒྲུབ་བྱེད་མ་ངེས་པའོ། །དང་པོ་ལ། རྗེ་བཙུན་གོང་མའི་ལུང་གི་སྒྲུབ་བྱེད་འཁྲུལ་པ་དང༌། ལུང་གཞན་གྱི་སྒྲུབ་བྱེད་འཁྲུལ་པའོ། །དང་པོ་ནི། རྗེ་བཙུན་ཉིད་ཀྱིས། འོག་ཏུ་བར་སྲིད་འཇུག་པའི་ཚིག་བསལ་པོ་མི་བྱུང་ཡང༌། ངེས་པར་ཁས་ལེན་དགོས་པ་ཡིན། ལུགས་འདིའི་རྒྱུད་དང་སྒྲུབ་ཐབས་ཀྱི་རྒྱ་གཞུང་མཐའ་དག་གི་ལུང་ལས། བརྟེན་པ་ལྷ་ལ་བར་སྲིད་འཇུག་པ་མེད་མི་རུང་གི་ཡན་ལག་ཏུ་བཤད་པའི་ཕྱིར། ཁྱེད་ཀྱིས་དྲངས་པའི་ལུང་དེ་དག་གིས་ནི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐིག་ལེའི་ངོ་བོ་ཞུ་བྱེད་ཀྱི་རྐྱེན་བསྟན་པ་ཡིན་ལ། དེ་ཙམ་གྱིས་བར་སྲིད་མི་འཇུག་པར་མི་འགྲུབ་པའི་ཕྱིར། གཉིས་པ་ནི། གཞན་མཚོ་སྐྱེས་ལ་སོགས་པའི་ལུང་གིས། རྒྱུ་རྡོ་རྗེ་འཛིན་པ་ལ་བར་སྲིད་མི་འཇུག་པ་ཡོད་པར་འཆད་པ་དེ་དག་ནི། དངོས་སུ་འཇུག་པའི་ཚིག་མ་བྱུང་བ་ཙམ་གྱིས་མི་འཇུག་པར་སྒྲུབ་པའི་ཁྱབ་པ་འཁྲུལ་པ་དང༌། ལུགས་འདིའི་སྐྱེད་རིམ་གྱི་རྩ་བ་སུན་འབྱིན་པར་བྱེད་པའི་གཞུང་ཉིད་དུ་རིག་པར་བྱའོ། །གལ་ཏེ་དེའི་ཚིག་གསལ་པོར་མ་བྱུང་བ་ཉིད་ཀྱིས་དེར་འགྲུབ་སྟེ། དེར་བསྲེ་དགོས་པའི་སྐབས་ཐམས་ཅད་དུ་བར་དོ་འཇུག་པའི་ཚིག་གསལ་པོ་བྱུང་བའི་ཕྱིར། དཔེར་ན་མངོན་རྟོགས་ཡན་ལག་དྲུག་པ་བཞིན་ནོ། །སྙམ་ན། འོ་ན་ཁྱེད་ཀྱིས། བར་སྲིད་འོག་ཏུ་མི་འཇུག་ལ། གོང་དུ་འཇུག་པའི་ཤེས་བྱེད་དུ་དྲངས་པའི་རྗེ་བཙུན་གོང་མ་གཉིས་དང༌། མཚོ་སྐྱེས་ཀྱི་ལུང་དེ་དང་དེ་ལས་ཀྱང་གོང་དུ་བར་དོ་བསྲེ་བ་མི་འགྲུབ་པར་འགྱུར་ཏེ། དེར་བར་དོ་འཇུག་པའི་ཚིག་གསལ་པོ་མེད་པའི་ཕྱིར་དང༌། དེ་མེད་ཀྱང༌། ཇི་སྐད་དུ། རང་གི་སེམས་ཀྱི་རྣམ་པ་ཙམ་ཡིན་པར་ཤེས་པར་བྱས་ནས། ཞེས་དང༌། འབྱུང་བཞིའི་གསེབ་ཏུ་རང་སེམས་སྒོམ། ཞེས་བཤད་པ་དེ་ཙམ་གྱིས་དེར་འགྲུབ་ན། གང་ཡང་ཁྱེད་ཀྱིས། འོག་ཏུ་འཇུག་ལ་གོང་དུ་མི་འཇུག་པའི་ཤེས་བྱེད་དུ་དྲངས་པའི་ལུང་དེ་དང་དེས་ཀྱང༌། གོང་དུ་འཇུག་པ་བསྟན་པར་འགྱུར་ཏེ། ལུང་དེ་དག་ན་འབྱུང་བཞི་ལ་སེམས་སམ་ཡེ་ཤེས་ཀྱིས་ཁྱབ་པ་ཤ་སྟག་དམིགས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྗེ་བཙུན་དང་མི་ཐུབ་ཟླ་བའི་ལུང་གི་སྒྲུབ་བྱེད་ནི་འགལ་བར་བསྟན་པ་དང༌། ལུང་གཞན་གྱི་སྒྲུབ་བྱེད་མ་ངེས་པར་བསྟན་པ། དེས་ན་ལུང་དེ་དག་གིས་རྟེན་དང་བརྟེན་པ་གཉིས་ཀ་ལ། བསྲེ་བར་གྲུབ་པའོ། །དང་པོ་ནི། རྗེ་བཙུན་རིན་པོ་ཆེས། བར་སྣང་དུ་ཨོཾ་ཨཱཿཧཱུྃ་གསུམ་ཧོ་གཉིས་ཀྱིས་མཐའ་བརྟེན་པ། བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་གཞལ་ཡས་ཁང་གི་རྒྱུར་མི་བསྲེ་བ་ཉིད་དུ་བསྟན་ཞེས་ཟེར་བ་འདི་ནི་ལུང་གི་དོན་མངོན་སུམ་ལ་བསྙོན་པས་མངོན་སུམ་གྱི་བསལ་བ་ཁས་བླངས། དེ་ཁོ་ནར་མ་ཟད། ལུང་འདིས་དེ་དེར་མི་འཇུག་པར་བསྟན་ན། དེ་དེར་འཇུག་པའི་ཤེས་བྱེད་དུ་དྲངས་པའི་ལུང་ཐམས་ཅད་ལ་ཡིད་བརྟན་མི་རུང་བས། ཁས་བླངས་སྔ་ཕྱི་ཕན་ཚུན་གེགས་བྱེད་དུ་སོང་བ་ཉིད་ཀྱི་ཕྱིར། ཁྱེད་ཀྱི་དམ་བཅའ་ཤིན་ཏུ་ལྐོག་གྱུར་ལ་སྒྲུབ་བྱེད་ཀྱི་ལུང་ཚད་མ་མེད་དོ། །དེ་བཞིན་དུ་དམ་བཅའ་དེའི་སྒྲུབ་བྱེད་དུ་མི་ཐུབ་ཟླ་བའི་ལུང་ལས། ཇི་སྐད་དུ། འདི་ནི་འབྱུང་བའི་དཀྱིལ་འཁོར་བཞི། །འཁོར་ལོ་འདི་ནི་ལྔ་པའོ། །གཅིག་གྱུར་དེ་ལས་སངས་རྒྱས་ཀྱི། །གཞལ་ཡས་ཁང་དུ་གྱུར་པ་སྟེ། །ཞེས་འདྲེན་པ་ནི་འགལ་བའི་གཏན་ཚིགས་ཏེ། ཕྱོགས་ཆོས་གྲུབ་ཅིང༌། སྒྲུབ་བྱེད་དུ་བཀོད་པ་དེ་ཉིད་དམ་བཅའ་དེའི་ལོག་ཕྱོགས་ཀྱི་སྒྲུབ་བྱེད་དུ་སོང་ལ། དེར་སོང་བ་ཉིད་དུ་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར། ཇི་ལྟར་ཞེ་ན། ཇི་སྐད་དུ། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །བར་མ་སྐྱེས་བུའི་བསམ་གཏན་བྱ། །འདི་ནི་འབྱུང་བའི་དཀྱིལ་འཁོར་བཞི། །གཅིག་གྱུར་ཞེས་སྦྲེལ་ཆགས་སུ་འབྱུང་བའི་ཕྱིར་དང༌། ལུང་དེ་ཉིད་འབྱུང་བཞི་སོགས་ཁོ་ན་ལ་བར་སྲིད་འཇུག་པའི་ཤེས་བྱེད་དུ་ཁྱེད་རང་གིས་དྲངས་མ་ཐག་པ་དེ་ཉིད་ཀྱི་ཕྱིར་རོ། །དེས་ན་བར་སྲིད་རྟེན་དང་བརྟེན་པ་གཉིས་ཀ་ལ་བསྲེ་བའི་ཤེས་བྱེད་ཀྱི་གཏན་ཚིགས་རྒོལ་བ་རང་གི་ཚད་མས་མཐོང་བ་དེ་ཉིད་གཞན་ལ་གསལ་བར་སྟོན་བཞིན་དུ་འོག་ཏུ་འཇུག་པའི་ཚེ་གོང་དུ་མི་འཇུག་པས་ཁྱབ་ཅེས་ཟེར་བ་འདི་ཀོ་ཅི། གཉིས་པ་ནི། ཡང་ཁྱེད་ཀྱིས། བར་དོ་རྟེན་ལ་མི་བསྲེ་བའི་ཤེས་བྱེད་དུ། སྒྲུབ་ཐབས་ཀྱི་རྒྱལ་པོ་དང༌། འཁྲུལ་སྤོང་དང༌། ནག་པོ་དང༌། མར་མེ་མཛད་བཟང་པོ་རྣམས་ཀྱི་ལུང་དྲངས་པ་ནི། དངོས་བསྟན་གྱི་ཁྱབ་པ་མ་ངེས་པ་དང༌། ཞེ་འདོད་ཀྱི་ཁྱབ་པ་འགལ་བ་ཡིན་ཏེ། ཁྱེད་རང་གིས་དྲངས་པ་དེ་ཉིད་དུ་རྟེན་འབྲེལ་ལས་སྐྱེས་པའི་སེམས་ཙམ། འབྱུང་བ་ཆེན་པོ་བཞི་ཞུ་བ་ལས། ཞེས་དང༌། སྒོམ་པ་པོས། ཡང་དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁྱབ་པར་བྱེད་པ་དེ་ཉིད་གནས་སོ། །ཞེས་དང༌། དེའི་སྟེང་དུ་སྒོམ་པ་པོ་དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཁྱབ་པར་བྱེད་པ་ཉིད་དུ་གནས་སོ། །ཞེས་དང༌། ས་ཡི་དཀྱིལ་འཁོར་རྡོ་རྗེས་མཚན། །སེམས་ཀྱིས་སྣང་བས་དེ་རྣམས་ཞུ། །སྣང་བ་མཆེད་པས་གཞལ་ཡས་གྲུབ། །ཅེས་གསུངས་པ་རྣམས་ལས་ནི། རྟེན་ལ་སྒོམ་པ་པོའི་སེམས་འཇུག་པ་ཞིག་ནི་གསལ་བར་བཤད་ལ། དེ་ཙམ་གྱིས་བར་དོ་མི་བསྲེ་བའི་ཤེས་བྱེད་དུ་མ་ངེས་པའི་ཕྱིར་དང༌། ཡང་དག་པར་ན། དེ་སྐབས་ཀྱི་སེམས་དང་ཡེ་ཤེས་དེ་སྦྱོང་བྱེད་བར་དོ་ཉིད་ལ་འཆད་དགོས་པ་ཡིན་ཏེ། སྤྱིར་སྐྱེད་པའི་རིམ་པའི་ཉམས་ལེན་སྟོན་པ་ན། བར་དོ་སྦྱོང་བྱེད་ཀྱི་ལམ་ལོགས་སུ་བསལ་བར་སྟོན་པ་དང༌། མི་སྟོན་པ་གཉིས་ལས། འདིར་ནི་དེ་དག་གསལ་བར་སྟོན་པའི་སྐབས་ཡིན་པའི་ཕྱིར་དང༌། ལུང་དེ་ཙམ་གྱིས་དེ་དེར་བསྲེ་བ་མི་འགྲུབ་ཅེས་ནན་གྱིས་བསྙོན་པར་བྱེད་ན། དེ་དེར་འཇུག་པའི་ཤེས་བྱེད་དུ་འདྲེན་པའི་ལུང༌། ཇི་སྐད་དུ། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་དང༌། ས་ཆེན་དང༌། རྩེ་མོ་དང༌། མཚོ་སྐྱེས་ཀྱི་ལུང་རྣམས་ཀྱིས་ཀྱང་དེར་མི་འགྲུབ་པར་མཚུངས་པར་འགྱུར་ཏེ། བར་དོ་འཇུག་ཅེས་པའི་ཚིག་གསལ་པོ་ནི་དེ་དག་ན་ཡང་མི་སྣང་ལ། རང་གི་སེམས་ཤེས་པ། སྐབས་སྟོབས་ཀྱིས་བར་དོ་ལ་ངོས་འཛིན་པ་ནི་ཁྱེད་ལ་མིན་རུང་བའི་ཕྱིར་རོ། །གསུམ་པ་ནི། དེ་བས་ན་བར་སྲིད་རྟེན་དང་བརྟེན་པ་གཉིས་ལས་གང་རུང་གཅིག་ལ་འཇུག་པའི་ཚེ། གཅིག་ཤོས་ལ་མི་འཇུག་པས་ཁྱབ་པའི་ཤེས་བྱེད་དུ། ཁྱེད་ཅག་གིས་དྲངས་པའི་ལུང་ཇི་སྙེད་པ་དེ་དག་གིས་ནི་རྟེན་དང་བརྟེན་པ་གཉིས་ཀ་ལ་འཇུག་པར་འགྲུབ་པ་ཡིན་ཏེ། དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ལ་རྩོད་པ་མེད་ཅིང༌། རྟགས་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་ཚད་མ་ནི་ཁྱེད་རང་གིས་ཁས་བླངས་པ་ལས་གྲུབ་པར་བསྟན་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ཉེས་སྤོང་དང་པོ་མི་འཐད། གཉིས་པ་མི་འཐད། གསུམ་པ་མི་འཐད་པའོ། །དེ་དག་གིས་གང་འགོག་པའི་ཡུལ་གྱི་འདོད་པ་རྣམས་ནི་གོང་དུ་རྒྱས་པར་དྲངས་ཟིན་པ་དེ་ཉིད་ཡིན་པ་ལས། དང་པོ་ནི། གང་ཡང་ཁྱེད་ཀྱིས། འདི་སྐད་དུ། བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས། ཞེས་གསུངས་པའི་ལུང་དེས་དེ་དེ་ལ་དངོས་སུ་འཇུག་པར་སྟོན་པ་མ་ཡིན་ནོ། །ཞེས་འཆད་པ་དེ་དང༌། ཡང་བར་དོ་འབྱུང་བཞི་སོགས་ལ་འཇུག་པའི་ཤེས་བྱེད་དུ་དྲངས་པའི་ལུང་རྣམས་ཀྱིས། དེ་དེ་ལ་འཇུག་པར་སྟོན་ནོ་ཞེས་འཆད་པ་ནི། ཁས་བླངས་སྔ་མ་གེགས་བྱེད་དུ་སོང་བ་ཡིན་ཏེ། གུར་ལས། དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་སྒོམ་པར་བྱ། །ཞེས་གསུངས་པ་དེས་ཀྱང་དེ་དེ་ལ་འཇུག་པ་མི་སྟོན་པར་མཚུངས་པའི་ཕྱིར། གལ་ཏེ་འདིར་འོག་ཏུ་འཇུག་པར་བཤད། གཏན་ཚིགས་ལས། གོང་དུ་འཇུག་པ་ལུང་གི་དོན་མ་ཡིན་པར་གྲུབ་པས་མི་མཚུངས་སོ། ཤེ་ན། འོ་ན་གུར་གྱི་ལུང་དེས་ཀྱང་དེ་དེར་འཇུག་པ་མ་བསྟན་པར་འགྱུར་ཏེ། ཇི་སྐད་དུ། དྲི་ཟ་མཉམ་པར་ཞུགས་པ་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །ཞེས་འོག་ཏུ་འཇུག་པ་ཡང་གུར་ཉིད་ལས་བཤད་པའི་ཕྱིར་རོ། །དེ་མངོན་པར་རྟོགས་པ་བཞི་དྲུག་སོ་སོར་མ་ཕྱེ་བའི་དབང་དུ་བྱས་སོ་ཞེ་ན། འོ་ན་མི་ཐུབ་ཟླ་བས། ཡན་ལག་བཞི་དྲུག་གི་ཤན་མ་ཕྱེད་པར་འགྱུར་ཏེ། དེའི་ལུང་གིས་གོང་འོག་གཉིས་ཀར་དུ་ཡང་བར་བསྲེ་བའི་ལུང་ཕྱོགས་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པར་དྲངས་ཟིན་པ་དེ་ཉིད་ཀྱིས་ཕྱིར་རོ། །ཡང་འདི་སྐད་དུ། བར་དོའི་ཤེས་པ་དེ་ཉིད་གཞལ་ཡས་ཁང་སྒོམ་པ་པོ་ཡིན་པའི་ཤེས་བྱེད་དུ། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་གསུངས་པར་འཆད་པ་ནི། བསྒྲུབ་བྱ་ཚད་མས་བསལ་བ་དང༌། སྒྲུབ་བྱེད་ཀྱི་གཏན་ཚིགས་མ་ངེས་པའོ། །རྣལ་འབྱོར་པ་དེའི་བར་དོའི་ཤེས་པ་གཞལ་ཡས་ཁང་སྒོམ་པ་པོར་འཆད་པ་ནི། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། གྲགས་པ་དང༌། ཁས་བླངས་པའི་ལུང་གིས་ཀྱང་བསལ་ལོ། །དང་པོ་ནི། རྣལ་འབྱོར་པ་རང་ཉིད་སྒོམ་པ་པོར་མངོན་སུམ་གྱིས་གྲུབ་པའོ། །གཉིས་པ་ནི། གཞལ་ཡས་ཁང་སྒོམ་པ་པོའི་བར་དོ་དེ་རྣལ་འབྱོར་པ་རང་གིའམ་གཞན་གྱིར་འདོད། ཕྱི་མ་ལྟར་འདོད་པའི་གོ་སྐབས་མེད་པས། དང་པོ་ལྟར་ན། སྔོན་བྱུང་ཟིན་པའི་འམ། ཕྱིས་འབྱུང་བར་འགྱུར་བའི་གཉིས་ལས། གང་རུང་གཅིག་ཡིན་དགོས་ཏེ། ད་ལྟ་ནི་རྣལ་འབྱོར་པ་དེ་སྔོན་དུས་ཀྱི་སྲིད་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་འདོད་ན་ནི། དེ་ལས་མི་རིགས་པ་ལྷག་མར་གྱུར་པ་གཞན་ཡང་གང་ཞིག་ཡོད། རིགས་པ་ཤེས་པ་རྣམས་ཀྱིས་སྤྲོས་པས་ཆོག་པ་ནི་འདི་ལའོ། །དེ་ལྟར་ཐལ་བ་ལས། མངོན་པར་རྟོགས་པ་ཡན་ལག་དྲུག་པ་ཉམས་སུ་ལེན་བཞིན་པའི་རྣལ་འབྱོར་པ་འདི་ཆོས་ཅན། ཁྱོད་ཀྱིས་མངོན་རྟོགས་དེ་ཉམས་སུ་ལེན་པའི་ཚེ་ཁྱོད་རང་གི་བར་དོའི་ཤེས་པས་འབྱུང་བཞི་འཁོར་ལོ་དང་བཅས་པ་བཞུ་ནས་གཞལ་ཡས་ཁང་བསྒོམ་པ་མ་ཡིན་ཏེ། བར་སྲིད་ལ་གནས་བཞིན་པ་མ་ཡིན་པའི་ཕྱིར་རོ། །ཞེས་པ་ནི་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་སོ། །གསུམ་པ་ནི། ཐ་མལ་གྱི་བར་སྲིད་མ་འོངས་པ་སྦྱོང་བའི་དོན་དུ། ད་ལྟ་རྣལ་འབྱོར་པས་དེ་སྦྱོང་བྱེད་ཀྱི་ལམ་སྒོམ་པའི་ཐ་སྙད་ཡོད་པ་ཡིན་གྱིས། མ་འོངས་པའི་བར་དོ་དེ་ཉིད་ད་ལྟ་ལམ་སྒོམ་པ་པོར་འཇོག་པའི་ཐ་སྙད་ནི་ཚད་ལྡན་དག་ལ་ཡོད་པ་མ་ཡིན་པའོ། །བཞི་པ་ནི། བར་སྲིད་གོང་དུ་འཇུག་པའི་ཕྱོགས་བཞི་འཁོར་ལོ་བཅས་པ་ཞུ་བ་ལས་གཞལ་ཡས་ཁང་དུ་གྲུབ་པ་མེད་པར་འགྱུར་ཏེ། དེ་ཞུ་བའི་རྐྱེན་ནི། བར་སྣང་དུ་བཞག་པའི་བར་དོའི་ཤེས་པས་དེ་དང་དེར་སྒོམ་པ་ལ་རག་ལས། དེའི་ཚེ་ནི་དེས་དེ་ལྟར་སྒོམ་པ་མ་དམིགས་པའི་ཕྱིར་དང༌། རྐྱེན་གྱི་ཡན་ལག་ཅེས་པའང་བར་དོའི་ཤེས་པ་འབྱུང་བཞི་ལ་ཞུགས་པའི་རྐྱེན་ལ་བྱེད་པའི་ཤེས་བྱེད་རྗེ་བཙུན་ཡབ་སྲས་ཀྱི་ལུང་འདྲེན་པ་དང༌། དེས་འགལ་དེ་ཞུགས་པ་མ་ཡིན་པར། དེ་ཉིད་ཀྱིས་འབྱུང་བཞི་བསྒོམ་པ་ཙམ་རྐྱེན་གྱི་ཡན་ལག་ཏུ་འཆད་པའང་རང་ཚིག་གེགས་བྱེད་དུ་སོང་བའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་མ་ངེས་པ་ནི། ཇི་སྐད་དུ། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་འབྱུང་བཞི་ལ་བར་དོ་བསྲེ་བའི་ཤེས་བྱེད་དུ་ཁྱེད་ཉིད་ཀྱིས་དྲངས་པ་མ་ཡིན་ནམ། དྲངས་མོད། དེ་ལས་ཅིར་འགྱུར། ཞེ་ན། འདིར་ནི་དེ་ལ་དེ་མི་འཇུག་པར། དེས་དེ་བསྒོམ་པའི་ཤེས་བྱེད་དུ་དྲངས་པ་མ་ཡིན་ནམ། དེའི་ཚེ་ཞེ་འདོད་ཀྱི་གཏན་ཚིག་འགལ་ལོ། །མ་ངེས་པ་དང༌། མ་གྲུབ་པའི་སྐྱོན་དང་ཡང་བཅས་པའི་ཚུལ་ནི་སྒོམ་པ་པོ་ཞེས་པས། རྣལ་འབྱོར་པ་རང་གིས་བར་དོའི་ཤེས་པ་དེར་འཆད་པ་མ་ཡིན་ཏེ། སྒོམ་པ་པོ་ཞེས་པ་རྣལ་འབྱོར་པ་རང་ཉིད་ལ་ངོས་བཟུང་ནས། དེའི་སེམས་འབྱུང་བཞི་ལ་འདྲེན་པར་འཆད་པ་ཉིད་ཀྱི་ཕྱིར་ན། བར་དོའི་ཤེས་པས་འབྱུང་བཞི་སྒོམ་པ་ཡི་གེའི་དོན་དུ་འཆད་པ་སུ་ཡང་མེད་དོ། །ཡང་འདི་སྐད་དུ། ཞུགས་ཞེས་པས་དངོས་སུ་བསྲེ་མི་དགོས་ཏེ། གཟུང་འཛིན་གྱི་ཤེས་པ་གཟུགས་ལ་ཞུགས་པའི་ཐ་སྙད་ཡོད་ཀྱང༌། དངོས་སུ་བསྲེ་མི་དགོས་པ་བཞིན་ནོ། །ཞེས་འཆད་པ་དེ་དང༌། རྗེ་བཙུན་རྩེ་མོས། ཇི་སྐད་དུ། དེ་ནས་རྐྱེན་གྱི་ཡན་ལག་ནི། །འབྱུང་བཞིར་རྣམ་ཤེས་ཞུགས་པ་སྒོམ་པ་སྟེ། །འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང༌། །རང་གི་སེམས་ཙམ་དུ་ཤེས་བྱ། །ཞེས་པས་དེར་དེ་བསྲེ་བ་བསྟན་ནོ། །ཞེས་འཆད་པ་གཉིས་ཀྱང༌། ལུང་གནོད་བྱེད་དུ་སོང་བའི་སྟོབས་ཀྱིས་དམ་བཅའ་ཕྱི་མའི་ཞེན་དོན་ཚད་མས་བསལ་བ་ཡིན་ནོ། །ཡང་འདི་སྐད་དུ། འབྱུང་བཞིར་བར་སྲིད་མི་བསྲེ་བའི་ཕྱོགས་ལ་མདུན་བསྐྱེད་སྒོམ་པ་ལྟ་བུ་དང༌། བསྲེ་བའི་ཕྱོགས་ལ་བདག་བསྐྱེད་སྒོམ་པ་བཞིན་ནོ། །ཞེས་འཆད་པ་འདི་ཡང་མི་འཐད་པ་ལ་གཉིས་ཏེ། དོན་འདི་ཉིད་མི་འཐད་པ་དང༌། དེ་གང་གི་སྒྲུབ་བྱེད་དུ་དྲངས་པ་དེའི་ཤེས་བྱེད་དུ་མ་འབྲེལ་བའོ། །དང་པོ་ནི། འོ་ན་བར་དོའི་ཤེས་པ་བརྟེན་པ་ལྷ་ལ་བསྲེས་པ་དང་མ་བསྲེས་པའི་བྱེ་བྲག་གིས། བདག་མདུན་གྱི་རྣམ་པ་ཉིད་དུ་སྒོམ་རིགས་པར་འགྱུར་ཏེ། བར་དོའི་ཤེས་པ་འབྱུང་བཞི་ལ་བསྲེས་པའི་བྱེ་བྲག་གིས་དེ་དང་དེར་འགྱུར་བའི་ཕྱིར། དེ་ལྟར་འདོད་ན་ནི་བར་དོའི་ཤེས་པ་རྟེན་ལ་བསྲེས་པའི་ཚེ། བརྟེན་པ་ལྷའི་བདག་བསྐྱེད་མཚན་ཉིད་པ་མེད་པའམ། ཡོད་ཀྱང་དེ་མདུན་བསྐྱེད་ཀྱི་རྣམ་པ་ལྟ་བུར་སྒོམ་ཞེས་པ་གང་རུང་དུ་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ནི། འབྱུང་བཞི་ལ་བར་དོ་བསྲེ་བའི་ཚེ། བདག་བསྲེད་ཀྱི་རྣམ་པ་ལྟ་བུར་སོང་བའི་དོན་གྱིས་ན། བར་དོའི་ཤེས་པ་གཞལ་ཡས་ཁང་སྒོམ་པ་པོ་ཉིད་དུ་མི་འགྱུར་བར་གྲུབ་ལ། དེ་ལྟར་གྲུབ་པ་ན། ཇི་སྐད་དུ། མི་འགྱུར་དཔེས་བསྟན་པ་ལས་ཤེས། །ཞེས་ཟེར་བའི་ཞེ་འདོད་དང་འགལ་ལོ། མི་འགལ་ཏེ། བདག་བསྐྱེད་ཀྱི་ཚུལ་གྱིས་སྒོམ་ཞེས་བཤད་ཟིན་པས་སོ། །ཤེ་ན། དེ་ལྟ་ན་ཐ་མལ་པའི་བར་དོས་སྐྱེ་སྲིད་དུ་སྐྱེ་བ་བླངས་ཟིན་པ་དེའི་ཚེ་ཡང་བར་དོ་ཉིད་ཡིན་པར་འགྱུར་ཏེ། སྦྱོང་བྱེད་ཀྱི་བར་དོས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་ཟིན་པ་དེའི་ཚེ། རྟེན་གཞལ་ཡས་ཁང་བདག་བསྐྱེད་ཀྱི་རྣམ་པ་ལྟ་བུར་སྒོམ་པ་པོ་ནི་བར་དོ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་ཉེས་སྤོང་དང་པོ་མི་འཐད་པ་ལས་ཙམ་པའི་རྒལ་ལན་གྱིས་ཚུལ་གསུམ་བཤད་དོ། །གཉིས་པ་ནི། འདི་སྐད་དུ། བར་དོ་སྔར་བསྲེས་པའི་ཕྱོགས་ལ་དེའི་རྒྱུན་ནར་མར་ཡོད་པས། ལྷའི་སྐྱེ་བ་ཤིན་ཏུའང་བླང་པར་འགྱུར་ཞིང༌། ཕྱིས་བསྲེ་བའི་ཕྱོགས་ལ། བར་སྲིད་ནམ་མཁར་གནས་ནས་གཞལ་ཡས་ཁང་སོགས་སྒོམ་པས་ལྷག་པར་ཡང་སྒོམ་པ་པོར་འགྱུར་རོ། །ཞེས་ཟེར་བ་འདི་མི་འཐད་པ་ལ་གསུམ་སྟེ། བར་སྲིད་ཀྱི་རྒྱུན་བར་སྣང་དུ་འཇོག་ན་ཆ་གཉིས་སུ་འབྱེད་པར་གྲུབ་པ། དེར་འཇོག་ན་ལྷའི་སྐྱེ་བ་མི་ལེན་པར་ཐལ་བའི་ཉེས་པ་སོ་ན་གནས་པ། རྒྱུ་རྡོར་འཛིན་སྐྱེད་པ་དང་ལྷ་མོ་སྤྲོ་བ་སོགས་སྒོམ་པ་པོ་བར་དོའི་ཤེས་བྱེད་ཧ་ཅང་ཐལ་བའོ། །དང་པོ་ནི། བར་དོའི་རྒྱུན་ནར་མར་ཡོད་ཅེས་པའི་དོན་ཅི། གོང་དུ་བསྲེས་ཟིན་པ་དེ་ཉིད་ཀྱི་རིགས་འདྲའི་རྒྱུན་ཞིག་བར་སྣང་དུ་འཇོག་པ་ཡིན་ནམ། དེར་མི་འཇོག་པར་འབྱུང་བཞི་ལ་བསྲེས་ཟིན་པ་དེ་ཉིད་ཀྱི་རྒྱུན་ཡོད་པ་ལ་བསམ་ནས་དེ་སྐད་དུ་འདོན་པ་ཡིན། དང་པོ་ལྟར་ན། གང་དགག་བྱའི་གཙོ་བོར་བྱས་ནས་བཀག་པ་དེ་ཉིད་གྲུབ་པའི་མཐར་ཁས་བླངས་པ་ཡིན་ཏེ། སྦྱོང་བྱེད་བར་དོའི་ཤེས་པ་གཅིག་ཉིད་རྟེན་འབྱུང་བ་ལ་བསྲེས་ནས། དེའི་རིགས་འདྲའི་རྒྱུན་བརྟེན་པ་ལྷ་ལ་བསྲེ་རྒྱུ་ཞིག་ལྷག་མར་གཞག་པའི་ཕྱིར། གཉིས་པ་ལྟར་ན། རྟེན་གཞལ་ཡས་ཁང་ལ་ང་རྒྱལ་བཞག་པའི་ཤེས་རྒྱུན་དེ་རྣལ་འབྱོར་པ་རང་གི་བར་དོའི་ཤེས་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་འདྲའི་ཤེས་རྒྱུན་དེས་བརྟེན་པ་ལྷའི་ང་རྒྱལ་དུ་འཕོས་པའི་ཚེ། རྣལ་འབྱོར་པ་རང་གི་བར་དོའི་སྲིད་པས་ལྷའི་སྐྱེ་བ་ཤིན་ཏུའང་བླངས་པར་འཇོག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དངོས་དང༌། ཉེས་སྤོང་མི་འཐད་པའོ། །དང་པོ་ནི། བར་སྲིད་ཀྱི་རྒྱུན་བར་སྣང་དུ་མ་གཞག་པར། བར་དོའི་སྲིད་པས་ལྷའི་སྐྱེ་བ་ལེན་ཚུལ་ཇི་ལྟར་བྱེད་ཅེས་བརྟགས་པ་ན། གཞལ་ཡས་ཁང་ལ་བསྲེས་པའི་རིགས་རྒྱུན་དེ་ཉིད་ལྷའི་ང་རྒྱལ་དུ་བྱེད་པའམ། མངོན་པར་བྱང་ཆུབ་པ་ལྔས་རྒྱུ་རྡོ་རྗེ་འཛིན་པ་སྐྱེད་པའི་རིམ་པ་ལ་འདོད་པའམ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའི་ཚེ་རང་གི་བར་སྲིད་ཀྱི་ལྷར་སྐྱེ་བ་བླངས་པ་གསུམ་པོ་གང་རུང་ཞིག་ཡིན་དགོས་ཏེ། རང་གི་བར་སྲིད་ཀྱི་བརྟེན་པ་སྐྱེ་བ་བླངས་ཤིང༌། དེ་ལས་གཞན་པའི་སྐྱེ་བ་ལེན་ཚུལ་ནི་མ་དམིགས་པའི་ཕྱིར། དང་པོ་ལྟར་ན། དེ་འདྲའི་རིགས་རྒྱུན་དེ་སྦྱོང་བྱེད་བར་དོ་ཉིད་དུ་ཐལ་བ་དང༌། གཉིས་པ་ལྟར་ན། དྲི་ཟ་འཇུག་པའི་རིམ་པ་མ་བཤད་པའི་སྐྱེད་པའི་རིམ་པ་དག་ཏུའང་དྲི་ཟ་འཇུག་པའི་རིམ་པ་བསྟན་པར་ཐལ་བ་དང༌། གསུམ་པ་ལྟར་ན། སྦྱང་གཞིའི་སྐབས་སུ་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ཟིན་པ་དེ་ཉིད། སླར་སྐྱེ་སྲིད་དེ་ཉིད་དུ་ཉིང་མཚམས་སྦྱོར་བར་ཐལ་ལོ། །མདོར་ན་བར་དོ་མཚོན་བྱེད་ཀྱི་ཡི་གེ་གསུམ་བར་སྣང་ནས་རྒྱུ་རྡོ་རྗེ་འཛིན་པའི་ཞལ་དུ་འཇུག་པ་མེད་ན། སྦྱོང་བྱེད་བར་དོ་ལྷའི་སྐྱེ་བ་ལེན་པ་མེད་པས་ཁྱབ་སྟེ། ལུགས་འདིར་སྦྱོང་བྱེད་བར་དོས་ལྷའི་སྐྱེ་བ་ལེན་ཚུལ་དེ་བས་གཞན་མ་བཤད་པའི་ཕྱིར་དང༌། སྦྱོང་བྱེད་བར་དོ་ལ་ཡི་གེ་གསུམ་གྱི་རྣམ་པ་ཅན་ལས་གཞན་ལུགས་འདིར་མ་བཤད་པའི་ཕྱིར་དང༌། སྔར་བར་སྲིད་ཞུགས་པའི་རྒྱུན་ཡིན་པ་ཙམ་གྱིས་བར་སྲིད་ཀྱི་རྒྱུན་དུ་འཇོག་ནུས་ན། སྦྱང་གཞིའི་སྲིད་པ་གསུམ་ཀ་ཡང་བར་དོའི་སྲིད་པ་ཉིད་དུ་ཐལ་བ་དང༌། བར་སྲིད་གོང་དུ་བསྲེས་པའི་ཚེ་འོག་ཏུ་ཡང་བསྲེས་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ནི། འདི་སྐད་དུ། སྦྱང་གཞི་དང་ཆ་འདྲ་བར་སྒོམ་པ་ཙམ་ཡིན་གྱི། རྣམ་པ་ཀུན་དུ་ནི་མ་ཡིན་ཏེ། དེ་ལྟར་ན་ཞེས་སོགས་སུ་སུན་འབྱིན་གྱི་ཐལ་འགྱུར་རྣམ་གྲངས་བཞི་འཕངས་པ་དེ་དག་ནི་ཚར་བཅད་ཀྱི་གནས་འབའ་ཞིག་ཏུ་ངེས་ཏེ། ཐལ་བ་ཕྱི་མ་གསུམ་གྱི་གཏན་ཚིགས་སུ་དེ་ལྟ་བུ་སྦྱང་གཞི་དང་མི་མཐུན་པའི་ཕྱིར། ཞེས་པའི་གཏན་ཚིགས་ལ་ཁས་ལེན་མེད་ཅིང༌། ཐལ་བ་དང་པོའི་གཏན་ཚིགས་སུ། ཕ་མ་དང་བུ་ཚའི་ཤེས་པ་གང་ཟག་གཅིག་གི་ཤེས་པ་ཡིན་པ་མི་སྲིད་པའི་ཕྱིར་ཞེས་པའི་ཁྱབ་པ་ལ་ཁས་ལེན་མེད་པས། ཐལ་འགྱུར་ཐམས་ཅད་ཕྱིར་ལོག་པ་ཡིན་ནོ། །གལ་ཏེ་སྦྱང་གཞི་དང་རྣམ་པ་ཀུན་དུ་འདྲ་བར་ཁས་བླངས་པས་སོ་སྙམ་ན། དེ་ལྟར་སུ་ཞིག་གིས་ཁས་བླངས་ཏེ། ཁྱེད་རང་གིས་གཞན་འགོག་པའི་འདོད་པ་བརྗོད་པ་ན་ནི། དེ་ལྟ་བུའི་འདོད་པ་མ་བརྗོད་པའི་ཕྱིར། རྣམ་པ་ཀུན་དུ་འདྲ་བ་ནི་མ་ཡིན་ཏེ། ཞེས་པ་ཡང༌། རང་རྒྱུད་དུ་བྱེད་ན་ཕ་རོལ་ལ་ཤེས་འདོད་མེད་པས་ཕྱོགས་སྐྱོན་ཅན་དུ་སོང༌། སུན་འབྱིན་དུ་བྱེད་ན་ཁས་བླངས་དང་མ་འབྲེལ་བས་ཚར་བཅད་ཀྱི་གནས་སོ། །སྦྱང་གཞི་དང་ཆ་འདྲ་བར་སྒོམ་པ་ཡང་ཁྱེད་ལ་ཡོད་པ་མ་ཡིན་ཏེ། སྦྱང་གཞིའི་སྐབས་སུ་ཐ་མལ་པའི་བར་སྲིད་ཀྱིས་སྐྱེ་སྲིད་དུ་སྐྱེ་བ་ལེན་པ་དེ་ཉིད་འདིར་སྦྱང་གཞིའི་གཙོ་བོ་ཡིན་པ་ལས། ཁྱེད་ལ་ནི་ཡན་ལག་བཞི་པའི་ཚེ་དེ་མེད་པའི་ཕྱིར་དང༌། སྦྱང་གཞིའི་ཚེ་ན་བར་དོའི་ཤེས་པ་སྣོད་ཀྱི་འཇིག་རྟེན་ལ་ཞུགས་ནས། བཅུད་ཀྱི་སེམས་ཅན་དུ་སྐྱེ་བ་ལེན་པའི་ཚེ་བར་དོ་ཉིད་ཀྱི་ས་པ་ཡིན་པ་ལས། ཁྱེད་ལ་དེ་དང་ཆ་འདྲ་བ་བསྒོམ་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། བར་དོ་རྟེན་ལ་མི་བསྲེ་བར་བརྟེན་པ་ལ་བསྲེ་བ་ན། བར་སྣང་དུ་གཞག་པའི་བར་དོའི་ཤེས་པ་དེ་ཉིད། རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་ལོ་སྒོམ་པ་པོར་འདོད་པ་ནི་ཧ་ཅང་ཐལ་བ་སྟེ། རྣལ་འབྱོར་པ་རང་ཉིད་རྒྱུའི་རྡོ་རྗེ་འཛིན་པར་མི་སྒོམ་པར། རྒྱུའི་རྡོ་རྗེ་འཛིན་པ་གང་ན་འདུག་པའི་བར་སྣང་དུ་བར་དོའི་ངོ་བོར་གནས་ནས། རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་མདུན་བསྐྱེད་ཀྱི་ཚུལ་དུ་སྒོམ་པའི་ཕྱིར་དང༌། རང་ཉིད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ངོ་བོར་ང་རྒྱལ་འཇོག་རྒྱུ་ཡིན་པ་ལ། བར་དོའི་ངོ་བོར་ང་རྒྱལ་གཞག་པའི་ཕྱིར་དང༌། རྒྱུ་རྡོ་རྗེ་འཛིན་པ་རྣལ་འབྱོར་པ་རང་ཉིད་ཀྱི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལས་སྒྲུབ་པ་དེ་མ་གོ་བར། ཇི་སྲིད་བར་དོའི་ཤེས་པ་མ་ཞུགས་པ་དེ་སྲིད་དུ་ལྷ་ལ་ང་རྒྱལ་མི་འཇོག་པའི་ཕྱིར་དང༌། སྒོམ་པ་པོ་རྒྱུ་རྡོ་རྗེ་འཛིན་པ་ཉིད་ཀྱིས་སྒོམ་བྱེད་སྦྱོང་བྱེད་བར་དོའི་ཤེས་པ་སྐྱེད་པ་དང་སྒོམ་ནས། རང་ལ་ཚུར་འཇུག་པའི་ཚུལ་གྱིས་ཉམས་སུ་ལེན་རྒྱུ་ཡིན་པ་ལ། དེ་ལས་གོ་བཟློག་ནས་རང་ཉིད་བར་འཇུག་པའི་ཚུལ་གྱིས་ཉམས་སུ་ལེན་རྒྱུར་བཤད་པའི་ཕྱིར་རོ། །ཉེས་སྤོང་གསུམ་པ་མི་འཐད་པ་ནི། འདི་སྐད་དུ། མི་ཐུབ་ཟླ་བས། སྲིད་པ་བར་མ་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །ཞེས་སོགས་དང༌། ཌོཾ་བྷི་པས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། ཞེས་སོགས་ཀྱི་ལུང་ནི། བདག་མེད་མའི་མངོན་རྟོགས་ཡིན་པས་འདིར་ཁས་མི་ལེན་པའི་ཕྱིར། ལུང་ཕན་བྱེད་དུ་མི་འགྱུར་རོ་ཞེས་ཟེར་བ་ནི། རང་ལ་ཅོ་འདྲི་བའི་གཏམ་ལྷུག་པར་སྦྱར་བ་ཡིན་ཏེ། འདི་ལྟར། འོ་ན་རྩ་བའི་རྒྱུད་ལས། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་པའི་ལུང་དེ་ཡང༌། རྗེ་བཙུན་ཡབ་ཀྱིས་མངོན་པར་རྟོགས་པའི་སྐབས་འདིར། འབྱུང་གཞི་ལ་བར་དོ་བསྲེ་བའི་ཤེས་བྱེད་དུ་ཁྱེད་རང་གིས་དྲངས་པ་དེ་ཡང༌། ཕན་བྱེད་དུ་མི་འགྱུར་བར་ཐལ། དེ་ཡང་བདག་མེད་མའི་མངོན་པར་རྟོགས་པ་ལ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའི། །ནམ་མཁའི་དབུས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་སྒོམ་པ་ནི། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང༌། ལྷ་རྣམས་ཀྱི་ནི་རླུང་ཆེན་དང༌། །ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །འཕར་མ་གཉིས་དག་སྐྱོན་མེད་པ། །ཞེས་གསུངས་པ་དེ་ལ་བསྙོན་པ་སུ་ཡང་མེད་དོ། །ཡང་བདག་མེད་མའི་མངོན་རྟོགས་ཀྱི་སྐབས་ཡིན་པས་འདིར་ཁས་མི་ལེན་པའི་ཁྱབ་པ་ལ་དངོས་ཀྱིས་མ་ངེས་པ་ཡང་རྩ་བའི་རྒྱུད་ཉིད་ལས་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཕྱག་རྒྱ་ལྔ་འཛིན་ལྷ་ལ། །བདག་མེད་མ་ནི་ཉིད་ཀྱིས་ཞུས། །བཅོ་ལྔ་ཡོངས་སུ་བསྐོར་བ་ཡི། །བདག་གི་འཁོར་ལོ་ཁྱོད་བཤད་ན། །ཁྱེད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །གཙོ་བོ་བདག་གིས་སྔར་མ་འཚལ། །ཞེས་ཞུས་པའི་ལན་དུ། དཀྱིལ་འཁོར་ཡང་དག་རབ་ཏུ་དབྱེ། །འཁོར་ལོ་ཇི་ལྟར་སྔར་གསུངས་པ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཞེས་པ་ནས། ཁྱོད་དང་ལྷན་ཅིག་བཞིན་བཟང་མ། །དེ་ལ་དབུས་སུ་ང་ཡོད་དེ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་སྔར་བརྟག་པ་དང་པོར། རྗེ་བཙུན་ཡུམ་གྱི་རྟེན་གཞལ་ཡས་ཁང་གི་གཞི་དང་རྒྱུ་དང་རྐྱེན་གྱི་ཡན་ལག་ཇི་ལྟར་བཤད་པ་དེ་ཉིད། རྗེ་བཙུན་ཡབ་ཀྱི་སྐབས་འདིར་ཡང་ཁས་ལེན་རྒྱུ་ཡིན་པར་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། རང་ཕྱོགས་སྒྲུབ་ལ་དཔྱད་གསུམ་གྱིས། །དག་པའི་ལུང་དང་གཞན་གྱི་ཕྱོགས། །སུན་འབྱིན་པ་ལ་དངོས་སྟོབས་ཀྱི། །རིགས་པ་གནམ་ལྕགས་ཕྲེང་བ་ལ། །མ་བཟོད་རྒོལ་བ་རྩོད་བཞེད་ཀྱིས། །རྟོག་གེའི་སྐད་ཀྱིས་ངུར་སྒྲ་དེར། །ལན་འདེབས་བྱེད་པོས་འཕོངས་མཐོང་ནས། །ཚེར་མ་འབྱིན་བྱེད་འདི་བྱས་སོ། །གཉིས་པ་ངེས་པའི་དོན་ལ་དཔྱད་པ་འཇུག་པ་ནི་གཉིས་ཏེ། སྦྱོང་བྱེད་ལམ་གྱི་རྟེན་དང་བརྟེན་པ་ཉེ་བར་ལེན་པའི་རྒྱུ་གང་གིས་བསྒྲུབས་པ་དང༌། དེས་སྦྱང་གཞི་གང་དང་གང་ཞིག་ཚུལ་ཇི་ལྟ་ཇི་ལྟར་སྦྱོང་བའོ། །དང་པོ་ནི། སྤྱིར་ཆོས་ཀྱི་དབྱིངས་དང༌། བྱེ་བྲག་ཏུ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལས་སྒྲུབ་དགོས་པ་ཡིན་ཏེ། མ་རིག་པའི་དབང་གིས་འབྲས་བུར་གྱུར་པའི་ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་སྟོང་པར་སྦྱངས་ནས་སྒྲུབ་དགོས་པའི་ཕྱིར་དང༌། སྤྲོས་པའི་མཐའ་མ་ལུས་པར་བཀག་ཙམ་གྱི་མེད་པར་དགག་པ་ནི། སྦྱོང་བྱེད་སྐྱེད་པའི་རིམ་པ་སྒྲུབ་པའི་གཞིར་མི་རུང་བའི་ཕྱིར། དེས་ན་སྔོན་འགྲོ་ཡེ་ཤེས་ཀྱི་ཚོགས་བསག་གི་སྐབས་ནས་འབྱུང་བའི་སྟོང་པ་ཉིད་ཀྱི་གོ་དོན་ནི། དབུ་མ་ཐལ་རང་གི་གཞུང་ནས་འབྱུང་བ་ལྟར་མ་ཡིན་གྱི། རྗེ་བཙུན་བྱམས་པའི་ཆོས་རྗེས་འབྲང་དང་བཅས་པའི་གཞུང་དང་གྲགས་པ་ལྟར་ཡིན་ཏེ། རང་སྟོང་གི་ཚུལ་ལྟར་བཤད་ན་མེད་དགག་ལས་མ་འདས་པའི་ཕྱིར་དང༌། དགག་གཞི་གཞན་དབང་གི་སྟེང་དུ། དགག་བྱ་གཟུང་འཛིན་ཀུན་བཏགས་གཉིས་བཀག་པའི་ཤུལ་དུ་ལྷག་མར་ལུས་པའི་དེ་བཞིན་ཉིད་དེ་ལ་འཆད་དགོས་པའི་ཕྱིར་ཏེ། ཤུདྡྷོ་ཧཾ་ཞེས་དང༌། ཨཏྨ་ཀོ྅ཧཾ་ཞེས། རྣལ་འབྱོར་པ་རང་རང་གི་དོན་དམ་པའི་བདག་དེ་ཉིད་ལ་ང་རྒྱལ་འཇོག་པར་བཤད་པའི་ཕྱིར། འདིའི་མིང་གི་རྣམ་གྲངས་ནི། རང་བཞིན་ཆོས་སྐུ་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། ཆོས་དབྱིངས་ཡེ་ཤེས་དང༌། བདག་དམ་པའམ་དོན་དམ་པའི་བདག་དང༌། སེམས་ཀྱི་རྡོ་རྗེ་དང༌། དང་པོའི་སངས་རྒྱས་ལ་སོགས་པའོ། །དེའི་ཕྱིར་སྟོང་པའི་ངང་ལས་བྱུང་བའི་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་ཐམས་ཅད་ཀྱང༌། དོན་སྟེངས་སུ་གྲུབ་པ་ནི་དོན་དམ་པའི་བདེན་པ་ཁོ་ནར་འཇོག་པ་ཡིན་གྱི་ཀུན་རྫོབ་ཀྱི་བདེན་པ་ནི་མ་ཡིན་ཏེ། ཉེར་ལེན་གྱི་རྒྱུ་ཆོས་དབྱིངས་ཡེ་ཤེས་ཀྱིས་བསྒྲུབས་པ་ཡིན་གྱི། མ་རིག་པའི་དབང་གི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། གོམས་པ་མཐར་ཕྱིན་པའི་ཚེ་ན་ཡང་འབྲས་དུས་ཀྱི་ཆོས་ཀྱི་སྐུ་དང་ངོ་བོ་གཅིག་པའི་ཕྱིར་རོ། །རྟེན་པ་ལྷའི་ཚོགས་ཀྱང་དེ་ཁོ་ན་ལྟར་ངེས་པ་ཡིན་ཏེ། རྣལ་འབྱོར་པ་རང་རང་ལ་ལྟོས་པའི་སྤང་བྱ་གཟུང་འཛིན་གཉིས་པོ་བཀག་པའི་ཤུལ་དུ་ལྷག་མར་ལུས་པའི་དོན་དམ་པའི་བདག་དེ་ཉིད། ས་བོན་ནམ་ཕྱག་མཚན་གྱི་རྣམ་པས་བསྒྲུབ་པའི་ཕྱིར། དེས་ན་རྟེན་བརྟེན་པ་ལ་བར་དོ་བསྲེ་བའི་བཤད་པ་མེད་པའི་མངོན་པར་རྟོགས་པ་དག་ཏུའང༌། རྣལ་འབྱོར་པ་རང་གི་ཤེས་པས་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་སྐྱེ་བ་ལེན་མི་དགོས་པར་ཐལ་བ་མེད་དོ། །ཞེས་འབྱུང་བ་ལྟར་རོ། །དེ་སྐད་དུ་ཡང༌། མན་ངག་སྙེ་མ་ལས། ཁ་ཅིག་ཏུ། སྟོང་པ་ཉིད་ཀྱི་རྗེས་སུ་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟ་བཤད་པ་མེད་དེ། ལས་ཀྱི་ཁྱད་པར་གྱི་དབང་གིས་ཤི་བའི་རྗེས་ཐོགས་སུ་བར་དོའི་སྲིད་པའི་གནས་སྐབས་མེད་པར་ཡང༌། སྲིན་བུ་པད་པ་འཕོ་བ་བཞིན་དུ། སྐྱེ་བོ་རྣམས་འགྲོ་བ་གཞན་དུ་སྐྱེ་བའི་ཕྱིར། དེའི་རྗེས་སུ་འབྲང་པ་ལས་བསྒོམ་པ་ལ་ཡང་རྣམ་པར་བཞག་པའོ། །ཞེས་གསུངས་པ་ལྟར་རོ། །བར་དོ་འཇུག་པའི་བཤད་པ་ཡོད་པ་དེའི་ཚེ་ཡང༌། མཚོན་བྱེད་ཡི་གེ་ལྔ་པོ་དེ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པ་ཁོ་ནར་མ་ཟད་དེས་མཚོན་པའི་བར་དོའི་མིང་ཅན་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ཡིན་གྱི། བར་དོ་དངོས་མ་ཡིན་ཏེ། བརྟེན་པ་ལྷ་དང་ཤེས་རྒྱུད་གཅིག་གིས་བསྡུས་པའི་ཕྱིར། གཉིས་པ་ལ་སྦྱང་གཞི་ནི་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་ནོ། །དང་པོ་ལ། སྣོད་འཇིག་པ་དང༌། ཞིག་ནས་ཡུན་རིང་དུ་སྟོང་པ་དང༌། དེ་ནས་རིགས་དུ་མར་གནས་པར་སྣང་བའི་བག་ཆགས་ཀུན་གཞིའི་སྟེང་དུ་བསྒོས་པ་དེ་ཉིད། ཕྱིས་རྐྱེན་གྱིས་སད་པ་ན་དེ་དང་དེར་སྣང་དུ་རུང་བའི་ས་བོན་ནི་སྦྱང་གཞིའོ། །དེ་སྦྱོང་བྱེད་ནི། གོ་རིམ་བཞིན་དུ། སྭ་བྷ་ཝའི་སྔགས་དོན་བསམ་པས། ཕྱི་ཡུལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་པོ་འགོག་བྱེད་ཀྱི་ཡེ་ཤེས་དངོས་སམ་རྗེས་མཐུན་པ་དེ་ཉིད་དོ། །དེས་དེ་སྦྱངས་པ་ལས་ལྷག་མར་ལུས་པའི་ཡེ་ཤེས་དེ་ཉིད། འོག་མིན་སྟུག་པོ་བཀོད་པ་ལྟ་བུའི་ཞིང་ཁམས་སམ་གྲུ་བཞི་སྒོ་བཞི་པ་ལ་སོགས་པའི་གཞལ་ཡས་ཁང་གི་རྣམ་པ་ཅན་དུ་གྲུབ་ནས། འཆག་འཇིག་སོགས་དང་བྲལ་བར་སྣང་བ་ནི་སྦྱངས་འབྲས་སོ། སྦྱོང་བྱེད་ཀྱི་ཡེ་ཤེས་དེས་སྦྱང་གཞི་དེ་འཇིག་པར་བྱེད་བཞིན་པ་དང༌། བཤིག་ནས་ཡུན་རིང་དུ་མཉམ་པར་འཇོག་པ་དང༌། གཞན་ནས་འབྱུང་བ་རིམ་བརྩེགས་སོགས་རིམ་གྱིས་ཆགས་པར་བྱེད་པ་དང༌། ཆགས་ནས་ཡུན་རིང་དུ་མཉམ་པར་འཇོག་པ་རྣམས་ནི་སྦྱང་གཞིའི་གནས་སྐབས་བཞི་དང་གོ་རིམ་བཞིན་དུ་སྦྱར་རོ། །སྦྱང་གཞི་བཅུད་ཀྱི་སེམས་ཅན་ལའང༌། སྐྱེ་འཆི་བར་དོའི་དབྱེ་བས་གནས་སྐབས་གསུམ་འབྱུང་ཞིང༌། གསུམ་པོ་དེའི་བག་ཆགས་ཐོག་མ་མེད་པ་ནས་གཞིའི་སྟེང་དུ་ས་བོན་གྱི་ཚུལ་དུ་གནས་པ། སད་བྱེད་ཀྱི་རྐྱེན་དང་ཕྲད་ན་དེ་དང་དེར་སྣང་བའི་རྣམ་རིག་འབྱུང་དུ་རུང་བ་དེའོ། །སྦྱོང་བྱེད་ནི། སྭ་བྷ་ཝའི་སྔགས་དོན་བསམས་ནས། བཅུད་དམ་སེམས་ཅན་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་པོ་བཀག་ནས། ལྷག་མར་ལུས་པའི་ཡེ་ཤེས་ལས་བསྒྲུབས་པའི་ལྷ་ཚོགས་སོ། །དེས་དེ་སྦྱངས་པ་ལས་གནས་གྱུར་མཐར་ཐུག་ན། ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་དགྱེས་པ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྣམ་རོལ་སྣ་ཚོགས་སུ་འཆར་བ་ནི་སྦྱང་འབྲས་སོ། །དེ་ཉིད་རྒྱས་པར་བཤད་པ་ལ་གཉིས་ཏེ། རྩ་རྒྱུད་ཀྱི་དངོས་བསྟན་ལ་བར་དོ་སྦྱོང་བྱེད། ལོགས་སུ་མ་བཤད་པའི་ཚུལ་དང༌། བཤད་རྒྱུད་ཀྱི་དངོས་བསྟན་ལ་བར་དོ་སྦྱོང་བྱེད་ལོགས་སུ་བཤད་པའོ། །དང་པོ་ནི། རྩ་བའི་རྒྱུད་ན། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་རྟེན་འབྱུང་བ་ལ་རང་གི་སེམས་བསྲེ་བ་ཙམ་ཞིག་བཤད་ཀྱི། བར་དོ་བསྲེ་བའི་བཤད་པ་དངོས་སུ་མེད་ཅིང༌། ཡང་ཇི་སྐད་དུ། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །ཞེས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བྱེད་ཀྱི་རྐྱེན་ཆགས་ཆེན་དུ་བཤད་ཀྱི། དྲི་ཟ་ཞུགས་རྐྱེན་གྱི་ཡན་ལག་ཏུ་ཚིག་གི་ཟིན་པར་བཤད་པ་མེད་དོ། །དེའི་ཕྱིར་བར་སྲིད་སྦྱོང་བྱེད་ཀྱི་ལམ་ལོགས་སུ་མ་བཤད་ཀྱང༌། དངོས་བསྟན་དེ་ཙམ་གྱིས་བར་དོ་སྦྱོང་མི་ནུས་པ་མ་ཡིན་ཏེ། སྐྱེ་འཆི་གཉིས་སྦྱངས་པ་ན་ཐ་མལ་གྱི་བར་དོ་ལྷག་མར་ལུས་པའི་གོ་སྐབས་མེད་པའི་ཕྱིར་རོ། །དེས་ན་རྩ་བའི་རྒྱུད་ཀྱི་དངོས་བསྟན་ལས་ནི། སྐྱེ་བ་སྔ་མར་ཚོགས་བསགས་པ་དང༌། དེ་ནས་མིར་སྐྱེས་པ་དང༌། དེ་ནས་བུ་དང་བུ་མོ་སོགས་སྤྲོ་བ་དང༌། དེར་ཤི་ནས་འགྲོ་བ་གཞན་དུ་སྐྱེ་བ་ལེན་པ་རྣམས་སྦྱོང་བྱེད་ཀྱི་རིམ་པ་བསྟན་པ་ནི། གོ་རིམ་བཞིན་དུ། སྔོན་འགྲོ་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། རྟེན་དང་བཅས་པའི་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་སྤྲོ་བ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཁུ་བར་ཞུ་བ་དང༌། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་རྣམས་སོ། །དེ་དག་ཀྱང་བསྡུ་ན། སྣོད་དང་བཅུད་སྦྱོང་བྱེད་ཀྱི་དབྱེ་བས་གཉིས་དང༌། བཅུད་སྦྱོང་བྱེད་ལའང་འཆི་བ་དང་སྐྱེ་བ་སྦྱོང་བྱེད་གཉིས་དང༌། འཆི་བ་སྦྱོང་བྱེད་ལའང༌། སྐྱེ་བ་སྔ་མ་ནས་འཆི་བ་དང༌། འདི་ནས་འཆི་བ་སྦྱོང་བྱེད་གཉིས་བསྟན་ལ། སྐྱེ་བ་སྦྱོང་བྱེད་ལ། དྲོད་གཤེར་ལས་སྐྱེ་བ་དང༌། སྒོ་ང་ལས་སྐྱེ་བ་སྦྱོང་བྱེད་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་འཆད་ལ། མངལ་ནས་སྐྱེ་བ་སྦྱོང་བྱེད་ནི་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པས་བསྟན་ཞིང༌། བརྫུས་ཏེ་སྐྱེ་བ་སྦྱོང་བྱེད་ནི་མཚན་མོ་རང་བཞིན་ལྷན་ཅིག་སྐྱེས་པའི་ངང་དུ་ཉལ་བ་ལས་སྐད་ཅིག་གིས་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་པ་བཞེངས་པར་བྱས་ནས་དེར་ང་རྒྱལ་འཛིན་པའི་ལམ་གྱིས་སྟོན་ནོ། །གཉིས་པ་ལ། བར་སྲིད་སྦྱོང་བྱེད་དམིགས་བསལ་ཅན་དུ་བསྟན་པའི་ཚུལ་དང༌། དེས་དེ་ཇི་ལྟར་སྦྱོང་བའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། དེ་ལ་སངས་རྒྱས་གནས་བསམས་ནས། །རྣམ་པ་ལྔ་ནི་སྒོམ་པར་བྱ། །དང་པོ་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་པར་ཞུགས་པ་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། །མིག་ལ་སོགས་པར་བུ་ག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་འགོད། །ཕྱི་ནས་རྗེས་ཆགས་རྡོ་རྗེ་རོ། །ཡེ་ཤེས་རྣམ་པར་བཞུགས་པ་དང༌། །དབང་ནི་རིགས་མ་བརྒྱད་རྣམས་ཀྱི། །ཡང་ནི་བདུད་རྩི་མྱང་བ་དང༌། །ལྷ་མོ་བརྒྱད་ཀྱིས་མཆོད་པ་ཉིད། །འཁོར་ལོའི་འདྲེན་པ་སྟོན་པའོ། །ཞེས་གསུངས་པ་དེ་ལས། ཇི་སྐད་དུ། དང་པོ་སྐྱེས་བུ་བསམ། །ཞེས་པས་ནི་འབྱུང་བཞིའི་སྟེང་དུ་བར་དོ་བསྐྱེད་པར་བསྟན་པ་ཡིན་ཏེ། མི་ཐུབ་ཟླ་བས། བར་མ་སྐྱེས་བུའི་བསམ་གཏན་བྱ། །ཞེས་བཤད་པ་དང་དོན་གཅིག་པའི་ཕྱིར་རོ། །དེ་ནས་བཟུང་སྟེ་བར་དོ་མཚོན་བྱེད་ཀྱི་ཡི་གེ་གསུམ་རྒྱུ་རྡོ་རྗེ་འཛིན་པའི་ཞལ་དུ་ཇི་སྲིད་ཞུགས་ཀྱི་བར་ནི་བར་དོ་སྦྱོང་བྱེད་ཀྱི་དབང་དུ་བྱས་པར་འཆད་དགོས་པ་ཡིན་ཏེ། དེའི་དུས་ཀྱི་རྟེན་གཞལ་ཡས་ཁང་ནི་བར་དོའི་སེམས་ཀྱི་སྣང་བ་ལས་གྲུབ་པར་འཆད་ཅིང༌། རྒྱུ་རྡོ་རྗེ་འཛིན་པ་ཡང་བར་སྣང་དུ་བསྐྱེད་པའི་བར་དོའི་ཤེས་པ་དང་དུས་མཉམ་ཤེས་རྒྱུད་གཅིག་གིས་བསྡུས་པར་འཆད་དགོས་པའི་ཕྱིར་རོ། །གཉིས་པ་ནི། སྣོད་དང་སྐྱེ་གནས་བཞི་དང་འཆི་བ་སྦྱོང་བྱེད་ཀྱི་རིམ་པ་ཇི་ལྟར་བསྟན་པའི་ཚུལ་ནི་ཕལ་ཆེར་སྔ་མ་དང་འདྲ་ཞིང༌། བར་དོ་སྦྱོང་བྱེད་ཀྱི་རིམ་པ་དམིགས་ཀྱིས་བསལ་བ་ནི་འདི་ལྟར། སྦྱང་གཞི་མིའི་བར་དོ་ལྟ་བུ་འདི་ལ་མཚོན་ན། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་ཀ་ཡང་གང་དུ་སྐྱེ་འགྱུར། དེའི་སྣོད་བཅུད་ཀྱི་རྣམ་པར་སྣང་བ་ཡིན་ཏེ། ཇི་སྐད་དུ། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་བཤད་པ་ལྟར་རོ། །སྦྱོང་བྱེད་ཀྱི་བར་དོ་ཡང་གང་དུ་སྐྱེ་བའི་སྣོད་ནི། རང་གི་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་ངོ༌། །གང་དུ་སྐྱེ་བ་ལེན་པའི་བཅུད་ནི་རྒྱུ་རྡོ་རྗེ་འཛིན་པའོ། །དེ་དེར་སྐྱེ་བ་བླངས་པ་ལས་བྱུང་བའི་སྦྱོང་བྱེད་སྔོན་དུས་ཀྱི་སྲིད་པ་ནི། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དེའོ། །འོ་ན་རྒྱུ་རྡོ་རྗེ་འཛིན་པ་ནི། དྲི་ཟ་གང་དུ་འཇུག་པའི་བརྟེན་ཕ་མའི་རྣམ་པ་ལྟ་བུར་ཁས་ལེན་དགོས་པ་མ་ཡིན་ནམ། ཇི་ལྟར་ན་བར་དོ་ཉིད་དུ་འཆད་ཅེ་ན། དེ་དེར་ཁས་ལེན་དགོས་པའི་ཤེས་བྱེད་ཀྱི་གཏན་ཚིགས་ནི། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་གཟུགས་ཀྱི་ཕུང་པོ་ནི། རྣལ་འབྱོར་པ་རང་གི་སྦྱོང་བྱེད་བར་དོའི་ཤེས་པ་དེའི་སེམས་ཀྱི་སྣང་བ་ལས་གྲུབ་པ་ཡིན་ཞིང༌། དེའི་མིང་གཞིའི་ཕུང་པོ་ཡང་རང་གི་སྦྱོང་བྱེད་བར་དོའི་ཤེས་པ་དང་རྒྱུད་གཅིག་པའི་ཕྱིར་རོ། །དེས་ན་རྒྱུ་རྡོ་རྗེ་འཛིན་པ་ནི་རྣལ་འབྱོར་པ་རང་གི་འཆི་བ་འོད་གསལ་སྦྱངས་པ་ལས། བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་གྲུབ་པའོ། །དེ་ལྟ་ན་མངོན་པར་བྱང་ཆུབ་པ་ལྔ་དང༌། འཁོར་གྱི་ལྷ་མོ་སྤྲོ་བ་སོགས་མི་འཐད་དེ། བར་དོ་ནི་བརྫུས་ཏེ་སྐྱེ་བ་ཁོ་ན་ཡིན་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། ཇི་སྐད་དུ། རྣམ་གཞག་རིམ་པ་ལས། འདིར་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པས་ལྷའི་སྐུ་བསྐྱེད་པ་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང༌། འདིར་ཞེས་པ་བར་དོ་ཉིད་ལ་འཆད་དགོས་པ་ཡིན་ཏེ། དེའི་འཕྲོས་གོང་མ་དེ་མ་ཐག་པ་ལས་གསལ་བའི་ཕྱིར་རོ། །ཡང་བར་དོ་རང་ལ་རང་ཞུགས་པས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་མི་འཐད་དོ། །ཞེ་ན། ཉེས་པ་མེད་དེ། སྦྱང་གཞི་ལ་ཤེས་རྒྱུད་རྫས་ཐ་དད་པ། སྦྱོང་བྱེད་ཤེས་རྒྱུད་གཅིག་གི་སྒོ་ནས་སྦྱོང་དགོས་པ་ནི། ཐབས་ཀྱི་ཁྱད་པར་བླ་ན་མེད་པ་ཡིན་པའི་ཕྱིར། དཔེར་ན། སྦྱང་གཞི་ཐ་མལ་གྱི་ཕ་མ་དང་བུ་མོའི་ཚོགས་རྫས་ཐ་དད་པ་ཡིན་ཀྱང༌། སྦྱོང་བྱེད་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་དང་ལྷ་མོ་བརྒྱད་ཤེས་རྒྱུད་རྫས་གཅིག་པའི་སྒོ་ནས་སྦྱོང་དགོས་པ་བཞིན་ནོ། །ཡང་གལ་ཏེ། རྒྱུ་རྡོ་རྗེ་འཛིན་པ་ཉིད་སྦྱོང་བྱེད་བར་དོའི་ངོ་བོར་ཁས་ལེན་ན། དེ་ལ་བར་དོ་མཚོན་བྱེད་ཀྱི་ཡི་གེ་གསུམ་ཚུར་ལ་འཇུག་པ་མི་འཐད་དེ། བར་དོ་ཉིད་ཕར་ལ་ཞུགས་པའི་ཚུལ་གྱིས་མཚམས་སྦྱར་དགོས་པའི་ཕྱིར། སྙམ་ན། ཤེས་རྒྱུད་གཅིག་ཉིད་ལ་འཇུག་བྱེད་བར་དོ་དང༌། འཇུག་པ་ཕ་མའི་རྣམ་པ་གཉིས་སུ་ཕྱེ་ནས་འཇུག་པ་ཉིད་བར་དོ་སྦྱོང་བྱེད་ཀྱི་ཐབས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། དཔེར་ན། གསང་བ་འདུས་པར། བར་དོ་སྦྱོང་བྱེད་དང་པོའི་མགོན་པོ་ལ་མི་བསྐྱོད་པ་ཚུར་ཞུགས་པའི་སྒོ་ནས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཉིད་དུ་སྐྱེ་བ་ལེན་དགོས་པར་བཤད་པ་བཞིན་ནོ། །དེ་ལས་གཞན་དུ་ན། བར་དོའི་ཤེས་པ་དང་ཕ་མའི་ཕུང་ཁམས་ཞུ་བ་ལྷན་ཅིག་ཏུ་འདྲེས་པ་ལས། སྔོན་དུས་ཀྱི་སྐྱེ་བ་ལེན་པ་ཇི་ལྟར་འཐད་དེ། སྦྱང་གཞི་ལ་དེ་ལྟ་བུ་མེད་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་སྦྱོང་བྱེད་བརྟེན་པར་བཅས་པའི་ཚོགས་ཇི་སྙེད་པའང༌། ཉེར་ལེན་གྱི་རྒྱུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བསྒྲུབས་པ་ཡིན་ཞིང༌། གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ། གནས་ཚོད་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་པར་ཁས་ལེན་དགོས་པ་ལ་རྩོད་པ་མེད་པ་ཉིད་དུ་གྲུབ་པ་དེའི་ཚེ། རྟེན་དཀྱིལ་འཁོར་གྱི་གཙོ་བོ་དེའི་ལུས་ལས་བསྒྲུབས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཇི་སྙེད་པ་ཆོས་དབྱིངས་ཀྱི་ངོ་བོར་ཁས་ལེན་དགོས་པ་ལྟ་ཅི་སྨོས། ཡང་སྐབས་གཞན་དུ། སྟོང་པ་ཉིད་ཀྱི་ཡེ་ཤེས་སྒོམ་པ་སྔོན་དུ་མ་སོང་བར། ལུས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཆད་པ་དེའི་ཚེ། ལྟ་བ་དང་སྒོམ་པ་གཉིས་ལས། དང་པོ་ནི། འཆད་ཚེ་རྣམ་པར་ཕྱེ་བའི་དབང་དུ་བྱས་ཏེ་འཆད་དགོས་པས། ལུས་ལ། ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱི་ལུས་གསུམ་ལས། དང་པོ་ནི། ལུས་ཀྱི་དོན་སྤྱི་ལ་འཇོག་པ་ཡིན་ལ། གཉིས་པ་ནི། ལུས་སུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་འཆད་ཅིང༌། གསུམ་པ་ནི། མ་དག་པའི་ལུས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་སོ། །དེའི་ཕྱིར་ཐ་མ་ཉིད་དེར་འཆད་དགོས་པ་ཡིན་ཏེ། དང་པོ་གཉིས་ནི། རང་བཞིན་གྱིས་འགྲུབ་པར་འཆད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་དབང་དུ་བྱས་ནས་ལུས་ཀྱི་ཆ་ཤས་དེ་ཉིད་རྟེན་དང་བརྟེན་པར་སྒོམ་དགོས་པ་ཡིན་ཏེ། ཞེན་པས་ཞུགས་ནས་བསྒོམ་པ་ལས་འབྲེལ་པས་མི་སླུ་བར་འབྱུང་བའི་ཕྱིར་རོ། །དེ་ལྟར་དེ་བྱས་པ་ཡི་ནི། །དགེ་བ་རྡོ་རྗེ་འཛིན་པའི་བར། །རྐྱེན་གཞན་གང་གིས་གཞོམ་མེད་པ། །དེ་ཡིས་རྡོ་རྗེའི་ས་ཐོབ་ཤོག །གང་འདིར་གོང་མའི་གསུང་དག་ཏུ། །གསལ་བར་མ་བཤད་དོན་གང་ལ། །རྣམ་དཔྱོད་དཔྱད་པ་འདི་བཅུག་པའང༌། །རྒྱལ་བའི་དགོངས་པར་གདོན་མི་འཚལ། །རང་ཉིད་སྐྱེ་འཆི་བར་དོ་གསུམ། །སྦྱོང་བྱེད་ལམ་གྱི་རིམ་པ་ཀུན། །བློ་ལ་ལྗེན་ཞིང་གཤིན་ཕྱིར་ཏེ། །སྐལ་མཉམ་གཞན་ལའང་ཕན་དོན་དུའོ། །གང་འདིར་ཕྱོགས་གླང་གྲགས་པ་ཡི། །རིགས་པའི་སྐད་ལས་ངེས་དྲངས་ནས། །རང་ཕྱོགས་སྒྲུབ་དང་གཞན་གྱི་ཕྱོགས། །སུན་འབྱིན་ཚུལ་ལུགས་འགའ་བརྟགས་པ། །གཞན་དང་རང་གི་ཕྱོགས་དག་ལ། སྡང་དང་འདོད་པའི་ཕྱིར་མིན་ཏེ། །རྩོད་ལ་ཆགས་ཕྱིར་ཡང་མིན་ན། །རྙེད་དང་བཀུར་སྟིའི་ཕྱིར་ལྟ་ཅི། །འོན་ཀྱང་བྱིས་རྣམས་ལ་གྲགས་པའི། །རྩེད་མོའི་རིགས་པས་ཁེངས་བརྒྱལ་ནས། །ཐུབ་བསྟན་འབའ་ཞིག་ཅེས་འཛིན་པའི། །ཕན་དགོངས་དམ་པ་འགའ་ཞིག་ལ། །ཁོང་ནས་འཁྲུག་པའི་ཚིག་གི་མདའ། །སྙིང་ནས་བརྒྱུད་མར་འཕེན་བྱེད་པ། །རིགས་པ་ཤེས་པར་རྣམ་བཏགས་པའི། །སྨྱོ་ཆུས་རིང་དུ་དྲན་ཉམས་པ། །དེ་ཡི་སྨྲ་བ་ཕལ་ཆེ་བ། །འདི་དང་འདྲ་བར་ངེས་གྱུར་ནས། །རྩོད་ཙམ་ལྷུར་ལེན་མི་མཛེས་པའི། །རྒྱུན་ཆེན་འགོག་པའི་ཕྱིར་ཡིན་ནོ། །ཞེས་སྦྱོང་བྱེད་བར་དོའི་ལམ་གྱི་འབེལ་གཏམ་རྣམ་པར་ངེས་པ་རྨ་བྱ་དུག་འཇོམས་ཞེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་མདོག་ཅན་གྱི་དབེན་གནས་སུ་ཉེ་བར་སྦྱར་བའོ།།  །།  ༄༅། །རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་སྔོན་མེད་ཉི་མ་ཞེས་བྱ་བ་བཞུགས།།  ༄༅། །སྭསྟི། བླ་མ་དམ་པར་ཕྱག་བྱས་ནས། །རྒྱུད་དང་གཞུང་དང་དེ་འཆད་པའི། །འོད་སྟོང་ལྡན་མང་ཤར་ཟིན་མོད། །སྔོན་མེད་ཉི་མ་འདི་འཆར་བྱ། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་བས། འདིར་རྣལ་འབྱོར་དབང་ཕྱུག་གི་བཞེད་པས་ཀུན་གཞི་ནི་རྒྱུའི་རྒྱུད་དང༌། རྩ་བའི་རྒྱུད་དང༌། བརྗོད་བྱ་དོན་གྱི་རྒྱུད་དང༌། དྲི་མ་སྦྱོང་བའི་གཞི་ཞེས་བྱ་བ་སྟེ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །འདི་ལ་མྱ་ངན་ལས་འདས་པ་ཟག་པ་མེད་པའི་ཡོན་ཏན་ཇི་སྙེད་པ་དང་བཅས་པ་ནི་གདོད་མ་ནས་ལྷུན་གྱི་གྲུབ་པའི་ཕྱིར་ན་དང་པོའི་སངས་རྒྱས་དང་བདེ་བར་གཤེགས་པའི་སྙིང་པོའོ། །དེ་ལ་དགོངས་ནས་གཞུང་འདིར་སྐུ་བཞི་རང་བཞིན་ལྷུན་གྲུབ་ཅེས་གསུངས་པ་ཡིན་ནོ། །འཁོར་བའི་ཆོས་ཚང་ཚུལ་ནི་སྔ་མ་དང་མི་འདྲ་སྟེ། དེ་ནི་རྣམ་ཤེས་འཁྲུལ་པའི་ངོ་ལས་གཞན་དུ་མ་དམིགས་པའི་ཕྱིར་གདོད་མ་ནས་ཡོང་མ་མྱོང་བ་དང༌། རྒྱུད་ཀྱི་ངོ་བོར་སྐྱེ་མ་མྱོང་བས་ན་རྒྱུད་དེ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དྲི་མ་མེད་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཁོ་ནར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། འཁོར་བ་མི་དམིགས་པ་འདི་ནི། །མྱ་ངན་འདས་པར་ཁྱོད་ཀྱིས་བཞེད། །ཅེས་སོ། །གལ་ཏེ་འོ་ན་རང་བཞིན་ལྷུན་གྲུབ་ཀྱི་སྐུ་བཞི་སོ་སོའི་ངོས་འཛིན་མིའི་ལུས་ཁྱད་པར་ཅན་ལ་གྲུབ་པའི་དཀྱིལ་འཁོར་བཞི་པོ་ཉིད་ལ་འཆད་དགོས་པ་མ་ཡིན་ནམ། ཇི་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་རྒྱུ་མཚན་གང་གིས་འཆད་ཅེ་ན། རྟེན་དེ་ལ་ཡོད་པའི་དཀྱིལ་འཁོར་བཞི་ངོས་འཛིན་ནི་གཉིས་ཏེ། རྣམ་ཤེས་ཀྱི་ངོར་རྒྱུ་ལས་ཉོན་ལས་གྲུབ་པ་དང༌། ཡེ་ཤེས་ཀྱི་ངོ་བོར་གདོད་མ་ནས་གྲུབ་པའོ། །དེའི་རྒྱུ་མཚན་གྱིས་སྐུ་བཞི་ལྷུན་གྲུབ་གང་ལ་ངོས་འཛིན་པའི་གནས་སྐབས་ཀྱང་གཉིས་འབྱུང་ངོ༌། །གཉིས་པོ་ཡང་གནས་ཚུལ་ལ་ཆོས་ཉིད་དབང་བཙན་མོད། ཐ་སྙད་ཀྱི་ཚེ་གཉིས་ཀ་ལ་དེར་བཞག་པ་ནི་གཉིས་པོ་ཚོགས་པ་གཅིག་ན་ཡོད་པ་དང༌། རྣམ་ཤེས་ཀྱི་ངོར་གཅིག་ཏུ་འཁྲུལ་བ་དང༌། རྟེན་དང་བརྟེན་པའི་ཚུལ་དུ་བྱུང་བ་དང༌། ཆོས་ཉིད་དེ་དང་ལམ་དུ་བྱེད་པ་ཆོས་ཅན་དེ་དང་དེར་གནད་དུ་བསྣུན་པའི་ཤེས་བྱེད་ལས་དང༌། ཚོགས་པ་གཅིག་པའི་ཚུལ་ཡང་དཔེར་ན་ཐ་མལ་གྱི་དཀྱིལ་འཁོར་བཞི་བདག་ཏུ་སྣང་བའི་རྣམ་རིག་སྐྱེས་པའི་ཚེ་སྣང་ཆ་ནི་རྣམ་ཤེས་ཀྱི་ཆོས་དང་ཆོས་ཅན་ནོ། །གསལ་རིག་གི་ཆ་ནི་ཡེ་ཤེས་ཀྱི་ཆོས་དང་ཆོས་ཉིད་དོ། །མན་ངག་པའི་ཁྱད་ཆོས་ཉིད་དེ་ལམ་དུ་བྱས་ནས་གནས་གྱུར་གྱི་སྐུ་བཞི་མངོན་དུ་བྱེད་པ་ནི་ཆོས་ཅན་གྱི་ཆ་ཤས་དེ་དང་དེར་གནད་དུ་བསྣུན་པ་ལ་རག་ལས་པ་ཡིན་ཏེ། དེ་མེད་ན་མི་འབྱུང་བའི་ཕྱིར། རྣམ་ཤེས་ཀྱི་ཚེ་རྣམ་རིག་གི་ཐ་སྙད་ཡོད་མོད། དེ་ནི་གཟུང་ཡུལ་འཁྲུལ་པ་ལ་ལྟོས་པའི་ཕྱིར། གཟུང་འཛིན་གྱི་ཟླས་ཕྱེ་བའི་འཛིན་པ་དེར་འཇོག་ཅིང༌། གནས་ཚུལ་སེམས་པའི་ཚེ་ཡོད་པ་ཙམ་དུ་ཡང་མི་རུང་ན། ཆོས་ཀྱི་དབྱིངས་དང་འཛིན་རྣམ་དུ་མི་རུང་བ་ལྟ་ཅི་སྨོས། དེ་བས་ན་ཀུན་གཞི་རྒྱུ་རྒྱུད་ནི་རང་བཞིན་མྱང་འདས་དངོས་དང༌། སྐུ་བཞི་རང་བཞིན་ལྷུན་གྲུབ་ཏུ་འཆད་པ་ལ་དཔྱོད་ལྡན་སུས་ཀྱང་རྒོལ་བར་མི་འགྱུར་མོད། སྟོབས་སོགས་ཡོན་ཏན་རྣམས་མངོན་དུ་གྱུར་པའམ། འབྱུང་རུང་ཙམ་ལ་འཆད་ཅེས་འདྲི་ན། ཡེ་ཤེས་ཀྱི་གཟིགས་ངོར་ནི་མངོན་དུ་གྱུར་པ་ཉིད་དུ་འཆད་ལ། རྣམ་ཤེས་ཕལ་པའི་ངོར་ནི་འཁོར་འདས་དབྱེར་མེད་ཀྱི་ཐ་སྙད་མི་འབྱུང་ཞིང༌། རྗེས་མཐུན་པ་སྔགས་ཀྱི་ཐོས་པ་དང༌། བསམ་པ་ལ་ཞུགས་པའི་ཚེ་སྟོབས་སོགས་ཡོན་ཏན་ལ་མཚན་ཉིད་ཀྱི་སྒོ་ནས་གཉིས་སུ་འབྱེད་པ་ནི་རང་བཞིན་རྣམ་དག་གི་དང༌། གློ་བུར་རྣམ་དག་གི་ཡོན་ཏན་ནོ། །དང་པོ་ནི་ཤེས་བྱ་མཐའ་དག་གི་ཆོས་དབྱིངས་ཡེ་ཤེས་ལ་གདོད་མ་ནས་མངོན་དུ་གྱུར་ལ། དེའི་རྒྱུ་མཚན་གྱིས་གཞི་གདོད་མའི་དུས་ཉིད་ནས་སྟོབས་སོགས་ཀྱི་ཡོན་ཏན་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པས་མི་སྟོང་པར་གསུངས་སོ། །ཕྱི་མ་ལའང་གནས་སྐབས་ཀྱི་དང་མཐར་ཐུག་གི་གནས་གྱུར་གཉིས་ལས། དང་པོ་ས་ཐོབ་ནས་དང༌། ཕྱི་མ་བཅུ་གསུམ་པའི་ཚེ་མངོན་དུ་གྱུར་པ་ཡིན་ཏེ། གནས་སྐབས་དེ་དང་དེར་འཁོར་བའི་ཆོས་སུ་གྱུར་པའི་འགྲོས་བཞི་ཉི་ཚེ་བ་དང༌། མཐའ་དག་ཐིམ་པའི་ཕྱིར། གལ་ཏེ་རང་བཞིན་རྣམ་དག་གི་སྟོབས་སོགས་ཡོན་ཏན་རྣམས་རང་དུས་སུ་རང་གི་འགལ་ཟླ་ལ་གནོད་པ་མི་བྱེད་པའི་ཕྱིར་ཡོན་ཏན་དེ་དག་གི་དངོས་པོར་རུང་བ་མ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ། རང་དུས་སུ་དེ་ལྟར་མི་བྱེད་པ་ནི་ལམ་དུ་མ་བྱས་པ་ལས་དང༌། གྲོགས་ཐོས་བསམ་གྱི་ཤེས་རབ་མཚུངས་པར་མི་ལྡན་པ་ལས་ཡིན་མོད། འགལ་ཟླས་ཚུར་གནོད་མ་མྱོང་ཞིང་ཕྱིས་ཀྱང་གནོད་མི་སྲིད་པ་ནི་ཡོན་ཏན་གྱི་ནུས་པ་ཆེ་ཤོས་ཡིན་ཏེ། མི་མཐུན་པའི་དཔེ་ནི་བསོད་ནམས་ཆ་མཐུན་ཁོ་ནའི་དབང་དུ་ཡོན་ཏན་བྱམས་བརྩེ་དང་མཐར་གནས་སོགས་གློ་བུར་རྣམ་དག་ཏུ་གྱུར་ཀྱང་རང་གི་འགལ་ཟླས་ཚུར་འཇོམས་པ་དག་སྲིད་པ་བཞིན་ནོ། །རྒྱུའི་རྒྱུད་ལ་སྟོབས་སོགས་ཡོན་ཏན་ནུས་མཐུའི་ཚུལ་གྱིས་ཚང་ཞེས་པ་ཡང་དོན་སྔ་མ་ཉིད་ལ་དགོངས་པ་ཡིན་ཏེ། གྲོགས་ལམ་དུ་བྱེད་པ་པོ་སྔོན་ཆད་ཡོད་མ་མྱོང་བའི་གཞི་དུས་ཉིད་ཀྱི་ཚེ་ནའང་སྤང་བྱ་གང་གིས་ཀྱང་ཚུར་གནོད་མ་མྱོང་ཞིང༌། རང་ཉིད་སྤང་བྱ་གང་གི་ཡང་ངོ་བོར་སྐྱེ་མ་མྱོང་བ་དེ་ནི་རྒྱུད་ཀྱི་ནུས་མཐུ་ཆེ་ཤོས་ཉིད་ཀྱི་ཕྱིར་རོ། །རང་བཞིན་རྣམ་དག་གི་ཡོན་ཏན་ཞེས་བྱ་བའི་ཐ་སྙད་མེད་དོ་ཞེས་བསམ་པར་མི་བྱ་སྟེ། རང་བཞིན་རྣམ་དག་གི་སངས་རྒྱས་ཉིད་ནི་ངེས་པར་ཁས་ལེན་དགོས་པའི་ཕྱིར་རོ། །བྱིས་པའི་དུས་སུ་རང་གི་རྒྱུད་སྟོབས་སོགས་ཡོན་ཏན་དུ་མཐོང་བའི་མངོན་སུམ་གྱི་ཚད་མ་མེད་པ་ནི་བྱམས་པའི་གཞུང་དུ་ཡིན་ལ། རྣམ་འགྲེལ་མཛད་པའི་གཞུང་དུ་འཛིན་རྣམ་རང་གི་ངོ་བོ་བྱིས་པའི་མངོན་སུམ་ཚད་མར་འགྲུབ་པར་ནི། ཇི་སྐད་དུ། དྲན་པ་ལས་ཀྱང་བདག་རིག་འགྲུབ། །ཅེས་པས་འཆད། འཛིན་རྣམ་དེ་དང་གྲུབ་བདེ་གཅིག་པའི་སྟོབས་སོགས་ཡོན་ཏན་ཡོད་ན་དེ་དག་ཀུན་བྱིས་པའི་རང་རིག་མངོན་སུམ་ཚད་མས་གཞལ་བར་ནི་ཁས་ལེན་དགོས་འགྲུབ་པར་ཁས་མི་ལེན་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་པ་ཉིད་ཀྱིས་ན་རྟགས་དང་རྗེས་དཔག་ལ་རག་ལས་པའི་ཕྱིར། རྣམ་གཞག་དེ་ལྟ་བུ་འདིར་ཁས་ལེན་པ་མ་ཡིན་ནོ་ཞེས་བསམ་པར་མི་བྱ་སྟེ། སྐབས་འདིའི་གཞི་འབྲས་ནི་ཚད་མ་བཞིས་གཏན་ལ་འབེབས་དགོས་པར་བཤད་པའི་ཕྱིར། དེ་ལྟར་ཁས་བླངས་པ་ལ་ལུས་ཅན་ཀུན་འབད་མེད་དུ་གྲོལ་བའི་ཐལ་བ་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། གློ་བུར་རྣམ་དག་གི་སངས་རྒྱས་དང་ཡོན་ཏན་ལ་དགོངས་ནས་ནི་སྐུ་བཞི་དང༌། རང་བཞིན་ལྷུན་གྲུབ་ཏུ་གསུངས་པ་མ་ཡིན་པའི་ཕྱིར་རོ། །རང་བཞིན་རྣམ་དག་དང་ལྷུན་གྲུབ་ནི་དོན་གཅིག་ལ་འདུ་བ་ཡིན་ཏེ། བསལ་མེད་དང་བཞག་མེད་ནི་དོན་གཅིག་ལ་འདུ་བར་ནི་རྒྱུད་གཞུང་ཀུན་མཐུན་པའི་ཕྱིར། གལ་ཏེ་འཁོར་བ་གདོད་མ་ནས་ཡོད་མ་མྱོང་བ་དེ་འཁོར་འདས་དབྱེར་མེད་ཀྱི་གོ་དོན་དུ་འཆད་ན་རྒྱུའི་རྒྱུད་ལ་འཁོར་བ་མཚན་ཉིད་ཀྱི་ཚུལ་དུ་ཚང་བར་འཆད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཅུང་ཟད་རགས་པའི་སྒོ་ནས་ཀུན་གཞིའི་རྣམ་ཤེས་ལ་ཚང་ཚུལ་བཤད་པ་ཡིན་ཏེ། འཁོར་བའི་ཆོས་ཇི་སྙེད་པ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོར་སྨིན་པ་དང་ས་བོན་ལ་གནས་པ་གང་རུང་ལས་མ་འདས་པའི་ཕྱིར། དེའི་ཚེ་ཀུན་གཞི་ལ་གང་སྨིན་པ་དེ་ཟག་བཅས་ཀྱི་ལུས་ལ་རྩ་ཁམས་སོགས་སུ་འཆར་ལ། ཤར་བ་དེ་ལ་གནད་དུ་བསྣུན་པས་རྣམ་ཤེས་ཀྱི་དྲི་མ་བྱང་ནས་རྒྱུ་རྒྱུད་ཡེ་ཤེས་རང་གི་ངོ་བོ་གསལ་བར་འཆར་བའོ། །དེ་ལྟར་ན་ཀུན་གཞིའི་རྣམ་ཤེས་རྣམ་སྨིན་གྱི་ཆ་ནས་རྒྱུའི་རྒྱུད་དུ་ཁས་ལེན་མི་རུང་ཡང་རྩ་བའི་རྒྱུད་ཙམ་དུ་བཤད་ཆོག་པ་ཡིན་ཏེ། རྣམ་སྨིན་གྱི་ལུས་བཤད་རྒྱུད་དུ་འཆད་པ་དང་སྐབས་འགྲིག་པའི་ཕྱིར། ཡང་གལ་ཏེ་རྒྱུ་རྒྱུད་ཀྱི་ངོས་འཛིན་རང་བཞིན་ལྷན་སྐྱེས་དང་འཁོར་བའི་ཆོས་གདོད་མ་ནས་ཡོད་མ་མྱོང་བར་འཆད་ན་ཉོན་མོངས་པ་གསུམ་ལ་སོགས་པ་ཆོས་ཉི་ཤུ་རྩ་བདུན་ལྷན་སྐྱེས་སུ་འཆད་པ་ཅི་ཞེ་ན། དེ་ལྟར་སེམས་པ་དེ་ནི་གོ་བར་དཀའ་བའི་གནས་བཏང་སྙོམས་སུ་ལུས་པ་ལས་བྱུང་བ་ཡིན་ཏེ། དེ་ལྟར་ལྷན་ཅིག་སྐྱེས་པའི་ཆོས་གསུམ་པོ་དེ་ནི་གནས་ཚུལ་དོན་དམ་པའི་བདེན་པ་དང༌། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ལ་ཁྱབ་བྱེད་དུ་འཇུག་པ་ཡིན་མོད། ཇི་སྲིད་དུ་གྲོགས་ཡང་དག་པའི་ཐོས་བསམ་དང་མ་ཕྲད་ཅིང༌། ཐབས་ཤེས་ཀྱི་ངོ་བོར་སྐྱེས་པའི་སྒོ་ནས་ཐར་ལམ་དུ་མ་བྱས་པ་དེ་སྲིད་དུ་ནི་གོལ་བར་འགྱུར་རོ། །གང་དུ་ན་འཁོར་བའི་ལམ་དུའོ། །གང་གིས་ན་ཆོས་ཉི་ཤུ་རྩ་བཞི་པོ་དག་གིས་སོ། །ཇི་ལྟར་དུ་ན་རང་བཞིན་ལྷན་སྐྱེས་གང་ན་གནས་པའི་བར་ཉི་ཤུ་རྩ་བཞི་པོ་ལྷན་ཅིག་ཏུ་སྐྱེས་པའི་སྒོ་ནས་སོ། །དུས་ནམ་གྱི་ཚེ་ན་ནི་རྟེན་གྱི་བྱིས་པ་རྣམ་ཤེས་འཁྲུལ་པའི་གཞན་དབང་དུ་གྱུར་པ་དེའི་ཚེ་ནའོ། །གནས་ཚུལ་གསུམ་པོ་གོལ་ས་དེ་དང་དེར་ལྷུང་བ་ཉིད་དུ་མི་འགྱུར་བའི་ཐབས་གང་ཞིག་ཅེ་ན། ཉམས་སུ་ལེན་པའི་ཐབས་གསུམ་ཞིག་སྟེ། མ་དག་པར་སྣང་ཚད་རྣལ་འབྱོར་པ་རང་གི་སེམས་སུ་ཐག་བཅད་པས་ནི་སྤྱིར་ཡང་ཉོན་མོངས་པ་དང༌། བཟུང་བའི་ཡུལ་དོན་གཞན་དུ་ཞེན་པའི་རྣམ་རྟོག་གི་ལམ་དུ་མི་གོལ་བར་བྱེད། སེམས་སྒྱུ་མར་ཐག་བཅད་པས་ནི་གསལ་བ་རྣམ་རྟོག་གི་གཞན་དབང་དུ་མི་གོལ་བར་བྱེད། སྒྱུ་མ་རང་བཞིན་མེད་པས་ནི་སྟོང་པ་དེ་ཡང་མཚན་འཛིན་གྱི་ལམ་དུ་མི་གོལ་བར་བྱེད། རྟེན་འབྲེལ་གྱིས་ནི་རྣམ་ཤེས་ལ་སྣང་བ་དང༌། ཡེ་ཤེས་ཀྱི་ངོར་སྟོང་པར་འགལ་བའི་ལམ་དུ་མི་གོལ་བར་ཐག་བཅད། བརྗོད་བྲལ་གྱིས་ནི་ཡེ་ཤེས་ཀྱི་གསལ་བ་དང་རྣམ་རྟོག་གིས་སྟོང་པ་གཉིས་མེད་དུ་ཐག་བཅད་པས་ཟུང་འཇུག་གི་ལམ་ལས་གཞན་དུ་མི་གོལ་བར་བྱེད། དེ་ལྟར་ན་ཡུལ་རྫས་གཞན་དུ་ཞེན་པའི་གོལ་ས། གསལ་བ་ཡུལ་ཅན་གྱི་འཛིན་པར་གོལ་ས། གཉིས་སྟོང་མེད་དགག་ཏུ་གོལ་ས། གསལ་སྟོང་ཡ་བྲལ་དུ་ཞེན་པའི་གོལ་ས་རྣམས་བཅད་ནས་ཟུང་འཇུག་བདེ་བ་ཆེན་པོ་གནས་ཚུལ་དང་ཉམས་སུ་མྱོང་བྱ་མཐར་ཐུག་པ་ཉིད་དུ་བྱས་པས་ནི་གནས་ཚུལ་མྱང་འདས་ཀྱི་ཆོས་གང་དུ་ཡོད་པ་དེར། སྣང་ཚུལ་འཁོར་བའི་ཆོས་རྣམས་ཀྱང་ལྷན་ཅིག་སྐྱེས་པར་སྣང་བ་དེ་མ་ལུས་པར་མཐར་ཟད་ནས་གློ་བུར་རྣམ་དག་གི་ཟུང་འཇུག་འབའ་ཞིག་པར་གནས་པ་དེ་ལ་ནི་འབྲས་དུས་ཀྱི་འཁོར་འདས་དབྱེར་མེད་ཅེས་བྱ་བ་ཡིན་ནོ། །རྒྱུད་དུ་འཁོར་འདས་དབྱེར་མེད་ཀྱི་མཚན་གཞི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་གཞན་ལ་མ་གསུངས་ཀྱང་གཞུང་དུ་ལུས་སེམས་གཉིས་ཀ་ལ་འཁོར་འདས་ཚང་ཚུལ་ཞེས་གསུངས་པ་དེ་འཆད་མ་ཤེས་ན་འཁྲུལ་གཞི་སྣ་ཚོགས་སུ་འགྱུར་ཡང་གཞི་གང་དུ་ཡིན་ཀྱང་འཁོར་བ་ནི་གློ་བུར་གྱི་དྲི་མ་དང༌། དབྱེར་ཡོད་དང༌། འབྲས་རུང་དུ་ཚང་ལ། མྱང་འདས་ནི་གདོད་མ་ནས་ལྷུན་གྲུབ། དབྱེར་མེད་དང་འབྲལ་མི་རུང་གི་ཚུལ་དུ་ཚང༌། ཞེས་འཆད་ཤེས་ན་དོན་གྱི་ཁོག་ཁྲོལ་བར་ངེས་སོ། །སྐབས་འདིར་སྒྲུབ་པ་པོའི་ལུས་ལ་ཐབས་རྒྱུད་དང་བཤད་རྒྱུད་དུ་འཆད་པའི་སྐབས་གཉིས་བྱུང་བ་ནི་བརྗོད་བྱ་དོན་གྱི་རྒྱུད་ལ་དགོངས་པ་སྟེ། ཀུན་གཞིའི་ཡེ་ཤེས་རྩ་རྒྱུད་དུ་བཞག་པའི་ཚེ། ལུས་ཀྱི་དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པས་རྩ་རྒྱུད་ཀྱི་གནས་ཚུལ་འཁྲུལ་མེད་གོ་ནུས་ཕྱིར། ཐབས་རྒྱུད་དུ་བཞག་པ་ནི་སྦྱང་གཞི་སྦྱོང་ནུས་པ་ལ་དགོངས་ཏེ། ལུས་ཀྱི་དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པས་རྒྱུའི་རྒྱུད་གནས་གྱུར་དུ་བྱེད་ནུས་པའི་ཕྱིར། ལུས་ཐབས་རྒྱུད་དུ་འགྲོ་བ་ནི་སྨིན་བྱེད་ཀྱི་དབང་གིས་སྨིན་པ་སྔོན་དུ་སོང་བ་ལ་རག་ལས་ཏེ། དེ་ལྟར་མ་སོང་བའི་ལུས་ཀྱིས་ནི་རྒྱུ་རྒྱུད་ཀྱི་དྲི་མ་འཁྲུད་མི་ནུས་པའི་ཕྱིར། སྔོན་དུ་སོང་བས་འཁྲུད་པའི་ཚུལ་ནི་ལུས་དབྱིབས་ཀྱི་རྩ་ལ་བུམ་པའི་དབང་བསྐུར་བས་སྒྲུབ་པོའི་སྐུ་རྡོ་རྗེ་སྒྲིབ་བྲལ་དུ་བྱེད་པ་དང༌། དེ་བཞིན་དུ་རྩ་ཡི་གེ་དང༌། ཁམས་བདུད་རྩི་དང༌། སྙིང་པོ་རླུང་དག་ལ་དབང་གོང་མ་གསུམ་བསྐུར་བས་སྒྲུབ་པོའི་གསུང་དང༌། ཐུགས་དང༌། ཡེ་ཤེས་རྡོ་རྗེ་སྒྲིབ་བྲལ་དུ་བྱེད་ནུས་པ་སྟེ། དེའི་ཚེ་བཞི་ཀའང་རྒྱུའི་རྒྱུད་གཅིག་པུ་ལ་རྟོག་པའི་ངོར་མཚན་ཉིད་དང་བྱེད་ལས་ཀྱིས་སོ་སོར་ཕྱེ་བ་ཙམ་མོ། །དེའི་ཚེ་ཡང་ཐབས་རྒྱུད་དངོས་ནི་རྡོ་རྗེ་བཞི་པོ་ཉིད་ལ་ངོས་འཛིན་དགོས་པ་ཡིན་ཏེ། རྒྱུ་འབྲས་ཀྱི་རྒྱུད་དང་ངོ་བོ་དབྱེར་མེད་དུ་འཇོག་དགོས་པའི་ཕྱིར། དེ་དུས་ཀྱི་ཀུན་རྫོབ་པའི་དཀྱིལ་འཁོར་བཞི་ནི་རྒྱུད་བཏགས་པ་བར་སོང་ཀྱང་ཐབས་མཁས་མཚན་ཉིད་པ་ཡིན་ཏེ། ཀུན་རྫོབ་པའི་དཀྱིལ་འཁོར་བཞི་པོ་སྐྱོན་མེད་དུ་ཚང་བའི་ཆ་ནས་ལུས་རྟེན་ཁྱད་པར་ཅན་དུ་འཇོག་དགོས་ཤིང་དེ་མེད་ན་ཚེ་གཅིག་གིས་སངས་རྒྱས་མི་འགྲུབ་པའི་ཕྱིར། གལ་ཏེ་འོ་ན་སྐབས་འདིའི་ལམ་གྱི་ཐོག་མ་རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་དང༌། དབང་དེས་རྟོགས་པའི་ལྟ་བ་དང༌། ལྟ་བ་དེ་དང་མ་བྲལ་བའི་ལམ་རིམ་པ་གཉིས་པོ་དག་སྔ་མ་སྔ་མའི་ཉམས་ལེན་སྔོན་དུ་བཏང་ནས། ཕྱི་མ་ཕྱི་མའི་སྨིན་བྱེད་སོགས་ལ་རིམ་གྱིས་སློབ་དགོས་པ་ཡིན་ནམ། ཐོག་མའི་རྒྱུ་དུས་ཉིད་ནས་དབང་བཞི་དང༌། དེས་རྟོགས་པའི་ལྟ་བ་བཞི་དང༌། དེ་དག་དང་ཟུང་དུ་འབྲེལ་བའི་ལམ་རིམ་པ་རྣམས་ལ་བསླབ་པ་དང་སྦྱངས་པས་ཆོག་པ་ཡིན། ཞེས་འདྲི་ན་འཁོར་ལོ་འཕྱམ་བསྐོར་གྱི་གཞུང་དུ་ནི་སྔ་མ་ལྟར་གསལ། རྒྱུད་གསུམ་དུ་བསྟན་པའི་གཞུང་གིས་ནི་ཕྱི་མ་ལྟར་བཤད་པ་ལས་རེ་ཞིག་འདི་ལྟར། ལུས་རྟེན་ཁྱད་པར་ཅན་གྱི་སློབ་མ་སྣོད་རུང་དག་ལ་རྒྱུ་དུས་ཉིད་ནས་དབང་བཞི་ཀ་ཡོངས་སུ་རྫོགས་པས་སྨིན་པར་བྱས་ཟིན་པའི་འོག་དེ་མ་ཐག་ཏུ་ཁྲིད་ཀྱི་རིམ་པ་ལ་སློབ་ཚུལ་དང༌། ལྟ་བ་སོགས་ལམ་གྱི་རིམ་པ་དང༌། གཞུང་དང་རྒྱུད་ཀྱི་བསླབ་སྦྱངས་སོགས་ཐོས་བསམ་གྱི་རིམ་པ་ཇི་ལྟར་ནུས་པ་སོགས་སྔོན་དུ་བཏང་ནས། ཕྱིས་སྒྲུབ་པ་ལ་འཇུག་པ་སྐབས་སུ་བབ་པ་དེ་ལ་ནི་ལམ་གྱི་དུས་ཞེས་བྱ་ཞིང༌། སྒྲུབ་པ་ལ་འཇུག་པའི་དུས་ཞེས་བྱ་ལ། དེའི་ཚེ་ཐོག་མར་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པར་བཞུགས་པའི་བླ་མ་དངོས་ལས་སམ། རྒྱུ་དུས་ཀྱི་བླ་མ་དེ་ཉིད་སངས་རྒྱས་སྐུ་བཞིའི་ངོར་མོས་པ་ལས་ལམ་གྱི་ཐུན་བཞིར་དབང་བཞི་ལེན་ཅིང༌། དེ་ལས་སྐྱེས་པའི་ལྟ་བ་དང་ལམ་རིམ་པ་གཉིས་ཉམས་སུ་ལེན་པ་དེ་ལ་ནི་ལམ་དུས་ཞེས་བྱ་སྟེ། རྒྱུ་ལམ་གྱི་དུས་སུ་སོ་སོར་ཕྱེ་བ་ནི་བརྒྱུད་པའི་ལུང་གོང་མ་ལས་ཀྱང་གོང་མར་གྱུར་པ་དག་ལས་བྱུང་བ་དེའི་ཚེ་ནི། ཐོག་མར་བསྐྱེད་རིམ་གྱི་ཉམས་མྱོང་གཙོ་བོ་དང༌། གཞན་གསུམ་ཞར་ལས་བྱུང་བའི་ཚུལ་གྱིས་ཉམས་སུ་བླངས་པས། ཐོག་མར་བསྐྱེད་རིམ་གྱི་རྟོག་པ་གནས་སྐབས་མཐར་ཕྱིན་གྱི་ཚད་དེར་སླེབས་ཀྱི་བར་ཉམས་སུ་ལེན། དེ་ནས་སྔ་མ་བཞིན་དུ་དབང་ཕྱི་མ་གསུམ་གྱི་ཉམས་ལེན་ལ་སྦྱར་བས་ནི་གནས་གྱུར་གྱི་གནས་སྐབས་བཞི་རིམ་པར་མངོན་དུ་བྱས་ནས་དབང་བཞི་པའི་ལམ་གཙོ་བོར་གྱུར་པ་ལས་མཐར་ཐུག་གི་གནས་གྱུར་སྐུ་ལྔ་དབྱེར་མེད་ཀྱི་གོ་འཕང་དེ་མངོན་དུ་བྱེད་པའོ། །ལམ་དང་འབྲས་བུའི་དུས་སོ་སོར་མངོན་དུ་བྱས་པའི་གནས་གྱུར་གྱི་སྐུ་འདི་དག་ཀྱང་གཞི་གདོད་མའི་དུས་སུ་སྐུ་བཞི་ལྷུན་གྱིས་གྲུབ་པ་ཉིད་ལ་རག་ལས་པ་ཡིན་ཏེ། དེ་མེད་ན་དེ་དག་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་འོ་ན་ལམ་གྱི་ཐུན་བཞིར་དབང་བཞི་བསྒོམ་པས། ཤེས་སོགས་ཀྱི་དོན་ལམ་དུས་ཁོ་ན་ལ་སྦྱོར་བ་དང་ཁྲིད་འབོགས་པའི་དུས་དང་སྒྲུབ་པ་ལ་ཞུགས་པའི་དུས་ཀྱི་ས་མཚམས་སོ་སོར་འབྱེད་པའི་ཤེས་བྱེད་གང་ཡིན་པ་དང༌། ལྟ་བ་རྟོགས་བྱེད་དུ་རྒྱུ་ལམ་གཉིས་ཀྱི་དབང་གང་ཞིག་གཙོ་ཆེ་བ་དང༌། བདེ་ཆེན་གྱི་སྒྲིབ་པ་ཞེས་བཤད་པ་དེའི་ངོས་འཛིན་གོ་བར་སླ་བ་གང་ཞིག་ཡིན་པ་དེ་སྟོན་དགོས་སོ། །ཞེ་ན། དྲི་བ་དང་པོའི་ལན་ནི། ཆོས་འདིའི་གདུལ་བྱ་རབ་ཏུ་གྱུར་པ་དེས་ཐོག་མར་གཞི་ལམ་འབྲས་གསུམ་ཚད་མ་བཞིས་གཏན་ལ་འབེབས་པ་དང༌། སྙན་རྒྱུད་བཞིས་གཏན་ལ་འབེབས་དགོས་པ་ལས་ཤེས་པ་ཡིན་ཏེ། ཚད་མ་བཞི་ནི་ཐོས་བསམ་གཙོ་ཆེ་བ་དང༌། སྙན་རྒྱུད་བཞི་ནི་སྒོམ་བྱུང་གཙོ་ཆེ་བའི་ཆ་ནས་བསྟན་པའི་ཕྱིར་དང༌། གཞུང་བཤད་དག་ལས་ཀྱང་དབང་མ་བསྐུར་བར་ཁྲིད་གཞུང་མི་འཆད། དེ་མ་བཤད་པར་སྒྲུབ་པའི་ལུང་མི་སྦྱིན། ཞེས་བཤད་པ་ལས་སོ། །བསླབ་སྦྱངས་ཀྱི་ཚེ་གདུལ་བྱ་དབང་པོ་རྣོ་བརྟུལ་གང་ཡིན་ཀྱང་དབང་དང་ཁྲིད་གཞུང་རྒྱས་པ་དེ་ལ་སློབ་པ་དང་ཤེས་དགོས་མོད། སྒྲུབ་པ་ལ་ཞུགས་ནས་ནི་ལམ་རྒྱས་བསྡུས་གསུམ་པོ་གང་རུང་དང༌། ཟབ་འབྲིང་གང་རུང་ཉམས་ལེན་བྱས་ཕྱོགས་པ་ནི་དབང་པོའི་བྱེ་བྲག་ལས་ཡིན་པར་མངོན་ཏེ། གཞན་དུ་ན་དབྱེ་བ་དེ་ལྟར་མཛད་པའི་དགོས་པ་རྙེད་དཀའ་བའི་ཕྱིར་དྲི་བ་གཉིས་པའི་ལན་ནི་དབང་རྣོན་གྱིས་ནི་རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་ཉིད་ལས་ལྟ་བ་རྟོགས་པ་སོགས་སྲིད་མོད། དེ་ལས་གཞན་གྱིས་ནི་ལམ་སྒྲུབ་པ་ལ་ཞུགས་པའི་དུས་ཉིད་ཀྱི་ཚེ། དབང་ཉིད་ལས་ལྟ་བ་རྟོགས་པ་སོགས་བྱ་དགོས་ཏེ། རྒྱུ་དེ་ལས་དེ་ལྟར་མ་རྟོགས་ན་ལུགས་འདིའི་འཁོར་ལོ་བསྐོར་འཕྱམས་གང་ཡང་མི་འབྱུང་བའི་ཕྱིར། ལམ་དུས་ཀྱི་དབང་ལེན་ཚུལ་ཡང་སྟན་ཐོག་གཅིག་ཏུ་བཞི་ཀ་ལེན་པ་ལ་མཛད་མོད། གཞུང་གི་དངོས་བསྟན་ལས་ནི་ཚོགས་སྦྱོར་དུ་བུམ་དབང་རྐྱང་པའི་ཆུ་བོ་ཐུན་བཞིར་བླངས་པས་མཐོང་ལམ་གྱི་གྲུབ་མཐའ་སྙོགས་པར་གསུངས་ཀྱི། དབང་གོང་མའི་ཆུ་བོ་ནི་འདས་ལམ་ཐོག་མའི་མེད་ན་མི་འབྱུང་བའི་རྒྱུར་གསུངས་པ་མེད་དོ། །འོ་ན་དབང་རྣོན་གྱིས་རྒྱུ་དུས་ཀྱི་དུས་ཉིད་ནས་ལྟ་བ་བཞི་ཀ་རྟོགས་པ་གཅིག་སྲིད་པ་དེའི་ཚེ། དེ་འདྲ་དེས་ལམ་དུས་སུ་གྲུབ་མཐའ་བཞི་ཀ་ལ་རིམ་གྱིས་སྙོགས་པའི་ཕྱིར་དུའམ། གཅིག་ཆར་བའི་ཆེད་དུ་ཞེས་འདྲི་ན། རྒྱུ་རིམ་ཅན་པའི་དབང་གིས་འབྲས་བུ་རིམ་ཅན་པ་ཉིད་འཐད་པ་ཡིན་ཏེ། གཞུང་འདི་ནས་ཚོགས་སྦྱོར་ལ་གཅིག་ཆར་དུ་སྐྱེ་བའི་བཤད་པ་ཡོད་ཀྱང༌། ས་བཅུ་གཉིས་རིམ་ཅན་པ་ཁོ་ན་ལས་གཞན་མ་བཤད་དོ། །གལ་ཏེ་ཆོས་འདི་པའི་ལུགས་ཀྱི་ལྟ་བ་རྟོགས་བྱེད་དབང་བསྐུར་ལ་རག་ལས་པར་འཆད་པ་དེའི་ཚེ་ཕར་ཕྱིན་ཐེག་པ་ཁོ་ནའི་བྱང་འཕགས་ས་བཅུ་པའི་བར་དུ་གནས་པ་དག་ཐེག་པ་འདི་ལ་འཇུག་པའི་ཚེ་ཆོས་འདིའི་རང་ལུགས་ཀྱི་མཐོང་ལམ་ནས་འཇུག་པར་འདོད་དམ། དེར་འཇུག་མི་དགོས་ན་སྔགས་ཀྱི་ཐུན་མོང་མ་ཡིན་པའི་མཐོང་སྤངས་སུ་བཤད་པ་རྣམས་སྤོང་བ་དང་ཡོན་ཏན་དུ་བཤད་པ་རྣམས་སོགས་ཅིག་ཤོས་དག་ལ་ཡང་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ། སྤྱིར་བཏང་དུ་བྱང་སེམས་ས་བཅུ་པ་བ་མན་ཆད་སྔགས་ལ་འཇུག་པའི་ཚེ་སྔགས་ཀྱི་ཚོགས་སྦྱོར་ནས་འཇུག་པར་ནི་ལུང་རིགས་ཀྱིས་གྲུབ་ལ། མཐོང་སྒོམ་དུ་འཇུག་པའི་བཤད་པ་སྤྱི་ཁྱབ་ནས་མ་བྱུང་ཞིང༌། ཕར་ཕྱིན་རྐྱང་པའི་ས་བཅུ་པ་བ་སྔགས་ལ་འཇུག་པའི་ཚེ། ཕར་ཕྱིན་དུ་མ་གྲགས་པའི་ས་གཉིས་རྣོན་དགོས་པ་ནི་སྔགས་ལ་གྲགས་པའི་བརྡལ་ཆད་ཀྱི་གཞུང་ཤིང་ཡིན་མོད། ཞིབ་ཏུ་མ་ཕྱེ་ན་དཀའ་བའི་གནས་དག་མང་པོ་ཉིད་དུ་འགྱུར་བའི་ཕྱིར་ན། འདིར་བཤད་པ་ནི། སྤྱིར་སྔགས་གཞུང་རྣམས་སུ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ས་ལམ་རྣམས་ཀྱི་མིང་དོན་དང་རྣམ་པར་བཞག་པ་མང་དུ་གསུངས་པ་དེ་ནི་ལུས་རྟེན་ཁྱད་པར་ཅན་འཛམ་བུ་གླིང་གི་མིའི་རྟེན་ལ་ཚེ་གཅིག་གིས་རྡོ་རྗེ་འཆང་སྒྲུབ་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ལས་གཞན་འདོད་པ་དང་ཁམས་གོང་གི་ལྷ་སོགས་ཀྱི་རྟེན་ལ་ས་ལམ་གྱི་རྣམ་གཞག་དེ་དག་འགྲིག་དཀའ་བ་ཙམ་དུ་མ་ཟད་མི་འགྲིག་པ་ཤ་སྟག་ཏུ་སྣང་བའི་ཕྱིར། ཕར་ཕྱིན་ཐེག་པ་རྐྱང་པའི་ས་བཅུ་པ་མན་ཆད་ཀྱི་རྟོགས་པ་སྔོན་སོང་འཛམ་གླིང་མིའི་རྟེན་ཅན་ཞིག་སྔགས་འདིར་འཇུག་པའི་ཚེ་ནི་སྔགས་ཀྱི་ཚོགས་སྦྱོར་ནས་དཔེ་མེད་པ་དང་ཡེ་ཤེས་ཆེན་པོའི་ས་གཉིས་ཀྱི་ཉམས་ལེན་གང་ཡིན་པ་དེ་ལ་ཞུགས་ཆོག་པ་ཡིན་ཏེ། དེ་ཙམ་གྱིས་ནི་རྟོགས་པ་སྔོན་སོང་གི་ས་བཅུ་པོ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གནས་དང་ཉེ་བའི་གནས་སོགས་ཀྱི་ཡོན་ཏན་ཅན་དུ་བྱེད་ནུས་ཤིང༌། འབྲས་བུ་བཅུ་གསུམ་པ་ལ་མཚམས་སྦྱོར་ནུས་པའི་ཕྱིར། དེའི་ཕྱིར་དེ་འདྲ་དེས་སྔགས་ཀྱི་ས་དང་པོ་ནས་བཅུ་པའི་བར་དག་ཏུ་མ་ཞུགས་པའི་ཉེས་པ་དང་སྔགས་ཀྱི་མཐོང་སྒོམ་སྔོན་དུ་མ་སོང་བའི་ཉེས་པ་དག་དང་བཅས་པ་མ་ཡིན་ནོ། །ཕར་ཕྱིན་རྐྱང་པའི་ས་བཅུ་རྒྱུན་མཐའ་དང་ཀུན་ཏུ་འོད་ཀྱི་ས་ལ་གནས་པ་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སློབ་ལམ་དུ་འཇུག་པ་དང༌། ཞུགས་པ་དེ་འབྲས་བུ་བཅུ་གསུམ་པ་ལ་མཚམས་སྦྱོར་བྱེད་དུ་ཁས་ལེན་པར་མི་ནུས་ཤིང་དགོས་པ་ཡང་མ་ཡིན་ཏེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཡན་ལག་ཏུ་ངེས་པར་དགོས་པའི་ཉོན་མོངས་པ་དང་རྣམ་རྟོག་གི་བག་ཆགས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། དེ་ལྟར་བཤད་པས་ནི་ལྷའི་རྟེན་ཅན་གྱི་བྱང་སེམས་དང༌། ཡིད་ཀྱི་ལུས་ཅན་འབའ་ཞིག་པའི་དག་པ་སར་གནས་དང༌། ཉན་རང་གི་དགྲ་བཅོམ་པ་རྣམས་མཚོན་པར་ནུས་སོ། །ཀུན་ཏུ་འོད་ཀྱི་ས་ནི་སྤྱིར་སློབ་ལམ་དུ་བཤད་པ་དང༌། བྱེ་བྲག་སྔགས་ཀྱི་སློབ་ལམ་དུ་བཤད་པ་ནི་གང་ནས་ཀྱང་མི་འབྱུང་ཞིང༌། མན་ངག་གི་གཞུང་ལུགས་འདི་པས་ཀྱང་ཀུན་ཏུ་འོད་བཅུ་གསུམ་པ་ཉིད་དུ་ཁས་བླངས་ཆོག་པ་ཡིན་ཏེ། དེས་ཚོགས་གཉིས་མཐར་ཕྱིན་ནས་འགྲོས་བཞི་དབུ་མར་ཐིམ་པ་སོགས་ཀྱི་ཡོན་ཏན་རྣམས་རྫོགས་པའི་ཕྱིར། གལ་ཏེ་ཕར་ཕྱིན་རྐྱང་པའི་ས་བཅུ་པ་དང་ཀུན་ཏུ་འོད་དམ་བཅུ་གསུམ་པའི་བར་དེར་དཔེ་མེད་པ་དང་ཡེ་ཤེས་ཆེན་པོའི་ས་གཉིས་ཀྱི་ཉམས་ལེན་ངེས་པར་འཇུག་དགོས་སོ། །ཞེ་ན། ཆོས་འདིའི་མན་ངག་ལུགས་ལྟར་ན་གསང་དབང་གི་ས་བཞིའི་རྟོགས་པ་སྔོན་དུ་མ་སོང་བར་ཤེས་རབ་ཡེ་ཤེས་ཀྱི་ས་གཉིས་ཀྱི་ཉམས་ལེན་ཡོད་པར་མི་བྱེད་དོ། །དེ་ལྟ་མོད་ཀྱི་སྔགས་ཀྱི་རྟོགས་པ་སྔོན་དུ་མ་སོང་བའི་ཀུན་ཏུ་འོད་ཀྱི་ས་ཡོད་པར་ཁས་མི་ལེན་ཏེ། ངེས་པ་ལྔ་ལྡན་གྱི་ལོངས་སྐུ་ལས་ཆོས་མ་མཉན་པ་དག་དེར་མི་འཇུག་པའི་ཕྱིར་དང༌། ཡང་ན་ཕར་ཕྱིན་རྐྱང་པའི་ས་བཅུ་པ་ཞིག་གིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལས་དབང་བསྐུར་མནོས་པའི་འོག་ཏུ་ཉི་མ་གཅིག་ཙམ་གྱིས་རིམ་པ་གཉིས་ཀྱི་རྣལ་འབྱོར་མངོན་དུ་བྱས་པས། ཐུན་མོང་མ་ཡིན་པའི་གནས་སོགས་བཅུ་དང་འཐུང་གཅོད་གཉིས་ཀྱི་རྟོགས་པ་མངོན་དུ་གྱུར་ནས། ཀུན་ཏུ་འོད་ཀྱི་སར་ཞུགས་པ་དེ་ལ་ནི་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་བྱས་པའི་ཕྱིར་དང༌། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་ནས་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེས་ན་སྔགས་ཀྱི་ཉེ་རྒྱུས་མཚམས་སྦྱོར་བ་ལ་ངེས་པར་མ་ལྟོས་ཀྱང་སྔགས་ཀྱི་རྟོགས་པ་མངོན་དུ་མ་སོང་བའི་སྐུ་ལྔ་དབྱེར་མེད་ཀྱི་སངས་རྒྱས་མི་སྲིད་ཅེས་བྱ་བ་འདི་གྲུབ་པའོ། །དྲི་བ་གསུམ་པའི་ལན་ལ་གཉིས་ཏེ། གཉེན་པོ་ལུས་ཀྱི་བྱེད་པ་དང༌། བདེ་ཆེན་གྱི་སྒྲིབ་པ་འགག་ཚུལ་ལོ། །དང་པོ་ནི། ལུས་སོ་སོར་བཏགས་པའི་འགོག་པ་ཞེས་པ་དེར་གཉེན་པོ་ལུས་ཀྱིས་བྱེད། སྤང་བྱ་ལུས་ཀྱིས་འགག་ཅེས་གསུངས་པ་དེར། ཚིག་རྟིང་མ་ལ་བྱེད་ཚིག་བྲིས་པ་ནི་མ་དག་སྟེ། བརྗོད་བྱའི་དོན་གཅིག་པུ་དེ་གཞུང་སྔ་མས་བསྟན་ཟིན་པའི་ཕྱིར། དེས་ན་གཉེན་པོ་ལུས་ཀྱིས་བྱེད་པ་ནི་དོན་དམ་པའི་ལུས་ངག་ཡིད་ཡེ་ཤེས་རྡོ་རྗེ་དང་བཅས་པ་དག་གོ །དེས་གང་ཞིག་སྤང་བར་བྱ་བའི་ལུས་ནི་ཀུན་རྫོབ་བའི་དཀྱིལ་འཁོར་བཞི་པོ་དག་སྟེ། དེ་དག་ཇི་སྲིད་འགགས་པར་མ་གྱུར་པ་དེ་སྲིད་དུ་འགྲོས་བཞི་པོ་དབུ་མ་མཆོག་ཏུ་ཐིམ་པ་མི་འབྱུང་ལ། དེ་ལྟར་མ་བྱུང་བ་ནི་རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་ཉིད་དུ་མི་འགྲུབ་པའི་ཕྱིར། དེ་སྐད་དུ་ཡང༌། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་སོ། །བཤད་པ་འདི་ནི་ཉི་ཚེ་ཙམ་མ་ཡིན་གྱི། འཁོར་འདས་ཀྱི་ཆོས་ཀུན་ལ་སྦྱར་བར་བྱ་སྟེ། གཞི་ཐོག་མེད་ཀྱི་འཁོར་བའི་དུས་དང༌། ལམ་ཉམས་ཀྱི་སྣང་བ་གང་ཤར་གྱི་དུས་དང༌། འབྲས་བུ་དག་སྣང་འབའ་ཞིག་པའི་དུས་ཀུན་ཏུ་འཆད་ཚུལ་འདིའི་སྒོ་ནས་གཏན་ལ་འབེབས་དགོས་པའི་ཕྱིར། དེ་ཡང་གཞི་ཐོག་མེད་ཤིན་ཏུ་རྨོངས་པའི་ཚེ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་ཁམས་གསུམ་པའི་རྣམ་པར་འཆར་བ་ཡིན་ལ། དེའི་ཚེ་སྣང་ཙམ་གྱི་ཆ་ནི་ཀུན་རྫོབ་པའི་འཁོར་བ་དང༌། སྣང་ཆ་དེ་རང་གི་ངོ་བོ་གསལ་རིག་གི་ཆ་ནི་དོན་དམ་པའི་འཁོར་བར་འཇོག་ལ། ཆ་ཤས་གཉིས་པོ་དེ་ཡང་རྣམ་ཤེས་འཁྲུལ་པའི་ངོར་གདོད་མ་ནས་རྟེན་ཤེས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་དང༌། ཚོགས་པ་གཅིག་ལས་སྐྱེ་བར་རྟག་ཏུ་སྣང་ཡང་རྨོངས་པས་དབྱེ་བ་མ་ཕྱེད་ཅིང༌། ཀུན་རྫོབ་ཀྱི་འཁོར་བ་དེའི་གནས་ཚུལ་མྱང་འདས་སུ་གནས་ཀྱང་རྣམ་དབྱེ་མ་ཕྱེད། ཅུང་ཟད་ཕྱེད་པ་དག་ཀྱང་ཕྱི་རོལ་པ་ལྟར་གཉེན་པོ་ལོགས་ནས་ཚོལ། ལོགས་ནས་ཚོལ་མི་དགོས་པའི་གོ་བ་ཆགས་པ་དག་ཀྱང་གཉེན་པོ་དེ་ལམ་དུ་མ་བྱས་པས་སྤང་བྱ་སྤོང་མ་ནུས། ཕལ་ཆེར་སྤང་བྱ་ཉིད་ལམ་དུ་བྱས་པས་གཉེན་པོ་མྱང་འདས་སྤང་བྱ་འཁོར་བའི་གཞན་དབང་དུ་ཐལ། དེ་ལྟར་ཐལ་ཡང་གཉེན་པོ་ལ་གནོད་པ་ནི་ཡེ་ནས་བྱེད་མ་ནུས། དེའི་ཤེས་བྱེད་ཀྱང་སྤང་བྱ་རང་གི་ངོ་བོ་གནས་ཚུལ་ལ་གཉེན་པོར་གནས་པའི་དབང་གིས་ཡིན། དེ་ལ་དགོངས་ནས་འཁོར་བའི་ཆོས་ཉི་ཤུ་རྩ་བཞི་པོ་རང་གི་ངོ་བོ་གནས་ཚུལ་ལ་གསལ་སྟོང་ཟུང་འཇུག་ཏུ་གནས་པར་བཤད་པ་ཡིན། གནས་པ་དེ་ནམ་ཞིག་ལམ་དུ་བྱས་པ་ན། ཇི་སྐད་དུ། ནད་གདོན་མ་ལུས་ཚར་གཅད་བྱེད་པར་འགྱུར། །ཞེས་གསུངས་པ་དེ་འཁོར་བའི་ཆོས་ཉི་ཤུ་རྩ་བཞི་པོ་ཀུན་ལ་སྦྱོར་རྒྱུ་ཡིན་ལ། དེ་བཞིན་དུ་ལམ་རིམ་པ་གཉིས་སོགས་གོམས་པར་བྱས་པ་ལས་ཉམས་ཀྱི་སྣང་བ་འཁོར་འདས་གང་དུ་ཤར་ཡང་སྒྲུབ་པ་པོ་རང་གི་ཤེས་རྒྱུད་ཀྱི་ཚོགས་པ་ལས་གཞན་པ་མེད། དེའི་ཚེ་ན་ཟག་བཅས་ཀྱི་ཆར་སྣང་བ་རྣམས་ནི་གློ་བུར་གྱི་དྲི་མ་དང༌། མ་དག་པའི་བཟུང་རྣམ་དུ་སོང་བས་སྤང་བྱར་འཇོག དེ་རང་གི་ངོ་བོ་གསལ་རིག་ལ་ཡང་བདེན་པ་གཉིས་ལས་དོན་དམ་བདེན་པ་ནི་འཛིན་རྣམ་དུ་སོང་བས་གཉེན་པོ་ཁོ་ནར་ངེས་པ་དང༌། ཟག་མེད་ལམ་གྱི་སྣང་བ་གང་ཤར་ལ་ནི་ཕྱིར་བལྟ་དྲི་མའི་ཆ་མི་སྲིད་པས་ན་དུས་ཐམས་ཅད་དུ་རང་གི་ངོ་བོ་ཡེ་ཤེས་ཉིད་དོ། །ཡུལ་ཅན་ཉམས་ཀྱི་སྣང་བའི་ངོས་འཛིན་ཡང་རྣམ་ཤེས་དང་སྤེལ་མར་འབྱུང་སྲིད་ཀྱང༌། ཡེ་ཤེས་ཉིད་ལ་བཞག་དགོས་ཏེ། གཞན་དུ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དང༌། མ་དག་པའི་སྣང་བ་ཉིད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འཁོར་འདས་ཀུན་གྱི་གནས་ཚུལ་གསལ་སྟོང་ཟུང་འཇུག་ཁོ་ན་ལས་གཞན་དུ་མི་གནས་པ་ཞིག་ཡིན། ཐོས་བསམ་དང་ཉམས་ལེན་གྱི་རིམ་པས་ལམ་ལ་སློབ་པའི་ཚེ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་ཞེས་དང༌། ཉམས་སུ་ལེན་པའི་གནད་གསུམ། ཞེས་སོ་སོར་ཕྱེ་བའི་དགོངས་པ་དང་དགོས་པ་ཅི་ཞེ་ན། དཔེར་ན་ཤེས་བྱ་མཐའ་དག་ནི་གནས་ཚུལ་བདེན་གཉིས་ཟུང་དུ་འཇུག་པ་ཁོ་ནར་གནས་མོད། ཐོག་མ་ཉིད་དུ་སོ་སོར་ངོས་འཛིན་དགོས་པ་ཡིན་ཏེ། དེར་མ་བཟུང་ན་ཟུང་འཇུག་ངོ་མི་ཤེས་ཤིང་དེ་ལ་མཉམ་པར་འཇོག་ཀྱང་མི་ནུས་པའི་ཕྱིར། ཇི་ལྟར་ཞེ་ན་ཟུང་དུ་འཇུག་པའི་གོ་བ་ནི་གཉིས་སུ་མེད་པ་སྟེ། དོན་དམ་པ་གཅིག་པུ་དང་དེ་ལ་མཉམ་པར་འཇོག་པའོ། །དེ་ལ་ནི་ཐོག་མར་སོ་སོ་བ་ངོས་འཛིན་དགོས་ཏེ། ཀུན་རྫོབ་འཁྲུལ་པར་ཐག་མ་བཅད་ན་དོན་དམ་གནས་ཚུལ་དུ་ངོ་མི་ཤེས་པའི་ཕྱིར། དེ་བཞིན་དུ་འཁོར་བ་པའི་རྣམ་ཤེས་ལ་མ་དག་པའི་སྣང་ཚུལ་སྣ་ཚོགས་ཤར་བ་དེའི་ཚེ་གཟུང་བ་དང་འཛིན་པ་གཉིས་སུ་སྣང་ཙམ་དེ་ལ་ནི་གསལ་བ་ཞེས་བྱ། ཇི་ལྟར་སྣང་བ་བཞིན་ཡུལ་དང་ཡུལ་ཅན་དུ་མ་གྲུབ་པ་དེ་ལ་ནི་སྟོང་པ་ཞེས་བྱ། ཡུལ་འཁྲུལ་སྣང་དང་ཡུལ་ཅན་འཁྲུལ་པ་གཉིས་ཀྱིས་སྟོང་ཡང་གསལ་རིག་ཙམ་གཅིག་པུ་ཤུལ་དུ་ལུས་པ་དེ་ལ་ནི་ཟུང་དུ་འཇུག་པ་ཞེས་བྱ་སྟེ། གསལ་སྟོང་གཉིས་དངོས་པོ་ལ་ཐ་དད་དུ་གནས་པ་ལྟ་ཅི་སྨོས། རྟོག་པས་ཀྱང་དབྱེ་བར་མི་ནུས་ཏེ། དེའི་ཡུལ་ལས་འདས་པའི་ཕྱིར། དེ་བས་ན་ཟུང་འཇུག་གི་ཚེ་ན་གཉིས་པོ་ཟུང་འབྲེལ་དུ་འཆད་པ་མ་ཡིན། ཡུལ་དང་ཡུལ་ཅན་དུ་འཇོག་པ་ཡང་མ་ཡིན། སྟོང་ཉིད་ཀྱི་ངོས་འཛིན་རང་སྟོང་དང་མེད་དགག་གི་ཆ་ནས་ངོས་འཛིན་པ་ཡང་མ་ཡིན། གསལ་བའི་ངོས་འཛིན་ཡང་ཁ་ཕྱིར་ལྟ་རྣམ་ཤེས་ཀྱི་ངོ་ནས་ཀྱང་མ་ཡིན། གསར་བྱུང་ལམ་དུས་ཀྱི་ཡེ་ཤེས་ཀྱང་མ་ཡིན། གཞི་གདོད་མའི་ཡེ་ཤེས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དངོས་པོར་གནས་པ་དེ་ཉིད་དོ། །ཞེས་བྱ་བ་ནི་བསྒྲུབ་བྱ་འགྲུབ་པའི་དགོས་པ་ཡིན་ལ། གསུམ་དུ་ཕྱེ་བས་དགག་བྱ་ཁེགས་པའི་དགོས་པ་ནི། རྒྱུ་ལམ་གང་རུང་གི་དུས་སུ་དབང་བསྐུར་བ་ལ་ཟུང་འཇུག་གི་ཡེ་ཤེས་ཐ་ན་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་དུ་སྐྱེས་པ་དེ་ཐོས་བསམ་གྱི་རིགས་པས་ཟུང་འཇུག་ཉིད་དུ་བརྡ་སྤྲོད་དགོས་པ་ཡིན་ཏེ། མ་སྤྲད་ན་ཟུང་འཇུག་གི་ངོ་བོ་ལ་གང་ཟག་དང་ཆོས་སུ་རྨོངས་པ་སྐྱེ་སྲིད་པའི་ཕྱིར། རྨོངས་པ་དེ་ལའང་གང་ཟག་དང་ཆོས་སོ་སོའི་དབང་དུ་བྱས་པའི་གཟུང་འཛིན་དུ་ཞེན་པ་གཉིས་ལས། སྣང་ཚད་སེམས་སུ་ཐག་བཅད་པས་ནི་གཟུང་བར་ཞེན་པ་དང༌། སེམས་སྒྱུ་མར་ཐག་བཅད་པས་ནི་འཛིན་པར་ཞེན་པ་ཁེགས་ལ། བརྗོད་བྲལ་དུ་ཐག་བཅད་པས་ནི་དབང་གི་ཉམས་སུ་མྱོང་བྱ་གང་ཡིན་པ་དེ་ངོས་བཟུང་བའོ། །དེ་དག་གིས་ནི་ཤེས་བྱེད་དཔེའི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཆོས་གསུམ་ངོས་ཟིན་པར་གྲུབ་མོད། སྐབས་འདིར་འདུས་བྱས་ཐམས་ཅད་རྟེན་འབྲེལ་དུ་བསྒྲུབ་པ་གཅིག་གསུངས་མོད། དེ་ནི་སྤྱི་ཙམ་ནས་སྤྲོས་པ་བཅད་པའི་ཕྱིར་གསུངས་ལ། དེའི་སྐབས་ཀྱི་ལྟ་བ་ལ་དུག་ཅན་དུ་བཤད་པ་ཞིག་ཡོད་པ་དེ་རིགས་ཚོགས་ཀྱི་དངོས་བསྟན་ལས་བྱུང་བའི་མེད་པར་དགག་པའི་ཆ་ཉིད་ལ་དགོངས་ཏེ། དེ་ནས་བཤད་པའི་རྟེན་འབྲེལ་ནི་གང་དག་ཅིར་ཡང་མ་གྲུབ་པའི་ཤེས་བྱེད་དུ་འགྲོ་བ་ཡིན་ལ། འདིར་རྟེན་ནས་སྐྱེས་པ་ཉིད་དུ་བསྒྲུབ་པ་ནི་སྔ་མ་དང་འདྲ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཀུན་རྫོབ་ཀྱི་ལུས་ལ་དབང་བཞི་བསྐུར་ནས་གནད་དུ་བསྣུན་པ་མེད་པར་ནི་དོན་དམ་པའི་ལུས་མངོན་སུམ་དུ་མི་མཐོང་བས། ཐོག་མར་ཀུན་རྫོབ་ཀྱི་ལུས་ལ་དབང་གི་རྟེན་འབྲེལ་སྒྲིག་དགོས་ལ། བསྒྲིགས་པ་དེ་ཉམས་སུ་མྱོང་བ་པོ་ནི་དོན་དམ་པའི་ལུས་ཉིད་ཀྱི་ཡིན་ཞིང༌། དེ་ལྟར་གོམས་པས་ཀུན་རྫོབ་པའི་ལུས་འགགས་ཤིང་སྤངས་པར་གྱུར་པ་དེ་ལ་ནི་ལུས་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་བ་ཡིན་ནོ། །དྲི་བ་ཕྱི་མའི་ལན་ལ་གཉིས་ཏེ། བདེ་ཆེན་གྱི་སྒྲིབ་པ་ཉིད་གང་ཡིན་པ་དང༌། དེ་འདྲ་དེ་དུས་ནམ་གྱི་ཚེ་ཇི་ལྟར་འགགས་པའོ། །དང་པོ་ལ་གཉིས་ཏེ། སྒྲིབ་བྱ་བདེ་ཆེན་ཉིད་གང་ཡིན་པ་དང༌། དེ་སྒྲིབ་བྱེད་ཀྱི་དྲི་མ་གང་ཡིན་པའོ། །དང་པོ་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །བདེ་བ་གང་ཕྱིར་མི་ཤེས་པ། །སངས་རྒྱས་རང་བཞིན་བདེ་བ་ཅན། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟ་མོད་ཀྱི་ཆེན་པོའི་མིང་ནི་ལམ་གྱི་མངོན་དུ་བྱས་པ་དེ་ནས་སོ། །ཇི་ལྟར་མངོན་དུ་བྱེད་ན། ཚོགས་ལམ་དུ་དབང་གིས་སྨིན་པ་དང་ཤེས་བྱའི་གནས་ལ་མཁས་པར་བྱས་ནས་སྦྱོར་བའི་ལམ་དུ་བསྒྲུབ་པ་ལ་ཞུགས་ཏེ་རིམ་པ་གཉིས་ལ་གོམས་པར་བྱས་པས་འདས་ལམ་གྱི་ཐོག་མ་མངོན་དུ་གྱུར་པ་དེ་ནས་ཆེན་པོ་ཞེས་འཇོག་པ་ནི་གཞིའི་དུས་ལ་ལྟོས་ནས་སོ། །གཞི་དུས་ཡིན་ཀྱང་ལྷན་ཅིག་སྐྱེས་པའི་ངོ་བོ་ནི་ཟག་བཅས་སུ་སོང་བ་མི་སྲིད་པས། དེ་དང་བཅས་མ་བཅས་ཀྱི་སྒོ་ནས་ཆེ་ཆུང་དུ་འཇོག་པ་ནི་མི་བཞེད་དོ། །གཉིས་པ་ལ་གཉིས་ལས་སྒྲིབ་པ་རང་གི་ངོ་བོ་ནི་གསུང་རབ་སྤྱི་ལས་སྒྲིབ་པ་གཉིས་སུ་མ་འདུས་པ་མི་འཆད་ལ། དེ་གང་ན་ཡོད་པའི་གནས་ནི་སྤྱིར་ཆོས་དབྱིངས་ཡེ་ཤེས་ལ་དངོས་པོ་ཐ་དད་པ་འབྲལ་རུང་གི་ཚུལ་གྱིས་དང༌། ཁྱད་པར་རྣམ་ཤེས་ལ་དངོས་པོ་གཅིག་པ་འབྲལ་མི་རུང་གི་ཚུལ་གྱིས་གནས་བྱེད་ལས་ནི་སྤྱིར་བདེ་ཆེན་ལ་སྒྲིབ་པར་མ་ཟད་ཁྱད་པར་རང་རང་གི་གནས་ཚུལ་ལ་སྒྲིབ་པར་བྱེད། དབྱེ་བ་ནི་ཉོན་མོངས་པ་ལྔ་དང༌། དེས་ཀུན་ནས་བསླང་བའི་ལས་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། ཉོན་སྒྲིབ་ཀྱི་དབང་དུ་བྱས་པ་མཐའ་དག་དང༌། ཤེས་སྒྲིབ་ཀྱི་དབང་དུ་བྱས་པ་མཐའ་དག་ལས་མངོན་དུ་གྱུར་པ་དང༌། བག་ལ་ཉལ་དང༌། དེ་དག་གི་ས་བོན་དང༌། སྒྲིབ་པ་གཉིས་ཀའི་བག་ཆགས་ཤིན་ཏུ་ཕྲ་བ་རྣམས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དུས་ནམ་ཡང་སྤྱིར་ཀུན་རྫོབ་ཀྱི་ཆོས་གང་གི་ངོར་སྐྱེས་པ་མི་སྲིད་ན་སྒྲིབ་པ་དེ་དག་གི་ངོར་སྐྱེ་སྲིད་པ་ལྟ་ཅི་སྨོས། དེ་ལྟ་ན་ཡང་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་འགྱུར་བ་སྒྲིབ་བྱེད་མཐའ་དག་སྤངས་པ་ལ་རགས་ལས་པ་ནི་མ་ཡིན་ཏེ། མཐོང་བསྒོམ་གྱི་ལམ་སོ་སོའི་སྐབས་བཞིན་ནོ། །གཉིས་པ་རྣམ་གྲངས་གཞན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པ་དག་ལས། མྱང་འདས་ཀྱི་དངོས་པོ་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་གཙོ་བོ་ནི། འཁོར་བ་མཐའ་དག་གི་རྩ་བར་གྱུར་པའི་མ་རིག་པའོ། །དེའི་ངོས་འཛིན་ནི་ཁམས་ཀུན་ད་ལྟ་བུ་འཕོ་བའི་བག་ཆགས་སོ། །ཁམས་གསུམ་ཀའི་སེམས་ཅན་བསྡུ་བའི་ཕྱིར་དུ་བག་ཆགས་ཞེས་སྨོས་ཀྱི། མངོན་དུ་གྱུར་པ་དག་དེའི་སྒྲིབ་པར་མི་བཞེད་པ་ནི་མ་ཡིན་པ་དང༌། བག་ཆགས་དེ་ཡང་འཁོར་བ་ཐོགས་མེད་ཀྱི་སྒྲིབ་པ་ཡིན་པས་ན་ཀུན་སློང་ཉོན་མོངས་པ་མཚན་ཉིད་པས་ཀུན་ནས་བསླང་བའི་བག་ཆགས་སོ། །ཁམས་འཕོ་བ་མཐར་ཐུག་པའི་ཚེ་ན་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་འགྱུར་བར་བཤད་མོད། དེ་ཙམ་གྱིས་ཁམས་འཕོས་པ་དེ་བདེ་ཆེན་ལ་སྒྲིབ་བྱེད་མ་ཡིན་པར་མི་འགྲུབ་ཏེ། དཔེར་ན་ཞུ་བདེ་ལྷན་སྐྱེས་ངོས་འཛིན་པའི་ཚེ། ཐབས་ཞུ་བདེ་ནི་ཟག་བཅས་ལུས་ཀྱི་ཚོར་བ་དང༌། ལྷན་སྐྱེས་ནི་ཟག་མེད་ཀྱི་ཡེ་ཤེས་ལ་ངོས་འཛིན་པ་བཞིན་ནོ། །དེ་ལྟར་བཞེད་པ་དེའི་ཚེ་སྒྲིབ་བྱེད་ཀྱི་དྲི་མ་ནི་རྒྱ་ཆུང་ཤོས་གཅིག་ལ་ངོས་གཟུང་བྱུང་བས་ན། དེའི་སྒྲིབ་བྱ་བདེ་ཆེན་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཙམ་ལ་མི་འཛིན་པར། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མཐར་ཐུག་པ་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་སྤངས་པའི་གནས་སྐབས་དེ་ཉིད་ལ་བཞེད་དོ། །གཞུང་འདི་ནས་འབྱུང་བ་དང༌། སེམས་འགྲེལ་ནས་འབྱུང་བ་ས་བཅུ་གཉིས་དང་བཅུ་གསུམ་གྱི་བཤད་པ་ཙམ་མ་གཏོགས། ཕུགས་དོན་ཕལ་ཆེར་གཅིག་པ་ཡིན་ཏེ། འདིར་ཡང་ཟག་བཅས་ཀྱི་དཀྱིལ་འཁོར་རྣམ་བཞི་དབུ་མ་མཆོག་ཏུ་ཐིམ་པའི་སྐབས་དེར་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་མཐར་ཐུག་པར་བཤད་པའི་ཕྱིར། དེ་སྐད་དུ། བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས། ཞེས་གསུངས་སོ། །གཞན་སྐབས་འདིར་མཚན་ཉིད་ཐེག་པར་མ་གྲགས་པའི་སྤང་བྱ་འཕོ་བའི་བག་ཆགས་དང༌། གཉེན་པོ་མི་འགྱུར་བའི་བདེ་བ་སྤང་གཉེན་དུ་སྦྱོར་དགོས་པ་ནི་ཐེག་པ་མཆོག་གི་ཁྱད་པར་འཕགས་ཆོས་ཏེ། དེའི་ཕྱིར་ས་གཉིས་སྔགས་སུ་བསྣན་པ་ཡིན་ནོ། །ཞེས་འཆད་པ་དེ་ཡང་གཞུང་འདིར་མི་འགྲིགས་པ་མིན་ཏེ། དབང་གསུམ་པས་གཉིས་པོ་མཐར་ཕྱིན་པར་བྱེད་དགོས་པར་མཐུན་པའི་ཕྱིར་དང༌། དབང་བཞི་པའི་ས་ཕྱེད་ནི་སློབ་ལམ་དུ་འཆད་ཀྱང༌། མཐར་ཕྱིན་པའི་ལམ་ཞེས་མིང་འདོགས་ཀྱི། འདིར་ནི་སྤང་བྱ་ལས་ཀྱི་རླུང་མ་ལུས་པ་ས་བཅུ་གཉིས་པར་འགགས་ཀྱང་དེ་ལས་བྱུང་བའི་མཆོག་གི་དངོས་གྲུབ་མཐར་ཐུག་པ་མངོན་དུ་བྱེད་པ་ནི་དབང་བཞི་པའི་ས་ཕྱེད་ལ་རག་ལས་པར་འཆད་པས་སོ། །གལ་ཏེ་ཕར་ཕྱིན་ཐེག་པར་འཁོར་བ་ཐོག་མེད་ཀྱི་ཉོན་མོངས་འདོད་ཆགས་ཀྱིས་བཞག་པའི་ཁམས་འཕོ་བའི་བག་ཆགས་དེ་སྤང་བྱར་མི་འཆད་པ་ཅི་ཞེ་ན། སྤྱི་ཙམ་ནས་དེར་མི་འཆད་པ་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་ས་ཞེས་པ་ཤེས་སྒྲིབ་ཏུ་བཤད་ནས། དེའི་དབང་གིས་འཁོར་བ་མཚམས་སྦྱོར་བ་ཤིན་ཏུ་ཡང་སྤོང་དགོས་པའི་ཕྱིར། སྤོང་བྱེད་ཀྱི་གཉེན་པོ་མེད་པ་མ་ཡིན་ཏེ། ཕར་ཕྱིན་ཐེག་པའི་ས་བཅུ་སྔོན་སོང་གི་རྒྱུན་མཐའི་བར་ཆད་མེད་ལམ་དེས་སྤོང་མི་ནུས་པའི་གནས་ངན་ལེན་ནི་འགའ་ཡང་མི་སྲིད་པའི་ཕྱིར་རོ། །སྤོང་དགོས་པ་ཡང་ཡིན་ཏེ། ཚེ་དེ་ཉིད་ལ་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱེད་ངེས་པའི་ཕྱིར། སྐྱེ་བ་གཅིག་གིས་ཐོགས་པའི་ས་མན་ཆད་དུ་ནི་ཕར་ཕྱིན་པས་འདི་སྤང་བྱར་མི་འཆད་དེ། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཚེ་དེ་ལ་མི་སྤོང་བའི་ཤེས་བྱེད་དང་མཚུངས་པའི་ཕྱིར། གསང་སྔགས་པས་ནི་ཤེས་རབ་དང་བརྩོན་འགྲུས་ཀྱིས་སྤོང་མི་ནུས་ན་ཕར་ཞོག ཚོགས་སྦྱོར་བ་འདི་ངེས་པར་སྤོང་བའི་ལམ་དུ་འཇུག་དགོས་པ་ཡིན་ཏེ། ཚེ་དེ་ཉིད་ལ་ས་བཅུ་གསུམ་པ་དོན་དུ་གཉེར་བའི་ཕྱིར་དང༌། དེ་མ་སྤངས་པར་ཡང་དེ་མི་ཐོབ་པའི་ཕྱིར་དང༌། ཆོས་འདི་པ་ལྟར་ན་ནི་འདིར་ཞུགས་པའི་སྦྱོར་ལམ་པ་ཡན་ཆད་ཀྱིས་ཚེ་དེ་ལ་བཅུ་གསུམ་པ་མི་བསྙོགས་པར་མཐོང་ན་གཞན་དོན་ཡིན་ཡང་སྲིད་པར་སྐྱེ་བ་ནི་ཐབས་དུ་མས་འགོག་དགོས་པར་འཆད་པའི་ཕྱིར། འོ་ན་སྔགས་ལམ་དུ་སྤང་བྱ་གང་སྤོང་བ་ཐམས་ཅད་གཉེན་པོ་བདེ་སྟོང་ཟུང་འཇུག་གི་བར་ཆད་མེད་ལམ་ཐོག་མར་མངོན་དུ་བྱས་ནས། དེས་ངོས་སྐལ་གྱི་སྤང་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཞིག་ངེས་པར་དགོས་སམ་ཞེ་ན། ཁོ་བོ་ཅག་ནི་གཞུང་འདིར་འཁོར་ལོ་བསྐོར་བའི་ལམ་གྱི་བྱེད་པས་ཅི་ནས་དེ་ལྟར་དགོས་པ་ཉིད་དུ་འཆད་ལ། གཞན་དག་ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་པ་ཕྲག་བཅུ་གཉིས་འགོག་པ་དང་འགགས་པ་ལས་གཞན་པའི་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་འདི་ལྟ་བུ་ཞེས་མི་འཆད་པ་དེ་དག་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་ཁོ་ནའོ། །གལ་ཏེ་ལས་རླུང་འགོག་པ་ཉིད་བག་ཆགས་དེའི་གཉེན་པོར་ཁས་ལེན་པ་དེའི་ཚེ། ལས་ཀྱི་རླུང་དེ་ཉིད་འགོག་པར་བྱེད་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ལྟ་བུ་ཞིག་སྔོན་དུ་འགྲོ་དགོས་པར་ཁས་ལེན་ནམ། མ་ཡིན་ཞེ་ན། ཕྱི་རོལ་པས་འདོད་པའི་ཐར་པའི་ལམ་དུ་ལས་རླུང་མ་ལུས་པ་འགགས་པ་དེ་ཙམ་གྱིས་ཆོག་པ་དང༌། དེའི་ཚེ་འཇའ་ཚོན་ལྟ་བུའི་ལུས་མངོན་དུ་བྱས་པར་འདོད་མོད། འདི་ནི་སྔ་མ་ལྟར་ཡིན་ཏེ། ལས་རླུང་དེ་ལྟར་འགགས་པ་གྲུབ་མཐའ་སྙོགས་པའི་རྟགས་སུ་འཆད་པའི་ཕྱིར། ཡང་གཞན་དག་ཡུལ་ཅན་བདེ་བ་ཆེན་པོས་ཡུལ་ཐལ་འགྱུར་གྱི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་གོམས་པར་བྱེད་པ་ནི། སྔགས་བླ་མེད་ཀྱི་ཁྱད་པར་འཕགས་ཆོས་སོ། །ཞེས་འཆད་པ་དེའི་རྗེས་སུ་འབྲང་པར་མི་བྱ་སྟེ། དེ་ལྟར་འཆད་པ་དེ་ནི་ལུགས་འདི་ལ་ཤིན་ཏུ་སྡང་བ་དག་གི་བློས་ཀུན་ནས་བསླང་བའི་ཕྱིར་དང༌། དོན་དམ་བློའི་སྤྱོད་ཡུལ་མ་ཡིན་པ་བློ་ཡུལ་དུ་མ་ཤོང་བས་མདོ་སྔགས་ཀུན་གྱི་ལུགས་ལས་བརྒལ་བའི་ཕྱིར། འོན་ཀྱང་རང་ལུགས་འཆད་པའི་ངོ་བོ་ཉིད་མེད་པར་སྨྲ་བས། ཇི་སྐད་དུ། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་པ་ལྟར་འཆད་ཤེས་ན་དང༌། འཁོར་ལོ་གསུམ་པ་ནས་འབྱུང་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་རང་ཉམས་སུ་མྱོང་བའི་འཛིན་རྣམ་གྱི་འཇུག་ཡུལ་དུ་འཆད་ཤེས་ན་འགལ་བ་མེད་ཙམ་མོ། །གཉིས་པ་ལ་སྒྲིབ་པ་དེ་གང་གི་ཚེ་འགགས་ན་ས་དང་པོ་ནས་ཕྱེད་དང་བཅུ་གསུམ་པ་མངོན་དུ་བྱས་པའི་ཚེའོ། །གནས་གང་དུ་ན་སྒྲུབ་པ་པོ་རང་གི་ཀུན་རྫོབ་ཀྱི་ལུས་གང་དུ་གནས་པ་དེ་ཉིད་དུའོ། །ཇི་ལྟར་དུ་ན་རྩ་གཙོ་མོ་གསུམ་ལྟེ་བ་མན་ཆད་དུ་འཁོར་བའི་རྩ་བཞིའི་ཚུལ་དུ་གནས་པ་དང༌། ལྟེ་བ་ཡན་ཆད་ནས་སྤྱི་གཙུག་གི་བར་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་མཚམས་སུ་དཀྲིས་པའམ་བཅེར་བའི་ཚུལ་གྱིས་མདུད་པ་སོ་གཉིས་སུ་བྱས་ནས་ཡོད་པ་དེ། དཀྱིལ་འཁོར་རྣམ་པ་བཞི་དབུ་མར་འཇུག་པའི་གེགས་སུ་གྱུར་པས་ན་མདུད་པ་དེ་དག་རང་རང་གི་གཉེན་པོར་གྱུར་པའི་ཐབས་ལམ་གྱིས་འགྲོལ་དགོས་པའོ། །ལམ་གང་གིས་ཇི་ལྟར་ཞེ་ན། སྦྱོར་ལམ་དུ་བུམ་དབང་གི་རྟོགས་པ་ཉམས་སུ་མྱོང་བའི་བྱེད་པས་ས་དང་པོར་མདུད་པ་གཅིག་གྲོལ་བ་དང༌། དེ་བཞིན་དུ་ས་གཉིས་པ་ནས་དྲུག་པའི་བར་ལ་བུམ་དབང་ཉམས་སུ་མྱོང་བའི་བྱེད་པས་ས་རེ་རེ་ཞིང་མདུད་པ་གསུམ་གསུམ་གྲོལ་བས་ན་བུམ་དབང་གི་བྱེད་པས་མདུད་པ་བཅུ་དྲུག་གྲོལ། དེ་ནས་གསང་དབང་ཉམས་ལེན་གྱི་འབྲས་བུ་ས་བདུན་པ་ནས་བཅུ་པའི་བར་ལ་ས་རེ་རེ་ཞིང་མདུད་པ་གསུམ་གསུམ་གྲོལ་བས་ཉི་ཤུ་རྩ་བརྒྱད་དང༌། ས་བཅུ་གཅིག་པར་དབང་གསུམ་པའི་བྱེད་ལས་ཀྱི་མདུད་པ་གསུམ་གྲོལ་བས་སོ་གཅིག ས་བཅུ་གཉིས་པར་དབང་གསུམ་པའི་བྱེད་ལས་མདུད་པ་ལྷག་མ་གཅིག་པུ་དེ་གྲོལ་བས་སོ་གཉིས་ཏེ། དེའི་ཚེ་ན་གཞི་དུས་ཀྱི་ལས་རླུང་ལྔ་གོང་དེར་འཁོར་བའི་རྩ་རྣམས་ཁོ་ནར་འཇུག་ལྡོག་བྱེད་པ་ལ་རྣལ་འབྱོར་པ་རང་ཉིད་བཞེད་ན་དབུ་མའི་ལམ་སྤྱི་གཙུག་གི་བར་དུ་འཇུག་པ་ལ་ཐག་ཐོགས་མེད་དོ། །དེའི་དོན་གྱིས་འཁོར་བའི་རྩ་རྣམས་སུ་འཁྱམ་པའི་རྣམ་པར་ཤེས་པ་ཡང་དབུ་མའི་ལམ་དུ་འཇུག་ཐུབ་པ་དང༌། དེའི་དོན་གྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་བའི་རྩ་དག་ཏུ་རང་ཤུགས་ཀྱིས་འདྲེན་བྱེད་མེད་པས་དབུ་མར་ཐིམ་པ་ཉིད་དུ་འཇོག་པ་དང༌། དེའི་དུས་སུ་དབུ་མར་ཞུགས་པའི་རླུང་དང་ཤེས་པས་ནི་སྙིང་པོ་ཡེ་ཤེས་རླུང༌། ཞེས་བསྡུས་ཏེ་དཀྱིལ་འཁོར་གཅིག་ཏུ་བགྲང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་དཀྱིལ་འཁོར་གཉིས་ནི་དབུ་མ་ཉིད་དུ་བསྟན་པར་འདོད་ན་བརྟན་པས་ཆོག་ཅིང༌། དེ་ཙམ་གྱིས་འཇའ་ལུས་གྲུབ་པ་ཞེས་ཀྱང་ཟེར་མོད། ཆོས་ལུགས་འདི་ལྟར་ན་ལུས་རྩའི་དང༌། རྩ་ཡི་གེའི་དཀྱིལ་འཁོར་གཉིས་ནི་གཟུང་བ་དང་འཛིན་པའི་རྩ་གཉིས་ཀྱི་ངོ་བོར་གྱུར་པ་དབུ་མའི་མར་སྣ་དེར་རང་རང་གི་རྩེ་མོ་ཚུད་ཙམ་དུ་གཞི་དུས་ཉིད་ནས་ཡོད་པ་དེ་དབུ་མའི་ལམ་དུ་ཐག་ཐོགས་མེད་པར་འཇུག་པ་ནི་དབང་བཞི་པའི་ལམ་གྱི་བྱེད་པ་ལས་བྱུང་བའི་ས་ཕྱེད་པོ་དེའི་ངོས་འཛིན་ཡིན་ལ། ཞུགས་ཟིན་བརྟན་པར་གྱུར་པ་ནི་འབྲས་བུའི་ས་ཉིད་དོ། །དེ་དག་གི་དོན་ནི་ས་བཅུ་གཉིས་པར་ལས་རླུང་གི་འགྲོས་མཐའ་དག་འགགས་ཟིན་པའི་རྗེས་སུ་རྩ་གཙོ་མོ་གསུམ་སྤྱི་གཙུག་ནས་གཙུག་ཏོར་གྱི་ངོ་བོར་གྱེན་དུ་འཕགས་པར་ཡོད་པ་ནི་རྣལ་འབྱོར་དབང་ཕྱུག་གི་བཞེད་པའོ། །ས་ཐོག་མཐའ་གཉིས་ཀྱི་ཚེ་མདུད་པ་རེ་རེ་གྲོལ་བས་རླུང་འཕོ་ཆེན་རེ་རེ་འགགས་པ་དང༌། ས་བར་པ་བཅུའི་དུས་སུ་རྩ་མདུད་གསུམ་གསུམ་གྲོལ་བས་འཕོ་ཆེན་རེ་རེ་འགོག་པར་བཞེད་པ་དང༌། ཕྱི་ནང་དུ་འགགས་པའི་ཚད་སོར་མོའི་གྲངས་ཀྱིས་འཇལ་བ་ནི་དབུ་མར་རྒྱུས་པའི་གྲངས་ཇི་ཙམ་ཞིག་ཡོད་པ་དེ་ལས་རླུང་གི་རྒྱུ་བའི་གྲངས་ལས་ཕྲི་བ་ཡིན་ལ། དེ་ཡང་འཕོ་ཆེན་ཀུན་གྱི་སྟེང་ནས་ཡིན་གྱི་རེ་རེའི་སྟེང་ནས་ཡིན་པར་མི་བཞེད་དོ། །གལ་ཏེ་དབང་བཞི་པོ་རེ་རེའི་ལམ་གྱི་ས་རྣམས་རིམ་པར་མངོན་དུ་བྱེད་དགོས་པར་འཆད་པ་དང༌། གྲུབ་མཐའ་མ་སྙོགས་ན་དབང་བཞི་པོ་རེ་རེའི་ལམ་དུ་འདའ་ཁ་མ་འདི་དང་འདི་ཞེས་འཆད་པ་ནི་ཇི་ལྟ་བུ་ཞིག་སྟེ། ས་ཐོབ་ནས་གྲུབ་མཐའ་མ་སྙོགས་པ་མི་སྲིད་སྙམ་དུ་དོགས་པར་མི་བྱ་བ་ལ་གཉིས་ལས། སྤྱིར་བཤད་པ་ནི་དྲོད་ཆེན་པོ་ཐོབ་པའི་སྔགས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་འབྲས་བུ་ལ་མཚམས་སྦྱོར། ཞེས་ཀུན་གྱིས་འདོན་པ་དེའི་ཚེ་ས་རྣམས་ལ་རིམ་གྱིས་ཉེ་རྒྱུས་མཚམས་སྦྱར་ནས་བགྲོད་དགོས་པ་ཡིན་གྱི། དྲོད་ཆེན་ནས་སངས་རྒྱས་ཀྱི་སར་ཐོད་རྒལ་དུ་ཞུགས་ཆོག་པ་ནི་མ་ཡིན་ཏེ། གནས་དང་ཉེ་བའི་གནས་སོགས་ཀྱི་གོ་རིམ་དང་རྣམ་གཞག་མང་པོ་པ་རྣམས་ཁོང་དུ་ཆུད་དགོས་པའི་ཕྱིར། གཉིས་པ་གཞུང་འདི་ལ་སྦྱར་བ་ནི། གསང་དབང་ཉམས་ལེན་གྱི་ཐོག་མ་ས་བདུན་པ་ནས་འཛུགས་པར་འཆད་ན། ས་དང་པོ་ལ་མཚམས་སྦྱོར་བའི་ཉེ་རྒྱུ་ནི་གང་ཞིག་ཡིན་ཏེ། གསང་དབང་གི་ལམ་སྔོན་དུ་མ་སོང་བར་དབང་གསུམ་པའི་ལམ་མི་འབྱུང་ཞིང༌། དེ་མེད་ན་གྲུབ་མཐའ་ལ་མཚམས་སྦྱོར་བྱེད་ཀྱི་ཉེ་རྒྱུ་གང་གིས་བྱེད་སྙམ་པའི་དོགས་པ་སེལ་བ་ལ་གཉིས་ལས་གོ་རིམ་ངེས་པ་ནི། རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་བཞི་ཀའི་རྟོགས་པ་སྔོན་སོང་གི་སྦྱོར་ལམ་པ་སྒྲུབ་པ་ལ་ཞུགས་ཟིན་པ་དེས། ཇི་སྲིད་ས་དྲུག་པ་སྔོན་དུ་མ་སོང་བ་དེ་སྲིད་དུ་ས་གོང་མའི་ཡོན་ཏན་བརྒྱ་ཕྲག་བདུན་ལ་སོགས་པ་འཐོབ་ཕྱིར་དུ། སྤྱིར་བསྐྱེད་རིམ་དང༌། བྱེ་བྲག་ནང་གི་བསྐྱེད་རིམ་ལ་གོམས་པ་ལྷུར་ལེན་པ་གཞིར་བྱས་ཀྱི་སྟེང་དུ། ས་དང་པོའི་གྲུབ་མཐའ་སྙོགས་ཕྱིར་དུ་དེའི་ཉེ་རྒྱུ་ངེས་པར་ཉམས་སུ་ལེན་པ་ཡིན་ཏེ། ཇི་སྐད་དུ། སྒོམ་པ་མི་འཆོར་བའི་ཡང་དག་པར་སྤོང་བ་བཞི་ནི་དབང་གསུམ་གྱི་རྗེས་ལ། ཤེས་པ་བསམ་ཤིང་དགེ་སོགས་པདྨ་ཅན་མའི་རྩ་བརྩལ། ཞེས་གསུངས་པས་སོ། །དེ་བཞིན་དུ་ས་དང་པོ་ནས་གཉིས་པའི་ལྟ་བ་སྔོན་དུ་བྱེད་པའི་ཚེ་ཉེ་བའི་རྒྱུས་མཚམས་སྦྱོར་བ་སོགས་རིམ་པར་སྦྱར་ལ། དེའི་ཚེ་ས་དང་པོ་སོགས་འོག་མ་རྣམས་ཀྱིས་ཚེ་དེ་ལ་ས་གོང་མའི་ལྟ་བ་མངོན་དུ་བྱེད་མ་ནུས་ན་འདའ་ཁ་མའི་མན་ངག་མངོན་དུ་བྱེད་དགོས་པ་ཡིན་ཏེ། ཚེ་དེ་ལ་བཅུ་གསུམ་པ་མངོན་དུ་བྱེད་པར་ནི་མ་ནུས་དེ་མ་ནུས་ཀྱང་སྲིད་པར་སྐྱེ་བ་ལེན་པ་དང་བར་དོར་ནི་བུམ་པའི་དབང་གི་ཉམས་ལེན་བསྐྱེད་རིམ་དབྱིབས་ཀྱི་ལམ་ཉིད་ནས་སྦྱོང་དགོས་པར་བཤད་པའི་ཕྱིར། གཉིས་པ་ལ་གཉིས་ལས། ལྟ་གྲུབ་ཀྱི་གྲངས་དང་འགལ་སྤོང་ནི། ས་རེ་རེ་ལས་གྲུབ་མཐའ་སྙོགས་ལུགས་དེ་ལྟར་འཆད་ན། གྲུབ་མཐའ་བཞི་ལས་ལྷག་པ་མི་འཆད་པ་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། གྲུབ་མཐའ་བཞི་ནི་རྒྱུ་དབང་བཞིའི་གྲངས་ངེས་ཀྱི་དབྱེ་བསྡུ་ཡིན་ལ། ས་རེ་རེའི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤོང་བར་བྱེད་པའི་བར་ཆད་མེད་ལམ་རེ་རེ་ཞིང་ཁས་མི་ལེན་པ་ནི་མདོ་སྔགས་གང་གི་ལུགས་ལ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ས་བཅུ་གསུམ་པའི་ཕྱེད་ནི་ཁྱད་པར་གྱི་ལམ་དང་ཡོན་ཏན་མངོན་དུ་བྱེད་པའི་ལམ་ཉིད་ཡིན་པར་གཞུང་ལས་གསལ་ལོ། །ས་བཅུ་གཉིས་པའི་ལམ་གྱིས་མ་སྤངས་པའི་སྤང་བྱ་བཅུ་གསུམ་པས་སྤོང་རྒྱུ་མེད་ན། རྡོ་རྗེ་འཛིན་པའི་སར་མཚམས་སྦྱོར་བྱེད་ཀྱི་ཉོན་མོངས་པའི་བག་ཆགས་ཞིག་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། སྔགས་ཀྱི་ཐུན་མོང་མིན་པའི་ས་བཅུ་གཉིས་ཀྱི་རྟོགས་པ་སྔོན་སོང་ལ་ནི་དེ་ལྟར་དགོས་པ་མ་ཡིན་ཏེ། ཇི་སྐད་དུ། ས་བཅུ་མ་སོགས་ཡིད་ཀྱིས་བཀུག་སྟེ། །བྷ་གར་དངོས་གྲུབ་ལེན་པའི་རྟེན་འབྲེལ་གྱིས། །ཞེས་བཤད་པ་དེ་ཙམ་གྱིས་ཆོག་པའི་ཕྱིར། འོ་ན་ཕར་ཕྱིན་གྱི་རྒྱུན་མཐའ་དང་ཐེག་དམན་དགྲ་བཅོམ་རྡོ་རྗེ་འཛིན་པའི་སར་འཇུག་མི་འཇུག་གི་སྤྲོས་པ་མང་པོས་ཅི་ཞིག་བྱ་ཞེ་ན། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ལྔ་དང་ས་བཅུའི་རྟོགས་པ་སྔོན་དུ་མ་སོང་བར་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་མི་ནུས་པ་ནི་གྲུབ་པའི་མཐའ་སྟེ། དེ་ལ་རྟེན་ནས་ཉན་ཐོས་དགྲ་བཅོམ་དང་རྒྱུན་མཐའ་བས་མངོན་དུ་བྱས་པའི་ཀུན་ཏུ་འོད་པ་དེས་སྤང་བྱ་མ་ལུས་པར་སྤངས་པའི་ཚད་ལ་རྡོ་རྗེ་འཛིན་པ་དང་མཉམ་ཡང་ཡོན་ཏན་གྱི་ཚད་མི་མཉམ་པ་ཞེས་བྱ་བ་འདི་ངེས་པའོ། །དོགས་སྤང་གཉིས་པ་ལ་གཉིས་ལས། དང་པོ་ནི། ས་བཅུ་གཉིས་པོ་དེ་དང་དེར་མཚམས་སྦྱོར་དབང་གོང་མ་ཁོ་ན་ལ་རག་ལས་ན་བུམ་དབང་ས་དྲུག་ལ་སོགས་པའི་རྣམ་གཞག་འཐད་པ་ཅི་ཞེ་ན། དབང་བཞི་པ་སོ་སོའི་ཐུན་མོང་མ་ཡིན་པའི་ལག་རྗེས་འཇོག་ཚུལ་རེ་རེ་ཡོད་པ་ལས་ཏེ། ས་དང་པོ་ཡོན་ཏན་བརྒྱ་ཕྲག་བདུན་ནས་དྲུག་པར་ས་ཡ་ཕྲག་བདུན་མངོན་སུམ་དུ་མཐོང་བ་སོགས་ནི་སྤྱིར་བསྐྱེད་རིམ་དང༌། བྱེ་བྲག་ལུས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་ལས་ཡིན་པ་དང༌། ས་བདུན་པ་ནས་བཅུ་པའི་བར་དུ་ཡོན་ཏན་དེ་དག་དུང་ཕྱུར་སོགས་སུ་མ་ཟད། རྩ་ཡི་གེའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བས་སོ་སོ་ཡང་དག་རིག་པ་བཞི་ལ་དབང་འབྱོར་བ་ནི་གསང་དབང་ལམ་གྱི་ཉམས་ལེན་ཁོ་ན་ལ་རགས་ལས་པ་དང༌། དེ་བཞིན་དུ་སྔགས་ཀྱི་ཐུན་མོང་ཡིན་པའི་སྟོབས་ཀྱི་མིང་ཅན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དྭངས་མའི་དྭངས་མ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དུ་གནས་གྱུར་པ་ནི་དབང་གསུམ་པའི་ཐུན་མོང་མ་ཡིན་པའི་ལག་རྗེས་ལས་སོ། །དོགས་སྤང་གཉིས་པ་ནི། གལ་ཏེ་དབང་བཞིའི་ཉམས་ལེན་མཐར་ཕྱིན་པའི་ལག་རྗེས་སུ་གསང་གནས་དང༌། ལྟེ་སྙིང་དང༌། མགྲིན་སྨིན་དང༌། སྤྱི་གཙུག་དག་སྟེ། གནས་བཞིར་ཐིག་ལེས་བསྟན་པར་གསུངས་པ་དེ། གནས་དེ་དང་དེར་ཀུནྡ་ལྟ་བུས་ཁེངས་ནས་གནས་གཞན་དུ་མི་འཕོ་བར་བརྟན་པར་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འཆད་པ་དག་ཀྱང་སྣང་མོད། འདིར་བརྟགས་པ་ནི་དགོས་པ་ཁྱད་པར་ཅན་གྱི་དབང་གསུམ་པའི་དུས་དང༌། འགའ་ཞིག་ཉམས་སུ་མྱོང་བར་བྱེད་དུས་ཀྱི་ཡས་བབས་དང་མས་བརྟན་དང༌། བཟློག་ཅིང་ཁྱབ་པར་བྱེད་དུས་སུ་གནས་བཞི་པོ་དེ་དང་དེ་དག་ཏུ་གཟུང་ཞིང་བསྟན་པར་བྱས་ནས་གནད་དུ་བསྣུན་པ་ལས་བྱུང་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །དེ་ལྟར་དེ་རྩམ་པ་ལས་ནི། །བྱུང་བའི་བདུད་རྩི་འཆི་མེད་བཅུད། །ལྷ་མིན་ལག་པས་མ་སྙབས་པ། །བཅུ་གསུམ་རྡོ་རྗེ་འཛིན་པར་བསྔོ། །ཞེས་བྱ་བ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་གཞུང་རྡོ་རྗེ་ཚིག་རྐང་གི་རྣམ་བཤད། རྗེ་གོང་མ་རྣམས་ཀྱིས་མཛད་པ་ཇི་སྙེད་པ་དེ་དག་ཐེ་ཚོམ་དང་བྲལ་བ་ཉིད་དུ་རང་གི་བློ་ལ་གཤིན་ཞིང་ལྗེན་པའི་ཕྱིར། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་བརྗེད་བྱང་དུ་བཏབ་པའི་ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ།།  །།ཤུ་བྷཾ།།  །།  ༄༅། །ལམ་སྐོར་བརྒྱད་ཀྱི་གསལ་བྱེད་བདུད་རྩིའི་ཐིགས་པ་བཞུགས།།  ༄། །ན་མོ་བཛྲ་དྷ་རཱ་ཡ། རྡོ་རྗེ་འཆང་ཆེན་པོའི་གསང་བའི་ལམ་ཡངས་ཤིང་རྒྱ་ཆེ་བ་མ་ལུས་པའི་མཛོད་བཟུང་ནས། གངས་ཅན་གྱི་ལྗོངས་གསལ་བར་མཛད་པའི་ཉི་མ་ཆེན་པོ་འབྲོག་མི་ལོ་ཙྪ་བ་ཞེས་མཚན་བརྗོད་པར་བཀའ་བ་དེའི་ཕྱག་ཏུ། གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་མན་ངག་ཆ་ཚང་བ་མ་ནོར་བར་སྟོན་པ་ལམ་སྐོར་དགུ་ཞེས་གྲགས་པ་ཞིག་བབས་ཏེ། དེ་ལས་ཀྱང་གཙོ་བོར་གྱུར་པ་ལམ་འབྲས་བུ་དང་བཅས་པའི་མན་ངག་ནི་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པ་ཉིད་ཀྱི་ཞལ་ལས་བྱུང་སྟེ། རྩ་བ་རྡོ་རྗེའི་ཚིག་རྐང༌། གཞུང་ཆུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་ནི་བརྒྱུད་པའི་རིམ་པ་དག་གིའང་ཞལ་ནས་བརྒྱུད་ཅིང་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོས་ཡི་གེར་མཛད་དོ། །རྗེ་དེ་ཉིད་ཀྱི་གཞུང་རྩ་བ་དེ་ལ་རྣམ་འགྲེལ་བཅུ་གཅིག་མཛད་པར་གྲགས་པ་ནི། ཞུ་བ་པོ་སོ་སོའི་དོན་དུ་སོ་སོར་མཛད་ཀྱང་དོན་མི་མཐུན་པ་མེད་ཅིང༌། ཞུ་བ་པོའི་མིང་གི་མཚན་དུ་གསོལ་བ། ཡུམ་དོན་མ་དང༌། ཟླ་རྒྱལ་མ་དང༌། ཨ་སེང་མ་དང༌། གཉགས་མ་ཞེས་སོགས་ཏེ། ཞལ་ཤེས་དང་བཅས་པ་རྣམས་ཀྱང་རྣམ་འགྲེལ་གཅིག་གི་ནང་དུ་མ་འདུས་པ་མེད་དོ། །དེ་དག་གིས་གདུལ་བྱ་འཁྲིད་པའི་རིམ་པ་ནི། བསྟན་པ་ལ་འཇུག་མ་མྱོང་བ་ཞིག དལ་འབྱོར་རྙེད་དཀའ་སོགས་ཀྱིས་མངོན་པར་མཐོ་བའི་ལམ་ལ་འཇུག་པ་ནས་བརྩམས་ཏེ། བཅུ་གསུམ་རྡོ་རྗེ་འཛིན་པའི་བར་ངེས་པར་ལེགས་པའི་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་མཐའ་དག་ལ་རིམ་གྱིས་འཁྲིད་པའི་ཚུལ་དང་མན་ངག་གིས་བཤད་པ་མདོ་རྒྱུད་མཐའ་དག་གི་སྙིང་པོ་དྲིལ་ནས་སྟོན་པ་ཡིན་ནོ། །ལམ་སྐོར་བརྒྱད་དུ་གྲགས་པའི་གཞུང་སོ་སོ་བས་གདུལ་བྱ་ལམ་ལ་འཁྲིད་པའི་ཚུལ་གྱིས་གཙོ་བོ་རྣམས་ལམ་འབྲས་སུ་མ་འདུས་པ་མེད་མོད། བརྒྱུད་པའི་རིམ་པ་ནི་རྣལ་འབྱོར་དབང་ཕྱུག་ལས་གཞན་པའི་བླ་མ་བརྒྱུད་པ་སོ་སོ་ལས་རིམ་པར་བརྒྱུད་ནས། རྗེ་མྱུ་གུ་ལུང་པའི་ཕྱག་ཏུ་བྱུང་བ། རྗེ་ས་སྐྱ་པ་ཆེན་པོས་ཐུགས་ཉམས་སུ་བཞེས་ཤིང༌། རྗེ་བཙུན་གྲགས་པའི་ཞབས་ཀྱིས་འཁྲིད་ཡིག་སོ་སོ་བ་བརྒྱད་མཛད་དོ། །བརྒྱད་པོ་འདིའི་ལམ་གྱི་བཞུགས་ཚུལ་མདོ་ཙམ་བཤད་པ་ལ་གསུམ་སྟེ། མན་ངག་གི་རྐང་གྲགས་ངོས་བཟུང༌། སོ་སོ་ནས་ལམ་གྱི་འཁྲིད་ཚུལ་མདོ་ཙམ་བཤད། དེ་ཐམས་ཅད་གཞི་ལམ་འབྲས་བུའི་གནད་རྣམས་དོན་གཅིག་ལ་འདུ་བའོ། །དང་པོ་ནི། གཙོ་བོར་དཔལ་གསང་བ་འདུས་པ་དང་འབྲེལ་བ་ཕྱག་རྒྱ་ཆེན་པོའི་ལམ་སྐོར་གཉིས། གཙོ་བོར་འཁོར་ལོ་བདེ་མཆོག་དང་འབྲེལ་བ། སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་ལམ་སྐོར་གཉིས། གཙོ་བོར་དགྱེས་པ་རྡོ་རྗེ་དང་འབྲེལ་བ་སློབ་དཔོན་ཌོམྦི་བ་དང་མཚོ་སྐྱེས་ཀྱིས་མཛད་པའི་ལམ་སྐོར་གཉིས། བླ་མེད་སྤྱི་དང་ཐུན་མོང་དུ་འབྲེལ་བ་སློབ་དཔོན་རྟོག་རྩེ་པ་དང་ཨིནྟྲ་བྷུ་ཏིའི་ལམ་སྐོར་གཉིས་རྣམས་སོ། །དེ་དག་དགྱེས་རྡོར་དང་འབྲེལ་བ་གཉིས་ནི་རྣལ་འབྱོར་དབང་ཕྱུག་གི་མན་ངག་ལུགས་དང་མ་འབྲེལ་ཡང༌། བརྒྱུད་པ་གཞན་ག་ཡ་དྷ་རའི་ཕྱག་ཏུ་བབས་པ་འབྲོག་མི་ལ་གནང་བ་དང༌། གཞན་དྲུག་པོ་འདི་ནི་བརྒྱུད་པ་གཞན་དག་ནས་བྱུང་བ་གྲུབ་ཆེན་དཔའ་བོ་རྡོ་རྗེའི་ཕྱག་ཏུ་བབས་ཏེ་འབྲོག་མི་ལ་གནང་བའོ། །གཉིས་པ་ནི། དེ་ལྟར་གཉིས་ཚན་བཞི་ལས་དང་པོ་གཉིས་ཀྱི་མཚན་ནི། མཆོད་རྟེན་དྲུང་ཐོབ་དང༌། ཕྱག་ཆེན་ཡི་གེ་མེད་པ་ཞེས་བྱ་ལ། དང་པོ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང༌། ཕྱི་མ་ངག་གི་དབང་ཕྱུག་གྲགས་པས་མཛད། མཚན་གྱི་རྣམ་གྲངས་མཆོད་རྟེན་གྱི་དྲུང་དུ་སེམས་ཐག་བཅད་པ་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་རྣལ་མར་སྟོན་པའི་ཡི་གེ་ཞེས་ཀྱང་བྱ། འདིའི་རྩ་བའི་གཞུང་ནི། གསང་བ་འདུས་པའི་རྒྱུད་དུ། རྒྱལ་བ་རིགས་དྲུག་པོའི་དོན་དམ་པར་བྱང་ཆུབ་སེམས་ཀྱི་ངོས་འཛིན་རེ་རེ་གསུངས་པ་རྣམས་དོན་གཅིག་ཅིང༌། མདོར་བསྡུ་ན། ཇི་སྐད་དུ། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པ་འདི་ཡིན། འདི་ཉམས་ལེན་པའི་མན་ངག་གི་གཞུང་ནི། ས་ར་ཧའི་དྭ་ཧ་མཛོད་ཀྱི་གླུ་དང༌། ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ཞེས་བྱའི་བསྟན་བཅོས་གཉིས་སོ། །གཞི་གདོད་མའི་ཤེས་པ་རང་བཞིན་གྱིས་འོད་གསལ་བ་དེ་ངོ་འཕྲོད་ནས་ཉམས་སུ་ལེན་པའི་ཚུལ། ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་འབྱུང་མོད། འདི་ནི་སྔགས་ཀྱི་ཚུལ་ཏེ། དེ་ཡང་ཐོག་མར་གསང་བ་འདུས་པ་ལྟ་བུའི་དཀྱིལ་འཁོར་དུ་དབང་བསྐུར་བས་རྒྱུད་སྨིན་པར་བྱས། ལྷག་པའི་ལྷ་གང་ཡང་རུང་བ་གཅིག་གི་རྣལ་འབྱོར་དང་མ་བྲལ་བ་གཞིར་བྱས་ལ། ཇི་སྐད་དུ། འཇུར་བུས་བཅིངས་པའི་སེམས་ཉིད་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་པའི་ཚུལ་གྱི་ཉམས་སུ་བླངས། སྤྱོད་པས་མཚམས་སྦྱར་ཏེ་ཡན་ལག་བདུན་དང་ལྡན་པའི་ལོངས་སྐུ་མངོན་དུ་བྱེད་པའོ། །གཉིས་པ་ཡི་གེ་མེད་པའི་ཉམས་ལེན་ཀྱང་སྔ་མ་དེ་ཉིད་དང་འདྲ་བ་ལ། ཁྱད་པར་དུ་ལྟ་བ་དེ་རྟོགས་བྱེད་ཀྱི་ཐབས་སུ་རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་ཆོ་ག་དེ་སྔོན་དུ་བཏང་ནས། དེས་རྟོགས་པའི་ལྟ་བ་སེམས་ཉིད་ཡི་གེ་མེད་པའམ། བརྗོད་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་དེ་ལ་མཉམ་པར་བཞག་ནས། དེའི་རྗེས་ཐོབ་ཏུ་སྣང་བ་སེམས་སུ་ཐག་གཅོད་པ་དང༌། སེམས་ལས་གཞན་པའི་དོན་མ་དམིགས་པས་སེམས་སྣང་དེ་ཡང་སྒྱུ་མར་ཐག་གཅོད་པ་དང༌། སྣང་མཚན་གྱི་སེམས་དེ་ཡང་བརྟགས་ན་མ་རྙེད་པས་ན་སྟོང་པ་ཉིད་དུ་ཐག་བཅད་པའི་སྒོ་ནས། ཇི་སྐད་དུ། གང་ལ་ཞེན་པ་ཡོད་ན་དེ་ཡང་མཐོང༌། །ཞེས་པའི་ཚུལ་གྱིས་མཚན་འཛིན་གྱི་རྟོག་པ་ཇི་སྙེད་པ་བཀག་ནས་བདེ་སྟོང་ཟུང་དུ་ཆུད་པའི་ཚེ་སྤྱོད་པས་མཚམས་སྦྱར་ཏེ། འབྲས་བུ་ཡན་ལག་བདུན་ལྡན་མངོན་དུ་བྱེད་པའོ། །ལམ་སྐོར་འདི་གཉིས་ཀྱི་སྐབས་སུ། རྗེ་བཙུན་གྲགས་པའི་གསུང་གིས། མཉམ་བཞག་དངོས་གཞིའི་ཚེ་ན། རིག་པ་སོ་མ་དང༌། མ་བཅོས་པ་དང༌། ལྷུག་པར་འཇོག་པ་གསུམ་ལ་ནན་ཏན་མཛད་པས་འདི་གསུམ་ས་སྐྱ་པའི་ལུགས་ཀྱི་དགག་བྱ་ཡིན་ཞེས་སྨྲ་བར་མི་བྱའོ། །གཉིས་པ་གཙོ་བོར་བདེ་མཆོག་དང་འབྲེལ་བའི་ལམ་སྐོར་ནི། སློབ་དཔོན་སྤྱོད་པའི་རྡོ་རྗེས་གཏུམ་མོ་ལམ་རྫོགས་དང་ཡོན་པོ་སྲོང་བ་ཞེས་བྱ་བའི་གཞུང་གཉིས་མཛད་པ་ལས། དང་པོ་ནི། ནག་པོ་པའི་གཞུང་དྲུག་གི་ནང་ནས། ཨོ་ལ་པ་ཏི་ཞེས་བྱ་བའི་གཞུང་དེ་དང་འབྲེལ་པ་སྟེ། ཐོག་མར་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་གིས་སྨིན་པར་བྱས་ནས། ལྷའི་རྣལ་འབྱོར་དང་མ་བྲལ་བའི་སྟེངས་སུ། ཤེས་བྱ་རྒྱུད་ཀྱི་རིམ་པ་དང༌། སྔགས་ཀྱི་རིམ་པ་དང༌། ཡེ་ཤེས་ཀྱི་རིམ་པ་དང༌། གསང་བའི་རིམ་པ་ཞེས་བྱ་བའི་ཚུལ་གྱིས་ཉམས་སུ་ལེན་པ་ཞེས་བྱ་སྟེ། ནག་པོ་རིམ་བཞིར་གྲགས་པ་དང་དོན་གཅིག་གོ །འདི་ཡང་དྲོད་ཐོབ་ནས་སྤྱོད་པས་མཚམས་སྦྱར་ཏེ། འབྲས་བུ་ཡན་ལག་བདུན་ལྡན་མངོན་དུ་བྱེད་པའོ། །གཉིས་པ་ཡོན་པོ་སྲོང་བ་ནི། གཞུང་དེ་ནས་ལམ་གྱི་ཡན་ལག་ཆ་ཚང་བར་མ་གསུངས་ཀྱང༌། རྫོགས་རིམ་གྱི་གནད་བསྡུས་པ་ཞིག་སྟེ། རྩ་དབུ་མ་ཁ་དབྱེ་བའི་མན་ངག་དང་དོན་གཅིག འདིར་ཡོན་པོ་ནི་རོ་རྐྱང་དང་འབྲེལ་བའི་རྩ་ཐིག་རླུང་གསུམ་སྟེ། སྙིགས་མ་རྡོས་བཅས་ཀྱི་ཁམས་རྣམས་བསྐྱེད་པའོ། །དེ་སྲོང་ཐུབ་པས་ནི་གསུམ་ཀ་དབུ་མར་ཆུད་དེ་འཇའ་ཚོན་ལྟ་བུའི་ལུས་མངོན་དུ་བྱེད་ཅིང༌། ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་སྟོབས་ཀྱིས་ས་བཅུ་གཉིས་ཀྱི་རྟོགས་པ་མངོན་དུ་གྱུར་པ་ན་ཉེ་རྒྱུས་མཚམས་སྦྱར་ཏེ། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པའོ། །གཉིས་ཚན་གསུམ་པ་གཙོ་བོར་དགྱེས་རྡོར་དང་འབྲེལ་བའི་ལམ་སྐོར་ནི། ཌོམྦི་བས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་དང༌། པདྨ་བཛྲ་གྱིས་མཛད་པའི་ལམ་སྐོར་རོ། །སློབ་དཔོན་ཌོམྦི་པ་ནི་བིརྺ་པའི་སློབ་མ་ཡིན་ཀྱང༌། མན་ངག་འདི་རྩ་བ་རྡོ་རྗེའི་ཚིག་རྐང་ལ་མ་རྟེན་པས་མན་ངག་གི་ལམ་སྐོར་ཟུར་དུ་བྱས་པ་སྟེ། རྒྱུད་ལས། ལྷན་ཅིག་སྐྱེས་པར་གང་བརྗོད་པ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་པའི་གཞུང་ལ་རྟེན་ནས་མཛད་པའོ། །འདི་དང་སློབ་དཔོན་མཚོ་སྐྱེས་ཀྱི་ལམ་སྐོར་གཉིས་ཀ་ཡང་དགྱེས་པ་རྡོ་རྗེ་དང་འབྲེལ་བའི་ལམ་འགྲོ་ཚུལ་ནི་མཐུན་པ་ཁོ་ན་སྟེ། ཐོག་མར་དབང་གིས་སྨིན་པར་བྱས་ནས། གྲོལ་བྱེད་ཀྱི་ལམ་གྱི་ཐོག་མར་ལྟ་བས་རྒྱུད་ཡོངས་སུ་སྦྱངས། ལམ་རིམ་གཉིས་ཀྱི་རྒྱུད་ཡོངས་སུ་གྲོལ་བར་བྱས་ནས་དྲོད་ཆེན་པོ་ཐོབ་པ་ན་སྤྱོད་པས་མཚམས་སྦྱར་ཏེ། འབྲས་བུ་ཡན་ལག་བདུན་ལྡན་མངོན་དུ་བྱེད་པའོ། །ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་མངོན་དུ་བྱེད་པའི་ཐབས་ནི་དབང་བསྐུར་བ་རྣམ་པ་བཞི་པོ་དག་ཁོ་ན་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་བ་ལྟར་ཐོས་བསམ་གྱི་རིགས་པ་ལ་བརྟེན་ནས་རྟོགས་དགོས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས། མཚམས་མེད་ལྔ་ནི་བྱེད་པ་དང༌། །གདོལ་བ་སྨྱིག་མ་མཁན་ལ་སོགས། །དེ་རྣམས་ཀྱཻ་རྡོ་རྗེ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ། འདི་ཡང་སྐད་ལྡན་ཅིག་ཆར་བའི་དབང་དུ་བྱས་པ་སྟེ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་སློབ་མ་ཌོམྦི་བ་དང་ནག་པོ་པ་གཉིས་ལ་ཅིག་ཆར་བ་དང་རིམ་གྱིས་བའི་ལམ་གྱིས་འཁྲིད་ཚུལ་གཉིས་སུ་མཛད་པ་དེའི་དབང་དུ་བྱས་སོ། །པདྨ་བཛྲ་གྱི་ལམ་སྐོར་འདི་ནི་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་ལས་བརྒྱུད་པ་ཡིན་གྱི། བིརྺ་པ་ལས་བརྒྱུད་པ་མ་ཡིན་ཀྱང༌། ཌོམྦི་བའི་ལམ་དེ་དང་འདྲ་བར་དབང་གིས་སྨིན། ལྟ་བས་རྒྱུད་སྦྱངས། རིམ་པ་གཉིས་ཀྱིས་གྲོལ་བར་བྱེད་པའི་ལམ་འདི་ནི་ཐབས་ལ་མཁས་པས་ན་གཞན་ལས་ཟབ་པ་ཡིན། ཐབས་མང་བས་དང༌། རྒྱ་ཆེ་བས་དང༌། ལམ་སླ་བས་ན་གཞན་ལས་ཟབ་པ་ཡིན་ཞེས་སོགས་ཟབ་པའི་ཚུལ་རྣམ་པ་དགུའི་སྒོ་ནས་བསྟོད་པ་མཛད་པས་ན། པདྨ་བཛྲ་གྱིས་ལམ་ཟབ་པའི་ཚུལ་དགུ་པ་ཞེས་མཚན་དུ་བརྟགས་སོ། །ལམ་སྐོར་འདི་མཛད་པ་པོ་ནི་བོད་དུ་བྱོན་པའི་སློབ་དཔོན་པདྨ་དང་མི་གཅིག་སྟེ། འདི་ནི་རྒྱལ་པོའི་རིགས་མངལ་སྐྱེས་སོ། །ཞེས་རྗེ་བཙུན་གྱིས་གསུངས་སོ། །གཉིས་ཚན་བཞི་པ་ནི། གྲུབ་ཆེན་རྟོག་རྩེ་པས་མཛད་པའི་བསམ་མི་ཁྱབ་ཅེས་བྱ་བ་དང༌། རྒྱལ་པོ་ཨིནྟྲ་བྷུ་ཏིའི་ལམ་ཞེས་བྱ་བ་དང་གཉིས་སོ། །དང་པོ་དེའི་ཉམས་ལེན་གྱི་རིམ་པ་ནི། རྡོ་རྗེ་བདག་མེད་མའི་སིནྡྷུ་རའི་བྱིན་བརླབས་ཀྱི་ཆོ་ག་སྔོན་དུ་བཏང་ནས། ཡེ་ཤེས་བསམ་གྱི་མི་ཁྱབ་པའི་རིམ་པ་ལ་མཉམ་པར་འཇོག་པའི་ཚུལ་དེ་གཞུང་དེ་ཉིད་ལས། ཇི་སྐད་དུ། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་པས་མཉམ་བཞག་གི་ཚུལ་དང༌། གཉིས་མེད་གཉིས་སུ་མཐོང་གྱུར་པ། །དེ་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་རྗེས་ཐོབ་ཏུ་ཇི་ལྟར་སྣང་བའི་ཚུལ་སྟེ། མདོར་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཆར་ལ་གཉིས་མེད་ཀྱི་ཡེ་ཤེས་དང་གཉིས་སྣང་གི་རྣམ་ཤེས་གཉིས་གཉིས་སུ་ཕྱེ་ནས། ལས་དང་པོ་པའི་ཚེ་བདེན་པ་གཉིས་སོ་སོར་འབྱེད་ཤེས་པ་དང༌། ཡེ་ཤེས་སྐྱེས་ནས་ཟུང་འཇུག་ཏུ་མཉམ་པར་འཇོག་པ་སྟེ། དེ་ལ་ཡང་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་དབྱེ་བས། རྗེས་ཀྱི་ཤེས་པ་ལ་གཟུང་འཛིན་གཉིས་ཀྱི་སྣང་བ་འཆར་མི་འཆར་སོ་སོ་བ་དག་འབྱུང་ངོ༌། །འདི་ནི་གསང་སྔགས་བླ་ན་མེད་པ་སྤྱིའི་ལྟ་བའི་རྟོགས་ཚུལ་ཡིན་གྱི། གྲུབ་ཆེན་བྲག་ཕུག་པ་ནས་ལྟ་བ་དེ་རྟོགས་བྱེད་ཀྱི་ཐབས་བདག་མེད་མའི་བྱིན་བརླབས་ཀྱིས་མཛད་པ་ཡིན་ཞེས་གསུང་ངོ༌། །གཉིས་པ་ཨིནྟྲ་བྷུ་ཏིའི་ལམ་སྐོར་ནི་མཛད་པ་པོ་ཨིནྟྲ་བྷུ་ཏི་སྔ་ཕྱི་བར་གསུམ་གང་ཡིན་ཀྱང་འདྲ་སྟེ། གསུམ་ཀ་ལ་ལྕམ་ལེགས་སྨིན་ཀ་རས་ཐུག དེ་ལ་ཤེས་རབ་གསང་བས་གསན། དེས་འབྲོག་མི་དང་འཁོན་དཀོན་མཆོག་རྒྱལ་པོ་གཉིས་ལ་གནང་བ་ཡིན་ཞེས་གསུངས་ལ། འདི་ནི་གསང་སྔགས་བླ་མེད་སྤྱིའི་ཕྱག་རྒྱའི་ལམ་གཙོ་བོར་སྟོན་པ་སྟེ། གཞུང་དེ་ཉིད་ལས། ཇི་སྐད་དུ། ལྷས་བྱིན་གྱིས་ནི་རྟ་བྱས་ལ། །ཀླུའི་སྒོ་བཞི་ནི་དབྱེ་བར་བྱ། །གཞུ་རྒྱས་ཀྱིས་ནི་ཟློག་བྱས་ལ། །རུས་སྦལ་འགྲོས་ཀྱིས་སྤེལ་བར་བྱ། །ཞེས་རྐང་པ་དང་པོས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད་དང༌། གཉིས་པས་མཆོག་གི་རྩ་བཙལ་བ་དང༌། གསུམ་པས་བྱང་ཆུབ་ཀྱི་སེམས་ཟློག་ཅིང་ཁྱབ་པར་བྱ་བ་དང༌། བཞི་པས་ཡས་འབབ་དང༌། མས་བརྟན་པའི་རིམ་པས་བྱང་ཆུབ་ཀྱི་སེམས་འཕེལ་བའི་ཐབས་དང་རིམ་པ་རྣམས་སྟོན་པའོ། །གསུམ་པ་ཉམས་ལེན་གྱི་རིམ་པ་ཐམས་ཅད་གནད་གཅིག་ཏུ་འདུས་པར་བསྟན་པ་ནི། ཐོག་མར་སྨིན་བྱེད་ཀྱི་དབང་མ་བསྐུར་ན་ལྟ་བ་རྟོགས་པའི་ཐབས་མ་འཁྲུལ་པ་མི་འབྱུང༌། ལྟ་བས་རྒྱུད་མ་སྦྱངས་ན་རིམ་པ་གཉིས་ཀྱི་ཉམས་ལེན་གནད་དུ་མི་ཚུད། རིམ་པ་གཉིས་ལ་བརྟན་པ་མ་ཐོབ་ན་སྤྱོད་པ་འཁོར་བའི་རྒྱུར་འགྲོ། སྤྱོད་པས་ཉིང་འཚམས་མ་སྦྱར་ན་ཁམས་དྲུག་ལྡན་པའི་ལུས་ཀྱིས་ཚེ་གཅིག་ལ་རྡོ་རྗེ་འཛིན་པ་མི་ཐོབ་པས་ན། ལམ་གྱི་གོ་རིམ་དེ་དག་གནད་མ་འཁྲུལ་པར་བྱ་བ་ནི་བླ་མེད་སྤྱིའི་ཆོས་སོ། །འདིར་རྟོགས་བྱའི་ལྟ་བ་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་རྟོགས་པའི་ཐབས་མ་ནོར་བ་ནི་དབང་བཞི་པོ་དག་གོ །དེ་ཡང་འདི་ལྟར། བུམ་དབང་རྐྱང་པས་རྟོགས་པའི་ལྟ་བ་གང་ཡིན་པ་དེ་ལ་བརྟེན་ནས་ཚེ་དེ་ཉིད་ལ་གྲུབ་མཐའ་སྙོགས་པ་ལ་ནི་དབང་གོང་མ་གསུམ་ལ་རྟེན་ནས་སྐྱེས་བའི་ལྟ་བ་མངོན་དུ་བྱེད་པ་ལ་རག་ལས་པ་ཡིན་ཏེ། དབང་གོང་མ་གསུམ་ལ་མ་བརྟེན་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཚེ་དེ་ཉིད་ལ་མངོན་དུ་མི་འགྱུར་བས་སོ། །དེའི་ཕྱིར་བུམ་དབང་ས་དྲུག་ཅེས་པ་བུམ་དབང་བསྐུར་བས་རིང་བའི་རྒྱུ་དང༌། དབང་གོང་མ་བསྐུར་བས་ཉེ་བའི་རྒྱུ་བྱས་ནས་ས་དྲུག་གི་རྟོགས་པ་མངོན་དུ་བྱེད་དགོས་པ་ནི་ལམ་འབྲས་ཀྱི་གཞུང་བཤད་རྣམས་ལས་གསལ་བར་གསུངས་ལ། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ལྟ་བ་ཡང་དེ་ལྟར་སྦྱར་ཞིང༌། རྒྱུ་དུས་ཀྱི་དབང་བཞི་པས་རིང་བའི་རྒྱུ་དང༌། འབྲས་བུ་ལ་མཚམས་སྦྱོར་བའི་བཞི་པས་ཉེ་བའི་རྒྱུ་བྱས་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་ཡིན་མོད། དབང་བཞི་པའི་ལྟ་བ་རྟོགས་པས་གྲུབ་མཐའ་སྙོགས་པ་ནི་ས་དང་པོ་ནས་འབྱུང་བ་ཡིན་ཏེ། གྲུབ་མཐའ་བཞི་པོ་གཅིག་མངོན་དུ་གྱུར་ན་གཞན་བཞི་པོ་ཡང་མངོན་དུ་འགྱུར་དགོས་པའི་ཕྱིར། དེ་ལྟ་ན་ཡང་ཉམས་ལེན་གཙོ་ཆེ་ཆུང་གི་རིམ་པས། གྲུབ་མཐའ་བཞི་པོ་ས་བཅུ་གཉིས་པོ་སོ་སོ་ལ་སྦྱར་བ་ཡིན་ནོ། །དབང་བསྐུར་བ་ཙམ་གྱིས་ལྟ་བ་རྟོགས་ན་གྲུབ་མཐའ་ཡང་སྙོགས་སམ་ཞེ་ན། ཅིག་ཆར་བའི་གང་ཟག་ལ་དེ་ལྟར་སྲིད་ཀྱང༌། གཞན་ལ་མ་ཡིན་ཏེ། དབང་བཞིའི་ལྟ་བ་མཚོན་བྱེད་དཔེའི་ཡེ་ཤེས་སུ་སྐྱེས་པ་དེའི་རིགས་རྒྱུན་གོམས་པར་བྱས་པ་ལས། བརྟན་པ་ཆུང་འབྲིང་ཆེ་གསུམ་ཐོབ་པར་གྱུར་པ་དེའི་ཚེ་སྤྱོད་པ་གསུམ་པོ་གང་རུང་སྤྱད་པ་ལ་བརྟེན་ནས། ལྟ་བ་དེ་དང་དེ་དག་མཚོན་བྱ་དོན་གྱི་ཡེ་ཤེས་སུ་རྟོགས་དགོས་པའི་ཕྱིར། དེས་ན་སྤྱོད་པ་ལ་གསུམ་སྟེ། འདས་ལམ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་ཟིན་གོང་དུ་སྤེལ་བ་དང༌། འབྲས་བུ་ལ་མཚམས་སྦྱོར་བར་བྱེད་པའོ། །དེ་ཡང་ལས་ཀྱི་རླུང་བརྒྱད་བརྒྱ་པ་ཚན་པ་གཅིག་ཙམ་ཡང་འགགས་པར་མ་གྱུར་པའི་རྣལ་འབྱོར་པས་སྤྱོད་པ་ཇི་ལྟར་སྤྱད་ཀྱང༌། ལྟ་བ་དེ་འཇིག་རྟེན་པའི་ཡེ་ཤེས་ཁོ་ནར་ངེས་ལ། དེ་འདྲ་དེ་འགགས་པའི་རྣལ་འབྱོར་པས་སྤྱོད་པ་དེ་ལྟར་སྤྱད་པས་ལྟ་བ་དེ་འདས་ལམ་དུ་སྐྱེ་བ་ཡིན་ཏེ། དེའི་ཚེ་ས་དང་པོའི་ཡེ་ཤེས་མངོན་དུ་བྱས་པས་སོ། །དེ་བཞིན་དུ་ལས་རླུང་སྟོང་བརྒྱད་བརྒྱ་པ་ཚན་པ་བཅུ་གཉིས་འགགས་པའི་རྣལ་འབྱོར་པས་སྤྱད་པ་དེ་ལྟར་སྤྱད་པས་ས་བཅུ་གཉིས་ཀྱི་དབང་ཕྱུག་དུ་གྱུར་པ་དེའི་ཚེ་ཉེ་རྒྱུ་མངོན་དུ་བྱས་པས། ཡུལ་བརྟེན་གཉིས་ཀའི་འགྲོས་བཞི་ཐ་དད་པ་མ་ཡིན་པར་གཉིས་ཀའི་དབུ་མ་ཉིད་དུ་རོ་གཅིག་པར་གྱུར་པ་དེ་ལ་ནི་རྡོ་རྗེ་འཛིན་པའི་ས་ཞེས་བྱ་ཞིང༌། དེའི་ཚེ་ནི་ཁམས་གཉིས་པོ་ལྡོག་ཅིང་ཁྱབ་པར་བྱེད་པ་ལ་སོགས་པའི་རྣམ་གཞག་མེད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར་དབང་གི་རྟོགས་པ་མངོན་དུ་མ་གྱུར་ན་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཙམ་ནི་གང་ཟག་གི་བདག་ཏུ་འཛིན་པ་ཅན་རྣམས་ལ་ཡང་ཡོད་ལ། ལས་རླུང་གི་རྒྱུ་བ་དེ་ལྟར་མ་འགགས་ན་དབང་གི་རྟོགས་པ་དང་གྲུབ་མཐའ་སྙོགས་པ་ཙམ་གྱིས་ཚེ་དེ་ཉིད་ལ་རྡོ་རྗེའི་ས་མངོན་དུ་བྱེད་ནུས་པ་མ་ཡིན་ཏེ། ཚེ་གཅིག་པུ་དེ་ལ་འཇའ་ཚོན་ལྟ་བུའི་ལུས་བྱེད་མི་ནུས་པའི་ཕྱིར། དཔེར་ན་ཕར་ཕྱིན་ཐེག་པ་པ་དག་བཞིན་ནོ། །འདིར་དབང་གོང་མ་གསུམ་གྱི་ལམ་ལ་བརྟེན་པའི་དགའ་བ་བཅུ་དྲུག་པོ་ལུས་སེམས་ཀྱི་ཚོར་བ་དགའ་བདེ་ལ་ངོས་བཟུང་ནས། དེ་ལ་མངོན་པར་ཞེན་ཅིང༌། རླུང་སྟོབས་ཀྱིས་ཟློག་ཁྱབ་ནུས་པ་ཙམ་གྱིས་སྙེམས་པས་ཕྱག་རྒྱའི་ལམ་ལ་མངོན་པར་དགའ་བ་དེ་དག་ནི་འཁོར་པ་པ་ཉིད་ལས་མ་འདས་ཏེ། ཚོར་བ་དགའ་བདེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་ངེས་པ་དང༌། དེ་ལ་དགའ་བ་དང་རོ་མྱང་བ་ནི་སྒྲ་དོན་འཛིན་པའི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་ཐབས་ཞུ་བདེ་ལ་བརྟེན་ནས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལུས་སེམས་ཀྱི་ཚོར་བས་མ་སླད་པ་སྤྲིན་བར་གྱི་ཉི་མ་ལྟ་བུ་ཅིག་སྐྱེས་པ་དེ་ལ་མཚོན་བྱེད་དཔེའི་ཡེ་ཤེས་ཤེས་བྱའོ། །གལ་ཏེ་མཚོན་དོན་གྱི་ཡེ་ཤེས་སྐྱེས་ནས་ལྡོག་པ་མི་སྲིད་པ་དེའི་ཚེ། ས་ཐོབ་རྗེས་སུ་སྤྱོད་པ་བྱེད་པ་དོན་མེད་དོ་ཅེ་ན། མ་ཡིན་ཏེ། ནང་དུ་ས་རྣམས་རིམ་གྱིས་བགྲོད་པ་དང༌། ལས་རླུང་གི་རྒྱུ་བ་རིམ་གྱིས་འགོག་པ་དང༌། རྩ་མདུད་རྣམས་རིམ་གྱིས་གྲོལ་བ་དང༌། ཕྱི་རོལ་དུ་ཡུལ་སོ་བདུན་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་དབང་དུ་འདུ་བའི་ཕྱིར་དུ་སྤྱོད་པ་ལ་འཇུག་དགོས་པས་སོ། །འདིར་སྨྲས་པ། རྡོ་རྗེ་འཆང་དབང་ཐུགས་ཀྱི་ནི། །རྒྱ་མཚོ་ཆེ་ལ་དབང་བསྒྱུར་བ། །མཛད་པོའི་གསུངས་དང་དགོངས་པ་བཞིན། །ཡི་གེར་བྲིས་ལས་དགེ་ཐོབ་པ། །དེ་ཡིས་བདག་དང་སྐལ་མཉམ་པ། །གཞན་ཡང་རྡོ་རྗེ་འཛིན་པའི་སར། །འཇུག་པ་ཐོགས་པ་མེད་པ་དང༌། །ལམ་གྱི་བར་ཆད་ཞི་བར་ཤོག །ཅེས་ལམ་སྐོར་དགུའི་གཞུང་གི་བསྟན་ཚུལ་དང༌། ཉམས་ལེན་གྱི་གནད་མ་ནོར་བར་བསྡུས་པ་གསང་བའི་མཛོད་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ནི། ལྟ་བ་རྟོགས་ཤིང་གྲུབ་མཐའ་སྙོགས་པའི་རྣལ་འབྱོར་པ་དབུས་སྨྱོན་རྡོ་རྗེ་བདུད་འདུལ་གྱིས་གསོལ་བ་བཏབ་པའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྒྱ་མ་རིན་ཆེན་སྒང་གི་གཙུག་ལག་ཁང་གི་བྱ་འདབས་སུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄༅། །གྲང་མོ་ཆེ་པའི་བརྒལ་ལན། རྣམ་པར་ཐར་པའི་སྒོ་བརྒྱད་པ་བཞུགས།།  ༄། །ན་མོ་གུ་རཱ་ཝེ། བསྙེན་སྒྲུབ་ཡན་ལག་རྣམ་བཞིའི་ཕ་རོལ་ཏུ། །བདེ་བར་བྱོན་ནས་རིགས་བརྒྱའི་རྣམ་རོལ་གྱིས། །བདེ་ཆེན་རྟེན་དང་བརྟེན་པར་བཅས་ཀུན་ལ། །ཁྱབ་མཛད་འཁོར་ལོའི་མགོན་དེར་ཕྱག་འཚལ་ལོ། །བརྒྱ་བྱིན་སྦྲང་རྩིའི་བདེ་ལ་མ་ཆགས་པར། །ཆགས་བྲལ་ཆོས་ཀྱི་བདེ་ལ་ཡིད་འདུན་བྱེད། །ཚངས་ཆེན་ཆགས་བྲལ་བདེ་བས་མ་ཁེངས་པར། །ཟག་མེད་བདེ་ཆེན་འཁོར་ལོ་བསྐོར་བར་བསྐུལ། །དེ་ཡང་འདིར་བདག་ཅག་གི་བླ་མ་དམ་པ། ཐུབ་པའི་དབང་པོའི་བསྟན་པ་མ་ལུས་པར་འཛིན་པའི་བདག་པོ། སོ་སོ་ཐར་པའི་རྩ་བ་ཚུགས་པར་བཟུང་བས་ཉན་ཐོས་ཀྱི་བསྟན་པ་བཙུན་པ་དང༌། རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས། བྱང་ཆུབ་སེམས་དཔའི་བསྟན་པ་བཟང་པོར་མཛད་པ་དང༌། མདོ་སྔགས་མ་ལུས་པ་ལ་ཤེས་རབ་ཀྱི་དབང་པོ་རྒྱས་པས། རྡོ་རྗེ་ཐེག་པར་རྨོངས་པ་མཐའ་དག་སེལ་བ་ལ་མཁས་པ་དང༌། ངོ་མཚར་ཅན་གྱི་མཛད་པ་རྨད་དུ་བྱུང་བས། བསྟན་པའི་རིན་པོ་ཆེ་སྤྱི་དང༌། ངོ་མཚར་ཅན་གྱི་རྒྱུད་པ་སོ་སོའི་སྲོལ་མ་ཉམས་པ་ལྷག་ཆད་མེད་པར་བཟུང་ནས། མཐའ་ཡས་པའི་འགྲོ་བ་མཐའ་དག་བསྐལ་པ་བཟང་པོར་མཛད་པ་དེ་ཉིད་ཀྱི་ཞལ་སྔ་ནས། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་བརྙེས་པའི་གསུང་ངག རྩ་བ་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པའི་དགོངས་པས། ཆེས་ཤིན་ཏུ་ལས་དང་པོ་པར་གྱུར་པ་དག་གོ་རིམ་ཇི་ལྟ་བ་བཞིན་དུ་ཐེག་པ་ཆེན་པོ་མཆོག་གི་རྩེ་མོ་ཉིད་དུ་འཁྲིད་པར་བྱེད་པའི་ཐབས་ཕུལ་དུ་བྱུང་བ། མདོ་སྔགས་མ་ལུས་པའི་ཡུལ་ཅན་ཉིད་དུ་མཛད་ནས་འདོམས་པའི་ཕྱག་ལེན་གྱི་སྲོལ་རྒྱ་མཚོ་ལྟ་བུའི་ནང་ནས། ཕྱོགས་རེ་བ་གང་དག་ཡིན་པ་དེ་དང་དེ་ལ་རྗེ་བཙུན་ས་སྐྱ་བའི་སྲོལ་འཛིན་སོ་སོའི་ནང་ནས་ཕྲག་དོག་པ་གཞན་དག་ན་རེ། ཇི་སྐད་དུ། སེམས་བསྐྱེད་བརྒྱུད་པ་མེད་པ་དང༌། །རྗེས་བཟུང་གྲངས་ངེས་མེད་པ་དང༌། །སྟ་གོན་འབྲེལ་པ་མེད་པ་དང༌། །སློབ་དཔོན་གྲངས་ངེས་མེད་པ་དང༌། །དབང་བསྐུར་ཡོངས་དག་མེད་པ་དང༌། །ལུས་དཀྱིལ་འབྱུང་ཁུངས་མེད་པ་དང༌། །རྒྱས་གདབ་རིགས་མཚོན་མེད་པ་དང༌། །བཟའ་བའི་དམ་ཚིག་མེད་པ་རྣམས། །ཆོས་ལྟར་བཅོས་ནས་ཆོས་མིན་བྱེད། །སྨིན་པར་འདོད་ཀྱང་འདིས་མི་སྨིན། །གྲོལ་བར་འདོད་ཀྱང་གྲོལ་མི་ནུས། །ནོར་བའི་ཆོས་རྣམས་དགག་པར་བྱ། །ཞེས་རང་གི་འགྲེལ་པ་དང་བཅས་ནས་རྒོལ་བར་བྱེད་དོ། །འདི་དག་རིམ་བཞིན་བརྟག་བཅའ་བ། །འབེལ་བའི་གཏན་ལ་ཡིད་རང་མོད། །ཕྲག་དོག་མིག་སེར་གྱིས་ལོང་པ། །དངུལ་གྱི་ཐུར་མས་དབྱེ་བར་བྱ། །རྒོལ་བ་དང་པོ་ནི། སྤྱིར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ནི། ལམ་འབྲས་ཀྱི་རྒྱུད་པ་ལ་མེད། ཁྱད་པར་དུ་རྗེ་བཙུན་ཆེན་པོས་མཛད་པའི་སེམས་བསྐྱེད་ཀྱི་ཡི་གེ་ངོར་ཆེན་པས་སྒོ་རུམ་ནས་བརྙེད་ཟེར་བ་དེའི་སྟེང་ནས་སེམས་བསྐྱེད་བྱེད་པ་ནི། བརྒྱུད་པ་ཆད་པ་ནི་ཚིག་དེ་རང་ཉིད་ཀྱིས་ཤེས་ཤིང༌། ཡི་གེ་དེའི་སྟེང་ནས་སུས་ཀྱང་བྱས་པ་མེད་དོ་ཞེས་ལམ་འབྲས་པ་ཕྱི་མ་རྣམས་ཀྱིས་བརྒྱུད་པ་གྲངས་འདྲེན་པར་བྱེད་དོ། །ལན་ལ། སྤྱིར་བཤད་པ་དང་དངོས་ཀྱི་ལན་ནོ། །དང་པོ་ནི། སོ་ཐར་དང༌། སྔགས་ཀྱི་མཁན་བརྒྱུད་དང་སྡོམ་བརྒྱུད་ཇི་ལྟར་ཁས་ལེན་པ་དེ་དང་འདྲ་བ་ཞིག སེམས་བསྐྱེད་ཀྱི་སྡོམ་པ་ལ་ངེས་པ་ཉིད་དུ་ཁས་ལེན་དགོས་པ་མ་ཡིན་ཏེ། བསླབ་བཏུས་དང༌། སྤྱོད་འཇུག་གི་དགོངས་པས་སེམས་བསྐྱེད་ཀྱི་སྡོམ་པ་ལེན་པ་དང་གསོ་བ་གཉིས་ཀ་ལ། བླ་མ་དགོས་པའི་ངེས་པ་མེད་ཅེས་ཀུན་གྱིས་འཆད་པ་དང༌། བྱང་སའི་དགོངས་པས། ལེན་པ་ལ་ངེས་པར་དགོས་པ་དང༌། གསོ་བ་ལ་ངེས་པ་མེད་ཅེས་ཞལ་འཆམ་པ་དང༌། སྤྱིར་བིརྺ་པ་ནས་བརྒྱུད་པ་བར་མ་ཆད་པའི་སྨོན་འཇུག་གི་སྡོམ་པ་ཞིག་ཡོད་པར་མི་འདོད་ན་ནི་ཤིན་ཏུ་ཐ་ཆད་ལ། ཡོད་པར་འདོད་ན་ནི། དེ་འདྲ་བརྒྱུད་པ་ཡོད་པའི་རྡོ་རྗེ་སློབ་དཔོན་དེས། ཕྱིས་འབྱུང་གི་སྡོམ་པ་འབོགས་ཆོག་མ་ནོར་བ་སུས་བྱས་ཀྱང་དེའི་སྟེང་ནས་ཕོག་ཆོག་པ་ཡིན་ཏེ། རྒྱུད་ལ་སྐྱེས་པའི་སྨོན་འཇུག་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར། དཔེར་ན། ཆོས་ཀྱི་རྗེས། ཧོར་ཡུལ་དུ་ཐུབ་པ་དགོངས་གསལ་བརྩམས་ནས། བོད་དུ་བསྐུར་བ་དེའི་ཚིག་དོན་རྣམས་སློབ་མས་བཤད་ཆོག་པ་བཞིན་ནོ། །གཉིས་པ་ནི། རྗེ་བཙུན་ཆེན་པོ་ལ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པ་མ་ཉམས་པའི་རྡོ་རྗེ་སློབ་དཔོན་ཕྱི་མ་རྣམས་ཆོས་ཅན། རྗེ་བཙུན་གྱིས་མཛད་པའི་སེམས་བསྐྱེད་ཀྱི་ཡི་གེ་དེའི་སྟེངས་ནས། སློབ་མ་གཞན་ལ་སྡོམ་པ་དེ་ཕོག་ཆོག་པ་ཡིན་ཏེ། རྗེ་བཙུན་ཆེན་པོ་ལས་བརྒྱུད་པའི་སེམས་བསྐྱེད་ཀྱི་སྡོམ་པ་དེ་འདྲ་དེ་ཐོབ་ལ་མ་ཉམས་པའི་རྡོ་རྗེ་སློབ་དཔོན་ཡིན་པའི་ཕྱིར། དཔེར་ན། སློབ་དཔོན་རིན་པོ་ཆེའི་དབང་ཆུའི་ཡི་གེའི་སྟེང་ནས་དབང་བསྐུར་མ་ཞུས་ཀྱང༌། ས་སྐྱ་པ་ཆེན་པོ་ལས་དབང་བསྐུར་ཞུས་པའི་རྡོ་རྗེ་སློབ་དཔོན་ཞིག་གིས། སློབ་དཔོན་རིན་པོ་ཆེས་མཛད་པའི་དབང་ཆུའི་སྟེངས་ནས་སྔགས་སྡོམ་ཕོག་ཆོག་པ་བཞིན་ཏེ། སྙན་རྒྱུད་ཡི་གེར་བྲིས་པ་ཐམས་ཅད་ལ་འདིས་མཚོན་ནོ། །རྒོལ་བ་གཉིས་པ་ནི། སློབ་མ་བརྒྱ་ཕྲག་མང་པོ་ལ་གྲངས་ངེས་མེད་པར་རྗེས་འཛིན་གྱི་ཆོ་ག་བྱེད་པ་ནི། གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ཞེས་སོགས་ཀྱི་ལུང་དང་འགལ། དབང་གི་ཆུ་བོ་ལས། དཀྱིལ་འཁོར་གཅིག་ཏུ་སློབ་མ་ཉི་ཤུ་རྩ་ལྔ་ལས་ལྷག་པ་བཟུང་བར་མི་བྱ་ཞེས་སོགས་གོང་མའི་གཞུང་དང་འགལ། རྗེས་བཟུང་ལ་གྲངས་ངེས་མེད་ན། སྟ་གོན་ལ་ཡོད་པའི་ཁས་ལེན་དང་འགལ་ཏེ། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་གི་གྲངས་ངེས་ལ་ལྟོས་དབང་དུས་ཀྱི་གྲངས་ངེས་སྟ་གོན་གྱི་གྲངས་ངེས་ལ་ལྟོས་པར་སྤྱི་རྒྱུད་ཉིད་ལས་གསུངས་པའི་ཕྱིར་ཞེས་ལུང་རྣམས་འདྲེན་པར་བྱེད་དོ། །ལན་ལ་གསུམ་སྟེ། སྤྱི་རྒྱུད་ཀྱི་རྗེས་འཛིན་དང༌། ལམ་འབྲས་གཞུང་ཇི་ལྟ་བའི་རྗེས་འཛིན་མི་མཚུངས་པར་བསྟན། སྤྱིར་སྤྱི་རྒྱུད་ཀྱི་རྗེས་འཛིན་ཁས་མི་ལེན་ཀྱང༌། རྗེས་འཛིན་མེད་པའི་ཉེས་པས་མི་གོས་པར་བསྟན། སྟ་གོན་སྤྱི་རྒྱུད་ཀྱི་རྗེས་འཛིན་ལ་ལྟོས་ན་ཧ་ཅང་ཐལ་བ་རྣམས་སོ། །དང་པོ་ནི། གང་ཟག་གཅིག་གི་དྲུང་དུ་གང་ཟག་གཅིག་དབང་ཞུ་བར་འདོད་ཅེས་ཟེར་བ་ལ། བློའི་རིམ་པ་བཏགས་དགོས་པ་ལས། སྤྱིར་ཆོས་ལ་མ་ཞུགས་ན་དང༌། ཞུགས་ཀྱང་ངེས་པར་ལེགས་པའི་ཆོས་ལ་མ་ཞུགས་ན་དང༌། དེར་ཞུགས་ཀྱང་ཐེག་པ་ཆེན་པོ་ལ་མ་ཞུགས་ན་དང༌། དེ་སྨོན་སེམས་ཙམ་ལ་ཞུགས་ཀྱང༌། སྟོང་པ་ཉིད་ཀྱི་ལྟ་བ་ལ་ཡིད་ཆེས་སམ་དང༌། དེར་ཆེས་ཀྱང་གང་དོན་དུ་གཉེར་བའི་རྡོ་རྗེའི་ཐེག་པ་དེའི་རྟེན་དུ་རུང་ངམ་ཞེས་ལེགས་པར་བརྟགས་ནས་རིམ་གྱིས་དཀྲི་བར་བྱ་ཞིང༌། དེ་ལྟར་ཁྲིད་པ་མཐར་ཕྱིན་པ་དེའི་ཚེ་ན། སློབ་དཔོན་གྱི་ཐུགས་རྡོ་རྗེས་རྗེས་སུ་བཟུང་བར་བྱ་ཞིང༌། ལྷག་པའི་ལྷའི་ང་རྒྱལ་གྱིས་བསྲུང་བར་བྱས་ནས། སློབ་མ་ལ་འཁོ་བའི་ཡོ་བྱད་རྣམས་སྟབས་སུ་གཞུག་པ་དེ་ཙམ་ལ་སློབ་མ་རྗེས་འཛིན་གྱི་ཆོ་གའོ། །ཞེས་སྤྱི་རྒྱུད་ཀྱི་དགོངས་པར་བཤད་ལ། རྗེས་སུ་འཛིན་པའི་ཚུལ་དེ་ལྟ་བུ་དེ་ནི། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་སློབ་མ་རྗེས་འཛིན་གྱི་མིང་ཅན། སྐབས་སུ་བབ་པ་དེའི་ཚེ་དགོས་པ་མ་ཡིན་ཏེ། ཚུལ་དེ་འདྲ་དེ་ནི་བསྒྲུབ་པ་པོ་ཇི་སྙེད་ཡོད་དེ་སྙེད་ལས་སེམས་བསྐྱེད་ཀྱི་སྡོམ་པ་སྐྱེས་ཟིན་པ་ཡན་ཆད་དུ། ལེགས་པར་གྲུབ་ཅིང༌། གྲུབ་པ་དེ་དག་སློབ་དཔོན་གྱིས་བརྩེ་བ་ཆེན་པོས་བཟུང་ཞིང༌། སྟོང་པ་ཉིད་དམ། ལྷག་པའི་ལྷའི་བསྲུང་བས་ཤིན་ཏུ་བསྲུང་བར་མཛད་པ་ཡིན་པས་ན་སློབ་མ་རྗེས་འཛིན་གྱི་དོན་ལེགས་པ་ཡིན་ནོ། །དེ་ལྟར་གྲུབ་ཟིན་པ་དེའི་འོག་ཏུ། སློབ་མ་རྗེས་འཛིན་གྱི་ཆོ་ག་ཅེས་བྱ་བའི་མིང་ཅན་གྱི། སྔགས་ལམ་གྱི་ས་མཚམས་ཐོག་མར་འཛིན་པ་དེའི་ཚེ་ན། རྗེས་འཛིན་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཟིན་པའི་སྒྲུབ་པ་པོ་བརྒྱ་ཕྲག་མང་པོ་པ་དེ་དག་ལས། ཉེར་ལྔ་རྗེས་སུ་བཟུང་ནས་གཞན་སུ་ཞིག་བོར་ཏེ། ཡིད་ཆད་དུ་འཇུག་སྤྱི་རྒྱུད་ཀྱི་དངོས་བསྟན་ལས་འགལ་བ་ལས་ཀྱང༌། བཤད་མ་ཐག་པའི་ཉེས་པ་དེ་ཤིན་ཏུ་ལྕི་བར་རྗེ་བླ་མས་མ་དགོངས་པ་མ་ཡིན་ཏེ་མཆི། དེ་དང་འགལ་བར་དོགས་ན། སླར་ཡང་རྗེས་འཛིན་གྱི་སྐབས་འདིར་སྣང་གསུམ་གྱི་ཁྲིད་ཚར་གཅིག་ཕོག་ནས་བསྒོམ་དགོས་པར་འགྱུར་རོ། །དེ་ལྟར་རྗེས་འཛིན་གྲངས་ངེས་མི་དགོས་པ་ལ་སྒྲུབ་བྱེད་དང༌། དགོས་པ་ལ་གནོད་བྱེད་བསྟན་ཟིན་པ་ཁོ་ནར་མ་ཟད། གྲངས་ངེས་མ་བྱས་པར་བཟུང་བའི་དགོས་པ་ཁྱད་པར་ཅན་གཞན་ཡང༌། དེའི་ཚེ་སློབ་དཔོན་གྱིས། རྡུལ་ཚོན་གྱི་དཀྱིལ་འཁོར་ལན་གྲངས་དུ་མའམ། གཅིག་པུ་དེ་ལ་རྟེན་ཀྱང་རུང༌། དེ་ལ་དགོས་པའི་ཡོ་བྱད་རྣམས་ཐུན་མོང་དུ་བསྒྲུབས་པས་ཚོགས་རྫོགས་པ་དང༌། བསགས་སྦྱངས་འཕེལ་བ་དང༌། སྒྲུབ་པ་པོ་ཁ་ཅིག་གནས་གཞན་དུ་མི་འཁྱར་བ་ལ་སོགས་དགོས་པ་ཤིན་ཏུ་མང་ངོ༌། །དེ་ལྟར་ཡིན་པ་དེའི་ཕྱིར་སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་དང༌། རྗེ་བླ་མའི་ཕྱག་ལེན་གྱི་སྲོལ་ལས་འབྱུང་བའི་རྗེས་འཛིན་གྱི་ཁྱད་པར་ནི། རྗེས་འཛིན་གྱི་རྟོགས་པ་མ་སྐྱེས་པ་བསྐྱེད་པར་བྱེད་པ་ལ་གྲངས་ངེས་དགོས་པ་དང༌། སྐྱེས་ཟིན་བརྟན་པར་བྱེད་པ་ལ་གྲངས་ངེས་མི་དགོས་པའི་ཁྱད་པར་གྱིས་ཕྱེའོ། །དེ་ལྟ་ན་ཡང་དབང་ཆུའི་དངོས་བསྟན་དང་འགལ་ལོ་སྙམ་པའི་ཚེར་མ་ཁོང་དུ་སྦེད་དགོས་མ་ཡིན་ཏེ། དབང་ཆུའི་ལུང་འདི་ནི་ལམ་འབྲས་གཞུང་ཇི་ལྟ་བ་བཞིན་དུ་འཁྲིད་པའི་རྒྱུ་དུས་ཀྱི་དབང་ཁོ་ནའི་དབང་དུ་མཛད་པ་མ་ཡིན་པའི་ཕྱིར། གཞན་དུ་ན། རས་བྲིས་ཀྱིས་ཀྱང་ཆོག་པ་ཉིད་དུ་ཁྱེད་ལ་ཐལ་བར་འགྱུར་རོ། །གཉིས་པ་ནི། གལ་ཏེ་ཁྱེད་ལ་གོང་དུ་རྟོགས་པ་སྐྱེས་ཟིན་དེ་ལས་གཞན་པའི་རྗེས་འཛིན་གྱི་དོན་ཡོད་དམ་མེད། མེད་ན་ནི་སེམས་བསྐྱེད་ཀྱི་རྗེས་སུ་རྗེས་འཛིན་གྱི་ཆོ་ག་ཞིག་བྱེད་པ་དེ། གྲུབ་ཟིན་བསྒྲུབས་པས་ཟློས་པའི་སྐྱོན་ཅན་དུ་འགྱུར་ལ། གལ་ཏེ་ཡོད་ན་སྤྱི་རྒྱུད་ལས་བཤད་པ་དེ་དང་ཡང་མ་ཡིན། གོང་དུ་བཤད་པ་དེ་དང་ཡང་མ་ཡིན་པའི་རྗེས་འཛིན་ཞིག་སྟོན་དགོས་སོ་སྙམ་ན། འདི་ལ་གཉིས་ཏེ། ཆོ་གའི་མིང་གིས་མཚམས་སྦྱོར་དགོས་པར་བསྟན། རྗེས་འཛིན་དངོས་གཞི་ནི། སློབ་མ་སྟ་གོན་ཉིད་ཡིན་པར་བསྟན་པའོ། །དང་པོ་ནི། སེམས་བསྐྱེད་ཆེན་མོ་བྱས་པའི་ཕྱི་ཉིན་དེ། རྗེས་འཛིན་གྱི་ཕྱག་ལེན་ཇི་ལྟ་བ་བཞིན་བྱེད་དགོས་ཏེ། སྔགས་ལམ་གྱི་ཐོག་མའི་ས་མཚམས་འཛིན་དགོས་པའི་ཕྱིར། ཇི་ལྟར་ན། སྔགས་ཆོས་ཐུན་མོང་མ་ཡིན་པར་ཚིག་གིས་མ་བསྟན་ཀྱང་གསང་སྔགས་ཀྱི་ཐར་པའི་ཡོན་ཏན་ཤེས་སམ་མི་ཤེས་ཀྱང༌། དད་པས་རྗེས་སུ་འབྲང་བའི་དགའ་སྤྲོ་མང་བའི་ཕྱིར། སྔགས་ཀྱི་ཐར་པ་ཆ་མཐུན་ནོ། །གཉིས་པ་ནི། དེ་ལྟར་སྔགས་ཀྱི་ཐར་པ་ཆ་མཐུན་དུ་ཞུགས་པའི་སློབ་མ། སྔགས་ཀྱི་ཚོགས་ལམ་དུ་འཇུག་པར་མཛད་པ་ནི། རྗེས་འཛིན་དངོས་ཡིན་ལ། དེ་ནི་སློབ་མ་སྟ་གོན་ཉིད་ཀྱིས་མཛད་པ་ཡིན་ཏེ། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ནས། ཐུན་མོང་ཡིན་མིན་གྱི་སྡོམ་པ་འབོགས་པ་སོགས། སྔགས་ཀྱི་ཟབ་རྒྱས་མང་པོ་ལ་ཐོས་བསམ་གཙོ་བོར་གྱུར་པའི་ཕྱིར་དང༌། ཇི་སྐད་དུ། བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །ཞེས་སོ། །ཆོས་ཀྱི་རྗེས་ཀྱང༌། སྤྱི་རྒྱུད་ཀྱི་སློབ་མ་རྗེས་འཛིན་གྱི་དངོས་གཞི་ནི། སློབ་མ་སྟ་གོན་ཉིད་ལ་དགོངས་པར་གསལ་ཏེ། ཉི་ཤུ་རྩ་ལྔ་ལས་ལྷག་པ་རྗེས་སུ་འཛིན་པའི་ཤེས་བྱེད་དུ། དེ་ལས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །ཞེས་རྗེས་འཛིན་གྱི་ཆོ་ག་ལས་བཤད་པས་སོ། །དེ་མི་འཐད་དེ། དབང་དངོས་གཞི་ལ་དགོངས་སོ། །ཞེ་ན། མ་ཡིན་ཏེ། དབང་བསྐུར་ཉིན་མོ་བྱས་པས་ཆོ་ག་ཉམས་པར་སུས་ཀྱང་འཆད་མི་ནུས་པའི་ཕྱིར་དང༌། ཉི་ཤུ་རྩ་ལྔ་ལས་ཉུང་བ་ལ་དབང་བསྐུར་མཚན་ཐོག་ཐག་བྱས་ཀྱང༌། ཆོ་ག་ཡོངས་སུ་རྫོགས་པ་མི་ཚང་བ་ཤིན་ཏུ་མང་བའི་ཕྱིར། སྟ་གོན་གཅིག་གིས་ཆོག་པའི་དབང་བསྐུར་མང་པོ་པ་རྣམས་ཡོངས་རྫོགས་གཅིག་ཏུ་འཇོག་པ་ཡིན་ཏེ། སྔོན་འགྲོ་དང༌། རྗེས་ཀྱི་བྱ་བ་ཐུན་མོང་པས་བསྡུས་པའི་ཕྱིར། སློབ་མ་སྟ་གོན་མི་མཚུངས་ཏེ། ཇི་སྐད་དུ། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རླབས་ཀྱིས་འདུ། །ཞེས་སློབ་མ་སྟ་གོན་གྱི་མགོ་ཉི་མ་ནུབ་པ་ནས་མཛད་དགོས་ལ། དེ་ཡང་ཉི་མ་མ་ཤར་གོང་དུ་ཟིན་དགོས་ཏེ། ཇི་སྐད་དུ། དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་དགོས་པ་དང༌། རྨི་ལམ་བརྟག་དགོས་པའི་ཕྱིར། དེ་ལྟར་བཤད་པ་ན། སྣང་གསུམ་ཁྲིད་ཀྱི་སྒྲུབ་པ་པོ་དག་ལ། གསང་བ་སྤྱི་རྒྱུད་ནས་བཤད་པའི་སློབ་མ་རྗེས་འཛིན་གྱི་རྟོགས་པ་དེ། དེའི་ཆོ་ག་ལ་བརྟེན་ནས་གསར་དུ་སྐྱེ་མི་དགོས་པ་དང༌། ལས་དང་པོ་པ་གཞན་རྣམས་ལ་རྟོགས་པ་དེ་བསྐྱེད་དགོས་པའི་ཁྱད་པར་ལས་རབ་ཏུ་ཕྱེ་བ་ཡིན་ནོ། །དེའི་ཚེ་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱི་སློབ་མ་ཉི་ཤུ་རྩ་ལྔ་ལས་ལྷག་པ་རྗེས་སུ་འཛིན་པའི་ནུས་པ་ཡོད་ཀྱང༌། སྐབས་དེར་མི་འཛིན་ཞེས་པ་ཉིད་གོང་མ་དག་གི་དགོངས་པའོ། །གསུམ་པ་ནི། དབང་དང་སྟ་གོན་གྱི་གྲངས་ངེས། རྗེས་བཟུང་ལ་ལྟོས་ན་ཧ་ཅང་ཐལ་བ་ནི་གཉིས་ཏེ། སྤྱི་རྒྱུད་པ་ལ་ཧ་ཅང་ཐལ་བ་དང༌། ལམ་འབྲས་པ་ལ་ཧ་ཅང་ཐལ་བའོ། །དང་པོ་ནི། ཁྱེད་ཀྱིས་དྲངས་པའི་ལུང་དེར། གལ་ཏེ་རྗེས་བཟུང་བྱས་གྱུར་པ། །འགའ་ཞིག་དེར་ནི་མ་འོངས་ན། །དེའི་གཟུགས་བརྙན་སྐྱིན་བོར་གཞུག །ཞེས་དང༌། སྟ་གོན་གནས་སུ་མ་འོངས་ན། །གཞན་དག་དེའི་སྐྱིན་པོར་གཞུག ཞེས་དང༌། སྟ་གོན་གནས་པ་འགའ་ཞིག་ནི། །དབང་གི་དུས་སུ་མེད་གྱུར་ན། །གཞན་ལ་དབང་བསྐུར་བྱ་བ་མིན། །ཞེས་པའི་ལུང་སྒྲ་ཇི་བཞིན་པ་བཤད་པའི་ཚེ་ནང་འགལ་བྱུང་སྟེ། སློབ་མ་སྟ་གོན་གྱི་ཚེ། རྗེས་བཟུང་གི་དུས་ཀྱི་སློབ་མ་དུ་མ་ཚང་ཡང༌། སྟ་གོན་གྱི་དུས་སྐྱིན་པོ་བཅུག་པས་ཆོག་ན། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པར་འགལ། དབང་དུས་སུ་སྟ་གོན་གྱི་སློབ་མ་གཅིག་ནས་གསུམ་དང༌། ལྔ་དང༌། ཉི་ཤུ་རྩ་གཅིག་གི་བར་དུ་མ་ཚང་ན་ཡང༌། སློབ་མ་ཟུང་དུ་གྱུར་པ་ལ་དབང་བསྐུར་བས་ཆོག་ན། དབང་གི་གྲངས་ངེས་སྟ་གོན་ལ་ལྟོས་པར་འགལ། དགག་དགོས་ཀྱི་ཚེ་ཉི་ཤུ་རྩ་བཞི་ལ་དབང་བསྐུར་བས་ཆོག་ན། དེའི་ཚེ་རྩ་བཞི་ལ་སྟ་གོན་བྱས་ཆོག་པར་ཐལ་བའི་འཁོར་གསུམ་ཁྱེད་རང་གིས་ཁས་བླངས། གཞན་ཡང་སྟ་གོན་དུས་སུ་སྐྱིན་པོར་བཅུག་པ་གཉིས་ལ་དབང་བསྐུར་བྱེད་རུང་མ་ཡིན་ན་ནི། སྟ་གོན་ཐོབ་པར་འགལ། དེ་ཡང་མ་ཐོབ་ན་ནི། སྐྱིན་པོར་བཅུག་པ་ལ་དགོས་པ་ཅི་ཡོད། ཉི་ཤུ་རྩ་ལྔའི་གྲངས་ཚང་བ་ཞིག་གོ །ཅེ་ན། དེ་ཚང་བས་ཅི་ཞིག་བྱ། ཟུང་དུ་གྱུར་པ་ལ་སྟ་གོན་བྱས་པའི་ཉེས་པ་ཁེགས་ཞེ་ན། འོ་ན་དབང་གི་དུས་སུ་སྟ་གོན་མ་བྱས་པ་གཞན་གིས་ཁ་བསྐང་རིགས་པར་འགྱུར་ཏེ། ཉི་ཤུ་རྩ་བཞིའི་གྲངས་ཚང་བ་ལ་ཕན་པའི་ཕྱིར། ཡང་རྗེས་བཟུང་སློབ་མ་ཞིག་རྐྱེན་གྱིས་མ་འོངས་པའི་ཚེ་ན། གཟུགས་བརྙན་སྐྱིན་པོར་བཅུག་པ་དེས། ཁོ་རང་དངོས་དེའི་སྟ་གོན་གྱིས་གོ་ཆོད་དམ་མི་ཆོད། མི་ཆོད་ན་བཅུག་པའི་དགོས་པ་ཅི། མི་མ་ཡིན་པ་མིའི་གྲངས་ཚང་དུ་འཇུག་པ་རྒྱུད་ཀྱི་དགོངས་པར་མི་འགྲོ། གོ་ཆོད་ན། གཟུགས་བརྙན་དེ་ལ་སྟ་གོན་གྱི་རྟོགས་པ་སྐྱེས་སམ་མ་སྐྱེས། མ་སྐྱེས་ན་གོ་ཆོད་པར་འགལ། སྐྱེས་ན་གཟུགས་བརྙན་དེ་སློབ་མར་དངོས་སུ་འགྱུར་རོ། །འོ་ན་ཁྱེད་ཀྱིས་རྒྱུད་དོན་ཇི་ལྟར་འཆད་ཅེ་ན། ཁོ་བོ་ཅག་ནི་རྒྱུད་ལས། །རྐྱེན་གྱིས་འགའ་ཞིག་མ་འོངས་ན། །ཞེས་པ་དེ་གཞིར་བཞག་ནས། རྐྱེན་དགོས་ཀྱི་ཚེ་ཁ་འཆམ་ལ་དབང་བསྐུར་བྱས་ཆོག་པ་དང༌། རྗེས་བཟུང་གི་ཆོ་གའི་ཁོངས་སུ་མི་རྟོགས་ཀྱང༌། རྗེས་གཟུང་གི་ཡོན་ཏན་དང་ལྡན་པ་གཞན་དག་ལ། སྟ་གོན་བྱས་ནས་དབང་བསྐུར་ཆོག་པའི་དོན་དུ་འཆད་ལ་ཁྱེད་ཀྱི་དམིགས་བསལ་མེད་པར་རྒྱུད་ཀྱི་དངོས་བསྟན་སྤྱི་ཁྱབ་ལ་སྦྱར་བས་འཆད་ཚུལ་འདྲ་བ་མ་ཡིན་ནོ། །བྱེ་བྲག་ཏུ་གཟུགས་བརྙན་ལ་སྟ་གོན་བྱ་བ་ནི་སློབ་མ་འགའ་ཞིག་ཚེའི་དུས་བྱས་པ་དགོངས་ཏེ། སློབ་དཔོན་རིན་པོ་ཆེ་དང་ལྡན་པས་གཟུགས་བརྙན་དེ་ལ་དབང་བསྐུར་བ་ཡང་མཛད་པའི་དོན། འདི་ལ་བསམས་ནས་བོད་དུ་རྗེས་བཟུང་གི་སློབ་མ་ཡུལ་གཞན་དུ་སོང་བ་དང༌། བཙོན་དུ་ཚུད་པའམ། ལུས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་བྱུང་དགོས་པའི་ཚེ། གཟུགས་བརྙན་ལ་དེའི་ཤེས་པ་བཀུག་ནས་དབང་བསྐུར་བྱེད་པ་སོགས་ཀྱི་ལག་ལེན་བྱུང་བར་སྣང་ངོ༌། །འདི་དང་འདྲ་བ་ཞིག་གི་སྐབས་ལས་བརྩམས་ཏེ། གྲོ་སའི་མཁན་པོ་རྣལ་འབྱོར་བྱང་སེང་གིས་རྗེ་བཙུན་ཆེན་པོ་ལ་དྲིས་པའི་ལན་དུ། གསོན་ལ་འབུམ་པ་འཆའ་བ་དེ། །ཞེས་སོགས་གསུངས་པར་སྣང་ངོ༌། །གཉིས་པ་ལམ་འབྲས་འཆད་ཚུལ་དང་འགལ་བ་ནི། ཁྱེད་ཅག་གི་རྗེ་བླ་མ་དམ་པའི་དགོངས་པར་བྱས། རྡོ་རྗེ་སློབ་དཔོན་འགའ་ཞིག་གི་དྲུང་དུ། གསུང་ངག་རིན་པོ་ཆེ་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་ཁྲིད་དོན་དུ་གཉེར་བ་དག་འོངས་པ་ན། ཐོག་མ་ཁོ་ནར་དབང་བསྐུར་བ་དང༌། དམ་ཚིག་དང་ལྡན་པར་བྱེད་དགོས་པ་ཉིད་དུ་འདོད་པས། དབང་དེའི་ཐོག་མར་སྟ་གོན་དང༌། དེའི་ཐོག་མར་རྗེས་བཟུང་འགྲོ་དགོས། རྗེས་བཟུང་དེ་ཡང་དབང་གི་ཆུ་བོར་བཤད་པ་དེ་ལས་གཞན་ཁྱེད་ལ་མེད་པས། ཐོག་མར་དལ་འབྱོར་རྙེད་དཀའ་ནས། དོན་དམ་སེམས་བསྐྱེད་ལ་ཐུག་པའི་བར། ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེད་དུ་བཅུག་ནས། དེ་ལ་རྗེས་འཛིན་གྱི་ཆོ་ག་ལག་ལེན་བཞིན་བྱེད་དགོས་སོ། །དགོས་མོད། དེ་ལས་ཅིར་འགྱུར་ཞེ་ན། དོན་གཉེར་ཅན་དེ་དག་ལ་སྣང་གསུམ་གྱི་ཁྲིད་ཚར་གཉིས་ཟློས་པ་ཅན་དུ་འབོགས་དགོས་པར་འགྱུར་རོ། །དེ་ལྟར་ཐལ་བ་ལས་ནི། ལམ་འབྲས་ཀྱི་རྒྱུ་དུས་ཀྱི་དབང་བསྐུར་སྣང་གསུམ་ཁྲིད་ཀྱིས་དཀྲིས་ཟིན་པའི་འོག་ཏུ་བསྐུར་དགོས་པ་ཡང་གྲུབ་བོ། །ནམ་དུ་ཡང་ནི་སུ་ཡིས་ཀྱང༌། །ལུས་བསྟན་མ་ལུས་རྒོལ་བའི་ལན། །འདིར་འབྱུང་འཆར་ཀའི་འོད་རིས་ཀྱིས། །གནས་འདིར་རྨོངས་པའི་ལམ་ལས་གྲོལ།།  །།རྒོལ་བ་གསུམ་པ་ནི། སྟ་གོན་འབྲེལ་པ་མེད་པ་དང༌། །ཞེས་པའི་རྒྱས་བཤད་དུ་སློབ་མ་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ། ཐོག་མའི་དབང་བསྐུར་ཚར་གཅིག་པོ་དེ་རིགས་མོད། དེའི་དུས་སུ་དཀྱིལ་འཁོར་གཅིག་པོ་དེ་ཉིད་ཀྱི་སྟེང་ནས། ཉིན་རེ་བཞིན་སྟ་གོན་སྔ་མའི་དངོས་གཞི་རེ་དང༌། དངོས་གཞི་རྟིང་མའི་སྟ་གོན་རེ་སྤེལ་ནས། ཞུ་མཁན་མ་རྫོགས་ཀྱི་བར་དུ་བྱེད་དོ། །འདི་ནི་ཤིན་ཏུ་མི་རིགས་པའི་རྒྱུ་མཚན། སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ཚར་གཅིག་ལས་ལྷག་པ་བསྐུར་དུ་མི་རུང་སྟེ། དཀྱིལ་འཁོར་དེ་ལ་སྟ་གོན་གཅིག་ལས་མེད་པའི་ཕྱིར། ཞེས་ས་སྐྱ་པའི་སྲོལ་འཛིན་གཞན་ཐམས་ཅད་ཀྱིས་འཆད་ལ། ཁྱེད་ཀྱི་དེ་ལྟ་བུ་ལ་གོང་མའི་ལུང་གཅིག་ཡོད་ན་སྟོན་ཅིག གལ་ཏེ་སྟ་གོན་གསུམ་པོ་སྔར་བྱས་པ་དེས་ཆོག་གོ་ཅེ་ན། འོ་ན་སྒྲུབ་མཆོད་སོགས་ཀྱང་སྔར་བྱས་པ་དེ་ཉིད་གནས་པས། ཉི་མ་གཞན་ལ་བྱེད་ཅི་དགོས། གལ་ཏེ་སྟ་གོན་སྔ་མ་རྣམས་སྐྱར་ནས་བྱེད་དགོས་ཤེ་ན། དཀྱིལ་འཁོར་བསྒྲུབས་ཟིན་ནས་དེའི་ལྷ་སྟ་གོན་ཇི་ལྟར་བྱེད། ཅེས་དང༌། གཞན་ཡང་འབྲེལ་མེད་ཀྱི་རྩོད་ལན་ཁ་ཅིག་བཀོད་ནས། དེའི་ཤུགས་ལ་སྒྲུབ་མཆོད་རྟིང་མ་རྣམས་ཀྱི་ཚེ། ས་ལྷའི་སྟ་གོན་བྱེད་ཐུབ་པ་ཞིག་ཡོད་ན། སྟ་གོན་འབྲེལ་པ་མེད་པ་དང༌། ཞེས་པའི་རྒོལ་བ་དེ་བཟློག་ཐུབ་པར་ཁས་ལེན་ནོ། །འདིའི་ལན་ལ་གཉིས་ཏེ། དངོས་བསྟན་རྩོད་འཕྲེང་སོ་སོའི་ལན་དང༌། ཞེ་འདོད་དགོངས་པའི་ལན་སྤྱིས་ཕྱིན་པའོ། །དང་པོ་ལ་གཉིས་ཏེ། རྩ་བའི་གཏན་ཚིགས་མ་ངེས་པ་དང༌། གཏན་ཚིགས་དེ་སྒྲུབ་བྱེད་ཀྱི་རིགས་པ་མཐའ་མ་ཆོད་པའོ། །དང་པོ་ནི། འོ་ན་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་སློབ་མ་གཅིག་ལས་ལྷག་པར་དབང་བསྐུར་མི་རུང་བར་འགྱུར་ཏེ། སྟ་གོན་ཅིག་ལས་མེད་པའི་ཕྱིར་དང༌། སྟ་གོན་གཅིག་པུ་དེ། སློབ་མ་གྲལ་གོང་མ་དེའི་སྟ་གོན་དང་འབྲེལ་བས། སློབ་མ་གྲལ་འོག་མ་རྣམས་ཀྱི་སྟ་གོན་ལ། འབྲེལ་ཡུལ་གྱི་ལྷ་སྟ་གོན་མི་འདུག་པའི་ཕྱིར། མེད་པ་མ་ཡིན་ཏེ། ལྷ་སྟ་གོན་གཅིག་པུ་དེ། རྟིང་མ་རྣམས་ཀྱི་འབྲེལ་ཡུལ་གནས་པའི་ཕྱིར་ཞེ་ན། འོ་ན་དབང་ཚར་རྟིང་མ་རྣམས་ཀྱི་སློབ་མ་སྟ་གོན་ཡང༌། ལྷ་སྟ་གོན་གཅིག་པུ་དེ་དང་འབྲེལ་བར་འགྱུར་ཏེ། འབྲེལ་ཟླའི་དུས་སུ་འབྲེལ་ཡུལ་གནས་པའི་ཕྱིར། ཁྱེད་ཀྱིས་བཀོད་པའི་གཏན་ཚིགས་འདི། ཁོ་བོ་ཅག་ལ་མ་ངེས་པར་མ་ཟད་འགལ་བ་ཡིན་ཏེ། སྟ་གོན་གཅིག་པུ་ཇི་སྲིད་གནས་ཀྱི་བར་དུ་དཀྱིལ་འཁོར་ཡོངས་རྫོགས་གནས། དེ་གནས་པ་དེ་ཉིད་དུ། སློབ་མ་སྟ་གོན་གྱི་སྣོད་དུ་རུང་བ་སྟོང་ཕྲག་ཙམ་བྱུང་ཡང་སྨིན་དུ་རུང་བས་ཁྱབ་པའི་ཕྱིར། ཁྱེད་ཀྱི་ཞེ་འདོད་ནི། དབང་ཚར་རྟིང་མ་རྣམས་ཀྱི་སློབ་མ་སྟ་གོན་གཞི་མ་གྲུབ་པའི་ཕྱིར་ཞེས་པར་སོང་བས། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པའི་ཕྱིར་མ་གྲུབ་པའི་གཏན་ཚིགས་སོ། །དེ་ལྟར་དགག་སྒྲུབ་ཀྱི་རྣམ་གཞག་མི་ཤེས་བཞིན་དུ་གཏན་ཚིགས་བཀོད་པས། འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་ཀ་ཚང་བྱུང་ངོ༌། །གཉིས་པ་ནི། རྩ་བའི་གཏན་ཚིགས། དེའི་རྟགས་ཆོས་ཀྱི་འབྲེལ་ནི། ལྷ་སྟ་གོན་གཅིག་ལས་མེད་ན། སློབ་མ་སྟ་གོན་ཡང་གཅིག་ལས་མི་རུང༌། ཞེས་པར་སོང་བ་དང༌། སློབ་མ་སྟ་གོན་དང་པོའི་ཚར་གཅིག་པུ་དེ་ལྷ་སྟ་གོན་དང་འབྲེལ་ཡང་ཚར་རྟིང་མ་རྣམས་ལྷ་སྟ་གོན་དང་འབྲེལ་བ་མེད་དེ། སྐབས་འདིར་ལྷ་སྟ་གོན་གཅིག་ལས་མེད། གཅིག་པུ་དེ་སློབ་མ་སྟ་གོན་དང་པོ་ལ་འབྲེལ་ནས་རྫོགས་ཟིན་པའི་ཕྱིར། ཞེས་པ་དང༌། ལྷ་སྟ་གོན་ཞིག་སྐྱར་ནས་བྱེད་པ་ཡོད་ན། སྟ་གོན་འབྲེལ་པ་སྲིད་ཀྱང༌། སྐྱར་ནས་བྱེད་པ་མེད་དེ། ཞེས་པ་དང༌། སྔ་མ་གནས་པའི་ཕྱིར་སྐྱར་མི་དགོས་ན་ཧ་ཅང་ཐལ་བ་རྣམས་འཕངས་སོ། །དེ་དག་ལ་རིམ་པ་བཞིན་གྱི་ལན་ནི། འོ་ན་ཚར་དང་པོ་ལ། སློབ་མ་ཉི་ཤུ་རྩ་ལྔ་པོ་རེ་རེ་ལ། སྟ་གོན་རེ་རེ་ཉི་ཤུ་རྩ་ལྔར་ཡོད་པའི་ཕྱིར་སྟ་གོན་ཡང་ཉི་ཤུ་རྩ་ལྔར་ཡོད་དགོས་པར་འགྱུར་རོ། །དེར་མི་དགོས་ན། འབྲེལ་ཟླ་འབྲེལ་ཡུལ་གྲངས་མཉམ་དགོས་པར་འགལ། སྟ་གོན་སྔ་མ་གནས་པ་དེ་ལ། རྟིང་མ་སྐྱར་དགོས་སམ་མི་དགོས། དགོས་ན་སྟ་གོན་འབྲེལ་པ་ཡོད་པར་འགྱུར་ཏེ། སློབ་མ་སྟ་གོན་རྟིང་མ་དེ་ལྷ་སྟ་གོན་རྟིང་མ་དེ་ལ་འབྲེལ་བའི་ཕྱིར། སྐྱར་མི་དགོས་ན་བསྒྲུབ་མཆོད་ཕྱི་མ་རྣམས་ཀྱང་མི་དགོས་པར་འགྱུར་ཏེ། སྔ་མ་གནས་པའི་ཕྱིར། ཞེས་པ་ནི། སུའི་འདོད་པ་ལ་སུ་ཞིག་གིས་སུན་འབྱིན་དུ་འཕངས་ཏེ། ཚིག་གི་བརྗོད་པ་ལ་སྐྱོན་ཆགས་པའོ། །སྐབས་འདིའི་དངོས་ལན་ནི། དབང་བསྐུར་ཚར་རྟིང་མ་རྣམས་བྱེད་པའི་ཚེ། ལྷ་སྟ་གོན་གནས་པའི་ཕྱིར་སྐྱར་མི་དགོས་མོད། དགོས་ན་སྐྱར་བའི་ཐབས་ནི་མེད་པ་མ་ཡིན་ཏེ། སྒྲུབ་མཆོད་དང་པོའི་དུས་སུ། སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་དེ། ཇི་སྲིད་ཀྱི་བར་ནི། ནམ་མཁར་བཞག་ནས། སྐབས་སུ་བབ་པ་རེ་རེའི་ཚེ་མར་མེ་གཉིས་ཆད་ཀྱི་ཚུལ་དུ་དཀྱིལ་འཁོར་ལ་བཅུག་ཆོག་པའི་ཕྱིར། གཞན་དུ་ན་རང་བཞིན་གྱི་གནས་ནས་འདིར་སྤྱན་དྲངས་པའི་ཚེ། གནས་དེ་ན་ལྷ་མེད་པར་འགྱུར་རོ། །གཉིས་པ་དངོས་ལན་དཔྱིས་ཕྱིན་པ་ལ་གཉིས་ཏེ། རྒོལ་བའི་བསམ་པ་དཔྱིས་ཕྱིན་པར་བླངས་ནས། ཉེས་པ་དེ་རང་ལ་མེད་པ་དང༌། རྒོལ་བ་པོ་ཉིད་ཉེས་པ་དང་བཅས་པའོ། །དང་པོ་ནི། ཕྱིར་རྒོལ་བ་ལྟར་ན། རྗེས་འཛིན་གྱི་དུས། རྗེས་སུ་བཟུང་བའི་སློབ་མ་ཉི་ཤུ་རྩ་ལྔ་པོ་དག་གིས་ཡོ་བྱད་ཕུལ་ཞིང་གསོལ་བ་གདབ། བླ་མས་དེ་དག་གི་དོན་དུ་བཞེངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དེ། དབང་ཚར་རྟིང་མར་ཁས་ལེན་པ་རྣམས་ཀྱིས་སློབ་མ་སྨིན་བྱེད་དུ་མི་རུང་སྟེ། དེ་དག་དང་དཀྱིལ་འཁོར་འདི་ལ་འབྲེལ་པ་མེད་པའི་ཕྱིར་སྙམ་དུ་སེམས་པ་ཡིན་ལ། དེའི་ཚེ་སྒྲུབ་བྱེད་ནི། ཁོ་བོ་ཅག་ལ་གྲུབ་ཟིན་པས། གཏན་ཚིགས་དེ་ཆོས་ཅན་ལ་གྲུབ་ཀྱང་ཤེས་འདོད་མེད་པས་མ་གྲུབ་པའི་གཏན་ཚིགས་སོ། །འོ་ན་ཇི་ལྟར་ཞེ་ན། ཉེས་པ་དེ་སེལ་བྱེད་ལྷུན་གྱིས་གྲུབ་པ་ནི། སྣང་བ་གསུམ་གྱིས་ཁྲིད་ཟིན་པའི་སློབ་མ་ལ་རྗེས་འཛིན་གྱི་གྲངས་ངེས་མེད་པར་ལྷུན་གྱིས་གྲུབ་ཅིང༌། གྲངས་ངེས་བྱས་ན་ཉེས་པ་ཤིན་ཏུ་ལྕི་བ་དེའི་ཚེ། གྲངས་ངེས་མེད་པར་རྗེས་སུ་བཟུང་བའི་སློབ་མ་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་དེ་དག་གི་ཡོ་བྱད་ཕུལ་ཞིང་གསོལ་བ་གདབ། བླ་མས་ཀྱང་དེ་དག་གི་དོན་དུ་ལེགས་པར་བཞེངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ནི། སློབ་མའི་ཚོགས་དེ་དག་ཤིན་ཏུ་འབྲེལ་བའི་ཕྱིར། སྟ་གོན་བཞི་པོ་ཡང་གོ་རིམ་ཇི་ལྟ་བཞིན་དུ་འབྲེལ་ཆགས་པས་ན། སློབ་མའི་ཚོགས་ཇི་ཙམ་པ་དེ་ཐམས་ཅད་ཀྱིས་དཀྱིལ་འཁོར་དུ་རུང་བ་ཡིན་ནོ། །ཉེས་པ་དེ་གཞན་ལ་ཡོད་པ་ལ་གཉིས་ལས། དང་པོ་འགལ་བ་འདུས་པ་ནི། ཁྱེད་ཀྱིས་དབང་ཚར་དང་པོ་བྱས་ཟིན་པའི་རྡུལ་ཚོན་ལ། སྟ་གོན་སྐྱར་བ་དང༌། སྒྲུབ་མཆོད་སྐྱར་ན་སྟ་གོན་འབྲེལ་པ་གྲུབ་པར་ཁས་བླངས་པས། དབང་ཚར་གཉིས་པ་སོགས་རུང་བར་ཐལ་བ་ཡིན་ནོ། །གཉིས་པ་ཉེས་པ་ཆེན་པོ་གཞན་གྱིས་ཁྱེད་ལ་གནོད་པ་ནི། རྡུལ་ཚོན་ལས་དབང་ཚར་གཅིག་ལས་མི་བཏུབ་ན། རས་བྲིས་ལ་ཡང་མི་བཏུབ་པར་མཚུངས་སོ། །མི་མཚུངས་ཏེ། རས་བྲིས་སྨིན་བྱེད་མ་ཡིན་པ་ལ་དེ་ལྟར་རུང་བ་དང༌། གནས་གཞན་དུ་སྤྱན་འདྲེན་བཏུབ་པས་དེ་ལྟར་རུང་བ་ཡིན་ནོ་ཞེ་ན། སྨིན་བྱེད་མ་ཡིན་པའི་རྡུལ་ཚོན་ལ་ཡང་དེ་ལྟར་རུང་བ་དང༌། དེ་རིང་གི་རྡུལ་ཚོན་མི་དམིགས་པར་བྱས་རྗེས་སུ། སང་ཉིན་གྱི་རྡུལ་ཚོན་ལ་དེ་ལྟར་རུང་བ་ཉིད་དུ་འགྱུར་ཞིང༌། རུང་བ་ཡང་ཡིན་ནོ། །མདོར་བསྡུ་ན། རྡུལ་ཚོན་དང་རས་བྲིས་གང་ཡིན་ཀྱང་རུང༌། སློབ་མ་སྨིན་བྱེད་དུ་རུང་མི་རུང་ནི། སློབ་མ་དང་དཀྱིལ་འཁོར་དེ་ལ་འབྲེལ་པ་ཡོད་མེད་ལ་ཐུག་ཅིང༌། དེ་ཡང་དབང་གི་མངོན་པར་རྟོགས་པ་མཐའ་དག་ཚང་མ་ཚང་ལ་ཐུག དེ་ཚང་བ་ཡང་རང་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་ལ་དགོས་པའི་ཡོ་བྱད་རྣམས་སློབ་དཔོན་ལ་སྦྱར་བ་ནས་བཟུང་སྟེ། མངོན་པར་རྟོགས་པ་བཤད་ཚོད་རྣམས་ནི། རས་བྲིས་ཀྱང་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་འགྲོ་བ་ནི། དབང་ཆུའི་དགོངས་པ་དང༌། དེ་མ་ཚང་ན། རྡུལ་ཚོན་གྱི་ཡང་སྨིན་བྱེད་དུ་མི་འགྲོ་བ་ནི་ཆོས་རྗེའི་དགོངས་པའོ། །ངེས་པའི་དོན་དུ་ན། བློས་བླང་བའི་ཕོ་བྲང་དང༌། ཚོན་རྩི་སོགས་རྣམ་ཤེས་ལ་སྣང་བ་ནི་དམིགས་པའི་རྟེན་ཙམ་གྱི། སྨིན་བྱེད་ཀྱི་དཀྱིལ་འཁོར་དངོས་ནི། ཡེ་ཤེས་ལས་གྲུབ་པ་ཉིད་གཙོ་བོར་གྱུར་པ་དང༌། མ་འོངས་པའི་སློབ་མ་དེ་དང་སང་གི་རྗེས་བཟུང་གི གྲངས་ལ་མི་རྟོགས་ཀྱང༌། དཀྱིལ་འཁོར་དེའི་རྒྱུ་ཚོགས་སུ་སོང་བའི་ཡོ་བྱད་ཀྱི་སྐྱིན་པོ་ཕུན་སུམ་ཚོགས་པར་སྦྱོར་ནུས་པའི་སློབ་མ་དག་གིས། སྨིན་བྱེད་དུ་ཇི་ལྟར་འགྲོ་བའི་ཐབས་མཁས་ནི། སྔོན་གྱི་རྡོ་རྗེ་སློབ་དཔོན་ལྟ་བ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་དག་ལ་ཡོད་པས་ན། མ་འོངས་པའི་སློབ་མ་སྨིན་པར་བྱེད་དགོས་པ་དག་དང༌། །རང་གི་རྒྱུད་པ་འཛིན་པའི་རྡོ་རྗེ་སློབ་དཔོན་ཕྱིས་འབྱོན་རྣམས་ལ་ཉེ་བར་འཁོ་བའི་དོན་དུ། བློ་བླངས་པ་དང༌། རི་མོར་བྲིས་པའི་དཀྱིལ་འཁོར་དག་སྒྲུབ་པར་མཛད་པ་ཡིན་ནོ། །བློ་རྒྱ་ཆུང་རྣམས་ནམ་མཁའི་ཁྱོན། །འདོམ་པའི་ཚད་ཀྱི་མཇལ་བྱེད་མོད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པར། །མཁྱེན་ཀྱང་རྣམ་ཤེས་སྣང་མི་འདོར། །རྒོལ་བ་བཞི་པ་ནི། ཇི་སྐད་དུ། སློབ་དཔོན་གྲངས་ངེས་མེད་པ་དང༌། །ཞེས་པ་དེའི་རྒྱས་བཤད་དུ། གཞན་དག་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བྱེད་པའི་ཚེ། གྲངས་དང་ངེས་བཟུང་མེད་པར་སྟ་གོན་དུས་ཀྱི་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ལ་དུས་གཅིག་ཆར་དུ་དབང་བསྐུར་བ་ནི། ས་སྐྱ་པའི་ལུགས་མ་ཡིན་ཏེ། སློབ་དཔོན་རིན་པོ་ཆེས་འགྲེལ་པ་ལུགས་ཀྱི་དབང་ཆུ་དང་མན་ངག་ལུགས་ཀྱི་དབང་ཆུ་གཉིས་ཀ་ལས། ཉེར་ལྔ་པོ་ཐམས་ཅད་ལ་སློབ་དཔོན་གྱིས་དབང་གཅིག་ཆར་དུ་བསྐུར་བ་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །སློབ་མ་སྡམས་ལ་སྙིང་རྗེ་ཅན། །སྔགས་དང་རྒྱུད་རྣམས་འཛིན་པ་པོ། །གཅིག་ནི་ནན་ཏན་བསྐྱེད་ནས་བཟུང༌། །ཞེས་པའི་ལུང་གིས་ཚོགས་པ་ཐམས་ཅད་ལ་དབང་བསྐུར་བར་མི་བྱ་སྟེ། ཞེས་དང༌། སློབ་དཔོན་གཙོ་བོར་གྱུར་པ་གཅིག །སྔར་བཤད་པའི་དབང་སྟེགས་ལ་གཞག་སྟེ། ཞེས་དང༌། སློབ་མ་རེ་རེ་ནས་དབང་སྟེགས་ལ་གཞག་སྟེ་ཞེས་དང༌། དབང་བསྐུར་ནས་བཀྲ་ཤིས་བརྗོད་ཟིན་པའི་འོག་ཏུ། ཐམས་ཅད་བཀུག་ནས་དེ་ཁོ་ན་ཉིད་བསྟན་པར་བྱའོ། །ཞེས་གསུངས་པའི་ཕྱིར་རྗེ་བཙུན་གོང་མས་གང་བཀག་པ་དེ་ཉིད། ནན་ཏན་གྱིས་བསྒྲུབ་པར་མ་བྱེད་ཅིག ཅེས་འབྱུང་ངོ༌། །ལན་གསུམ་པ་ལ་གསུམ། ཚོགས་པ་ལ་སློབ་དཔོན་གྱིས་དབང་བསྐུར་བ་ཉེས་ཅན་ཡིན་ན། ཀུན་གྱི་སེལ་དགོས་པར་བསྟན་པའི་དབང་གིས་དེ་ལྟར་མཛད་པས། དགག་བྱ་མང་པོ་ཁེགས་པར་བསྟན། སློབ་མ་སློབ་དཔོན་གྱི་སྐལ་བ་ཅན་ལ། ཕྱག་ལེན་དེ་ངེས་པར་བྱེད་དགོས་པ་ཉིད་དུ་བཤད་པའོ། །དང་པོ་ནི། སློབ་མ་སྨིན་བྱེད་ཀྱི་ཆོ་གས། རིག་པའི་དབང་ལྔ་བསྐུར་མ་ཐག་པའི་སློབ་མ་མཐའ་དག་ལ་ཚམ་ཚོམ་མེད་པར། མཎྜལ་དང་གསོལ་བ་འདེབས་སུ་བཅུག་ནས། སློབ་དཔོན་གྱི་དབང་བསྐུར་བ་འདི་དབང་གི་ཆུ་བོ་དང་མི་འགལ་བར་ཁས་ལེན་པ་མ་ཡིན་མོད། ཁྱེད་ཀྱིས་འགལ་བར་གོ་ནས་དབང་ཆུའི་དགོངས་པ་བཞིན་ཁས་ལེན་པར་བྱེད་ན། རྗེས་འཛིན་གྱི་ཚེ་ལུས་དང་ལོངས་སྤྱོད་གང་ཡོད་མི་འབུལ་ན་རྗེས་འཛིན་མི་བྱེད། སྟ་གོན་གྱི་ཚེ། ཚེ་འདིའི་དོན་དུ་གཉེར་ན་སློབ་མ་སྟ་གོན་མི་བྱེད། སེམས་མ་བསྐྱེད་པ་དང་ཡེ་ཤེས་མ་ཕེབས་པ་དཀྱིལ་འཁོར་དུ་མི་འཇུག་པ་སོགས་ཁུང་ཐུབ་ཀྱི་བཤད་ཚོད་ཐམས་ཅད་ཁྱེད་ཅག་གི་ཕྱག་ལེན་དུ་ཁེལ་བ་ཡོད་དམ། ཡོད་ན་མངོན་སུམ་དང་མི་འགལ་ལམ། མེད་ན་མ་བཤད་པ་མཐའ་དག་ནན་གྱིས་བྱེད་དམ། གཉིས་པ་ནི། སློབ་དཔོན་གྱིས་དབང་བསྐུར་ཚུལ་དེ་འདྲ་ཅིས་ཀྱང་བྱེད་མེད་དགོས་ཞེས་པ། གྲུབ་མཐའ་ལ་བྱས་པ་མེད། དམ་བཅའ་མེད་པ་ལ་ལུང་འགལ་གྱི་སུན་འབྱིན་བརྗོད་པ་མཁས་པའི་ལུགས་མ་ཡིན། སྤྱིར་བཏང་ལ་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་དང༌། བཞུད་ཅིག་ཅེས་བཀྱེ་དགོས་པར་བཤད་ཀྱང༌། ངེད་ཀྱི་བླ་མའི་དབང་གྲལ་དུ་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་དེ་འདྲ་མ་བྱུང༌། དོན་དུ་གཉེར་ཞིང་ཕུད་ན་དགག་བྱ་ཅིར་འགྱུར། དགོས་པ་ནི་མ་མཐའ་འང་མཚན་བརྗོད་ཀྱི་ལུང་ཙམ་གཅིག་ལེན་པ་ལའང༌། སློབ་དཔོན་དབང་འདི་བསྐུར་དགོས་པ་མ་ཡིན་ནམ། སློབ་མ་ཉེར་ལྔ་པོ་ཐམས་ཅད་ཀྱི་དབང་འདི་དོན་དུ་གཉེར་ན། འགའ་ཞིག་ལ་བློ་གྲོས་མི་ལྡན་པ་སོགས་ཀྱི་སྨད་ན། དེའི་ཚེ་སློབ་དཔོན་ལ་མི་ཆོས་བླ་མ་དང༌། སློབ་མས་སློབ་དཔོན་ལ་ཁོང་ཁྲོ་བ་སོགས་དགག་བྱ་ཅིར་འགྱུར། རྡོ་རྗེ་སློབ་དཔོན་ཕྲིན་ལས་ཆུང་དུ་སློབ་མ་ཉུང་ཤས་ལས་མེད་པ་དག་གིས། རེ་རེ་ནས་དབང་སྟེགས་ལ་འཁོད་པར་ནུས་ཀྱང༌། ཕྲིན་ལས་རླབས་པོ་ཆེ་དག་ལ་དགོས་པའི་ཁྱད་པར་གཞན་དུ་མ་བྱུང་ངོ༌། །གསུམ་པ་ནི། བོད་འདིར། བླ་མེད་རྡོ་རྗེ་ཐེག་པའི་སྣོད་རུང་གི་སློབ་མ། ཐུན་མོང་གི་དབང་དྲུག་པོས་སྨིན་པར་བྱས་ཟིན་པ་རྣམས་ནི་ཆོས་ཅན། སློབ་དཔོན་གྱི་དབང་གི་སྣོད་དུ་མི་རུང་བ་མེད་དེ། བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་མཐའ་དག་ཉན་པའི་སྣོད་དུ་རུང་བའི་ཕྱིར། འོ་ན་རྒྱུད་དེ་དག་ཉན་པ་ལ་སློབ་དཔོན་གྱིས་དབང་བསྐུར་མི་དགོས་པར་ཐལ་ལོ་ཞེ་ན། མི་དགོས་པ་མ་ཡིན་ཏེ། བླ་མེད་རིགས་དྲུག་གི་རྒྱུད་དངོས་སུ་ཉན་པ་དང་བལྟ་བ་ལ། ལྷ་དང་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེས་ན་འཕགས་ཡུལ་ལྟ་བུ། རྒྱུད་སྡེ་བཞིའི་གདུལ་བྱ་སོ་སོར་ངེས་པ་དང༌། བླ་མེད་རྐྱང་པའི་གདུལ་བྱ་ལའང༌། དབང་གོང་མ་དོན་དུ་གཉེར་མི་གཉེར་སོ་སོར་ངེས་པ་དེའི་ཚེ། དཀྱིལ་འཁོར་དུ་འཇུག་པ་ཙམ་བྱས་ནས་འགྱེས་སུ་འཇུག་པ་དང༌། སློབ་མའི་དབང་ཙམ་བསྐུར་ནས་དང༌། བུམ་པའི་དབང་ཙམ་བསྐུར་ནས་འགྱེས་མི་འགྱེས་ཀྱི་དབྱེ་བ་དག་ཡོད་པ་ཡིན་གྱི། རྡོ་རྗེའི་རིགས་ཅན་གཅིག་ཏུ་གྱུར་པ་ལ་ནི། དེ་ལྟར་ཡོད་པ་མ་ཡིན་ནོ། །དེའི་ཚེ་རེ་རེ་ནས་དབང་བསྐུར་བའི་དགོས་པ་ཡང༌། དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། དབང་སྟེགས་ཀྱི་དཀྱིལ་འཁོར་གཅིག་ལས་མ་བཤམས་པའི་དོན་དང༌། དེ་ཁོ་ན་ཉིད་འཆད་པའི་ཚེ་དབང་སྟེགས་ལ་འཇོག་མི་དགོས་པའི་རྒྱུ་མཚན་གྱིས་ཐམས་ཅད་བཀུག་པ་ཡིན་གྱི། དགོས་པའི་ཁྱད་པར་གཞན་ཡོད་པར་མི་སེམས་མོད། འོ་ན། རྡོ་རྗེ་ཐེག་པ་སྣོད་རུང་མཐའ་དག དེའི་སློབ་དཔོན་དུ་འོས་པར་ངེས་སམ་ཞེ་ན། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ལ་དགོས་པ་ནི། གཉིས་ཏེ། བསྐྱེད་རིམ་གྱི་དབང་དུ་བྱས་པའི་རྒྱུད་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་དོན་དུ་དང༌། དེ་ལྟར་བྱས་པའི་འོག་ཏུ། སློབ་མ་ལ་ཆོས་འཆད་པ་དང༌། བགེགས་བཞོམ་པ་དང༌། དབང་གོང་མ་ལ་འཇུག་པ་ལ་སོགས་པའི་དོན་ཅན་ནོ། །དགོས་པ་དང་པོ་དེ་འགྲུབ་པ་ལ་ནི། སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ཙམ་གྱིས་ཆོག་ལ། གཉིས་པ་དེ་འགྲུབ་པ་ལ་ནི། ཆོས་འཆད་པའི་རྗེས་གནང་ལ་སོགས་པ་ཕྱི་མ་རྣམས་ཐོབ་དགོས་པ་ཡིན་ནོ། །དེ་ལྟར་ཡིན་པ་དེའི་ཕྱིར། སློབ་མའི་དབང༌། སློབ་དཔོན་གྱི་དབང་མཚན་མོ་གཅིག་ལ་བསྐུར་བའི་ཕྱག་ལེན་བྱས་པ་དེའི་ཚེ། འགའ་ཞིག་གི་བསམ་པ་ལ། སློབ་གཉེར་དང་བསྙེན་སྒྲུབ་བྱེད་མ་དགོས་པར། རྡོ་རྗེ་སློབ་དཔོན་དུ་སོང་སྙམ་པའི་དོགས་པ་དེ་ཡང་ཁེགས་པ་ཡིན་ནོ། །རྫོགས་རིམ་གྱི་ཆོས་འཆད་པའི་རྡོ་རྗེ་སློབ་དཔོན་དུ་འགྲོ་བ་ལ། དབང་གོང་མ་སྔོན་དུ་འགྲོ་དགོས་ཤིང༌། དེ་ཡང་དབང་རྣོན་ལ་དབང་གཞི་གཅིག་ཆར་བསྐུར་བས་ཆོག་ཀྱང༌། དབང་གི་ཆུ་བོ་ལས་ནི་བརྟུལ་འབྲིང་གི་དབང་དུ་མཛད་དོ། །སྲིན་བུ་པདྨའི་འགྲོས་ཞིབ་པོས། །ལམ་དུ་བགྲོད་པ་མཁས་མཁས་པོ། །ནམ་མཁའ་ལྡིང་གི་འགྲོས་ཆེན་གྱིས། །མཁའ་ལ་འགྲོད་པ་རྩིང་རྩིང་པོ། །རྒོལ་བ་ལྔ་པ་ནི། འདི་སྐད་དུ། དབང་བསྐུར་ཡོངས་དག་མེད་པ་དང༌། །ཞེས་པ་དེའི་རྒྱས་བཤད་དུ། ཡང་གཞན་དག་རྡོ་རྗེ་བརྟུལ་ཞུགས་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་རྫས་ལ་སྐྱེད་ཆོག་མི་དགོས་པར་ནི་མི་འཐད་དེ། རྗེ་བཙུན་གྱིས་མཛད་པའི་ལམ་དུས་ཀྱི་དབང་གི་ཡི་གེ་ལས། ཐུན་མོང་གྱི་དབང་དྲུག རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ཀའི་བདག་དང་དབང་རྫས་ཡོངས་སུ་དག་བཞིས་བྱིན་གྱིས་བརླབས་དགོས་ཏེ་དེའང་རྒྱུ་དུས་དང་མི་འདྲ་བ་ནི། དམ་ཚིག་པ་ཕོ་བྲང་ལྔའི་གཙོ་བོ་འཕོ། རྡོ་རྗེ་འཆང་ཕྱག་གཉིས་པར་འཕོ། གཞན་རྣམས་རྒྱུ་དུས་དང་འདྲའོ། །ཞེས་གསུངས་པ་དང་དངོས་སུ་འགལ་ལོ་ཞེས་འཆད། དངོས་བསྟན་གྱི་རྒོལ་ཚུལ་རྩིངས་པར་བསྟན། ཞེས་འདོད་ཀྱི་དངོས་ལན་བཏབ་པ་འཕྲོས་དང་བཅས་པའོ། །དང་པོ་ནི། བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་དགོས་པས་ཁྱབ་ན། དེ་དུས་ཀྱི་བུམ་པ་ལ་བསྐྱེད་ཆོག་ཅིའི་ཕྱིར་མི་བྱེད། གོང་དུ་བྱིན་གྱིས་བརླབས་ཟིན་མ་ཉམས་པའི་འཕྲོ་ཉིད་དོ་ཅེ་ན། རྡོ་རྗེ་ལའང་ཅིའི་ཕྱིར་མི་མཚུངས་བུམ་པ་ཆུ་དབང་གི་ཐུན་མོང་མ་ཡིན་པའི་དབང་རྫས་སོ་ཞེ་ན། རྡོ་རྗེ་འང་འོད་དཔག་མེད་ཀྱིས་སོ། །དེ་དང་འདིའི་དབང་རྫས་ཐ་དད་དོ། །ཞེ་ན། འདིའི་རྫས་ལོགས་པ་ཞིག་འཚོལ་ལམ། སྔར་གྱི་བྱིན་བརླབས་ཟིན་པ་དེ་མི་དམིགས་པར་བྱེད། བརྟུལ་ཞུགས་དང་སློབ་དཔོན་གྱི་ཚེའང༌། བདག་དང་དབང་རྫས་གཉིས་ཀ་ལ་དག་པ་བཞི་ཚང་དགོས་ན། རྡོ་རྗེ་སེམས་དཔའ་ཉིད་མི་དམིགས་པར་བྱས་ནས། སླར་ཡང་དེ་ཉིད་ཀྱི་བསྐྱེད་ཆོག་རྫོགས་པར་བྱེད་དམ། བརྟུལ་ཞུགས་ཀྱི་ཚེ། སྦྱང་བཞི་སྟོང་པར་སྦྱོང་ངོ་ཞེ་ན། དེའི་སྦྱངས་གཞི་དང་སློབ་མའི་གཞི་མཐུན་གང་ལ་བྱེད། ཁྱད་པར་དུ་སློབ་དཔོན་གྱི་ཚེ། དབང་རྫས་རྡོ་རྗེ་ལ་འདོད་མོད། བདག་གི་མཚན་གཞི་གང་ཡིན། དབང་སྟེགས་ལ་འཇོག་ཁ་མ་དེ་ཡིན་ནམ། གཞག་ཟིན་པ་དེ་ཡིན། གང་ལ་འདོད་ཀྱང་ཐོག་མར་དམིགས་མེད་བཏང་བ་སྔོན་དུ་མ་སོང་བའི་ཡོངས་སུ་དག་པ་བཞི་མི་སྲིད། གཏོང་ན་རྡོ་རྗེ་སེམས་དཔའ་མེད་པར་བྱེད་དགོས། བྱིན་གྱིས་བརླབས་ཚུལ་རྒྱུ་དུས་དང་འདྲ་ན། དབང་རྫས་དག་པ་བཞིས་བྱིན་གྱིས་བརླབས་ཟིན་པའི་རྗེས་སུ། སློབ་མ་དབང་བསྐུར་དགོས་པ་མ་ཡིན་ནམ། ཅིའི་ཕྱིར། ཁོ་བོ་ཅག་ལ་ཀླན་ཀ་ཚོལ་བར་བྱེད། དབང་རྫས་དག་པ་བཞིས་བསྒྲུབ་པའི་ཚེ། རྡོ་རྗེ་མི་དམིགས་པར་བྱས་ནས། ལྷ་དམ་ཚིག་པ་ཞིག་ཏུ་བསྐྱེད་པ་སོགས་ཚང་བར་བྱས་པ་ཞུ་བ་ལས། རྡོ་རྗེར་གྱུར་པ་ཞིག་སློབ་མ་ལ་བསྟེར་དགོས་པ་མ་ཡིན་ནམ། ཡིན་ན། རྡོ་རྗེའི་དབང་བསྐུར་ཚུལ་དུ་སོང་གི སློབ་དཔོན་གྱི་དབང་བསྐུར་ཚུལ་དུ་མ་སོང༌། དྲིལ་བུ་ལ་ཡང་དེ་དང་འདྲ་ཞིང༌། སློབ་དཔོན་གྱི་དབང་གི་སྐབས་སུ་ཕྱག་རྒྱ་ཡང་དབང་རྫས་ཀྱི་གཙོ་བོར་འདོད་དགོས་པ་མ་ཡིན་ནམ། གཉིས་པ་ནི། རྗེ་བཙུན་གྱིས་གཞན་རྣམས་རྒྱུ་དུས་དང་འདྲའོ། །ཞེས་གསུངས་པ་ཉིད་ཀྱིས། རྒྱུ་ལམ་གཉིས་ཀའི་བརྟུལ་ཞུགས་དང༌། སློབ་དཔོན་གྱི་དབང་རྫས་ལ་ཡོངས་དག་བཞི་ཚང་བར་མི་དགོས་པ་ཉིད་དུ་གྲུབ་པ་ཡིན་ཏེ། སློབ་དཔོན་རིན་པོ་ཆེས་མཛད་པའི་དབང་གི་ཆུ་བོ་གཉིས་ཀ་ལས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་བསྐྱེད་ཅེས། ཚིག་རིམ་སྙོན་མི་ནུས་པར་ཡོད་པ་ཡིན་གྱི། ལྷ་དམ་ཚིག་པ་ཞིག་ཏུ་བསྐྱེད་པའི་ཚིག་ཟུར་ཙམ་ཡང་མི་སྣང་བའི་ཕྱིར་དང༌། དེ་མེད་པར་ཡོངས་སུ་དག་པ་བཞི་ཇི་ལྟར་ཚང༌། གལ་ཏེ་རྡོ་རྗེའི་དེ་ཁོ་ན་ཉིད་རྫོགས་པར་བསྐྱེད་ནས་སློབ་མ་ལ་བྱིན་ཞེས་པས་དག་པ་བཞི་ཐོན་སྙམ་ན། རྡོ་རྗེའི་དེ་ཁོ་ན་ཉིད་ཅི་ལ་ཟེར། ཡོངས་དག་བཞི་པོ་དེ་དེའི་དེ་ཁོ་ན་ཉིད་དུ་འཆད་པ་པོ་སུ་ཞིག་འབྱུང༌། ངེས་དོན་རྡོ་རྗེ་ནི། སངས་རྒྱས་ཐམས་ཅད་ཚང་བའི་རྡོ་རྗེ་སེམས་དཔའ་ཉིད་དོ་ཞེས། སྔར་རྡོ་རྗེའི་དབང་དུས་ལས་བློ་བསྐྱེད་སྟོན་ནས་བརྡ་སྤྲོད་པ་ཡིན་ཏེ། ཇི་སྐད་དུ། འདི་སྟེ་སངས་རྒྱས་ཐམས་ཅད་དེ། །ཞེས་སོགས་ཀྱིས་གོ་བར་བྱེད་པའི་ཕྱིར་རོ། །འོན་ཀྱང་འདིར་ནི་མདོར་བསྟན་པ་ཙམ་ཡིན་ལ། རྡོར་དྲིལ་གཉིས་ཀའི་དེ་ཁོ་ན་ཉིད་གསལ་པོ་ནི། སློབ་དཔོན་གྱིས་དབང་དུས་སུ་སྟོན་པར་མཛད་པ་དེའོ། །འོ་ན་དབང་བདུན་ཀའི་སྐབས་སུ། དབང་རྫས་དག་པ་བཞིས་བྱིན་གྱིས་རློབ་ཅེས་པའི་གསུང་ནི་སྙོན་མི་ནུས་པས། དབང་ཕྱི་མ་གཉིས་ཀྱི་ཚེ་དབང་རྫས་ཀྱི་དག་པ་བཞི་གང་ལ་ངོས་འཛིན་ཅེ་ན། དེའི་ཚེ་རྡོར་དྲིལ་ལས་གཞན་པའི་དབང་རྫས་ངོས་མི་འཛིན་ལ། དེ་ཡང་ལམ་དུས་སུ་ནི། གཉིས་པོ་དེ་དེ་ལྟར་བྱིན་གྱི་བརླབས་མ་ཐག་པ་དེ་ཉིད་མ་ཉམས་པར། རྡོ་རྗེ་འཆང་གིས་བདག་ཉིད་ལ་སོ་སོའི་དེ་ཁོ་ན་ཉིད་ཚངས་པར་ངོ་སྤྱད་ནས་བྱིན་པའི་མོས་པ་ལས་འོས་མེད་ལ། རྒྱུ་དུས་སུ་མཚན་མོ་གཅིག་ལ་དབང་བདུན་ཀ་བསྐུར་བའི་ཚུལ་ནི། བཤད་མ་ཐག་པ་དེ་ཉིད་དང་འདྲ་ལ། བརྟུལ་ཞུགས་དང༌། སློབ་དཔོན་གྱི་དབང་གི་བར་དུ་ལོ་ཟླས་ཆོད་པ་སྲིད་པ་དེའི་ཚེ་ནི་སློབ་མ་དབང་སྟེགས་ལ་བཞག་རྗེས་སུ། སློབ་དཔོན་གྱི་དབང་གི་ཡན་ལག་ཏུ་རིགས་པའི་དབང་ལྔ་རྒྱས་པར་བསྐུར་བ་སྔོན་དུ་བཏང་ནས། དམ་ཚིག་གསུམ་བསྟེར་དགོས་པ་ནི། རྩོད་མེད་དུ་གྲུབ་པ་དེའི་ཚེ། དབང་རྫས་ལ་དག་པ་བཞི་ལྷུན་གྱིས་གྲུབ་པའོ། །འོ་ན་དབང་ཕྱི་མ་གཉིས་ཀྱི་དབང་རྫས་ལ་ཡོངས་དག་བཞི་མི་དགོས་སོ་སྙམ་པའི་དོགས་པ་ནི་སུ་ཞིག་ལ་སྐྱེ། མི་སྐྱེ་ན། རྗེ་བཙུན་གྱི་དགོངས་པ་དེ་སེལ་བར་མཛད་པ་ཅི་ཞེ་ན། སློབ་དཔོན་གྱིས་དབང་ལ་དོགས་པ་དེ་ལྟ་བུ་སྐྱེ་བ་དང་སེལ་བ་ནི། བཤད་མ་ཐག་པ་དེ་ཉིད་ལ་བརྟུལ་ཞུགས་ཀྱི་ཚེ། རྡོ་རྗེའི་དབང་ནི་གོང་དུ་ཟིན་ལ། འདིར་རྡོ་རྗེ་བསྟེར་བ་ནི་གཞན་ཞིག་གོ་སྙམ་པའི་དོགས་པ་སེལ་བ་ལ། གོང་དུ་སློབ་མ་ལ་དབང་བསྐུར་བྱས་ཟིན་པའི་རྡོ་རྗེ། སློབ་མའི་ལག་ན་ཡོད་བཞིན་པ་དེ་སློབ་དཔོན་གྱིས་བླངས་ཏེ། ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་ནས་སློབ་མའི་སེམས་ཀྱི་དྲི་མ་སེལ་བར་བྱེད་དོ། །སྐབས་འདིར་ཁྱེད་ཀྱིས་ནི། རྗེ་བཙུན་གྱིས་ལམ་དུས་ཀྱི་ཡེ་ཤེས་རྩེ་མོའི་དབང་གི་ཆུ་བོ་གཉིས་ལེགས་པར་བཀག་ཅེས་པར་སོང་ངོ༌། །སྤྱོད་ལྡན་ལ་ལའི་འབེལ་གཏམ་གྱིས། །འགའ་ཞིག་མུན་པར་བྱེད་མོད་ཀྱང༌། །ཕྱེ་མ་ལེབ་ཀྱི་ཤོག་རྩེ་ཡིས། །རི་རབ་བསྒུལ་བར་ནུས་མ་ཡིན། །རྒོལ་བ་དྲུག་པ་ནི། ལུས་དཀྱིལ་འབྱུང་ཁུངས་མེད་པ་དང༌། །ཞེས་པའི་རྒྱས་བཤད་དུ་ཁ་ཅིག་ན་རེ། ལུས་དཀྱིལ་གྱི་ཕོ་བྲང་ལྔའི་ཨཾ་ལ་སོགས་པའི་ཡི་གེ་རྣམས། ལྷ་རིན་འབྱུང་ལ་སོགས་པའི་ས་བོན་དུ་བཞག་ནས་བསྐྱེད་པར་བྱེད་པ་མི་འཐད་དེ། དེ་ལྟར་ན་བཅོས་མའི་དཀྱིལ་འཁོར་དུ་ཐལ་བའི་ཕྱིར་དང༌། ཧཾ་དང་ཧཱུྃ་ལྟ་བུ་ས་བོན་མགོ་མཐུར་བསྟན་དུ་མི་རུང་བའི་ཕྱིར། ཞེས་བཀག་ནས། ངག་འདོན་གྱི་ཚེ། ཨཾ་རིན་ཆེན་འབྱུང་ལྡན་ཞེས་སོགས་སྦྱར་ནས། འབྱུང་ཁུངས་ཀྱི་ཚིག་མཐའ་དག་མེད་པར་བྱེད་དོ། །འདི་མི་འཐད་དེ། རྗེ་བཙུན་རྩེ་མོས་ལུས་དཀྱིལ་ལུང་དང་སྦྱར་བའི་ལེའུ་གཉིས་པ་ནས། བྷྲཱུྃ་ལ་སོགས་པ་ནི་ཕོ་བྲང་ལྔའི་ལྷ་རྣམས་ཀྱི་ས་བོན་ཏེ། ཞེས་གསལ་བར་གསུངས་པ་དང༌། གཞུང་བཤད་མཐའ་དག་གི་གྲངས་བགྲངས་ནས་འབྱུང་ཁུངས་ཀྱི་ཚིག་ཡོད་པར་བཤད་པ་དང༌། ཁྱད་པར་དུ་དཔེ་མཛོད་མ་དང༌། སྒ་ཐེང་མ་གཉིས་སུ། རྩ་ནང་གི་ཁམས་ལས་ཡབ་དང༌། ཕྱི་ཤུན་གྱི་རྩ་ལས་ཡུམ་བསྐྱེད་པར་བཤད་དོ། །ཅེས་ཟེར་རོ། །ལན་ལ་གཉིས་ཏེ། ངེས་དོན་ལ་གོ་བ་མ་ཆགས་ན། ཕྱོགས་གཉིས་ཀ་ངེས་མེད་དུ་བསྟན། ངེས་དོན་གྱི་གོ་བ་ཟུར་ཙམ་བསྟན་པའོ། །དང་པོ་ནི། ལས་ཉོན་གྱི་རྣམ་སྨིན་དུ་གྱུར་པའི་རྩ་ཁམས་ཉིད་སངས་རྒྱས་ཡབ་ཡུམ་དུ་འཆད་པའམ། རྩ་ཁམས་ཉིད་ལྷ་ཞལ་ཕྱག་གི་རྣམ་པ་ཅན་རྫས་གཞན་མང་པོ་བསྒྲུབ་པའི་གཞིར་འདོད་ཀྱང་རུང་སྟེ། ཕྱོགས་གཉིས་ཀས་ངོས་མ་ཟིན་པའི་ཕྱིར་འདམ་ཁ་མེད་དོ། །ཇི་ལྟར་ཞེ་ན། ལས་ཉོན་གྱི་རྣམ་པར་སྨིན་པ་ནི། རང་བཞིན་རྣམ་དག་གི་སངས་རྒྱས་དང༌། གློ་བུར་རྣམ་དག་གི་སངས་རྒྱས་གཉིས་པོ་གང་གི་ཡང་ངོ་བོ་ཉིད་དུ་དབང་པོ་ཆེ་སུས་ཀྱང་བསྒྲུབ་མི་ནུས་པ་དང༌། བསྐྱེད་རིམ་དང་རྫོགས་རིམ་གྱི་ལྷ་གང་ཡིན་ཀྱང་འདྲ་སྟེ། བསྒྲུབ་གཞི་ཞིག་ལས་བསྒྲུབ་དགོས་ན། དེའི་མཐར་ཐུག་གི་རྩ་བ་བཞིའི་དུས་ཀྱི་ཡེ་ཤེས་ཉིད་ལ་ཐུག་དགོས་པའི་ཕྱིར། གཉིས་པ་ནི། ལུས་རྩ་དང༌། རྩེ་ཡི་གེ་དང༌། ཁམས་བདུད་རྩི་དང༌། སྙིང་པོ་ཡེ་ཤེས་རླུང་སྟེ། དཀྱིལ་འཁོར་བཞི་པོ་ལ་སངས་རྒྱས་ཀྱི་སྐུ་བཞི་པོ་རང་བཞིན་ལྷུན་གྲུབ་ཏུ་གནས་པ་དང༌། ཡོན་ཏན་གནས་གྱུར་དུ་བྱུང་བ་གཉིས་གཉིས་སུ་དབྱེ་དགོས་པ་ནི། ཇི་སྐད་དུ། རང་བཞིན་རྒྱུ་ལ་བསམས་ན་ལྷུན་གྲུབ་ཏེ། །མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་གྱུར་ཡིན། །ཞེས་སོ། །དེའི་ཕྱིར་ལུས་དབྱིབས་ཀྱི་དཀྱིལ་འཁོར་དང༌། དེའི་ཆོས་ཉིད་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་དང་དེ་བཞིན་དུ་རྩ་ཡི་གེ་དང༌། དེའི་ཆོས་ཉིད་ལོངས་སྐུ་རང་བཞིན་ལྷུན་གྲུབ་སྟེ། གཞན་གཉིས་ལ་ཡང་དེ་བཞིན་སྦྱར་བས། ཆོས་ཅན། དཀྱིལ་འཁོར་བཞི་པོ་གྲུབ་ཙམ་ན། དེའི་ཆོས་ཉིད་སྐུ་བཞི་པོ་དང་ངོ་བོ་ཐ་དད་དུ་དབྱེར་ཡོད་པ་མ་ཡིན་ཏེ། བུམ་རྫས་ཐ་དད་པར་སྣང་བཞི་དང༌། དེའི་གོ་ས་ན་ཡོད་པའི་ནམ་མཁའ་དབྱེར་མེད་པ་བཞིན་དང༌། ཇི་སྲིད་བུམ་པ་ལྟ་བུའི་སྒྲིབས་ཐོག་མ་གསལ་ན་དེ་ཉིད་དུ། དེའི་ནང་གི་ནམ་མཁས་གཟུགས་ཅན་གྱི་གོ་སྐབས་མི་འབྱེད་པ་དེ་བཞིན་དུ། ཇི་སྲིད་ཤེས་རབ་ཀྱི་དབང་པོས། རྣམ་སྨིན་གྱི་ལུས་རྩ་དང༌། དེའི་ཆོས་ཉིད་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་གོ་ས་ཐ་མི་དད་དུ་གནས་པ་ལ། དེ་ལྟར་གནས་པ་རང་ཉིད་དུ་བླ་མས་བརྡ་སྤྲད་ནས་ཤེས་པའི་ཚེ་ནི། ལུས་དཀྱིལ་ངོ་འཕྲོད་པ་ཞེས་བྱ་ལ། དེའི་འོག་ཏུ་ཤེས་རབ་ཀྱི་དབང་པོས། རྣམ་སྨིན་གྱི་ལུས་ལ་སོགས་པའི་སྒྲིབ་ཐོགས་བསལ་ནས། སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་ཉི་མ་ལྟ་བུར་ཡོན་ཏན་གྱི་ཚོགས་སྔོན་དུ་གྱུར་པ་དེ་ལ་ནི་གནས་གྱུར་པ་ཞེས་བྱའོ། །དེ་ལྟར་ཡིན་པ་དེའི་ཕྱིར། རང་བཞིན་རྣམ་དག་ལ་བསམ་ན། འབྱུང་ཁུངས་ཀྱི་ཚིགས་མི་དགོས་ལ། གློ་བུར་རྣམ་དག་ལ་བསམས་ན། འབྱུང་ཁུངས་ཀྱི་ཚིག་ཡོད་པར་བྱེད་དོ། །དེ་ཡང་ངག་ཏུ་བརྗོད་ན། རང་བཞིན་རྣམ་དག་གི་རིན་འབྱུང་ཞལ་ཕྱག་གི་རྣམ་པ་ཅན་མ་ཡིན་པ་ནི། རྩ་ཡི་གེ་ཨཾ་གི་རྣམ་པར་གནས་སོ། །རིན་འབྱུང་ཞལ་ཕྱག་གི་རྣམ་པ་ཅན་ནི། ཨཾ་ཡིག་ལས་བྱུང་ངོ༌། །ཞེས་ཁས་ལེན་པར་བྱ་ཞིང༌། དེ་བཞིན་དུ། ང་རྒྱལ་དང༌། ཚོར་བའི་ཕུང་པོ་རྣམ་པར་དག་ཅེས་པ་དེ་ལའང་རང་བཞིན་རྣམ་དག་དང༌། གློ་བུར་རྣམ་དག་གཉིས་ལས། ལས་དང་པོ་པས་ལས་དཀྱིལ་གསལ་འདེབས་པའི་ཚེ་ནི། སྔ་མ་དབང་བཙན་ལ། དབང་གི་རྟོགས་པ་བརྗོད་པའི་ཚེ་ནི། ཕྱི་མ་དབང་བཙན་ནོ། །ཆར་མེད་སྤྲིན་ཚོགས་དང་མཚུངས་པའི། །རྒལ་ལན་མང་པོ་དེས་ཅི་བྱ། །ངེས་དོན་ཉི་མ་གཅིག་ཤར་བས། །ཅལ་ཅོལ་མུན་པའི་ཚོགས་ལས་གྲོལ། །རྒོལ་བ་བདུན་པ་ནི། རྒྱས་གདབ་རིགས་མཚོན་མེད་པ་དང༌། །ཞེས་དང༌། དེའི་རྒྱས་བཤད་དུ། ཡང་ཁ་ཅིག རྒྱས་གདབ་ཀྱི་སྐབས་སུ། སམ་བྷུ་ཊི་ལས། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པའི་རྒྱུ་ནི་བརྗོད། །ཞེས་པ་འཁོར་ལོ་དྲུག་ཏུ་འདོད་པ་རྣམས་ཀྱི་ལུགས་ལ། སྤྱི་གཙུག་གི་འཁོར་ལོ་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་འབྲུ་མནན་པས་ཆོག་མོད། མན་ངག་འདི་པའི་ལུགས་ལ་རྒྱས་འདེབས་ཀྱི་ལྷ་བསྟན་པ་ཡིན་ཞིང༌། དེ་དང་མཐུན་པར་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱི་ཕྱག་རྒྱ་བཞིའི་རྒྱས་འདེབས་ལས། ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔལ་ཟླ་བའི་མདོག །ཅེས་བཤད་པས། ལུས་དཀྱིལ་གྱི་ལྷ་ལ་རྡོ་རྗེ་སེམས་དཔའི་རྒྱས་འདེབས། རྒྱུད་དང་རྒྱ་གར་བའི་དགོངས་པ་ཡིན་པར་གསལ་ལོ། །ཞེས་ཟེར་ཞིང༌། ངག་འདོན་གྱི་སྐབས་སུ། ལུས་དཀྱིལ་ཀྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཞེས་ཟེར་རོ། །དེ་ལ་སཾ་བྷུ་ཊིའི་ལུང་དེས། རིགས་བདག་གི་རྒྱས་གདབ་སྟོན་པར་ག་ལས་བཤད། གནད་ཀྱི་གསལ་བྱེད་ལས་ནི། གསང་བ་ལ་ནི་སའི་ཁམས། །ཞེས་པ་ནས་བརྩམས་ཏེ། ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་པའི་བར་གྱིས། རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་པ་ལས། དེ་ལ་རྒྱས་པར་བསྟན་པ་དང༌། བསྡུས་ཏེ་བསྟན་པ་དང༌། ཤིན་ཏུ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། རྟེན་ཞུ་བ་ལས་འབྱུང་བ་ལྔར་བསྟན་པ། བརྟེན་པ་བདེ་བ་ཡེ་ཤེས་ལྔར་བསྟན་པ། དེ་ཉིད་རིགས་ལྔར་བསྟན་པ། ཞེས་གསུངས་པའི་རིགས་ལྔར་བསྟན་པའི་སྐབས་སུ། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་པའི་ཚིགས་རྐང་གཉིས་བསྡེབས་ཏེ། མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་གཉིས་ཀ་ཕྱོགས་གཅིག་ཏུ་ཐམས་ཅད་བདག་ཉིད་ཀྱི་སྟོན་པའི་གཞུང་ཡིན། དེ་ནི་རྒྱས་པར་བསྟན་པའི་སྐབས་ཡིན་ལ། བདེ་བ་དམ་པ་རྒྱུ་ནི་བརྗོད། །ཅེས་པ་ནི་བསྡུས་ཏེ་བསྟན་པ་ལ། རྟེན་ཐིག་ལེ་བསྡུས་ཏེ་བསྟན་པ་དང༌། བརྟེན་པ་བདེ་སྟོང་བསྡུས་ཏེ་བསྟན་པ་གཉིས་ཀྱི། བརྟེན་པ་བདེ་སྟོང་བསྡུས་ཏེ་བསྟན་པ་ཡིན་པར་གསུངས་པས། གཞུང་ཐམས་ཅད་ཀྱང་ཐ་དད་ཅིང༌། རིགས་བདག་གི་རྒྱས་གདབ་སྟོན་པར་དགོས་པའི་གནས་ཙམ་ཡང་མེད་ལ། རང་བློས་སྦྱར་བའི་རྗེ་བཙུན་གོང་མའི་ལུགས་སུ་འགྱུར་རམ། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བའི་གཞུང་ལས། ཕོ་བྲང་དྲུག་པ་སྟོན་པའི་གཞུང་ཡིན་གྱི། རིགས་བདག་གི་རྒྱས་གདབ་སྟོན་པའི་གཞུང་མ་ཡིན་ཏེ། གཞུང་གི་སྐབས་ལ་དཔྱད་པས་ཤེས་པ་ཡིན་ནོ། །དེ་ལྟར་ན་སྒྲུབ་བྱེད་རྣམ་པར་དག་པ་མེད་བཞིན་དུ། རྗེ་བཙུན་གྱི་གསུང་རྣམས་དོར་ནས། གཞན་དུ་སྨྲ་བ་འདི་ལ་དགོས་པ་ཅི་ཞིག་ཡོད། འོ་ན་རྗེ་བཙུན་གོང་མའི་གསུང་ལས་ཇི་སྐད་བཤད་ཅེ་ན། སྲས་དོན་མ་ལས། དབང་རྟགས་ནི་ལྷ་ཐམས་ཅད་ལས་བླང་ན། གཙོ་བོ་ལྔ་ལ་སྐུ་རྡོ་རྗེ་རྣམ་སྣང་ལ་སོགས་པའི་རིགས་ལྔ། འཁོར་རྣམས་ལ་རང་རང་གི་གཙོ་བོའི། ཡང་ན་ཐམས་ཅད་ཀྱི་དབུ་ལ་གནས་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་རེ་ཙམ་མོ། །ཞེས་དང༌། འཕགས་པ་རིན་པོ་ཆེས་གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔའ། ཕོ་བྲང་གི་འཁོར་ལྔ་ལ་རང་རང་གི་གཙོ་བོ། སྐྱེ་མཆེད་ཀྱི་ལྷ་རྣམས་ལ་རང་རང་གི་ཁ་དོག་དང་མཐུན་པའི་རིགས་བདག ཁྲོ་བོ་བཅུ་ལ་བསྲུང་འཁོར་གྱི་སྐབས་ནས་འབྱུང་བ་བཞིན། རིགས་ཀྱི་བདག་པོས་དབུ་རྒྱན་པར་བསམ་མོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་བཤད་པ་གཉིས་པོ་མ་མཐུན་པས་འཕགས་པས་གསུངས་པ་དེ་མི་འཐད་དོ་ཅེ་ན། མི་མཐུན་པར་སྣང་བ་ནི། བརྒྱུད་པའི་མན་ངག་མེད་པར། ཡི་གེ་ལ་ཐུག་ཕྲད་དུ་བྱས་པའི་སྨྲ་བ་སྟེ། འདིར་རྡོ་རྗེ་སེམས་དཔའ་ནི། རིགས་ལྔ་པོ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས། རང་རིགས་ཀྱི་རྒྱས་གདབ་པ་ཡང་ཡིན་ལ། རྡོ་རྗེ་སེམས་དཔས་རྒྱས་གདབ་པ་ཡང་ཡིན་པས་དོན་གཅིག་ཡིན་ནོ། །ཞེས་འབྱུང་ངོ༌། །འདིའི་ལན་ནི་དོན་ཚན་བདུན་གྱི་སྒོ་ནས། མགོ་སྨོས་པ་ཙམ་གྱི་གོ་བར་བྱས་སྟེ། འདི་ལྟར། ཁ་སྦྱར་རྩ་འགྲེལ་དུ་རྒྱས་གདབ་ཀྱི་དངོས་བསྟན་མེད་ཀྱང༌། མན་ངག་ལུགས་ལ་རྒྱས་གདབ་ཏུ་སྦྱོར་དགོས་པ། དེའི་རྒྱབ་རྟེན་དུ་མན་ངག་སྙེ་མ་དང་ཕྱག་རྒྱ་བཞིའི་ལུང་སྦྱར་བ། རྒོལ་བས་ཕྱག་རྒྱ་བཞིའི་ལུང་མ་མཐོང་བཞིན་དུ། ཕོ་བྲང་དྲུག་པའི་ཁུངས་སུ་བཤད་པས། ཕོ་ཚོད་ཀྱི། རང་བཟོར་བསྟན་པ། ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་རྒྱན་པ་དང༌། སྲས་དོན་མ་ལས་བཤད་པའི་ཁྱད་དུ་དབུ་རྒྱན་རང་བཅས་དང༌། དབང་དངོས་སུ་བླངས་པའི་ཁྱད་པར་དུ་བསྟན་པ་རྒོལ་བས། འཕགས་པའི་ཡུལ་ཕྱོགས་སྔ་མ་གནོད་བྱེད་དུ་དྲངས་པ་ན། སྲས་དོན་མའི་རང་ལུང་བཀག་པར་བསྟན། དེ་དང་དེ་མི་འགལ་བའི་སྙོན་སྤོང་བྱས་པ་ན། ཕྱོགས་སྔ་མ་ལ་གནོད་བྱེད་ཐམས་ཅད་རྒོལ་བ་རང་ལ་ལོག་པས་ལུང་རིགས་ཀྱི་གོ་བ་མ་ཆགས་པར་བསྟན། གྲུབ་མཐའི་རྟིང་མ་ཚུགས་པར་ལུང་འདྲེན་མང་བས། གོང་མ་ལྔ་འགལ་བ་ཅན་དུ་ཁས་ལེན་དགོས་པ་རྣམས་བྱུང་བ་ཡིན་ནོ། །རང་གཞུང་རྩ་བ་འཇིག་འདོད་པའི། །ལུང་རིགས་བྱིངས་ཆེན་ཁམས་པོ་ཆེ། །འདིར་འབྱུང་མཐོང་ཐོས་སྐད་མེད་པར། །རང་གཞུང་འཛིན་ལ་གྱ་གྱུར་ཅན། །ཁྱོད་མིན་གཞན་ཡང་མང་འདིར་མཐོང༌། །བསམ་སྦྱོར་དགོས་པ་གཞན་མེད་དམ། །རྒོལ་བ་བརྒྱད་པ་ནི། བཟའ་བའི་དམ་ཚིག་མེད་པ་རྣམས། །ཞེས་སྨྲས་ནས། དེའི་རྒྱས་བཤད་དུ། གཞན་དག་ན་རེ། དབང་བསྐུར་རབ་གནས་ཀྱི་དུས་སུ། སྡོམ་བརྩོན་རབ་བྱུང་རྣམས་ཀྱི་ཚོགས་འཁོར་མི་བྱེད་དེ། ས་སྐྱ་པཎྜི་ཏས་བཀག་པའི་ཕྱིར་རོ། །ཞེས་པ་ཕྱོགས་སྔར་བཀོད་ནས་སུན་འབྱིན་པ་ནི། ཆོས་རྗེ་རང་གི་ལུང་དང་འགལ་བ་དང༌། རྗེ་བཙུན་ཆེན་པོའི་ལུང་དང་འགལ་བ་བརྗོད་པའི་ཚེ། ཆོས་ཀྱི་རྗེས་རབ་བྱུང་ལ་དཔའ་བོའི་སྟོན་མོ་དགོས་པར་བསྟན་ཞིང༌། དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་གྱི་དབྱེ་བར་མངོན་རྟོགས་ལྗོན་ཤིང་དུ་གསུངས་ཤིང༌། ཆོས་རྗེ་རང་གིས་ཀྱང་གསུངས། ཕྱོགས་སྔ་མས་ནི། དུས་ཁྱད་པར་ཅན་གྱི་དཔའ་བོའི་སྟོན་མོ་ཡང་མི་བྱེད་པས། བཟའ་དམ་ཚིག་ལས་ཉམས། ཆོས་རྗེས་བཤད་པ་ནི། ཀླུ་སྒྲུབ་ནས། ཇོ་བོ་རྗེ་དང༌། ཁ་ཆེ་པཎ་ཆེན་སོགས་ཀྱི་ལུགས་ཡིན་པར་བཤད་པས། ས་སྐྱ་པའི་རང་ལུགས་མ་ཡིན་ཞེས་ཟེར་བ་དང་དུས་ཁྱད་པར་ཅན་གྱི་ཚེ་རབ་བྱུང་གི་ཚོགས་འཁོར་མ་བྱས་ན། རྩ་ལྟུང་བཅུ་གསུམ་པར་འགྲོ་བ་དེ་འཁྲུལ་སྤོང་གི་དགོངས་པ་ཡིན་ཟེར་བ་དང༌། དུས་ཁྱད་པར་ཅན་གྱི་བཟའ་བའི་དམ་ཚིག་དང༌། དུས་རྒྱུན་དུ་བརྟེན་པའི་དམ་ཚིག་གི་ཁྱད་པར་མ་ཕྱེད་པས་རྒོལ་བར་བྱེད་དོ། །ལན་ལ་གཉིས་ཏེ། རྒོལ་བའི་ཚིག་གི་དངོས་བསྟན་ལ་ནང་འགལ་མང་བས་ཡིད་བརྟན་མི་རུང་བར་བསྟན། དགོས་པ་ཁྱད་པར་ཅན་དང་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ནུས་པ་ཡོད་མེད་ཀྱི་སྒོ་ནས་དངོས་ལན་གདབ་པའོ། །དང་པོ་ནི། འདིར་རྒོལ་བའི་ཚིག་ལ། ཆོས་རྗེས་གསུངས་པའི་དཔའ་བོའི་སྟོན་མོ་དེ། ཚོགས་ཀྱི་འཁོར་ལོའི་གོ་ཆོད་པར་རྗེ་བཙུན་ཆེན་པོའི་བཞེད་པ་དང༌། མི་བཞེད་པ་གཉིས་གཅིག་ཆར་དུ་འབྱུང༌། ས་པཎ་གྱི་བཞེད་པས། འཁྲུལ་སྤོང་གི་ལུང་དེ་བཀག་པའམ། ཡང་ན་འཁྲུལ་སྤོང་གི་རྩ་ལྟུང་བཅུ་གསུམ་པའི་ངོ་བོ་ཉིད་རྣམ་པར་བཞག་པ་དེས། ཆོས་རྗེ་དཔའ་བོའི་སྟོན་མོ་བཀག་ཟེར་བ་གཉིས་གཅིག་ཆར་དུ་སྨྲས་བྱུང༌། ཕྱོགས་སྔ་མ་དཔའ་བོའི་སྟོན་མོ་ལ་ཚད་མར་བྱེད་ན། རྗེ་བཙུན་ཆེན་པོ་དང་འགལ་ཟེར་བ་དང༌། རྗེ་བཙུན་ཆེན་པོས་ཀྱང༌། དཔའ་བོའི་སྟོན་མོ་ཚོགས་འཁོར་དུ་བཞེད་ཟེར་བ་གཉིས་ཀ་སྨྲས་བྱུང༌། རྗེ་བཙུན་ཆེན་པོས་དཔའ་བོའི་སྟོན་མོ་ཚོགས་འཁོར་དུ་མི་བཞེད་ན། དཔའ་བོའི་སྟོན་མོ་དེ་བཟའ་བའི་དམ་ཚིག་མ་ཡིན་པར་ཐལ། དུས་ཁྱད་པར་ཅན་གྱི་དང༌། དུས་རྒྱུན་དུ་བ་གང་ཡང་མ་ཡིན་པའི་ཕྱིར། ཞེས་བརྗོད་པ་མཐའ་དག་རྒོལ་བ་རང་ལ་འཁོར་བྱུང་བས་ལུང་རིགས་ཀྱི་གནད་མི་ཤེས་པར་ལྟག་ཆོད་མང་པོ་སྨྲས་པ་ལ་འགྲུས་པར་མ་བྱེད་ཅིག གཉིས་པ་ནི། ཕྱོགས་སྔ་མས་དབང་དུས་དང༌། རབ་གནས་སྦྱིན་སྲེག་གི་ཚེ། དཔའ་བོའི་སྟོན་མོ་མི་མཛད་པའི་རྒྱུས་སུ་ལ་ཡོད་ནས་ཁྱེད་ལ་བཤད་པ་ཡིན། ཕྱོགས་སྔ་མའི་རྡོ་རྗེ་འཛིན་པས། ཁ་ཟས་ཀྱི་རྣལ་འབྱོར་དང༌། བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་སོགས་ཡོད་པར་ཁས་མི་ལེན་པ་ཅི། དུས་རྒྱུན་དུ་བཟའ་བའི་དམ་ཚིག་གིས་དུས་ཁྱད་པར་ཅན་ལ་བཟའ་བའི་དམ་ཚིག་མེད་པའི་དགག་བྱ་མི་ཁེགས་ན། དུས་ཁྱད་པར་ཅན་དེ་དུས་རྒྱུན་དུ་བཟའ་བའི་ཆ་ཤས་སུ་མི་རྟོགས་པ་ཡིན་ན། སྤྱིར་ཡང་སྡོམ་བརྩོན་རྡོ་རྗེ་འཛིན་པས་མ་ཐོབ་པ་དང༌། མ་མཐའ་འང་སའི་དངོས་རྒྱུ་ལ་ཉེ་བར་སྦྱོར་བའི་རྒྱུ་ཚོགས་མ་ཚང་བ་དེ་འདྲ་དེ་དག་ལྟ་ཅི་སྨོས། སྦྱངས་རྟོགས་སྦར་གསུམ་གྱི་ནུས་པ་མ་ཐོབ་ན། ཁྱིམ་པའི་རྡོ་རྗེ་འཛིན་པ་དག་གིས་ཀྱང་ཚོགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པ་ལོངས་སྤྱོད་པ་ན། ཟག་པ་མེད་པའི་བདེ་བ་དང་འགལ་བས། རྣལ་འབྱོར་པའི་ལུས་སེམས་ཚིམ་པར་བྱས་པ་ཡིན་ནམ། བཟའ་བ་དང་བཅས་པའི་དགའ་བདེས་དེ་ལྟར་བྱས་པ་ཡིན། ཞེས་རྣམ་པར་བརྟགས་པ་ན། ཆགས་པའི་རྣམ་པར་རྟོག་པ་དང་བཅས་པའི་དགའ་བ་དང་བདེ་བ་ནི་ཐ་མལ་གྱི་ལམ་མོ། །གཟུང་འཛིན་དུ་ཞེན་པའི་རྣམ་པར་རྟོག་པ་དང་བྲལ་བའི་དགའ་བ་དང་བདེ་བ་ནི་རྡོ་རྗེ་འཛིན་པའི་ལམ་མོ། །འདིའི་དོན་ལ་སྦྱངས་པ་ཞེས་པ་ནི། ཐ་མལ་གྱི་ཤ་ཆང་ལ་སོགས་པར་ཞེན་པ་ལྟ་ཅི་སྨོས། རྣལ་འབྱོར་པ་རང་ཉིད་ལྷར་གསལ་བའི་ཡེ་ཤེས་ཀྱི་ངོ་ན། ཐ་མལ་དུ་སྣང་བ་ཙམ་ཡང་མི་དམིགས་པའོ། །དེ་ལྟ་ན་ཡང༌། ཇི་སྲིད་སངས་རྒྱས་པ་དེ་སྲིད་དུ། རྣལ་འབྱོར་པ་རང་གི་རྣམ་ཤེས་ལ་ཡང༌། ཐ་མལ་པ་དང་མཐུན་པར་སྣང་བ་ནི་ཟློག་མི་ནུས་པས་ན། གཞི་མི་སྤོང་བ་ཞེས་དང༌། སྒྱུ་མ་ལྟ་བུར་སྣང་བ་ཞེས་པ་དེ་ཡིན་ནོ། །རྟོགས་པ་ཞེས་བྱ་བ་ནི། ཚོགས་ཀྱི་ཡོ་བྱད་ལྟ་ཞོག བདག་དང་སྣང་བ་ཐམས་ཅད་ཆོས་དབྱིངས་བདེ་བ་ཆེན་པོ་ཉིད་དུ་རོ་གཅིག་པའོ། །དེའི་རྒྱུ་མཚན་གྱིས་དེ་དུས་ཀྱི་རྣམ་པར་རོལ་པ་ཆོས་ཐམས་ཅད་ཀྱི་དབྱིངས་དང་མཉམ་པར་སྤྲོ་ནུས་པ་ནི། སྦར་བ་ཞེས་བྱ་བ་དེ་ཡིན་ནོ། །འདིར་སྡོམ་བརྩོན་རྡོ་རྗེ་འཛིན་པ་བསྙེན་པར་རྫོགས་པ་བསྟན་པའི་བདག་པོར་གྱུར་པ་ནི། ས་ཆེན་པོ་ལ་གནས་པ་ཡིན་ཀྱང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པ་ཉིད་ཀྱིས། ཚོགས་ཀྱི་འཁོར་ལོའི་རྣམ་རོལ་སོགས། སྤྲོས་བཅས་ཀྱི་སྤྱོད་པ་ཅུང་ཟད་མ་མཛད་པའི་ཉེས་པས་ཅུང་ཟད་ཀྱང་མ་གོས་པར། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་ཐག་ཐོག་མེད་པ་ཉིད་དུ་སྦྱོར་ནུས་པ་ཡིན་ཏེ། འཕགས་མཆོག་ཀླུ་སྒྲུབ་དང༌། སློབ་དཔོན་ཆེན་པོ་ཞི་བ་ལྷ་བཞིན་ནོ།།  །།སྨྲས་པ། རྣམ་དཔྱོད་ལྡན་པའི་འབེལ་གཏམ་གྱིས། །མཁས་འགའ་མགུ་བར་བྱེད་པ་དང༌། །མི་ཤེས་པ་དང་མ་བསླབས་པའི། །འགྱོད་པས་རང་ལ་འཁུ་བར་བྱེད། །འདིར་བྱུང་རྨོངས་པའི་ལན་བཏབ་པས། །འདི་ལས་གཞན་ཞིག་ཕྱོགས་སྔ་མའི། །རྗེས་འཇུག་ཁེངས་པ་ལྡན་འགའ་ལ། །ཡོད་ན་རིགས་པར་མི་སྨྲ་ཅི། །མེད་ན་རྒོལ་བ་འདི་བདེན་ཞེས། །སྲོང་པོར་སྨྲོས་ལ་ཐལ་མོ་སྦྱོར། །ཚིག་ངན་གྱ་གྱུའི་ཕྲེང་བ་ཡིས། །བསྟན་འཛིན་སྐྱེས་བུ་སུན་མི་དབྱུང༌། །འདི་སྦྱར་འདི་ནི་རིས་མེད་ཀྱི། །བསྟན་པའི་བདག་པོ་ཁྱབ་བདག་མགོན། །ཉིད་ཀྱི་ཞབས་རྡུལ་རྙོག་བྲལ་བ། །གང་གི་སྤྱི་བོར་བླངས་དེ་ལ། །ཀུན་བཟང་ཆོས་ཀྱི་ཉི་མ་ཡིས། །གསོལ་བ་བཏབ་ནས་འདི་གྲུབ་པ། །དེ་ཡི་དགེ་བས་དཔྱོད་ལྡན་ཀུན། །འབེལ་བའི་གཏམ་གྱིས་ཡིད་རང་ཤོག།  །།མངྒ་ལཾ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*