ཐལ་འགྱུར་གྱི་འཕྲེང་བ་ངག་གི་དབང་པོའི་རྡོ་རྗེ། ཁ ༽

མི་རྟག་ལ་སོགས་བཅུ་དྲུག་ལས་གཞན་པའི་ཐེག་ཆེན་སྦྱོར་ལམ་གྱིས་བདེན་པ་བཞི་ལ་དམིགས་པའི་རྣམ་པ་ཡོད་པར་ཐལ། སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། མེད་པར་ཐལ། དེ་ལས་གཞན་པའི་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་མེད་པའི་ཕྱིར། དེར་ཐལ། ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་ཡིན་ན། མི་རྟག་སོགས་བཅུ་དྲུག་པོ་གང་རུང་ཡིན་དགོས་པའི་ཕྱིར། རྟག་འབུད་དོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། དེ་ལ་བརྟེན་ནས། དེ་སུན་འབྱིན་ནུས་པ་སྲིད་པར་ཐལ། ཐེག་ཆེན་གྱི་ལུང་ཡང་ཡིན། ཐེག་དམན་གྱི་ཐོབ་པ་ལ་བརྟེན་ནས་བྱུང་བའི་ཤེར་ཕྱིན་སུན་འབྱིན་ནུས་པའི་གཞུང་བཞིན་གསུང་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉན་ཐོས་སྒྲིབ་དེ་དེ་འདྲའི་གཞུང་བཞིན་ཡིན་པའི་ཕྱིར། ཉན་ཐོས་སྒྲིབ་དེ་སྔ་མ་གང་ཞིག ཕྱི་མའང་ཡིན་པའི་ཕྱིར། སྔ་མ་དེར་ཐལ། ཁྱོད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་ཆེན་གྱི་ལུང་ཡོད་པའི་ཕྱིར། གཞན་ཡང༌། དེ་ལ་བརྟེན་ནས་དེ་སུན་འབྱིན་ནུས་པ་ཡོད་པའི་ཕྱིར། དེ་འདྲའི་གཞུང་བཞིན་ཡོད་པའི་ཕྱིར་ཏེ། གང་ཟག་གི་བདག་འཛིན་ཀུན་བཏགས་དེ་དེ་ཡིན་པའི་ཕྱིར། སྔ་མ་ལྟར་བསྒྲུབ་བོ། །དམིགས་པ་མི་རྟག་ལ་སོགས་པ། སོགས་ལ། ཐེག་ཆེན་སྦྱོར་ལམ་དྲོད་ཆུང་ངུ་ཆོས་ཅན། ཐེག་དམན་གྱི་སྦྱོར་ལམ་དྲོད་ཆུང་ངུ་ལས་དམིགས་པའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། མི་རྟག་ལ་སོགས་བཅུ་དྲུག་ལ་དངོས་སུ་དམིགས་ཤིང༌། དེ་ལ་མངོན་ཞེན་འགོག་པའི་རྣམ་པ་ཅན་གྱི་ངེས་ཆ་ཡིན་པའི་ཕྱིར། ཟེར་ན། དེ་ཆོས་ཅན། མི་རྟག་ལ་སོགས་བཅུ་དྲུག་ལ་དངོས་སུ་དམིགས་པར་ཐལ། དེ་ཁྱོད་ནི་དངོས་ཀྱི་དམིགས་པ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ལ་དངོས་སུ་དམིགས་པ་མ་ཡིན་པར་ཐལ། བདག་མེད་ལ་དངོས་སུ་དམིགས་པའི་ཕྱིར། རྟགས་ཁས་བླངས། ཡང༌། དེ་ཆོས་ཅན། དགག་པའི་རྣམ་པ་ཅན་ཡིན་པར་ཐལ། མངོན་ཞེན་འགོག་པའི་རྣམ་པ་ཅན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཅན་ཡིན་པར་ཐལ། མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། དེར་ཐལ། སྡུག་བསྔལ་བདེན་དེ་མི་རྟག་པར་རྟོག་པའི་ངེས་ཆ་ཡིན་པའི་ཕྱིར། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། སོགས་ལ། ཐེག་ཆེན་སྦྱོར་ལམ་དྲོད་ཆུང་ངུ་ཆོས་ཅན། ཐེག་དམན་གྱི་དྲོད་ཆུང་ངུ་ལས་རྒྱུའི་སྒོ་ནས་ཁྱད་པར་འཕགས་ཏེ། རང་འབྲས་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་ཡིན་པའི་ཕྱིར། ཟེར་ན། དེ་ཆོས་ཅན། ཁྱོད་ཀྱིས་དེའི་བྱེད་པའི་རྒྱུ་མཚན་གྱིས་ཁྱོད་དེ་ལས་རྒྱུའི་སྒོ་ནས་ཁྱད་པར་འཕགས་པ་དེ་མ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་ཀ་ཐེག་ཆེན་མཐོང་ལམ་གྱི་དངོས་རྒྱུ་མིན་པ་གང་ཞིག གཉིས་ཀ་དེའི་རྒྱུད་རྒྱུ་ཡིན་པར་མཚུངས་པའི་ཕྱིར། འདིར་ཐེག་ཆེན་གྱི་སྦྱོར་ལམ་དེ། ཐེག་ཆེན་གྱི་མཐོང་ལམ་གྱི་དངོས་རྒྱུ་ཡིན་ཟེར་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཁྱོད་ཀྱང་ཡིན། ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྐྱེད་པའང་ཡིན་པའི་གཞུང་བཞིན་ཡོད་པའི་ཕྱིར། དངོས་རྒྱུ་མ་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་དེའི་དངོས་རྒྱུ་ཡིན་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་དང་པོ་དེ་ཁྱོད་ཀྱི་དངོས་འབྲས་ཡིན་པའི་ཕྱིར་ཏེ། ཁྱོད་དེ་ལས་དངོས་སུ་སྐྱེས་པའི་ཕྱིར། མ་གྲུབ་ན། ཁྱོད་དེ་ལས་དངོས་སུ་སྐྱེས་པར་ཐལ། ཁྱོད་དངོས་ཀྱི་ཉེར་ལེན་ཡིན་ན། དེ་ཡིན་དགོས། ཁྱོད་ཉེར་ལེན་ཡོད་པའི་ཕྱིར། འདིར་རྣམ་བཅད་པ། ཐེག་པ་གསུམ་ཆར་གྱི་རྒྱུའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་མཐོང་ལམ་དུ་ཉན་ཐོས་ཀྱི་རྟོག་པ་ཡོད་པར་ཐལ། སྔ་མ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་པའི་རྒྱུད་ལ་ཉན་ཐོས་ཀྱི་རྟོག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཉན་ཐོས་ཀྱི་ལམ་ཡོད་པར་ཐལ། ཕལ་ཆེ་བ། རང་འབྲས་ཐེག་པ་གསུམ་ཆར་གྱི་རྟོག་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་ཟེར་ན། དར་ཊཱིཀ་པ་ལ། འདི་སྐད་བརྗོད་དེ། ཤེས་བྱ་ཆོས་ཅན། ཐེག་ཆེན་མཐོང་ལམ་དུ་ཐེག་ཆེན་གྱི་རྟོག་རིགས་ཚང་བར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་པ་གསུམ་ཆར་གྱི་རྟོག་རིགས་ཚང་བར་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་དུ་ཐེག་དམན་གྱི་རྟོག་པ་རྫོགས་པར་ཐལ་ལོ། །འཁོར་གསུམ་གྲུབ་པ་ཁས་བླངས་སོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཐེག་ཆེན་གྱི་མཐོང་ལམ་དུ་ཐེག་པ་གསུམ་ཅར་གྱི་རྟོགས་རིགས་ཚང་ན། ཐེག་ཆེན་མཐོང་ལམ་པའི་རྒྱུད་ཀྱི་རྟོག་རིགས་གསུམ་པོ་འགལ་ལམ་མི་འགལ། འགལ་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་རྟོག་རིགས་གསུམ་པོ་རིམ་ཅན་དུ་འབྱུང་ངམ་གཅིག་ཅར་དུ་འབྱུང༌། དང་པོ་ལྟར་ན། ཐེག་དམན་གྱི་རྟོག་རིགས་དང་པོར་སྐྱེའམ། ཐེག་ཆེན་གྱི་རྟོག་རིགས་དང་པོར་སྐྱེ། དང་པོ་ལྟར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་འཇུག་ཐོགས་སུ་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བའི་དེ་སྐྱེ་དགོས་པར་ཐལ། དམ་བཅའ་དེ་འདི། འདོད་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་སྐད་ཅིག་དང་པོ་དེས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མཐོང་རྟོག་པའི་ས་བོན་སྤོང་བར་བྱེད་པའི་བར་ཆད་མེད་ལམ་མིན་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མ་དེ་རང་འབྲས་ཐེག་པ་གསུམ་ཅར་གྱི་རྟོག་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་དངོས་རྒྱུ་མིན་པར་ཐལ། དེའི་དངོས་འབྲས་སུ་བར་པའི་ཐེག་ཆེན་མཐོང་ལམ་གྱི་དུས་སུ་ཐེག་ཆེན་གྱི་རྟོག་རིགས་མ་ཚང་བའི་ཕྱིར། རྟག་ཁས་བླངས་ཏེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཆོད་སྐད་ཅིག་དང་པོའི་དུས་སུ་ཐེག་ཆེན་གྱི་རྟོག་རིགས་སུ་གྱུར་པའི་མཐོང་ལམ་མ་སྐྱེས་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཀྱི་བདག་མེད་མངོན་དུ་རྟོག་པའི་ཐེག་ཆེན་མཐོང་ལམ་གྱི་རྗེས་སུ་གང་ཟག་གི་བདག་མེད་གསར་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་སྐྱེ་དགོས་པར་ཐལ། དམ་བཅའ་དེ་ཡིན་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་སྤྱོད་སྐད་དང་པོའི་དུས་སུ་གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཉོན་སྒྲིབ་ཀུན་བཏགས་ཀྱི་ས་བོན་འཇོམ་པར་བྱེད་པའི་བར་ཆད་མེད་དམ་མིན་པར་ཐལ། ཁྱོད་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོག་པའི་ཕྱིར། གཞན་ཡང༌། ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཐ་མ་དེ་ཐེག་པ་གསུམ་ཆར་གྱི་རྟོག་རིགས་ཚང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་དངོས་རྒྱུ་མིན་པར་ཐལ། དེའི་དངོས་འབྲས་ཀྱི་དུས་སུ་ཐེག་དམན་གྱི་རྟོག་རིགས་མ་ཚང་བའི་ཕྱིར། རྟག་ཁས་བླངས། གཞན་ཡང༌། སྟོང་ཉིད་མངོན་སུམ་དུ་རྟོག་པའི་ཐེག་ཆེན་གྱི་མཐོང་ལམ་དེས། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོག་པའི་ཐེག་ཆེན་མཐོང་ལམ་གྱི་ཉེར་ལེན་བྱེད་པའམ། གཅིག་ཤོས་དེས་དེའི་དངོས་ཀྱི་ཉེར་ལེན་བྱེད་པ་གང་རུང་དུ་ཐལ། དེ་གཉིས་རིམ་ཅན་དུ་སྐྱེ་བའི་ཕྱིར། འདོད་ན། དེ་གཉིས་རྫས་ཐ་དད་དུ་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྣམ་པར་ཤེས་པ་རྫས་གཞན་གཉིས་གཉིས་གཅིག་ཆར་དུ་འབྱུང་བར་ཐལ། དེ་གཉིས་རྫས་ཐ་དད་པ་གང་ཞིག དེ་གཉིས་ཁྱོད་ཀྱི་རྒྱུད་ལ་གཅིག་ཆར་དུ་འབྱུང་བའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་དེ་གསུམ་ཚང་བའི་ཕྱིར། གཞན་ཡང༌། དེ་གཉིས་ཆོས་ཅན། རྫས་གཞན་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། མ་གྲུབ་ན། སྟོང་ཉིད་མངོན་སུམ་དུ་རྟོག་པའི་བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། ཁྱོད་དང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོག་པའི་མཐོང་ལམ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པར་ཐལ། ཁྱོད་དང་དེ་གཉིས་ཕན་ཚུན་ཐད་ཁྱོད་དམིགས་བྱེད་ཀྱི་ཚད་མ་ཡིན་ན། དེ་དམིགས་བྱེད་ཀྱི་ཚད་མའི་རྫས་སུ་སྐྱེ་དགོས། དེ་དམིགས་བྱེད་ཀྱི་དེ་ཡིན་ནའང་ཁྱོད་དམིགས་བྱེད་ཀྱི་དེར་སྐྱེ་དགོས་པའི་ཕྱིར། གཉིས་པ་གཅིག་ཆར་དུ་སྐྱེ་བ་ལྟར་ན། སྟོང་ཉིད་མངོན་སུམ་དུ་རྟོག་པའི་ཐེག་ཆེན་གྱི་མཐོང་ལམ་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོག་པའི་མཐོང་ལམ་གཉིས་གཅིག་ཆར་སྐྱེད་པར་ཐལ། དམ་བཅའ་དེ་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་ཐེག་ཆེན་གྱི་མཐོང་ལམ་དང༌། དོན་དམ་དངོས་ཡུལ་དུ་བྱེད་པའི་ཐེག་ཆེན་གྱི་མཐོང་ལམ་གཉིས་གཅིག་ཆར་དུ་སྐྱེ་བར་ཐལ། འདོད་པའི་ཕྱིར། འཁོར་གསུམ་གྲུབ་ལ་ཁས་བླངས་སོ། །རྣམ་བཅད་ཀྱི་རྗེས་འབྲང་ལ་ལ་ན་རེ། རྟོག་རིགས་གསུམ་པོ་མི་འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། ཉན་ཐོས་ཀྱི་རྟོག་རིགས་ཀྱང་ཡིན། སྟོང་ཉིད་མངོན་སུམ་དུ་རྟོག་པའི་རྟོག་རིགས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཡང་ཡིན་པའི་གཞུང་བཞིན་གྱི་ཐེག་ཆེན་གྱི་མཐོང་ལམ་གྲུབ་པར་ཐལ། དམ་བཅའ་དེ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གཞུང་བཞིན་གྱི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་ཀྱི་རིགས་རྒྱུན་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པར་ཐལ། ཁྱོད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྟོག་རིགས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཉན་ཐོས་ཀྱི་རྟོག་རིགས་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་བསྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། ཉན་ཐོས་ཀྱི་ལམ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་ཤེས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བ་ནི་མིན་པའི་ཕྱིར། གཞན་ཡང༌། ཐེག་གསུམ་གྱི་རྟོག་རིགས་འགལ་བར་ཐལ། ཉན་ཐོས་དང་རང་རྒྱལ་གྱི་རྟོག་རིགས་ཡིན། ཤེས་སྒྲིབ་ཀྱི་གཉེན་པོ་མ་ཡིན་དགོས་བྱང་སེམས་ཀྱི་དེ་ཡིན་ན། དེའི་གཉེན་པོ་མ་ཡིན་མི་དགོས་པའི་ཕྱིར། སྔ་མ་དེར་ཐལ། འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་པའི་གཞུང་དེས་རང་རྒྱལ་གྱི་རྟོག་རིགས་དེ་ཤེས་སྒྲིབ་ཀྱི་གཉེན་པོ་མིན་པར་བསྟན་པའི་ཕྱིར། རྟག་ཐམས་ཅད་རྣམ་བཅད་ཀྱིས་གྲུབ་བོ། །དམིགས་པ་མི་རྟག་སོགས་པ། བདེན་པའི་རྟེན་ཅན། ཞེས་པར། རྣམ་བཅད་པ་ལྟར་ན། དྲོད་འབྲིང་ནས་ཆོས་མཆོག་ཆེན་པོའི་བར་གྱི་དམིགས་རྣམ་སྟོན་པའི་རྒྱན་གཞུང་ཆོས་ཅན། ཆོས་ཅན་བདེན་བཞི་དངོས་སུ་མ་བརྗོད་ཀྱང་མི་རྟོག་པའི་སྐྱོན་མེད་དེ། ཆོས་དམིགས་རྣམས་དངོས་སུ་བརྗོད་པས། ཆོས་ཅན་བདེན་བཞི་ཤུགས་ལ་རྟོགས་པའི་ཕྱིར། ཞེ་ན། དེ་ལྟ་བུའི་རྒྱན་གཞུང་ཆོས་ཅན། ཁྱོད་ཀྱི་ཆོས་དམིགས་རྣམ་དང༌། ཆོས་ཅན་བདེན་བཞི་གཉིས་ལ་དངོས་སུ་བརྗོད་མ་བརྗོད་ཀྱི་ཁྱད་པར་མེད་པར་ཐལ། ཁྱོད་ཀྱིས་གཉིས་ཀ་ཚིག་ཟིན་ལ་མ་བརྗོད་པར་མཚུངས། དོན་ཐོབ་ལ་བརྗོད་པར་མཚུངས་པའི་ཕྱིར། རྟག་ཕྱི་མ་ཁས་བླངས། སྔ་མ་དེར་ཐལ། བདེན་བཞི་ཚིག་ཟིན་ལ་དངོས་སུ་མ་བརྗོད་པ་གང་ཞིག དམིགས་རྣམ་ཚིག་ཟིན་ལ་མ་བརྗོད་པའི་ཕྱིར། སྔ་མ་ཁས་བླངས། ཕྱི་མ་དེར་ཐལ། ཁྱོད་ཀྱི་ཚིག་ཟིན་ལ་དམིགས་པ་དང་རྣམ་པ་ཞེས་པ་མེད་པའི་ཕྱིར། གཞན་ཡང༌། དེ་ལྟ་བུའི་རྒྱན་གཞུང་དེ་ཆོས་ཅན། ཁྱོད་ཀྱིས་ཆོས་ཅན་བདེན་བཞི་དངོས་སུ་མ་བརྗོད་པར་ཐལ། རྩ་རྟག་དེ་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་རྣམ་སྟོན་པའི་རྒྱན་གཞུང་དེས་བདེན་བཞི་དངོས་སུ་མ་བརྗོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བསྟན་པར་ཐལ། གཟུགས་སོགས་མི་གནས་དེ་དག་ནི། །ཞེས་སོགས་རྐང་པ་གསུམ་གྱིས་བདེན་བཞི་སོ་སོར་མ་ཕྱེ་བའི་དམིགས་རྣམ་དང༌། དེ་མི་རྟག་སོགས། བར་མི་གནས་ཞེས་པས་བདེན་བཞི་སོ་སོར་ཕྱེ་བའི་དམིགས་རྣམ་དེ་བསྟན་པའི་ཕྱིར་རོ། །ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པའི་ཁྱད་པར་དྲིས་པས། དར་ཊཱིཀ་པ་ན་རེ། རྣམ་ལ་ལ། དེ་སྤྱི་ཡན་ལག་ཏུ་བྱ་སྟེ། ཞེས་བཤད་པས། བུམ་པའི་གཟུགས་ཞེས་བརྗོད་པ་ན། གཟུགས་ཁྱད་གཞི་བུམ་པ་ཁྱད་ཆོས་ཡིན་པས། བུམ་པ་བརྗོད་པའི་སྒྲ་དེ་ཆོས་བརྗོད་པའི་སྒྲ་དང༌། གཟུགས་བརྗོད་པའི་སྒྲ་དེ་ཆོས་ཅན་བརྗོད་པའི་སྒྲའོ། །ཞེས་ཟེར། འདི་ལ་ཁས་བླངས་ནང་འགལ་བ་དང༌། རིགས་པ་དང་འགལ་བ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། བདེན་བཞིའི་སྟོང་གི་མ་རྟག་སོགས་བཅུ་དྲུག་ཅེས་བརྗོད་པའི་ཚེ་ན་བཅུ་དྲུག་པོ་ཁྱད་གཞི་དང་བདེན་བཞི་ཁྱད་ཆོས་སུ་ཐལ། ཤེས་བྱ་དང་གཅིག་གང་ཞིག བུམ་པའི་གཟུགས་ཞེས་བརྗོད་པའི་ཚེ་ན་སོགས་པ་བཤད་པའི་ཕྱིར། འདོད་ན། བཅུ་དྲུག་བརྗོད་པའི་སྒྲ་དེ་ཆོས་ཅན་བརྗོད་པའི་སྒྲ་དང༌། བདེན་བཞི་བརྗོད་པའི་སྒྲ་དེ་ཆོས་བརྗོད་པའི་སྒྲར་ཐལ། འདོད་པའི་ཕྱིར། གསུམ་པོར། ཁོ་ན་རེ། སྐྱོན་མེད་དེ། སྡུག་བདེན་མི་རྟག་པ་ཞེས་བརྗོད་པའི་ཚེ་ན། སྡུག་བདེན་ཁྱད་ཆོས་དང་དེ་བརྗོད་པ་ཆོས་བརྗོད་པའི་སྒྲ་ཡིན་ཀྱང༌། སྡུག་བདེན་མི་རྟག་པ་ཞེས་བརྗོད་པའི་ཚེ་ན། སྡུག་བདེན་ཁྱད་བཞི་དང༌། དེ་བརྗོད་པ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཞེ་ན། འདོད་ན། དམིགས་པ་མི་རྟག་ལ་སོགས་པ། བདེན་པའི་རྟེན་ཅན། ཞེས་པའི་གཞུང་དེས། བདེན་བཞི་ཁྱད་ཆོས་དང༌། དེ་བརྗོད་པ་ཆོས་བརྗོད་ཀྱི་སྒྲར་བསྟན་པར་ཐལ། གཞུང་དེས་བདེན་བཞི་དང༌། མི་རྟག་སོགས་དྲུག་པའི་སྒྲས་ཁྱད་བཞི་ཁྱད་ཆོས་སུ་བསྟན་པའི་ཕྱིར། གཞན་ཡང༌། དེ་ནི་རྣམ་པ་ཞེས་པའི་གཞུང་དེས་རྣམ་པ་ཁྱད་གཞི་དང༌། བདེན་བཞི་ཁྱད་ཆོས་སུ་བསྟན་པར་ཐལ། ཤེས་བྱ་དང་གཅིག་གང་ཞིག དམ་བཅའ་དེ་ཡིན་པའི་ཕྱིར། གསུམ་པོར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གཟུགས་ཀྱི་མི་རྟག་པ་ཞེས་བརྗོད་པའི་ཚེ་ན། མི་རྟག་པ་གཟུགས་ཀྱི་ཁྱད་བཞིར་གོ་བ་དང༌། གཟུགས་མི་རྟག་པ་ཞེས་བརྗོད་པའི་ཚེ་ན། གཟུགས་མི་རྟག་པའི་ཁྱད་ཆོས་སུ་གོ་བ་མིན་པར་ཐལ། དེ་ལས་བཟློག་སྟེ་ཡིན་པའི་ཕྱིར། མ་གྲུབ་ན། སྔ་མ་དེར་ཐལ། གཟུགས་མི་རྟག་པ་ཞེས་བརྗོད་པའི་ཚེ་ན། མི་རྟག་པ་གཟུགས་ཀྱི་ཁྱད་ཆོས་སུ་གོ་བར་ཐལ། དེའི་ཚེ་ན་མི་རྟག་པ་ཁྱད་ཆོས་དང༌། གཟུགས་ཁྱད་བཞིར་གོ་བར་བྱེད་པའི་ཕྱིར། རྟག་ཁས་བླངས། ཕྱི་མ་མ་གྲུབ་ན། ཁས་བླངས་ཤིང༌། གཟུགས་ཀྱི་མི་རྟག་པ་ཞེས་བརྗོད་པ་ན། དེ་དེའི་ཁྱད་ཆོས་སུ་མི་གོ་བར་ཐལ། དེའི་ཚེ་ན་མི་རྟག་པ་ཁྱད་གཞི་དང་གཟུགས་ཁྱད་ཆོས་སུ་གོ་བའི་ཕྱིར། རྟག་ཁས་བླངས། རྩ་བར་འདོད་ན། བདེན་པའི་རྟེན་ཅན་ཞེས་པ་དང༌། དེ་མི་རྟག་སོགས་པར་མི་གནས། ཤེས་པ་གཉིས། སྔ་མས་མི་རྟག་པ་སྡུག་བདེན་གྱི་ཁྱད་ཆོས་སུ་གོ་བ་དང༌། ཕྱི་མས་རྟག་པ་སྡུག་བདེན་གྱི་ཁྱད་ཆོས་སུ་མ་གོ་བའི་ཁྱད་པར་མི་འཐད་པར་ཐལ་ལོ། །གཞན་ཡང༌། རྣམ་འགྲེལ་གྱི་གཞུང་དེས་བུམ་པ་ཁྱད་ཆོས་སུ་བསྟན་པ་མིན་པར་ཐལ། རྣམ་འགྲེལ་ལས། དེ་སྤྱི་ཡན་ལག་ཏུ་བྱས་ཏེ། ཞེས་གསུངས་ཀྱི། སྤྱི་དེ་དང་ཡན་ལག་ཏུ་བྱས་ཏེ། ཞེས་མ་གསུངས་པའི་ཕྱིར། དར་ཊཱིཀ་པ་ན་རེ། འདིར་བདེན་པ་ཞེས་པའི་ཚིག་དངོས་སུ་ཡོད་མེད་ལ་རྩོད་པ་ཡིན་ཞེས་ཟེར་བ་ནི་མི་འཐད་དོ། །ཤེས་བྱ་ཆོས་ཅན། སཾ་ཀྲི་ཏའི་སྐད་ལ། དྲོད་ཆུང་ངུའི་དམིགས་རྣམས་ལའང་རྩོད་པ་མི་འབྱུང་བར་ཐལ། དེའི་སྐད་དུ། དྲོད་ཆུང་ངུའི་དམིགས་རྣམ་ལ་བདེན་པ་ཞེས་པའི་ཚིག་དངོས་སུ་མེད་པའི་ཕྱིར། ཡང་དར་ཊཱིཀ་པ་ན་རེ། གཞི་གཅིག་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས། བརྗོད་བྱ་ལ་ཁྱད་པར་མེད་ཅེས་ཟེར། ཤེས་བྱ་ཆོས་ཅན། སྒྲ་དེ་གཉིས་དེ་ལ་འཇུག་པ་མིན་པར་ཐལ། སྒྲ་དེ་གཉིས་བརྗོད་བྱའི་དོན་ལ་ཁྱད་པར་མེད་པའི་ཕྱིར། གཞན་ཡང་དེ་གཉིས་ཀྱི་བརྗོད་བྱའི་དོན་ལ་ཁྱད་པར་ཡོད་པར་ཐལ། བུམ་པའི་གཟུགས་ཞེས་བརྗོད་པ་ན། བུམ་པ་བརྗོད་པའི་སྒྲ་དང༌། གཟུགས་བརྗོད་པའི་སྒྲ་གཉིས་ཀྱི་བརྗོད་བྱ་ལ་ཁྱད་པར་ཡོད་པའི་ཕྱིར། གསུམ་ཡོད་པར། གཞན་ཡང༌། དེ་གཉིས་ལ་ཁྱད་པར་ཡོད་པར་ཐལ། བུམ་པ་མི་རྟག་ཅེས་བརྗོད་པ་དང༌། བུམ་པའི་མི་རྟག་ཅེས་བརྗོད་པ་ན། བུམ་པ་ཞེས་བརྗོད་པ་དང༌། བུམ་པའི་ཞེས་པའི་སྒྲ་གཉིས་ཀྱི་བརྗོད་བྱ་ལ་ཁྱད་པར་ཡོད་པའི་ཕྱིར། ཁྱབ་པ་གྲུབ་ལ་ཁས་བླངས། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཅེས་བརྗོད་པ་དང༌། ཁྱོད་ཀྱི་ཞེས་བརྗོད་པའི་སྒྲ་གཉིས་ཀྱི་བརྗོད་བྱ་ལ་ཁྱད་པར་ཡོད་པར་ཐལ། ཁྱོད་ཅེས་པའི་སྒྲས་བུམ་པ་ཁོ་ན་བརྗོད། ཁྱོད་ཀྱིས་ཞེས་པའི་སྒྲས་བུམ་པ་ཁོ་ན་མ་བརྗོད་པའི་ཕྱིར། ཕྱི་མ་དེར་ཐལ། ཁྱོད་ཀྱིས་ཞེས་པའི་བུམ་པའི་ཁྱད་ཆོས་ཁོང་ན་གནས་པ་གཞན་ཞིག་བརྗོད་པའི་ཕྱིར། ཁྱོད་བུམ་པ་ལ་ལྟོས་ཏེ་དྲུག་པ་འབྲེལ་པའི་སྒྲ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། བུམ་པ་ཞེས་པ་དང༌། བུམ་པའི་ཞེས་པའི་སྒྲ་གཉིས་ཀ་ལ་བརྗོད་བྱ་ལ་ཁྱད་པར་མེད་དེ། བུམ་པ་བརྗོད་པར་མཚུངས་པའི་ཕྱིར། བརྗོད་ཚུལ་ལ་ཁྱད་པར་ཡོད་དེ། བུམ་པ་མི་རྟག་པ་ཞེས་བརྗོད་པ་ན་བུམ་པ་ཆོས་ཅན་དུ་གོ་བར་བྱེད། བུམ་པའི་མི་རྟག་པ་ཞེས་བརྗོད་པ་ན་བུམ་པ་ཆོས་སུ་གོ་བར་བྱེད་པའི་ཕྱིར། ཞེས་ཟེར་རོ། །འོ་ན། ཤེས་བྱ་ཆོས་ཅན། གཟུགས་སོགས་འདུ་འགོད་གནས་བྲལ་སོགས། གཟུགས་སོགས་མི་གནས་སོགས་དང༌། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། ཞེས་སོགས་ཀྱི་གཟུགས་སོགས་ཁྱད་གཞི་དང༌། འདུ་འགོད་དང་བྲལ་བ་སོགས་ཁྱད་ཆོས་སུ་དངོས་སུ་བསྟན་པར་ཐལ། ཤེས་བྱ་དང་གཅིག་གང་ཞིག བུམ་པ་མི་རྟག་པ་ཞེས་པས་བུམ་པ་ཁྱད་བཞི་དང༌། མི་རྟག་པ་ཁྱད་ཆོས་སུ་གོ་བར་བྱེད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དམིགས་རྣམ་ལྷན་ཅིག་མ་རྣམས་ཀྱི་ཆོས་དངོས་སུ་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁས་བླངས་ནང་འགལ་ལོ། །ཁྱེད་ལྟར་ན། རྩོད་པ་འདི་དམིགས་རྣམ་ཕྱི་མ་ཕྱི་མ་སྟོན་པའི་གཞུང་ལ་མི་འབྱུང་བར་དམིགས་རྣམ་དང་པོ་སྟོན་པའི་གཞུང་ཁོ་ན་ལ་འབྱུང་རིགས་པར་ཐལ། ཕྱི་མ་རྣམས་སུ་བདེན་པ་ཆོས་ཅན་དུ་བརྗོད་པར་ཆོས་དངོས་སུ་བརྗོད་པའི་ཕྱིར། གཞན་ཡང༌། ཤིང་ཞེས་པ་དང༌། ཤིང་གི་ཞེས་པའི་སྒྲ་གཉིས་བརྗོད་བྱ་ལ་ཁྱད་པར་མི་འདོད་པ་ནི། སྒྲའི་རྣམ་དབྱེ་བརྒྱད་ཀྱི་རྣམ་གཞག་ཤེས་པ་ལྟ་ཞོག རྣ་བའི་ལམ་དུ་གྲགས་པར་ཡང་མྱུར་པའི་འབྲས་བུའི་རྟག་ཡང་དག་པ་ཡིན་པས། སྒྲའི་རྣམ་དབྱེ་མི་ཤེས་པར། ཆོས་བརྗོད་དང༌། ཆོས་ཅན་གྱི་རྣམ་དབྱེ་གཞན་ལ་མ་གྲགས་པ་དག་བྱེད་པ་ནི་བཞད་གད་ཀྱི་གནས་སོ། །ཕྲག་དོག་དབང་གི་གཞན་གཞུང་མི་འཛིན་ཅིང༌། །ཁས་བླངས་འགལ་འདུའི་གཅོང་རོང་གཏིང་ཟབ་པར། །རང་བཟོའི་དམ་བཅས་རང་ཉིད་བརླག་ཁས་པའི། །བཤེས་གཉེན་རྣམས་ཀྱིས་ད་དུང་བག་ཡོད་མཛོད། །འདི་མཐོང་ཚེ་ན་ཁོང་ཁྲོས་རྒྱུད་བསྲེགས་པའི། །བཤེས་གཉེན་འགའ་ཞིག་བདག་ལའང་བཤེ་སྲིད་པར། །རང་གི་བློ་ནུས་དཔོག་པའི་དགག་སྒྲུབ་ཙམ། །ཡིན་གྱི་ཆགས་སྡང་སོགས་ལ་ཡིན་རེ་སྐན། །གཞི་དང་དེ་ཡི་གཉེན་པོ་ཡིས། །སོགས་ལ། སྤྱིའི་དོན་ལ་དཔྱད་པ་དང༌། གཞུང་དོན་ལ་དཔྱད་པ་གཉིས། དང་པོ་ནི། རྣམ་སྤྱད་ཀྱི་དགོངས་པ་ལ། འདིར་བསྟན་རྟོག་པ་ཡིན་ན་སྒྲ་དོན་འདྲེ་འཛིན་གྱི་རྟོག་པ་ཡིན་པས་ཁྱབ་ཟེར། དག་པ་སར་གནས་ཀྱི་བྱང་སེམས་ཀྱི་སྒོམ་ལམ་སྤངས་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དག་པ་སར་དེ་ཡོད་པར་ཐལ། འོ་ན་འདིར། འདོད་ན། མེད་པར་ཐལ། དེར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་པས་དེ་གནས་གྱུར་པའི་ཕྱིར། ཐམས་ཅད་རྣམ་སྤྱད་ཀྱི་མཐུན་སྣང་དུ་གྲུབ་བོ། །རྩ་བར་མ་གྲུབ་ན། དེ་དེར་ཐལ། དེ་ཡོད་པའི་ཕྱིར། ཡང༌། སྐབས་འདིར་བསྟན་གྱི་རྟོག་པ་ཡིན་ན། བསྒྲུབ་རྟོག་ཡིན་དགོས་ཟེར་ན། རྣམ་བྱང་གཟུང་རྟོག་གི་ནང་ཚན་དུ་གྱུར་པའི་སྟོང་ཉིད་ལ་བཟུང་བྱར་ཞེན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། དགག་རྟོག་ཡིན་པའི་ཕྱིར་ཏེ། དཔུལ་དགག་པ་ལ་དངོས་སུ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་དེར་ཐལ། རྣམ་བྱང་བཟུང་རྟོག་དགུ་ཡོད་པའི་ཕྱིར། གཞན་ཡང༌། ཉན་ཐོས་ཀྱི་ཆོས་ལ་དམིགས་ནས་བཟློག་ཆར་ཞེན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། དགག་པའི་རྣམ་པ་ཅན་གྱི་རྟོག་པ་ཡིན་པའི་ཕྱིར། རྩ་རྟག་དེར་ཐལ། སྐབས་ལྔ་པར་དངོས་སུ་བསྟན་པའི་རྟོག་པ་གང་ཞིག སྐབས་ལྔ་པར་བསྟན་པ་རྣམས་འདིར་འདུས་པའི་ཕྱིར། དེ་བཞིན་དུ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་ནང་ཚན་དུ་གྱུར་པའི་འཕགས་པའི་ལམ་ལ་མི་གནས་པ་དང༌། བླང་དོར་མི་ཤེས་པ་དང་དང༌། ཆད་པར་ལྟ་བའི་འཛིན་སྤང་ཅན་གྱི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། རང་ཡུལ་མེད་དགག་ལ་དངོས་སུ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར། ཡང་འདིར་བསྟན་སྤང་བྱ་རྟོག་པ་ལ་ཤེས་སྒྲིབ་ཀྱིས་ཁྱབ་ན། འདིར་གཞན་གྱི་བདག་རང་དབང་ཅན་དུ་འཛིན་པའི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་དེར་ཐལ། འདིར་གཞན་རྫས་འཛིན་རྟོག་པ་དགུ་གཞི་གྲུབ་པའི་ཕྱིར། ཡུལ་བཟུང་བ་ལ་དམིགས་ནས་བཟུང་བར་བདེན་པར་ཞེན་པའི་བློ་དེ། གཟུང་རྟོག་གི་མཚན་ཉིད། དེ་བཞིན་དུ། ཡུལ་འཛིན་རྟོག་པ་ལ་དམིགས་ནས་འཛིན་པར་ཞེན་པའི་བློ་དེ། རྫས་འཛིན་རྟོག་པའི་མཚན་ཉིད་ཡིན་པ་ལྟར་རྣམ་སྤྱད་ལས་གསུངས་པས་དེ་ལྟར་ཁས་ལེན་ན། ལྡོག་པ་གཟུང་ལྡོག་ཆོས་ཅན། མཚན་ཉིད་དེར་ཐལ། གཟུང་རྟོག་ཡིན་པའི་ཕྱིར་ཏེ། ལྡོག་པ་གཟུང་རྟོག་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཡུལ་གཟུང་བ་ལ་དམིགས་ནས་བཟློག་བྱར་ཞེན་པའི་བློ་ཡིན་པའི་ཕྱིར། དེ་བཞིན་དུ་རྣམ་པར་དག་པའི་ཆོས་བསྐྱེད་པ་ལ་དམིགས་ནས་བཟུང་བར་ཞེན་པའི་བློ་ཆོས་ཅན། ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དམིགས་ནས་གཟུང་བར་ཞེན་པའི་བློ་ཡིན་པར་ཐལ། ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་པའི་ཕྱིར། ཁྱབ་པ་རྣམ་སྤྱད་པ། འདོད་ན། མིན་པར་ཐལ། ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་མ་དམིགས་པའི་ཕྱིར་ཏེ། རྣམ་བྱང་གི་ཆོས་ལ་དངོས་སུ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་དེར་ཐལ། ཀུན་ནས་ཉོན་མོངས་གཟུང་རྟོག་དགུ་ཡོད་པའི་ཕྱིར། གཞན་ཡང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་དམིགས་པའི་རྣམ་བྱང་གི་གཟུང་རྟོག་ཆོས་ཅན། རྣམ་བྱང་གི་ཆོས་ལ་དམིགས་ནས་གཟུང་བར་ཞེན་པའི་བློར་ཐལ། རྣམ་བྱང་གཟུང་རྟོག་ཡིན་པའི་ཕྱིར། དེ་དེར་ཐལ། རྣམ་བྱང་གཟུང་རྟོག་དགུ་གཞི་གྲུབ་པའི་ཕྱིར། འདོད་ན། མིན་པར་ཐལ། ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར། ཅི་སྟེ། རྟེན་འབྲེལ་ལུགས་བཟློག་ལ་དམིགས་པ་ཡིན་གྱི། ལུགས་འབྱུང་ལ་དམིགས་པ་མིན་ནོ། །ཞེ་ན། རྟེན་འབྲེལ་ལུགས་བཟློག་ལ་དངོས་སུ་དམིགས་ན། རྟེན་འབྲེལ་ལ་མ་དམིགས་པ་བུད། ཅེས་བྱའོ། །རྫས་འཛིན་རྟོག་པ་དགུ་དང༌། བཏག་འཛིན་རྟོག་པ་དགུ་ཆོས་ཅན། ཡུལ་འཛིན་པ་ལ་དམིགས་ནས་འཛིན་པར་ཞེན་པའི་བློར་ཐལ། འཛིན་རྟོག་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། ཁྱོད་གང་རུང་གི་འཛིན་སྤངས་ཀྱི་གཟུང་བྱ་ཡིན་ན། འཛིན་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་རང་དབང་ཅན་དུ་ལྟ་བའི་བདག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟག་དེ་དེར་ཐལ། དེའི་འཛིན་སྤངས་ཀྱི་གཟུང་བྱ་དགུ་གཞི་གྲུབ་པའི་ཕྱིར། རྟག་རྣམ་སྤྱད་པས་སོ། །གཞན་ཡང༌། ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བཏགས་འཛིན་རྟོག་པ་དགུ་པོ་གང་རུང་གི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དེར་ཐལ། དེའི་འཛིན་སྟངས་ཀྱི་གཟུང་བྱ་དགུ་ཡོད་པའི་ཕྱིར། གཞན་ཡང༌། སོ་སྐྱེའི་འཛིན་པ་ལ་དམིགས་ནས་རྫས་འཛིན་དུ་བདེན་པར་ཞེན་པའི་བློ་ཆོས་ཅན། འདིར་གཞན་འཛིན་རྟོགས་དུལ། མཚན་ཉིད་དེར་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། དེ་རྫས་འཛིན་རྟོག་པ་ཡིན་པར་ཐལ། དེ་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་རྫས་འཛིན་རྟོག་པ་མིན་པར་ཐལ། ཁྱོད་འཕགས་རྒྱུད་ལ་ཡོད་པའི་ཕྱིར། འཕགས་པའི་འཛིན་པ་ལ་དམིགས་ནས་བཏགས་འཛིན་ལ་བདེན་པར་ཞེན་པའི་བློ་ཆོས་ཅན། མཚན་ཉིད་དེར་ཐལ། འཛིན་རྟོག་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་བཏགས་འཛིན་རྟོག་པར་ཐལ། དེ་རྟོག་འཛིན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་མིན་པར་ཐལ། སོ་སྐྱེའི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། དེར་ཐལ། ཁྱོད་མཐོང་ལམ་སུ་གྱུར་པའི་བརྟགས་འཛིན་ཡིན་པའི་ཕྱིར། ལྡན་ཚུལ་ལ་རྣམ་བཤད་པ། སོ་སྐྱེ་རྣམས་ལ་མཐོང་སྤངས་མངོན་གྱུར་དུ་ལྡན་ཏེ། རྒྱུད་ལ་ས་བོན་ཡོད་པས་རྐྱེན་དང་ཕྲད་ན་ཉོན་མོངས་མངོན་གྱུར་དུ་འབྱུང་བའི་ཕྱིར། སྦྱོར་ལམ་མཉམ་གཞག་ལ་མངོན་གྱུར་བ་མེད་དེ། འགལ་ཟླ་རང་བཞིན་མེད་པར་རྟོག་པའི་ཤེས་རབ་མངོན་གྱུར་དུ་ལྡན་པའི་ཕྱིར། ཞེས་གསུངས། འོ་ན། ཤེས་བྱ་ཆོས་ཅན། སྦྱོར་ལམ་མཉམ་གཞག་ཏུ་མངོན་གྱུར་དུ་ལྡན་པར་ཐལ། རྒྱུད་ལ་ས་བོན་ཡོད་པས་རྐྱེན་དང་ཕྲད་ན་མངོན་གྱུར་དུ་འབྱུང་བའི་ཕྱིར། རྟག་མ་གྲུབ་ན། སྦྱོར་ལམ་མཉམ་གཞག་ལ་གནས་པའི་བྱང་སེམས་ཆོས་ཅན། མཐོང་སྤངས་རྟོག་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པར་ཐལ། ཁྱོད་ལ་དེ་རྐྱེན་དང་ཕྲད་ན་མངོན་གྱུར་དུ་འབྱུང་བ་མི་སྲིད་པ་གང་ཞིག ཁྱོད་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ན་རྟོག་པ་མངོན་གྱུར་ཡོད་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཉམ་གཞག་ན་རྟོག་པ་ཕྱི་མ་གསུམ་མངོན་འགྱུར་བ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། སྦྱོར་ལམ་བཞི་ལ་རྟོག་པ་བཞི་རིམ་བཞིན་སྤང་བྱར་ལྡན་པའི་ཕྱིར། དེ་ལྟར་མིན་ན། སྦྱོར་ལམ་མཉམ་གཞག་ཕྱི་མ་གསུམ་སྐྱེས་པ་དང༌། རྟོག་པ་ཕྱི་མ་གསུམ་མངོན་འགྱུར་བ་མགོ་གནོན་པ་དུས་མཉམ་པ་མིན་པར་ཐལ། ཐེག་ཆེན་གྱི་དྲོད་ཀྱི་མཉམ་གཞག་ན་རྟོག་པ་ཕྱི་མ་གསུམ་པོ་མངོན་གྱུར་དུ་མེད་པའི་ཕྱིར། ཡང་རྣམ་སྤྱད་པ། ཐེག་ཆེན་འཕགས་པ་ལ་རྫས་འཛིན་རྟོག་པའི་ས་བོན་ཡོད་ཀྱི་མངོན་འགྱུར་མེད་དེ། ཆོས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་ཕྱིར། ཞེས་གསུང༌། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྫས་འཛིན་རྟོག་པ་མངོན་འགྱུར་པ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྒོམ་སྤངས་རྫས་འཛིན་རྟོག་པ་དགུ་ཡོད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། རྟོག་པ་ཡིན་ན་མངོན་གྱུར་ཡིན་དགོས་པའི་ཕྱིར། རྩ་བ་དེར་ཐལ། ཐེག་ཆེན་མཐོང་ལམ་པའི་རྒྱུད་ལ་དེ་དགུ་ཡོད་པའི་ཕྱིར། ཡང་རྣམ་སྤྱད་པ། གང་ཟག་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ནི། སོ་སྐྱེ་ལ་མེད་དེ། གང་ཟག་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཞེས་གསུང༌། སོ་སྐྱེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་མཐོང་སྤངས་སུ་གྱུར་པའི་དེ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་དེའི་ས་བོན་ཡོད་པ་གང་ཞིག དེའི་ས་བོན་ལས་དེ་མངོན་འགྱུར་བ་དངོས་སུ་སྐྱེ་བ་ལ་གེགས་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར། གཞན་ཡང༌། གང་ཟག་བཏགས་པ་ཙམ་དུ་ཞེན་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་གཏན་ཚིགས་རྟོག་པ་ཆོས་ཅན། ཡུལ་འཛིན་པ་ལ་དམིགས་ནས་འཛིན་པར་ཞེན་པའི་བློར་ཐལ། འདིར་འཛིན་རྟོག་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། གང་ཟག་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། འཛིན་པར་ཞེན་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་བཞིན་དུ་སོ་སྐྱེ་ཁོ་ན་ཡོད་པའི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། མཚན་ཉིད་དེར་ཐལ། རྟག་ཁྱབ་ཁས་བླངས། འདོད་ན། ཆོས་ཅན། དེ་མིན་པར་ཐལ། འཛིན་པ་འཕར་མའི་རྣམ་པ་ཅན་མིན་པའི་ཕྱིར་ཏེ། འཛིན་པ་གཅིག་རྐྱང་གི་རྣམ་པ་ཅན་ཡིན་པའི་ཕྱིར། ཡང་རྣམ་སྤྱད་པ། མཐོང་སྤངས་སུ་གྱུར་པའི་ཆོས་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་དེ་གང་ཞིག་རྒྱུད་ལ་ཡོད་ཀྱང་མངོན་དུ་གྱུར་པ་མི་སྲིད་དེ། ཞེས་གསུངས་སོ། །ཤེས་བྱ་ཆོས་ཅན། མེད་བཞིན་ངེས་པར་མི་འབྱུང་དང༌། ཞེས་པའི་སྐབས་ནས་བསྟན་པའི་བཏགས་འཛིན་རྟོག་པ་དགུ་པོ་དེ། འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པ་མིན་པར་ཐལ། དེའི་སྐབས་ནས་བསྟན་པའི་རྟོག་པ་དགུ་པོ་དེ་མཐོང་སྤངས་སུ་གྱུར་པའི་ཆོས་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་གཏན་ཚིགས་རྟོག་པའི་དབང་དུ་བྱས་པའི་ཕྱིར། ཁྱབ་རྟག་རྣམ་སྤྱད་པས་སོ། །འདོད་ན། ཁས་བླངས་སོ། །དེར་ཐལ། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་སྐབས་ནས་བསྟན་པའི་གཏན་ཚིགས་རྟོག་པ་དགུ་པོ་ཉན་རང་འཕགས་པའི་རྒྱུད་ལ་ཡོད་པ་གང་ཞིག གཞུང་དེ་གཉིས་མདོར་ན་རྒྱས་བཤད་ཡིན་པའི་ཕྱིར། རྗེས་འབྲང་རྣམས་ཀྱིས་བསམ་བློ་ཐོང་ལ་ལན་ཐོབ་ཅིག དར་ཊཱིཀ་པ་ལྟར་ན། ལོངས་སྤྱོད་བྱར་བདེན་པར་ཞེན་པའི་བློ་དེ། གཟུང་རྟོག་གི་མཚན་ཉིད། ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་བློ་དེ་འཛིན་རྟོག་གི་མཚན་ཉིད། ཟེར་ཞིང༌། གང་ཟག་དོན་བྱེད་ནུས་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་གང་རུང་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་དེ། གང་ཟག་ལ་རྫས་འཛིན་རྟོག་པའི་མཚན་ཉིད། ཕུང་པོའི་ཚོགས་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་དེ། སྐྱེས་བུ་ལ་བཏགས་འཛིན་རྟོག་པའི་མཚན་ཉིད། ཟེར་ཞིང༌། གང་ཟག་དོན་བྱེད་ནུས་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་གང་རུང་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་དེ་གང་ཟག་ལ་རྫས་འཛིན་རྟོག་པའི་མཚན་ཉིད། ཕུང་པོའི་ཚོགས་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་དེ་སྐྱེས་བུ་ལ་གཏན་ཚིགས་རྟོག་པའི་མཚན་ཉིད། ཞེས་ཟེར་རོ། །འདི་དགག་པ་ལ། གྲུབ་མཐའ་འདི་ཉིད་ལ་བརྟེན་ཏེ་དགག་པ། གཞན་ལ་བརྟེན་ནས་དགག་པ་གཉིས། དང་པོ་ནི། བཟློག་པ་གཟུང་རྟོག་ཆོས་ཅན། ལོངས་སྤྱོད་བྱར་བདེན་པར་ཞེན་པའི་བློ་ཡིན་པར་ཐལ། གཟུང་རྟོག་ཡིན་པའི་ཕྱིར། ཁྱབ་རྟག་ཁས་བླངས། འདོད་ན། མིན་པར་ཐལ། ལོངས་སྤྱོད་བྱར་ཞེན་པའི་འཛིན་སྟངས་ཅན་མིན་པའི་ཕྱིར་ཏེ། བཟློག་བྱར་ཞེན་པའི་འཛིན་སྤངས་ཅན་ཡིན་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་སྒོམ་ལམ་མོས་པ་ཆོས་ཅན། འདིར་གཞན་གཟུང་རྟོགས་ཡིན་པར་ཐལ། ཡུལ་གཟུང་བ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར་ཏེ། ཤེར་ཕྱིན་ལ་དམིགས་ནས་དོན་གསུམ་གྱི་འབྱུང་གནས་སུ་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། དེར་ཐལ། ཞེན་བློ་གང་ཞིག ཤེར་ཕྱིན་ལ་བདེན་པར་འཛིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་དང་བཅས་པའི་བློ་མིན་པའི་ཕྱིར། སྐྱེས་བུ་བདེན་སྟོང་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་ཆོས་ཅན། ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བློར་ཐལ། འཛིན་རྟོག་ཡིན་པའི་ཕྱིར་ཏེ། བརྟག་འཛིན་རྟོག་པ་ཡིན་པའི་ཕྱིར། གསུམ་པར་གྲུབ་མཐའ་ལ་ཁས་བླངས་སོ། །འདོད་ན། དེ་ཆོས་ཅན། ཁྱོད་སྐྱེས་བུ་ལ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བློར་ཐལ། ཆོས་ཅན་དང་གཅིག་གང་ཞིག འདོད་པའི་ཕྱིར། དེ་འདོད་ན། ཆོས་ཅན། མིན་པར་ཐལ། སྐྱེས་བུ་བདེན་སྟོང་དུ་རྟོག་པའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ། སྐྱེས་བུ་བདེན་སྟོང་ལ་དམིགས་པའི་ཕྱིར། གསུམ་པར་གྲུབ་མཐའ་ལ་ཁས་བླངས་སོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ལ་དམིགས་ནས་ལོངས་པ་པོར་བདེན་པར་ཞེན་པའི་བློ་ཆོས་ཅན། རྫས་འཛིན་རྟོག་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཆོས་ཅན། ཁྱོད་ལ་བདེན་པར་ཞེན་པའི་བློ་ཡང་ཡིན་རྫས་འཛིན་རྟོག་པ་ཡང་ཡིན་པའི་གཞུང་བཞིན་གྲུབ་པར་ཐལ། ཁྱོད་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་དེ་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བདེན་མེད་དུ་རྟོག་ན་བདེན་མེད་རྟོག་པས་ཁྱབ་པར་ཐལ། ཁྱོད་ལ་བདེན་པར་འཛིན་པ་ཡང་ཡིན། ཤེས་སྒྲིབ་ཀྱང་ཡིན་པའི་གཞུང་བཞིན་གྲུབ་པའི་ཕྱིར། རྟག་ཁས་བླངས། འདོད་ན། མ་ཁྱབ་པར་ཐལ། ཁྱོད་མེད་པའི་ཕྱིར། གསུམ་མོ། །ཕུང་པོའི་ཚོགས་པ་ཙམ་ལ་སྐྱེས་བུར་བཏགས་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་ཆོས་ཅན། བཏགས་འཛིན་རྟོག་པའི་མཚན་ཉིད་དེར་ཐལ། བཏགས་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཕུང་པོ་བཞི་ཚོགས་པ་ཙམ་ལ་དམིགས་ནས་བདེན་པར་ཞེན་པའི་བློར་ཐལ། ཆོས་ཅན་དང་གཅིག་གང་ཞིག དེ་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། འདོད་ན། ཕུང་པོའི་ཚོགས་ལ་སྐྱེས་བུར་བདེན་པར་ཞེན་པའི་བློར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། ཕུང་པོའི་ཚོགས་པ་ལ་སྐྱེས་བུར་བཏགས་པ་ཙམ་དུ་ཁོང་དུ་ཆུད་པའི་བློ་ཡིན་པའི་ཕྱིར། གཉིས་པ་ནི། གང་ཟག་ལ་བདེན་པར་འཛིན་པའི་བློ་ཆོས་ཅན། མཚན་ཉིད་དེར་ཐལ། རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་ལ་བདེན་པར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན། མིན་པར་ཐལ། འཛིན་པ་གཉིས་འཕར་གྱི་རྣམ་པ་ཅན་མིན་པའི་ཕྱིར་ཏེ། འཛིན་པ་གཅིག་རྐྱང་གི་རྣམ་པ་ཅན་ཡིན་པའི་ཕྱིར། ཕུང་པོ་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ཆོས་ཅན། མཚན་ཉིད་དེར་ཐལ། བཏགས་འཛིན་རྟོག་པ་ཡིན་པའི་ཕྱིར་ཏེ། རང་ཡུལ་བཏགས་པ་ཙམ་དུ་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྔ་མ་ལྟར་བསྒྲུབ་བོ། །གཞན་ཡང༌། ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་ནས་ཟ་བ་པོའི་བདག་ཏུ་བདེན་པར་འཛིན་པའི་བློ་ཆོས་ཅན། འདིར་གཞན་འཛིན་རྟོག་ཏུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར་ཏེ། འདོད་ན། མིན་པར་ཐལ། ཤེས་སྒྲིབ་མིན་པའི་ཕྱིར་ཏེ། གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། བདེན་འཛིན་ཡིན་པར་ཐལ། གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གང་ཟག་གི་བདག་འཛིན་ཡིན་ན། བདེན་པར་འཛིན་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཞེ་ན། ཟ་བ་པོ་བདག་ཆོས་ཅན། ཁྱོད་ལ་བདེན་པར་འཛིན་པ་དེ་ཤེས་སྒྲིབ་མིན་པར་ཐལ། ཁྱོད་བདེན་སྟོང་དོན་དམ་བདེན་པ་མིན་པའི་ཕྱིར། མ་གྲུབ་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། དོན་དམ་བདེན་པ་མངོན་སུམ་དུ་རྟོག་པར་ཐལ། ཟ་བ་པོའི་བདག་བདེན་སྟོང་དེ་མངོན་སུམ་དུ་རྟོག་པའི་ཕྱིར། དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང༌། སོགས་ལ། རྣམ་སྦྱང་བ། འདིར་གཞན་རྟོག་པ་བཞི་པོ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་དང་རིམ་བཞིན་དུ་སྤང་གཉེན་དུ་ལྡན་པ་ཡིན། ཟེར་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། འདིར་གཞན་བཏགས་འཛིན་རྟོག་པ་དང་འཛིན་པ་དངོས་སུ་འགལ་བར་ཐལ། དེ་དངོས་སུ་སྤོང་བའི་གཉེན་པོ་ཡིན་པའི་ཕྱིར། རྟག་ཁས་བླངས། འདོད་ན། དེ་ཆོས་ཅན། དེ་དང་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་དུས་སུ་དེ་མེད་པར་ཐལ། དེ་དང་བློ་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་ལ་དངོས་སུ་གནོད་པ་བྱེད་པ་མིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐོང་སྤངས་སུ་གྱུར་པའི་བཏགས་འཛིན་རྟོག་པ་ཆོས་ཅན། ཁྱོད་ལ་དངོས་སུ་གནོད་པ་བྱེད་པའི་གཉེན་པོ་མེད་པར་ཐལ། ཡོད་ན་དེ་གཉིས་གང་རུང་ཁྱོད་ལ་དངོས་སུ་གནོད་པ་བྱེད་པའི་གཉེན་པོ་ཡིན་དགོས་པ་ལས། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་དེའང་དེ་མིན། ཐེག་ཆེན་གྱི་མཐོང་ལམ་དེ་ཡང་ཁྱོད་ལ་དངོས་སུ་གནོད་བྱེད་མིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་དེ་ཡོད་པར་ཐལ། ཁྱོད་ཤེས་སྒྲིབ་ཡིན་པའི་ཕྱིར། ཡང༌། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཆོས་ཅན། མཐོང་སྤངས་སུ་གྱུར་པའི་གཟུང་རྟོག་དང་འཛིན་རྟོག་གཉིས་ཀྱི་ནང་ནས། གཙོ་བོར་འཛིན་རྟོག་ལ་གནོད་པ་བྱེད་པར་ཐལ། གཙོ་བོར་བཏགས་འཛིན་རྟོག་པ་སྤང་བྱར་བསྟན་པའི་ཕྱིར། རྟག་ཁས་བླངས། འདོད་ན། མིན་པར་ཐལ། མཐོང་སྤངས་འཇུག་པ་གཟུང་རྟོག་ལ་གཙོ་བོར་གནོད་བྱེད་མིན་པའི་ཕྱིར། མ་གྲུབ་ན། སྐབས་ལྔ་པར་བརྟན་པའི་འཇུག་པ་གཟུང་རྟོག་དག་པོ་དེ་གཙོ་བོར་མཐོང་ལམ་གྱི་སྦྱོར་བ་ཉེར་བསྡོགས་ཀྱི་སྤང་བྱར་ལྡན་པའི་ཕྱིར། ཁྱབ་པ་རྣམ་སྤྱད་པས་གྲུབ་སྟེ། ཐེག་ཆེན་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་དེའི་སྦྱོར་བ་ཉེར་བསྡོགས་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེས་གཟུང་རྟོག་མངོན་གྱུར་པ་ལ་གནོད་པ་མི་བྱེད་དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་གཉིས་ཀྱི་དེ་ལ་གནོད་པ་བྱས་ཟིན་པའི་ཕྱིར། རྟག་ཁས་བླངས་ཏེ། དེ་གཉིས་དེ་ལ་གནོད་པ་གང་ཞིག་དེ་གཉིས་ཀྱི་དུས་སུ་དེ་མེད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དང༌། དེའི་སྦྱོར་བ་ཉེར་བསྡོགས་གཉིས་ལ་བཟློག་པ་གཟུང་རྟོག་དགུ་པོ་སྤང་བྱར་ལྡན་མི་ལྡན་གྱི་ཁྱད་པར་མི་འཐད་པར་ཐལ། ཟློག་པ་གཟུང་རྟོག་དགུ་པོ་མ་ནོར་རྒྱུད་པ་དེ་གཉིས་ཀ་ལ་སྤང་བྱར་མི་ལྡན་པར་མཚུངས། མཐོང་སྤངས་རྟོག་པའི་ས་བོན་ཐམས་ཅད་ཐེག་ཆེན་མཐོང་ལམ་གྱིས་སྤང་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དང་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་གཉིས་ལ་སྤངས་པའི་སྒོ་ནས་ཁྱད་པར་མེད་པར་ཐལ། གཉིས་ཀ་ལ་གཏན་ཚིགས་རྟོག་པ་མངོན་གྱུར་པ་མེད་པར་མཚུངས། ས་བོན་ཡོད་པར་མཚུངས་པའི་ཕྱིར། དང་པོ་ཁས་བླངས་ཕྱི་མ་རྣམས་བཤད་ཀྱིས་གྲུབ་བོ། །དར་ཊཱིཀ་པ་འདིར་གཞན་རྟོག་པ་བཞི་པོ་དེ་ཐེག་ཆེན་སྦྱོར་ལམ་གྱིས་སྤོང་ཟེར། དོན་ལ་ཁྱད་པར་མེད་མོད། ཁས་བླངས་འགལ་ཏེ། ཐེག་ཆེན་སྦྱོར་ལམ་གྱིས་སྒོམ་སྤངས་སུ་གྱུར་པའི་རྟོག་པ་མངོན་འགྱུར་བ་སྤོང་བར་ཐལ། དམ་བཅའ་དེའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། འདིར་གཞན་རྟོག་པ་ལ་ལྷན་སྐྱེས་དང༌། ཀུན་བཏགས་གཉིས་སུ་ཕྱེ་ནས་ཁྱོད་རང་གིས་བཤད་པའི་ཕྱིར། འདོད་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་སྒོམ་སྤངས་སུ་གྱུར་པའི་རྟོག་པ་དེ་མངོན་འགྱུར་བ་མེད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་དེ་སྤངས་པའི་ཕྱིར། གཞན་ཡང༌། སྒོམ་ལམ་གྱི་སྦྱོར་བ་ཉེར་བསྡོགས་ལ་དོན་མེད་པར་ཐལ། སྒོམ་སྤངས་རྟོག་པ་མངོན་འགྱུར་ཐེག་ཆེན་སྦྱོར་ལམ་གྱིས་དངོས་སུ་སྤོང་བའི་ཕྱིར། མདོར་ན། ཊཱིཀ་སྔ་ཕྱི་གཉིས་ཀས་ཀྱང་སྦྱོར་ལམ་བཞི་ལ་རྟོག་པ་བཞི་ལྡན་པའི་དོན་ལ་མི་ལྡན་པའི་འབྲས་བུ་གནས་པས། རྣམ་པར་བཏགས་ནས་སྨྲ་དགོས་སོ། །སེམས་མི་འགོང་པ་ཉིད་ལ་སོགས། ཞེས་པར། མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། ཟེར་ན། དེ་ཆོས་ཅན། ཐེག་དམན་སྦྱོར་ལམ་པའི་དེར་ཐལ། དེའི་ཕྱིར། འདོད་ན། དེ་དེ་མིན་པར་ཐལ། ཐེག་དམན་སྦྱོར་ལམ་པ་དེ་ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་དང་བྲལ་བའི་ཕྱིར། བྱང་སེམས་སྦྱོར་ལམ་པ་དེ། ཐེག་ཆེན་དེ་ལ་ཡོངས་འཛིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཟེར་ན། དེ་མིན་པའི་ཕྱིར། དེ་གཉིས་ཀའི་ཡོངས་འཛིན་མཆོག་གི་སྤྲུལ་སྐུ་ཡིན་པར་མཚུངས། ལོངས་སྐུ་མིན་པར་མཚུངས། དེ་ལས་ཁྱད་པར་འཕགས་པའི་ཡོངས་འཛིན་མེད་པར་མཚུངས་པའི་ཕྱིར། མ་གྲུབ་ན། མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། ཁྱོད་དེ་གཉིས་ཀའི་ཡོངས་འཛིན་ཡིན་པར་ཐལ། དེ་གཉིས་ཀ་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། གཞན་ཡང༌། ཡོངས་འཛིན་ཡིན་ན། ཐེག་ཆེན་དུ་འཛིན་དགོས་པར་ཐལ། མཆོག་གི་སྤྲུལ་སྐུ་དེ་ཐེག་དམན་སྦྱོར་ལམ་པའི་ཡོངས་འཛིན་མིན་པའི་ཕྱིར། དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་སོགས་ལ། ས་བརྒྱད་པའི་བར་ཆད་མེད་ལམ་གྱི་བསྒྲུབ་པའི་འོག་ཏུ། དེའི་རྣམ་གྲོལ་ལམ་གྱི་བསྒྲུབ་པ་འཆོད། དེ་ལས་དེ་འབྱུང་བའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། རྐུན་པོ་ཕྱིར་བྱུང་བའི་དཔེས་ས་བརྒྱད་པའི་བར་ཆད་མེད་ལམ་གྱི་བསྒྲུབ་པ་དང༌། སྒོ་འཕར་བཅད་པའི་དཔེས་རྣམ་གྲོལ་ལམ་གྱི་བསྒྲུབ་པ་བསྟན་པར་ཐལ། དེ་གཞུང་དེའི་སྦྱོར་བ་རྣམ་གཞག་ཡིན་པའི་ཕྱིར། འདོད་ན། བར་ཆད་མེད་ལམ་གྱི་བསྒྲུབ་པ་དང༌། རྣམ་གྲོལ་ལམ་གྱི་བསྒྲུབ་པ་གཉིས་པོ་དུས་མཉམ་པར་ཐལ། འདོད་པ་གང་ཞིག རྐུན་པོ་ཕྱིར་བྱུང་བ་དང་སྒོ་འཕར་བཅད་པ་དུས་མཉམ་པའི་ཕྱིར། དེར་ཐལ། དེ་གཉིས་པོ་དེ་གཉེན་པོ་རྫོགས་པར་སྐྱེ་བ་དང་སྤང་བྱ་འགག་པའི་མཐུན་དཔེ་ཡང་དག་ཡིན་པ་དེ་ལྟར་དུས་ཉམས་སུ་ཞེས་གསུངས་པའི་ཕྱིར། འདིར་སྤང་བྱ་སྤོང་ཚུལ་ལ། དར་ཊཱིཀ་པས། རྣམ་སྤྱད་པ་ལ་དགག་པ་བརྗོད་པ་ན། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་མཐོང་སྤང་རྟོག་པ་མེད་པར་འདོད་པ་དང༌། རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་སུ་གནས་ངན་ལེན་གྱི་དྲི་མ་ཡོད་པར་འདོད་པ་ནང་འགལ་ལོ། །གཞན་ཡང༌། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་མཐོང་སྤང་རྟོག་པའི་ས་བོན་ཡོད་པར་ཁས་ལེན་པས། གཉིས་པོ་དུས་སྙམ་དུ་འདོད་པའང་མི་འཐད་དེ། གཉིས་པོ་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར་དང༌། སྣང་མུན་གཉིས་ཡང་དུས་མཉམ་པར་ཐལ། མཐོང་ལམ་བར་ཆད་མེད་ལམ་དང་མཐོང་སྤངས་དུས་མཉམ་པའི་ཕྱིར། ཁྱབ་ཏེ། དེ་ཉིད་དེའི་དཔེར་མཛད་པའི་ཕྱིར། ཞེས་ཟེར་ནས། རང་ལུགས་འཇོག་པ་ན། མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་པ་དང་མཐོང་སྤངས་ཀྱི་ས་བོན་འགགས་པ་དུས་མཉམ། དེ་ཡང་བར་ཆད་མེད་ལམ་གྱི་དུས་སུ་ངོ་སྐལ་གྱི་སྤང་བྱ་འགགས་པའི་སོ་སོར་རྟག་མིན་གྱི་འགོག་པ་ཙམ་ཐོབ་པ་ཡིན་གྱི། སོ་སོར་རྟག་འགོག་ཐོབ་པ་ནི་མིན་ནོ། །དེའི་ཕྱིར་རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་སུ་གནས་ངན་ལེན་གྱི་དྲི་མ་རྡུལ་ཙམ་ཡང་མེད་ཀྱང༌། ཟད་པར་སྤངས་ཤེས་མི་བྱ་སྟེ། དེའི་འགོག་བདེན་མ་ཐོབ་པའི་ཕྱིར། ཟེར་རོ། །གཞན་ལུགས་འགོག་པ་དང༌། རང་ལུགས་འཇོག་པའི་ཚུལ་ལ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་མཐོང་སྤང་རྟོག་པ་མེད་པར་འདོད་པ་དང༌། རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་སུ་གནས་ངན་ལེན་གྱི་དྲི་མ་ཡོད་པར་འདོད་པ་གཉིས་མི་འགལ་བར་ཐལ། སྔ་མ་གཉིས་པོ་འཛིན་སྤངས་དངོས་སུ་འགལ་བ་གང་ཞིག ཕྱི་མ་གཉིས་དེ་མིན་པའི་ཕྱིར། ཕྱི་མ་དེར་ཐལ། གནས་ངན་ལེན་གྱི་དྲི་མ་དེས་དམིགས་རྣམ་འཛིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་རྟོག་པར་ཐལ། ཁྱོད་ཤེས་སྒྲིབ་གང་ཞིག དམིགས་རྣམ་འཛིན་པའི་ཕྱིར། དེ་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དུས་སུ་རྒྱུན་མཐའི་བར་ཆད་མེད་ལམ་མ་སྐྱེས་པར་ཐལ། ཁྱོད་ཀྱིས་དུས་སུ་དེ་དངོས་སུ་སྐྱེ་བ་ལ་གེགས་བྱེད་ཀྱི་རྟོག་པ་ཡོད་པའི་ཕྱིར། རྟགས། གཞན་ཡང༌། ས་བརྒྱད་པ་ཡན་ཆད་དུ་ཤེས་སྒྲིབ་མངོན་གྱུར་པ་འབྱུང་བར་ཐལ། དེ་ཤེས་སྒྲིབ་རྟོག་པ་ཡིན་པའི་ཕྱིར། འདོད་ན། རང་གི་ཊཱི་ཀ་དང་དངོས་སུ་འགལ། གཞན་ཡང་ཤེས་བྱ་ཆོས་ཅན། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་མཐོང་སྤང་གྱི་ས་བོན་སྤངས་པར་ཐལ། སྣང་བའི་དུས་སུ་དེའི་ངོ་སྐལ་གྱི་མུན་པ་ཟད་པའི་ཕྱིར། ཁྱབ་པ་ཁྱབ་བསྒྲུབ་དང་བཅས་པ་ཁས་བླངས་སོ། །ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་འགག་མ་ཐག་པའི་དུས་སུ་མཐོང་སྤངས་ཀྱི་ས་བོན་འགག་པར་ཐལ། དེའི་དུས་སུ་མཐོང་ལམ་བར་ཆད་མེད་ལམ་སྐྱེས་པའི་ཕྱིར། ཁྱབ་པ་ཁས་བླངས། རྟག་ཚད་གྲུབ་འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་འགགས་པ་དང༌། མཐོང་སྤང་གི་ས་བོན་འགགས་པ་དུས་མཉམ་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐོང་སྤང་སྤོང་བ་ལ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དོན་མེད་པར་ཐལ་ལོ། །གཞན་ཡང༌། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཁྱོད་ཀྱིས་དུས་སུ་མཐོང་སྤང་རྟོག་པ་སྤངས་པའི་སོ་སོར་རྟག་འགོག་ཐོབ་པར་ཐལ། ཁྱོད་ཀྱི་དུས་སུ་མཐོང་སྤངས་ཀྱི་ས་བོན་གཉེན་པོའི་སྟོབས་ཀྱིས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། ཁྱབ་པ་ཚད་གྲུབ། རྟག་ཁས་བླངས། གཞན་ཡང༌། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ཀྱི་མཐོང་སྤངས་འགག་པའི་འགོག་པ་དེ་ཆོས་ཅན། སོ་སོར་རྟག་མིན་གྱི་འགོག་པ་མིན་པར་ཐལ། ཤེས་རབ་ཀྱི་སོ་སོར་རྟག་པས་ཐོབ་པའི་འགོག་པ་ཡིན་པའི་ཕྱིར། ཁྱབ་བྱེད་འགོག་གཞན་སོ་སོར་རྟག་མིན་པ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྣམ་གྲོལ་ལམ་གྱི་དུས་ཀྱི་འགོག་པ་དེ་སོ་སོར་རྟག་མིན་གྱི་འགོག་པ་ཡིན་ཟེར་ན། ཅིས་འགོག་རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ནི། རྒྱུན་མཐར་སྤང་བྱ་ཐམས་ཅད་འགགས་པར་ཐལ། དེར་བདག་མེད་མ་རྫོགས་པར་སྐྱེས་པའི་ཕྱིར། ཁྱབ་པས། འདོད་ན། དེ་ཆོས་ཅན། ཟད་པར་ཐལ། འགག་པའི་ཕྱིར། གསུམ་པོར། གཞན་ཡང༌། ཤེས་བྱ་ཆོས་ཅན། མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤངས་རྟོག་པ་དང་དེའི་ས་བོན་གཅིག་ཆར་དུ་སྤོང་བར་ཐལ། དེས་མཐོང་སྤངས་རྟོག་པ་སྤོང་བ་གང་ཞིག དེའི་དུས་སུ་དེའི་ས་བོན་ཡང་སྤོང་བའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྟོག་པ་དང་དེའི་ས་བོན་གཉིས་ལ་སྔ་ཕྱིར་སྤོང་བའི་རིམ་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་བཞི་པོ་དེས་རྟོག་པ་བཞི་པོ་དེ་སྤོང༌། དེའི་ས་བོན་བཞི་པོ་དེ་མི་སྤོང་བ་མིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གྲུབ་མཐའ་དང་འགལ། རྣམ་སྤྱད་ཀྱི་རྗེས་འབྲང་རྣམས་ལ་འདི་ལྟར་བརྗོད་པར་བྱ་སྟེ། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་མཐོང་སྤངས་རྟོག་པ་མེད་པ་ཡིན་མོད། སྤངས་པ་ཡིན་ནམ་མིན། ཡིན་ན། དེའི་དུས་སུ་དེ་སྤངས་པའི་སྤངས་པ་ཐོབ་པར་ཐལ། དེའི་ཕྱིར། འདོད་ན། དེ་སྤངས་པའི་འགོག་བདེན་ཐོབ་པར་ཐལ། འདོད་ན། དེའི་དུས་སུ་དེ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པར་ཐལ་ལོ། །གསུམ་པར་རྣམ་སྤྱད་དུ་ཁས་བླངས་སོ། །མ་སྤངས་ན་ཤེས་བྱ་ཆོས་ཅན། དེས་དེ་སྤངས་པར་ཐལ། སྒོམ་ལམ་བར་ཆད་མེད་ལམ་ཆེན་པོའི་དུས་སུ་སྒོམ་སྤངས་རྟོག་པ་ཆུང་ངུའི་ཆུང་ངུ་སྤངས་པའི་ཕྱིར། རྟག་ནི་སྔ་མ་བཞིན་དུ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་ཞེས་པའི་རྣམ་སྤྱད་དུ་ཁས་བླངས་སོ། །འདིའི་ཐད་ཀྱི་རྣམ་སྤྱད་དང༌། རྒྱུན་མཐའ་ན་སྒྲིབ་པ་གཉིས་ཀྱི་བར་ཆད་ཡོད་པར་ཁས་ལེན་པ་འགལ་བས། དཔྱད་ལ་སྨྲོས་ཤིག དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་བཞུགས་པ་སོགས་ལ། དགོངས་ལྡེམ་དགོངས་གཉིས་ཀྱི་ཁྱད་པར་དྲིས་པས། དྲང་དོན་གྱི་མདོ་གང་ཞིག དངོས་ནི་གཙོ་བོར་སྟོན་པ་དེ། དགོངས་པ་ཅན་གྱི་མདོ་དང༌། དེ་གང་ཞིག དགོས་པ་གཙོ་བོར་སྟོན་པ་དེ་ལྡེམ་དགོངས་ཀྱི་མདོའི་མཚན་ཉིད། ཟེར་ན། མཚོན་བྱ་གཉིས་པོ་འགལ་བར་ཐལ། མཚན་ཉིད་གཉིས་པོ་འགལ་བའི་ཕྱིར། མ་གྲུབ་ན། འབུད། འདོད་ན། དེ་གཉིས་ཆོས་ཅན། མི་འགལ་བར་ཐལ། ཁྱོད་ཀྱི་གཞུང་བཞིན་ཡོད་པའི་ཕྱིར། དེར་ཐལ། དགོངས་པ་ཅན་བཞི་ཁྱོད་ཀྱི་གཞུང་བཞིན་ཡིན་པའི་ཕྱིར། འདུས་བྱས་མི་རྟག་པ་རྟོག་པའི་མདོ་ཆོས་ཅན། དྲང་དོན་གྱི་མདོར་ཐལ། ལྡེམ་དགོངས་ཀྱི་མདོ་ཡིན་པའི་ཕྱིར། མཚན་ཉིད་ལ་ལྡེམ་དགོངས་ཀྱི་མདོ་ཡིན་པའི་ཕྱིར། དེར་ཐལ། འདུས་བྱས་སྤྱིའི་མཚན་ཉིད་ཀྱི་མདོ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཇི་བཞིན་བའི་ངེས་དོན་གྱི་མདོ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། སྟོང་ཉིད་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། ཟེར་ན། གཟུགས་སྟོང་པའོ་ཞེས་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་མིན་པར་ཐལ། གཟུགས་བདེན་སྟོང་སྒྱུ་མ་ལྟ་བུ་དེ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་གཟུགས་དང་སྟོང་པའི་ཚོགས་དོན་དེ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་ཅེས་པའི་ཚིག་དེས་སྒྲ་དང་མི་རྟག་པའི་ཚོགས་དོན་དེ་དངོས་བསྟན་གྱི་བརྗོད་བྱ་ནི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། བསྒྲུབ་པའི་ཆོས་ཀྱི་གནས་སྐབས་སོགས་ལ། བསྒྲུབ་པ་བཅུ་གསུམ་པོ་དེ་བྱང་སེམས་བཅུ་གསུམ་པོའི་སེམས་ཀྱི་ཆོས་ཉིད་ལ་རྟེན་ཟེར་ན། དེ་ཆོས་ཅན། ཁྱོད་དེ་མིན་པར་ཐལ། ཁྱོད་བྱང་སེམས་སྒོམ་ལམ་པའི་ཆོས་ཉིད་ལ་མི་བརྟེན་པའི་ཕྱིར། མ་གྲུབ་ན། བྱང་སེམས་སྒོམ་ལམ་པའི་སེམས་ཀྱི་ཆོས་ཉིད་ཆོས་ཅན། སྦྱོར་ལམ་གྱི་བསྒྲུབ་པ་དེ་ཁྱོད་ལ་བརྟེན་པར་ཐལ། འདིར་གཞན་བསྒྲུབ་པ་བཅུ་གསུམ་པོ་དེ་ཁྱོད་ལ་བརྟེན་པའི་ཕྱིར། རྟག་དངོས། འདོད་ན། ཆོས་ཅན། ཁྱོད་དེའི་རྟེན་དུ་གྱུར་པའི་རིགས་ཡིན་པར་ཐལ། ཁྱོད་དེའི་རྟེན་དང་རིགས་ཀྱི་གཞུང་བཞིན་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་བྱང་སེམས་ཀྱི་མཐོང་ལམ་གྱི་བསྒྲུབ་པའི་བརྟེན་དུ་འགྱུར་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདིར། རང་བཞིན་གནས་རིགས་ཀྱི་མཚན་ཉིད། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས། ཟེར་ན། དྲི་མ་དང་བཅས་པའི་སེམས་བདེན་སྟོང་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན་དྲི་མ་དང་བཅས་པའི་སེམས་ཆོས་ཅན། ཁྱོད་བདེན་སྟོང་ཁྱོད་ཀྱི་ཆོས་ཉིད་ཡིན་པར་ཐལ། ཁྱོད་ཡོད་པའི་ཕྱིར། རྩ་བར་ཆོས་ཅན། ཤཱཀྱ་ཐུབ་པའི་རྒྱུད་ཉིད་སེམས་བདེན་སྟོང་དེ་ངོ་བོ་ཉིད་སྐུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཐེག་ཆེན་མཐོང་ལམ་པ་དེས་དངོས་སུ་མ་རྟོག་པར་ཐལ། ཁྱོད་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར་རོ། །དེའི་རྒྱུད་ཀྱི་སེམས་ཆོས་ཅན། ཐེག་ཆེན་མཐོང་ལམ་པས་ཁྱོད་བདེན་སྟོང་མངོན་སུམ་དུ་རྟོག་པར་ཐལ། ཁྱོད་ཡོད་པའི་ཕྱིར། གཞན་ཡང༌། རང་བཞིན་གནས་རིགས་ཡིན་ན། ཆོས་ཉིད་ཡིན་པས་ཁྱབ་ཟེར་ན། དྲི་མ་དང་བཅས་པའི་སེམས་རིག་ཅིང་གསལ་ཙམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དྲི་མ་དང་བཅས་པའི་སེམས་ཀྱི་རང་བཞིན་གང་ཞིག སངས་རྒྱས་ཀྱི་དོན་དམ་པའི་སྐུར་འགྱུར་རུང་ཡིན་པའི་ཕྱིར། སྔ་མ་མ་གྲུབ། དེ་ཆོས་ཅན། ཁྱོད་རིག་ཅིང་གསལ་ཙམ་ཁྱོད་ཀྱི་རང་བཞིན་ཡིན་པར་ཐལ། ཁྱོད་སེམས་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ། དེར་ཐལ། རྟོག་ཡེས་ཆོས་སྐུར་འགྱུར་རུང་ཡིན་པའི་ཕྱིར། དར་ཊཱིཀ་པ། དྲི་མ་མ་སྤངས་པའི་སེམས་ཀྱི་ཆོས་དབྱིངས་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད། ཟེར་ན། དྲི་མ་མ་སྤངས་པའི་སེམས་བདེན་སྟོང་ཆོས་ཅན། མཚན་ཉིད་ཀྱི་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་བདེན་སྟོང་ཁྱོད་ཀྱི་ཆོས་དབྱིངས་སུ་ཐལ། ཁྱོད་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤཱཀྱ་ཐུབ་པའི་སེམས་བདེན་སྟོང་དེ་ངོ་བོ་ཉན་སྐུར་བར་ཐལ། འདོད་ན། ཁྱོད་འགོག་བདེན་དུ་ཐལ། ཁྱོད་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པར་ཐལ། གསུམ་ཅར་གྲུབ་མཐའ་མིན་ནམ། རྗེས་འཇུག་རྣམས་ན་རེ། ངོ་བོ་ཉིད་སྐུ་ལ་རང་བཞིན་རྣམ་དག་དང༌། བློ་བུར་རྣམ་དག་གི་ཆ་གཉིས་ཡོད་དོ་ཐལ་ལོ། །ངོ་བོ་ཉིད་སྐུ་དང་རང་བཞིན་རྣམ་དག་གི་གཞུང་བཞིན་དེ་ཆོས་ཅན། ཁྱོད་ངོ་བོ་ཉིད་སྐུ་མིན་པར་ཐལ། སློབ་ལམ་ན་ཁྱོད་མངོན་སུམ་དུ་རྟོག་པ་ཡོད་པའི་ཕྱིར། འདིར་དར་ཊཱིཀ་པ་ན་རེ། སེམས་ཙམ་པའི་ལུགས་ལ། སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དང༌། རང་བཞིན་གནས་རིགས་དོན་མི་གཅིག་པར་འདོད་པ་ནི། རང་གི་དེ་ཉིད་སྟོན་པ་ཙམ་དུ་ཟད་དོ། །ཞེས་ཟེར། ཤེས་བྱ་ཆོས་ཅན། དེའི་ལུགས་ལ་དེ་གཉིས་དོན་མི་གཅིག་པར་ཐལ། མདོ་སྡེ་རྒྱན་ལས། རིགས་ཆད་ཀྱི་སེམས་ཅན་ཡོད་པར་བཤད་པ་གང་ཞིག སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པའི་ཕྱིར། དང་པོ་དེར་ཐལ། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། ཞེས་གསུངས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ནི་ཉིད་ཀྱི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་བདག་གྱུར་པ། །དེ་བཞིན་གཤེགས་ཉིད་དེའི་ཕྱིར། །འགྲོ་ཀུན་དེའི་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། དེའི་ལུགས་ལ་དེ་གཉིས་དོན་མི་གཅིག་པར་ཐལ། དབུ་མ་པས་སེམས་ཙམ་པའི་ངོར་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་རྟགས་སུ་བཀོད་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་བསྒྲུབ་པ་དེ་མཐའ་དད་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བྱ་བ་འདིས་ཀྱང༌། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕངས་ཐོབ་པར་རུང་བ་ཉིད་དུ་ཡོངས་སུ་སྟོན་ཞེས་གསུངས་པའི་ཕྱིར། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་སོགས་ལ། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་དེ་རྒྱུའི་སྒོ་ནས་རིགས་སུ་འཇོག་ཟེར་ན། དེ་ཆོས་ཅན། ཁྱོད་དེར་འཇོག་པ་མི་འཐད་པར་ཐལ། ཁྱོད་རྒྱུ་མིན་པའི་ཕྱིར་ཏེ། ཁྱོད་འདུས་མ་བྱས་ཡིན་པའི་ཕྱིར། འདིར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོག་པ་ཡོད་མེད་དཔྱད་པ་ལ། དར་ཊཱིཀ་པ་ཉ་རང་ལ་ཆོས་ཀྱི་བདག་མེད་རྟོག་པ་ཡོད་དེ། ཆོས་ཉིད་རྟོག་པ་ཡོད་པའི་ཕྱིར་ཏེ། ཆོས་ཉིད་ལ་དམིགས་པ་ཡོད་པའི་ཕྱིར་ཏེ། ཆོས་དབྱིངས་ལ་རྟེན་པའི་ཕྱིར། ཟེར་རོ། །འདོད་ན། ཤེས་བྱ་ཆོས་ཅན། སེམས་ཅན་ཡིན་ན། ཆོས་དབྱིངས་རྟོགས་པས་ཁྱབ་པར་ཐལ། དེ་ཡིན་ན། དེ་ལ་དམིགས་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་ཆོས་དབྱིངས་ལ་རྟེན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས་བླངས། གཞན་ཡང༌། སྟོང་ཉིད་ལ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན་སྟོང་ཉིད་རྟོགས་པར་ཐལ། དེ་ལ་དམིགས་པའི་ཕྱིར། ཁྱབ་པ་ཁས་བླངས། མ་གྲུབ་ན། ཆོས་ཅན། དེར་ཐལ། ཁྱོད་དང་སྟོང་ཉིད་དུ་རྟོག་པའི་བློ་གཉིས་པོ་དེ་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྤངས་འགལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། བདེན་འཛིན་ཡིན་པའི་ཕྱིར། རྒྱས་པར་གཞན་དུ་ཤེས་པར་བྱའོ། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། སོགས་ལ། དྲི་བཅས་སེམས་ཀྱི་ཆོས་དབྱིངས་ལ་ངོ་བོའི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་ཀྱང༌། གནས་སྐབས་རིགས་གསུམ་དུ་དབྱེ་བའི་རྒྱུ་མཚན་ཡོད་དེ། རྟེན་ཆོས་ཐེག་པ་གསུམ་ཡོད་པའི་རྒྱུ་མཚན་གྱིས་དེར་ཕྱེ་བའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། གནས་སྐབས་རིགས་གསུམ་པོ་འགལ་བར་ཐལ། རྟེན་ཆོས་ཐེག་པ་གསུམ་པོ་འགལ་བའི་ཕྱིར། འདོད་ན། མི་འགལ་བར་ཐལ། གནས་སྐབས་ཉན་ཐོས་ཀྱི་རིགས་དང་སངས་རྒྱས་ཀྱི་རིགས་ཀྱི་གཞུང་བཞིན་ཡོད་པའི་ཕྱིར་ཏེ། ཉན་ཐོས་མཐོང་ལམ་པའི་སེམས་ཀྱི་ཆོས་དབྱིངས་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་ཅན། ཉན་ཐོས་ཀྱི་རིགས་སུ་ཐལ། ཉན་ཐོས་རང་བཞིན་གནས་རིགས་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། དམིགས་པ་ཆོས་རྣམ་ཐམས་ཅད་དེ། སོགས་ལ། འཕགས་སེང་གི་ལུགས་ལ། བསླབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་ཆོས་ཅན་སྣ་ཚོགས་པའི་སྣང་བ་ཡོད་མེད་དཔྱད་པ་ལ། རྣམ་སྤྱད་པས། འཕགས་སེང་གི་མཉམ་གཞག་སྣང་བཅས་སུ་བཞེད་པར་གསུངས། དར་ཊཱིཀ་པ་ན་རེ། འདི་དབུ་མ་པའི་བཞེད་པར་མི་རིགས་ཏེ། སྡུག་བསྔལ་བདེན་སྟོང་དུ་མངོན་སུམ་དུ་རྟོག་པའི་མཐོང་ལམ་གྱི་གཟིགས་ངོར་ཆོས་ཅན་དེ་གཞན་ཡང་ན། གཉིས་སྣང་ནུབ་པའི་ཚུལ་གྱིས་སྣང་ངམ། གཉིས་སྣང་དང་བཅས་པའི་ཚུལ་གྱི་སྣང༌། དང་པོ་ལྟར་ན། གཟུང་རྟོག་ཆོས་ཅན། དོན་དམ་བདེན་པར་ཐལ། བདེན་སྟོང་མངོན་སུམ་དུ་རྟོག་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པའི་ཕྱིར། གཉིས་པ་ལྟར་ན། འཕགས་པའི་མཉམ་གཞག་ཡེ་ཤེས་བདེན་སྟོང་དུ་གཟིགས་ངོར་ཡང་ཆོས་ཅན། འཕགས་པའི་མཉམ་གཞག་ཡེ་ཤེས་དེ་གཉིས་སྣང་བཅས་པའི་ཚུལ་གྱིས་སྣང་བར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། འཕགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། ཁྱོད་འཕགས་པའི་མཉམ་གཞག་ཡེ་ཤེས་ལས་ཐ་དད་དུ་ཐལ། ཁྱོད་འཕགས་པའི་མཉམ་གཞག་ཡེ་ཤེས་བདེན་སྟོང་དུ་རྟོག་པའི་མཉམ་གཞག་ཡེ་ཤེས་ཀྱི་གཉིས་སྣང་དང་བཅས་པའི་ཚུལ་གྱི་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གཞན་ཡང༌། བདེན་འཛིན་བདེན་སྟོང་དུ་མངོན་སུམ་དུ་རྟོག་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་བདེན་འཛིན་ཡོད་པར་ཐལ། མྱུ་གུ་བདེན་མེད་དུ་མངོན་སུམ་དུ་རྟོག་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་མྱུ་གུ་ཡོད་པའི་ཕྱིར། དེས་ན་འཕགས་པ་སློབ་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་ཆོས་ཅན་འདུས་བྱས་ཀྱི་སྣང་བ་ཡོད་པར་འདོད་པ་ནི། དབུ་མ་ཐལ་རང་གང་གི་ཡིན་ནོ་ལུགས་མིན་ནོ་ཞེས་གསུང༌། འོ་ན་སྟོང་ཉིད་བདེན་སྟོང་དུ་མངོན་སུམ་དུ་རྟོག་པའི་མཐོང་ལམ་གྱི་གཟིགས་ངོར་སྟོང་ཉིད་དེ་སྣང་ངམ་མི་སྣང༌། མི་སྣང་ན། རིགས་པ་དང༌། ཁས་བླངས་དང་འགལ། སྣང་ན་ཤེས་བྱ་ཆོས་ཅན། ཕྱི་སྟོང་པ་ཉིད་མངོན་དུ་རྟོག་པའི་མཐོང་ལམ་གྱི་གཟིགས་ངོར། སྟོང་གཞིའི་ཆོས་ཅན་དེ་སྣང་བར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོག་པའི་མཐོང་ལམ་གྱི་གཟིགས་ངོར་སྟོང་གཞིའི་ཆོས་ཅན་དེ་སྣང་བའི་ཕྱིར། རྟག་ཁས་བླངས་ཤིང༌། ཁྱབ་པ་ཁས་བླངས་སོ། །གཞན་ཡང༌། བདེན་སྟོང་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། དོན་དམ་བདེན་པར་ཐལ། བདེན་སྟོང་མངོན་སུམ་དུ་རྟོག་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་དེས་གཉིས་སྣང་ནུབ་པའི་རྟོག་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། མ་གྲུབ་ན། དེར་ཐལ། དེས་རྟོགས་པ་གང་ཞིག གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོག་པར་བྱ་བ་མིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེས་དེ་རྟོག་པར་ཐལ། དེ་ཉམས་སུ་མྱོང་བའི་རང་གི་མངོན་སུམ་ཡོད་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། བདེན་འཛིན་བདེན་སྟོང་དུ་མངོན་སུམ་དུ་རྟོག་པའི་ཡེ་ཤེས་ཀྱི་ངོར་བདེན་འཛིན་ཡོད་པར་ཐལ། བདེན་སྟོང་བདེན་སྟོང་དུ་མངོན་སུམ་དུ་རྟོག་པའི་རིག་ངོར་བདེན་སྟོང་ཡོད་པའི་ཕྱིར། རྟག་ཐལ་ཁས་བླངས་ཤིང༌། ཁྱབ་པ་ཡང་ཁས་བླངས་སོ། །འདིར་ཐེག་ཆེན་བསྒྲུབ་པས་སྒྲོ་འདོགས་དཔྱད་པར་བྱ་བའི་གཞི་དེ། ཐེག་ཆེན་བསྒྲུབ་པས་དམིགས་པའི་མཚན་ཉིད། ཟེར་ན། དར་ཊཱིཀ་པ་ལ་ནང་འགལ་ཏེ། མྱུ་གུ་ཆོས་ཅན། མྱུ་གུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་བསྒྲུབ་པའི་དམིགས་པར་ཐལ། དེས་སྒྲོ་འདོགས་དཔྱད་པར་བྱ་བའི་གཞི་ཡིན་པའི་ཕྱིར་ཏེ། དེས་སྒྲོ་འདོགས་དཔྱད་པར་བྱ་བའི་ཆོས་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན། ཁྱབ་ཆེས་ཁྱོད་རྟོག་པར་ཐལ། ཁྱོད་དེའི་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་སམ། གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོག ཞེས་བརྗོད་ན་འཁོར་སུམ་ཁས་བླངས་པར་འགྱུར། དེ་ཡང་དགེ་ལ་སོགས་པ་ཡིན། ཞེས་པར་ཆོས་གསུམ་གྱི་མཚན་ཉིད་དྲིས་པས། ལུང་དུ་བསྟན་པ་གང་ཞིག རྣམ་སྨིན་ཡིད་མི་འོང་འབྱིན་བྱེད་མི་དགེ་བའི་མཚན་ཉིད། དེ་གང་ཞིག རྣམ་སྨིན་ཡིད་མི་འོང་འབྱིན་བྱེད་དེ་མི་དགེ་བའི་མཚན་ཉིད། རྣམ་སྨིན་འབྱིན་མི་ནུས་པའི་ལས་དེ། ལུང་མ་བསྟན་བསྟན་གྱི་མཚན་ཉིད། ཟེར་ན། ཟག་པ་མེད་པའི་དགེ་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེར་ཐལ། འདོད་ན། མིན་པར་ཐལ། རྣམ་སྨིན་གྱི་རྒྱུ་མ་ཡིན་པའི་ཕྱིར་ཏེ། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་མིན་པའི་ཕྱིར། ཁྱབ་ཏེ། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ནང༌། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སེམས་ཅན་མང་པོ་སྐྱབས་པའི་ཕྱིར་དུ་སེམས་ཅན་གཅིག་གི་སྲོག་གཅོད་པའི་ལས་ཆོས་ཅན། དགེ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མིན་པར་ཐལ། མི་དགེ་བ་ཡིན་ཏེ། མི་དགེ་བའི་ལས་ལམ་བཅུ་པོ་གང་རུང་ཡིན་པའི་ཕྱིར་ཏེ། སྲོག་གཅོད་པའི་ལས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། མི་དགེ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། སྲོག་གཅོད་ཀྱི་ལས་ཡིན་པའི་ཕྱིར། འདིར་རྣམ་སྨིན་ཞེས་པ་འབྲས་བུ་ཙམ་ལ་བྱེད་ན། ཁམས་གོང་མའི་ཉོན་མོངས་ཆོས་ཅན། རྣམ་སྨིན་འབྱིན་མི་ནུས་པའི་ལས་སུ་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། འདོད་ན། འབྲས་བུ་འབྱིན་མི་ནུས་པར་ཐལ་ལོ། །གཞན་ཡང༌། ཁམས་གོང་མའི་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ཆོས་ཅན། མི་དགེ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། སྔ་མ་དེར་ཐལ། ཁྱོད་རྗེས་སུ་འགྲེལ་པའི་དགེ་བ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རང་གི་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་ན། ཁམས་གོང་ན་མི་དགེ་བ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། གཅིག་ཏུ་རྣམ་པར་དཀར་བའི་ངོ་བོར་ལུང་དུ་བསྟན་པ་དེ། དབང་ཆེ་བའི་མཚན་ཉིད། གཅིག་ཏུ་རྣམ་པར་གནག་པའི་ངོ་བོར་ལུང་དུ་བསྟན་པ་དེ། མི་དགེ་བའི་མཚན་ཉིད། དེ་གཉིས་གང་དུ་ཡང་ལུང་བསྟན་མི་ནུས་པའི་ཆོས། ལུང་མ་བསྟན་གྱི་མཚན་ཉིད། ཟེར། ཞེ་སྡང་གིས་ཀུན་ནས་བསླངས་ནས་གཞན་ལ་སྦྱིན་པ་གཏོང་བའི་ལས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དགེ་བ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། སྦྱོར་བ་དཀར་ལ་བསམ་པ་གནག་པའི་ལས་ཡིན་པའི་ཕྱིར། རྩ་རྟག་དེར་ཐལ། སྦྱིན་པ་ཡིན་པའི་ཕྱིར། གཞན་ཡང༌། སྙིང་རྗེས་ཀུན་ནས་བསླངས་ནས་སྲོག་གཅོད་པའི་ལས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མི་དགེ་བ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། བསམ་པ་དཀར་ལ་སྦྱོར་བ་གནག་པའི་ལས་མིན་པའི་ཕྱིར། གཞན་ཡང༌། དཀར་ནག་འདྲེས་པའི་ལས་ཆོས་ཅན། ལུང་མ་བསྟན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་གཉིས་ཀར་ཏུ་ལུང་དུ་མ་བསྟན་པ་གང་ཞིག ཆོས་ཡིན་པའི་ཕྱིར། སྔ་མ་དེར་ཐལ། གཅིག་ཏུ་དཀར་བའི་ངོ་བོ་ལུང་དུ་བསྟན་པ་ཡང་མིན། གཅིག་ཏུ་གནག་པའི་ངོ་བོར་ལུང་དུ་མ་བསྟན་པ་མ་ཡིན་པའི་ཕྱིར། ཟས་ཟག་པ་མེད་ཆོས་དང༌། ཞེས་པར་ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བ་དེ། ཟས་ཀྱི་མཚན་ཉིད། དེ་དང་མ་འབྲེལ་བ་དེ། ཟག་མེད་མི་མཚན་ཉིད་ཟེར་ན། ཐེག་ཆེན་སྦྱོར་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། ཟག་བཅས་ཡིན་པའི་ཕྱིར། འདོད་ན་མིན་པར་ཐལ། ཐེག་ཆེན་ལམ་ཡིན་པའི་ཕྱིར། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། ཟག་མེད་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་དང་འབྲེལ་བར་ཐལ། ཟག་པས་བཅིངས་པའི་ཕྱིར་ཏེ། སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། སོགས་ལ། ཐེག་ཆེན་བསྒྲུབ་པའི་ཐོབ་བྱ་མཐར་ཐུག་དེ། དེའི་ཆེད་དུ་བྱ་བའི་མཚན་ཉིད། ཟེར་ན། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ལས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་བསྒྲུབ་པའི་ཐོབ་བྱ་གཞན་ཡོད་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། སེམས་ཆེན་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སེམས་བསྐྱེད་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། སློབ་ལམ་ན་ཐེག་ཆེན་བསྒྲུབ་པའི་ཆེད་དུ་བྱ་བ་མེད་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། ཆོས་ཅན། ཡོད་པར་ཐལ། དེ་ན་ངེས་འབྱུང་བསྒྲུབ་པའི་ངེས་པར་འབྱུང་བ་ཡོད་པའི་ཕྱིར། དེར་ཐལ། སློབ་ལམ་ན་སློབ་ལམ་མཐར་ཐུག་ཡོད་པའི་ཕྱིར། ཁ་ཅིག་ན་རེ། ཆེན་པོ་གསུམ་ཆོས་ཅན། ཐེག་དམན་བསྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་ཐལ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་པས་འདོད་ན། ཤེས་བྱ་ཆོས་ཅན། དེ་དེ་མིན་པར་ཐལ། ཐེག་དམན་གྱི་བསྒྲུབ་པ་དེ་ཆེད་དུ་བྱ་བ་ལས་ལོག་པའི་ཕྱིར། ཆེད་དུ་བྱ་དང་ལོག་པ་དང༌། །ཞེས་གསུངས་པའི་ཕྱིར། ཟེར་ན། འོ་ན། ཐེག་དམན་གྱི་བསྒྲུབ་པ་ཆོས་ཅན། ཆེན་པོ་གསུམ་དེ་ཁྱོད་ཀྱིས་ཐོབ་བྱ་མཐར་ཐུག་ཡོད་མིན་པར་ཐལ། དེ་ཁྱོད་ཀྱི་ཐོབ་བྱ་མིན་པའི་ཕྱིར། རྟག་ཁས་ཤིང༌། ཁྱོད་དེ་ལ་མི་འཇུག་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཉིད་ལ་སོགས་པ་མི་འཇུག་པ་ཉིད་ཀྱི་ཆེད་དུ་བྱ་བ་ལོག་པ་ཞེས་གསུངས་པའི་ཕྱིར། ཐམས་ཅད་མཁྱེན་ཉིད་གསུམ་གྱི་ཡུལ་ལ། སོགས་ལ། མཁྱེན་གསུམ་གྱི་བསྒྲུབ་པ་དང༌། སྦྱོར་བཞིའི་བསྒྲུབ་པ་འགལ་ལམ་མི་འགལ་དྲིས་པས། འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་གཉིས་མི་འགལ་བར་ཐལ། སྦྱོར་གཞི་གང་རུང་གི་བསྒྲུབ་པ་ཡང་ཡིན། མཁྱེན་གསུམ་གྱི་བསྒྲུབ་པ་ཡང་ཡིན་པའི་གཞུང་བཞིན་གྲུབ་པའི་ཕྱིར། དེར་ཐལ། རྣམ་རྫོགས་སྦྱོར་བ་དེ་མཁྱེན་གསུམ་གྱི་སྒྲུབ་པ་ཉམས་སུ་ལེན་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། དེ་གཉིས་མི་འགལ་བར་ཐལ། སྦྱོར་གཞི་གང་རུང་གི་སྒྲུབ་པ་ཡིན་ན། མཁྱེན་གསུམ་གང་རུང་གི་སྒྲུབ་པ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། རྣམ་པ་རྒྱ་བདུན་ཅུ་རྩ་གསུམ་པོ་ཉམས་སུ་ལེན་པའི་རྣལ་འབྱོར་ཡིན་དགོས་པའི་ཕྱིར། མི་འགལ་ལོ་ཟེར་ན། ཤེས་བྱ་ཆོས་ཅན། དེ་གཉིས་འགལ་བར་ཐལ། ཐོས་བསམ་གཙོ་བོར་གྱུར་པའི་སྒྲུབ་པ་དང༌། ཉམས་ལེན་གཙོ་བོར་གྱུར་པའི་སྒྲུབ་པ་གཉིས་པོ་འགལ་བའི་ཕྱིར་ཏེ། དེ་གཉིས་ཡོད། དེ་གཅིག་ཡིན་ན། གཅིག་ཤོས་མིན་དགོས་པའི་ཕྱིར། ཡང་དེ་གཉིས་འགལ་བར་ཐལ། དམིགས་གསལ་མེད་པར་དགེ་བའི་ཆོས་སྒྲུབ་པ་དང༌། དམིགས་གསལ་ཅན་གྱི་དགེ་བ་སྒྲུབ་པའི་ཉམས་ལེན་གཉིས་པོ་འགལ་བའི་ཕྱིར། དེ་ལྟར་ཇི་ལྟ་བ་སོགས་ལ། སྒྲུབ་པ་བཞིའི་ས་མཚམས་དྲིས་པས། གོ་སྒྲུབ་ཚོགས་ལམ་ནས་ཡོད་ཟེར་ན། ཤེས་བྱ་ཆོས་ཅན། ཚོགས་ལམ་ན་སྒོམ་བྱུང་གཙོ་བོར་གྱུར་པའི་སྒྲུབ་པ་ཡོད་པར་ཐལ། དེ་ན་གོ་སྒྲུབ་ཡོད་པའི་ཕྱིར། འདོད་ན། མེད་པར་ཐལ། ཚོགས་ལམ་དེ་ཐོས་བསམ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་ཏེ། འཇུག་སྒྲུབ་ཐེག་ཆེན་གྱི་དྲོད་ནས་ཡོད་ཟེར་ན། ཤེས་བྱ་ཆོས་ཅན། དེ་ན་དེ་མེད་པར་ཐལ། དེར་འཇུག་མཚན་ཉིད་པ་མེད་པའི་ཕྱིར་ཏེ། དེ་ན་དམིགས་པ་ཆེ་བ་སོགས་ཆེན་པོ་བདུན་མེད་པའི་ཕྱིར་ཏེ། དེ་སོ་སོ་སྐྱེ་བོའི་ས་ཡིན་པའི་ཕྱིར། ཚོགས་སྒྲུབ་ཐེག་ཆེན་གྱི་ཆོས་མཆོག་ནས་ཡོད་ཟེར་ན། ཤེས་བྱ་ཆོས་ཅན། དེའི་མ་མཐའི་ས་མཚམས་དེ་ནས་འཇོག་པ་མི་འཐད་པར་ཐལ། ཐེག་ཆེན་གྱི་དྲོད་ནས་ཡེ་ཤེས་ཀྱི་ཚོགས་ཡོད་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། སྟོང་ཉིད་དང་པོ་གསུམ་རྟོགས་པའི་ཡེ་ཤེས་དང་པོ་གསུམ་གྱི་ས་མཚམས་ཐེག་ཆེན་གྱི་མོས་སྤྱོད་ནས་བཞག་པ་དེ་འཐད་ལྡན་ཡིན་པའི་ཕྱིར། ཡ་མཐའི་ས་མཚམས་ལ། གོ་སྒྲུབ་རྒྱུན་མཐའ་ཡོད་ཟེར་ན། མེད་པར་ཐལ། སངས་རྒྱས་ཀྱི་ས་ན་འཇུག་སྒྲུབ་མེད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། གོ་སྒྲུབ་ཡིན་ན་རང་འབྲས་འཇུག་སྒྲུབ་ཀྱི་རྒྱུ་ཡིན་དགོས་པའི་ཕྱིར། རྒྱུན་མཐའ་ན་འཇུག་སྒྲུབ་མེད་ཟེར་ན། ཤེས་བྱ་ཆོས་ཅན། དེ་ན་དེ་མེད་པར་ཐལ། དེ་ན་སྦྱོར་བའི་བརྩོན་འགྲུས་མེད་པའི་ཕྱིར་ཏེ། རྒྱུན་མཐའི་ཡེ་ཤེས་དེས་སྦྱོར་བའི་བརྩོན་འགྲུས་ལ་མ་ལྟོས་པར་རྣམ་བདེན་མངོན་སུམ་དུ་བྱེད་ནུས་པའི་ཕྱིར། རྒྱུན་མཐའ་ན་ངེས་འབྱུང་བསྒྲུབ་པ་པོ་ཡོད་ཟེར་ན། མེད་པར་ཐལ། རྒྱུན་མཐའི་ཡེ་ཤེས་དང་ངེས་འབྱུང་སྒྲུབ་པའི་གཞུང་བཞིན་མེད་པའི་ཕྱིར་ཏེ། རྒྱུན་མཐའི་ཡེ་ཤེས་ཡིན་ན། ངེས་པར་འབྱུང་བ་ཡིན་དགོས་པའི་ཕྱིར། རྟག་འབུད། ཁྱབ་པར་ཐལ། གང་ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་ཡིན་ན། གང་དུ་ངེས་པར་འབྱུང་བ་མིན་དགོས་པའི་ཕྱིར། དེ་དག་སོ་སོར་སྦྱིན་ལ་སོགས། །སོགས་ལ། སྦྱིན་སོགས་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པ་ལ་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བ་དེ་ཐེག་ཆེན་གོ་སྒྲུབ་ཀྱི་མཚན་ཉིད། ཟེར་ན། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་ས་ན་གོ་སྒྲུབ་ཡོད་པར་ཐལ། དེ་ན་མཚན་ཉིད་དེ་ཡོད་པའི་ཕྱིར་ཏེ། དེ་ན་སྦྱིན་སོགས་རེ་རེ་ཡང་དྲུག་ལྡན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་སེམས་བྱུང་ཡོད་པའི་ཕྱིར། འདིར་ཕྱིན་དྲུག་གི་གོ་སྒྲུབ་འགལ་ལམ་མི་འགལ་དྲིས་པས། འགལ་ལོ་ཟེར་ན། མི་འགལ་བར་ཐལ། སྦྱིན་པའི་གོ་སྒྲུབ་ཀྱང་ཡིན། ཚུལ་ཁྲིམས་ཀྱི་གོ་སྒྲུབ་ཀྱང་ཡིན་པའི་གཞུང་བཞིན་ཡོད་པའི་ཕྱིར། དེར་ཐལ། སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་ཆ་དེ་དེ་འདྲ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་སྦྱིན་པའི་གོ་སྒྲུབ་ཡིན་པར་ཐལ། ཁྱོད་སྦྱིན་པས་བསྡུས་པའི་གོ་སྒྲུབ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཚུལ་ཁྲིམས་ཀྱི་གོ་སྒྲུབ་དུ་ཐལ། ཁྱོད་སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་སྒྲུབ་ཡིན་པའི་ཕྱིར། དེ་བཞིན་དུ་རྒྱ་ཆེར་སྦྱར་རོ། །མི་འགལ་ཟེར་ན། འགལ་བར་ཐལ། སྦྱིན་པ་གཏོང་བར་འདོད་པའི་སེམས་བྱུང་དང༌། ཚུལ་ཁྲིམས་བསྲུང་བར་འདོད་པའི་སེམས་བྱུང་འགལ་བའི་ཕྱིར་སྟེ། གཏོང་བའི་སེམས་པ་དང༌། སྤོང་བའི་སེམས་དཔའ་འགལ་བའི་ཕྱིར། སྐབས་འདིར་གོ་སྒྲུབ་དྲུག་པོ་དྲུག་ཏུ་བསྡུས་པའི་ཚུལ་དྲིས་པས་ཁ་ཅིག སྦྱིན་པའི་བསྡུ་བྱ་དྲུག་པོ་དེ་སྦྱིན་པར་ཆོས་མཐུན། དེ་བཞིན་དུ་ཚུལ་ཁྲིམས་དྲུག་པོ་ཚུལ་ཁྲིམས་སུ་ཆོས་མཐུན་པ་སོགས་ཡིན། ཟེར་ན། ཤེས་བྱ་ཆོས་ཅན། སྦྱིན་པའི་བསྡུ་བྱར་གྱུར་པའི་ཕྱིན་དྲུག་གང་རུང་ཡིན་ན། སྦྱིན་པའི་ཕར་ཕྱིན་ཡིན་པའི་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྦྱིན་པའི་ཕྱིན་གྱི་བསྡུ་བྱར་གྱུར་པའི་ཕྱིན་དྲུག་གང་རུང་ཀྱང་ཡིན། སྦྱིན་པའི་ཕྱིན་མིན་པ་ཡང་ཡིན་པའི་གཞུང་བཞིན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྦྱིན་པའི་ཕྱིན་གྱི་ནང་དུ་ཕྱིན་དྲུག་ཀ་བསྡུས་ནས་ཉམས་སུ་ལེན་པ་མི་སྲིད་པར་ཐལ་ལོ། །གཞན་ཡང༌། སྦྱིན་པ་གཏོང་བ་ན་སློང་བ་པོས་མི་སྙན་པ་སྨྲ་བ་སྤོང་བའི་སེམས་པ་ཆོས་ཅན། སྦྱིན་པར་ཐལ། སྦྱིན་པའི་བསྡུ་བྱར་གྱུར་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་རྟག་གཞུང་གིས་འགྲུབ། རྩ་བར་འདོད་ན། དེ་མིན་པར་གཏོང་བའི་སེམས་དཔའ་མིན་པའི་ཕྱིར་ཏེ། མི་མཐུན་ཕྱོགས་སྤོང་བའི་སེམས་དཔའ་ཡིན་པའི་ཕྱིར། ཡང་ཁ་ཅིག ཕྱིན་དྲུག་གི་སྦྱིན་པ་རྣམས་སྦྱིན་པར་ཆོས་མཐུན་པ་སོགས་དྲུག་ཏུ་བསྡུ་ཟེར་ན། ཤེས་བྱ་ཆོས་ཅན། དེ་ལྟར་དུ་ཆོས་མཐུན་པ་མིན་པར་ཐལ། ཚུལ་ཁྲིམས་ཀྱི་བསྡུ་བྱར་གྱུར་པའི་སྦྱིན་པ་དེ་དང༌། བཟོད་པའི་བསྡུ་བྱར་གྱུར་པའི་སྦྱིན་པ་གཉིས་པོ་དེ་སྦྱིན་པར་ཆོས་མཐུན་པའི་ཕྱིར། དེར་ཐལ། སྔ་མ་དེ་ཚུལ་ཁྲིམས་ཡིན། ཕྱི་མ་བཟོད་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དེ་དང་དེས་བསྡུས་པ་ཡིན་པའི་ཕྱིར། དེ་ལྟར་གོ་བགོས་པ་ལ་འཇུག་པ་འབྱུང་བས། སོགས་ལ། འཇུག་སྒྲུབ་ཀྱི་མཚན་ཉིད། འཇུག་ཐེག་ཆེན་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་རྣལ་འབྱོར་ཟེར་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གོ་ཆའི་སྒྲུབ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མིན་པར་ཐལ། གོ་སྒྲུབ་ཡིན་པའི་ཕྱིར། རྩ་རྟག་དེར་ཐལ། ཕྱིན་དྲུག་གི་ཉམས་ལེན་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བ་ཡིན་པའི་ཕྱིར་ཏེ། ཕྱིན་དྲུག་ལ་ཉམས་ལེན་གཙོ་བོར་གྱུར་པའི་བྱ་བ་ཡིན་པའི་ཕྱིར། བསམ་གཏན་གཟུགས་མེད་ཟུར་དུ་བཤད་པ་ལས་ཤེས་པར་བྱའོ། །སྙིང་རྗེ་ལ་སོགས་པ་འདི་དག་ནི། སོགས་ལ། རང་འབྲས་བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའི་རྒྱུ་ཚོགས་དེ་ཚོགས་སྒྲུབ་ཀྱི་མཚན་ཉིད། ཟེར་ན། རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་འབྲས་རྣམ་མཁྱེན་སྐད་ཅིག་གཉིས་པ་དངོས་སུ་འབྱིན་པའི་རྒྱུ་ཚོགས་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག ཅེས་སྦྱར་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སློབ་ལམ་ན་བྱང་ཆེན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ན་བྱང་ཆུབ་ཡོད་པར་ཐལ། འདོད་ན། དེ་ན་སངས་རྒྱས་ཡོད་པར་ཐལ་ལོ། །རང་རང་ངོ་བོས་སྟོང་པའི་ཕྱིར། སོགས་ལ། མིག་སོགས་ཉི་ཤུ་ཆོས་ཅན། རང་སྟོང་ཡིན་ཏེ། རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པའི་ཕྱིར། ཟེར་ན། མེད་ངེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཚིག་ལྟར་ན། ཁྱོད་མེད་ངེས་ཀྱིས་མི་སྟོང་བར་ཐལ། ཁྱོད་མེད་ངེས་ཡིན་པའི་ཕྱིར། དང་པོ་ལྟར་ན། དེ་ཆོས་ཅན། ཁྱོད་ཀྱིས་རང་སྟོང་མངོན་སུམ་དུ་རྟོག་ན། རང་སྟོང་མངོན་སུམ་དུ་རྟོག་པས་ཁྱབ་པར་ཐལ། ཁྱོད་རང་སྟོང་ཡིན་པའི་ཕྱིར། འདིར་བུམ་པའི་ཆོས་ཉིད་ཀྱི་མཚན་ནི་དྲིས་པས། བུམ་པ་བདེན་སྟོང་དེ་དེའི་ཆོས་ཉིད་ཡིན་ནོ་ཟེར་ན། ཚིག་ལྟར་ན། བུམ་པས་དགག་པའི་ས་ཕྱོགས་ཆོས་ཅན། བུམ་པའི་ཆོས་ཉིད་ཡོད་པར་ཐལ། དེ་བདེན་སྟོང་ཡོད་པའི་ཕྱིར། དོན་ལྟར་ན། བུམ་པ་བདེན་སྟོང་ཆོས་ཅན། ཁྱོད་མངོན་སུམ་དུ་རྟོག་ན། ཆོས་ཉིད་མངོན་སུམ་དུ་རྟོག་པའི་ཁྱབ་པར་ཐལ། ཁྱོད་ཆོས་ཉིད་ཡིན་པའི་ཕྱིར། འདོད་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཀྱི་ཚུར་མཐོང་ལྷ་སྦྱིན་ནམ། ཡང་ན་སེམས་ཙམ་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། སེམས་ཙམ་པ་ཡིན་པའི་ཕྱིར། རྩ་རྟག་དེར་ཐལ། བུམ་པ་མེད་པར་མངོན་སུམ་དུ་རྟོག་པའི་ཕྱིར་ཏེ། ཕྱི་དོན་མེད་པར་མངོན་སུམ་དུ་རྟོག་པའི་ཕྱིར་ཏེ། སེམས་ཙམ་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་ཕྱིར། གཞན་ཡང༌། རྫོགས་པའི་སངས་རྒྱས་བདེན་སྟོང་དེ་དེའི་ཆོས་ཉིད་ཡིན་པར་ཐལ། བུམ་པ་བདེན་སྟོང་དེ་བུམ་པའི་ཆོས་ཉིད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། དེ་བྱང་སེམས་མཐོང་ལམ་པའི་མངོན་སུམ་དུ་རྟོག་པའི་ཕྱིར། འདིར་ཁ་ཅིག་ན་རེ། བུམ་པ་མཐར་ཐུག་སྤྱོད་པའི་རིགས་ཤེས་ཀྱིས་བཙལ་བས་མ་རྙེད་པ་དེ་བུམ་པའི་ཆོས་ཉིད་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་དོན་དམ་བདེན་པར་ཐལ། ཁྱོད་བུམ་པའི་ཆོས་ཉིད་ཡིན་པའི་ཕྱིར། འདོད་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་སྙེད་དོན་དུ་ཐལ། འདོད་པའི་ཕྱིར། ཁྱབ་པ་གྲུབ་མཐར་ཁས་བླངས་སོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། བུམ་པ་ལ་དཔྱོད་པའི་མཐར་ཐུག་སྤྱོད་པའི་རིགས་ཤེས་དེས་མ་རྙེད་པའི་དོན་དེ་བུམ་པའི་ཆོས་ཉིད་མིན་པར་ཐལ། དེས་རྙེད་པའི་དོན་དེ་དེའི་ཆོས་ཉིད་ཡིན་པའི་ཕྱིར་ཏེ། དེས་རྙེད་པའི་དོན་དེའི་དོན་རྣམ་བདེན་པ་ཡིན་པའི་ཕྱིར། གསུམ་པར་གྲུབ་མཐའ་ལ་ཁས་བླངས་སོ། །ཚུལ་ཁྲིམས་བྱས་པ་བཟོ་དང་བཟོད། །སོགས་ལ། སོ་ཐར་སྡོམ་པའི་མཚན་ཉིད་དྲིས་པས། ཆོས་འདི་པ་དག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་གང་ཞིག འཆི་འཕོས་མ་ཐག་ཏུ་གཏོང་བ་ཟེར་ན། འཆི་འཕོས་མ་ཐག་ཏུ་གཏོང་བར་ངེས་པའི་འདོད་པ་ཁམས་ཀྱི་བྱང་སེམས་ཀྱི་སྡོམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། འདོད་ན། མིན་པར་ཐལ། བྱང་སེམས་ཀྱི་སྡོམ་པ་ཡིན་པའི་ཕྱིར། འདིར་བྱང་སེམས་ཀྱི་སྡོམ་པ་དང༌། སོ་ཐར་གྱི་སྡོམ་པ་འགལ་ལམ་མི་འགལ་དྲིས་པས། འགལ་ལོ་ཞེ་ན། དེ་གཉིས་འགལ་བར་ཐལ། དེ་གཉིས་ཀྱི་གཞུང་ཞིང་བཞིན་ཡོད་པའི་ཕྱིར་ཏེ། བྱང་སེམས་ཀྱི་སོ་ཐར་གྱི་སྡོམ་པ་དེ་འདྲའི་གཞུང་ཞིང་བཞིན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན་དེར་ཐལ། ཁྱོད་བྱང་སེམས་ཀྱི་སྡོམ་པ་གང་ཞིག སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པ་གང་ཞིག གཞན་ལ་ཕན་པ་གཞི་བཅས་བསྒྲུབ་པའི་སེམས་པ་ཡིན་པའི་ཕྱིར། མི་འགལ་ན། འགལ་བར་ཐལ། ཇི་སྲིད་འཚོ་བར་གྱི་སྡོམ་པ་དང༌། བྱང་ཆུབ་མ་ཐོབ་བར་གྱི་སྡོམ་པ་འགལ་བའི་ཕྱིར་ཏེ། དེ་གཉིས་གཅིག་ཡིན་ན་གཅིག་ཤོས་མིན་དགོས་པའི་ཕྱིར། རྟག་འབུད་དོ། །འདིར་རྣམ་སྤྱད་པས། བྱང་སེམས་ཀྱི་སྡོམ་པའི་ས་བོན་དེ། བྱང་སེམས་ཀྱི་སྡོམ་པ་ཡིན་པར་བཤད། འོ་ན་སོ་ཐར་སྡོམ་པའི་ས་བོན་སོ་ཐར་སྡོམ་པར་ཐལ། དེའི་ཕྱིར། འདོད་ན། སོ་ཐར་སྡོམ་ལྡན་གྱི་སྐྱེས་བུ་དེ་ཤི་བའི་འོག་རོལ་ཏུ་སོ་ཐར་སྡོམ་པ་ཡོད་པར་ཐལ། དེའི་ཕྱིར་ཏེ། དེའི་འོག་རོལ་དུ་སོ་ཐར་སྡོམ་པ་འབྱུང་རུང་ཡོད་པའི་ཕྱིར། གཞན་ཡང༌། བྱང་སེམས་ཀྱི་བྱང་སེམས་སྡོམ་པ་མ་བླངས་པའི་སྔ་རོལ་དུ་བྱང་སེམས་ཀྱི་སྡོམ་པ་ཡོད་པར་ཐལ། དེའི་སྔ་རོལ་ན་དེའི་ས་བོན་དེ་ཡིན་ཕྱིར། སྔ་མ་དེར་ཐལ། དེའི་སྔ་རོལ་ན། བྱང་སེམས་ཀྱི་སྡོམ་པ་འབྱུང་རུང་ཡོད་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་རྩ་བའི་ལྟུང་བ་འབྱུང་ཡང་བྱང་སེམས་ཀྱི་སྡོམ་པ་གཏོང་མི་ནུས་པར་ཐལ། དེས་དེའི་ས་བོན་ལ་གནོད་པ་བྱེད་མི་ནུས་པའི་ཕྱིར། གསུམ་པར། ཞེས་བརྗོད་ན་རྣམ་སྤྱད་ཀྱི་རྗེས་འབྲང་རྣམས་ཀྱིས་ལན་འདེབས་དགོས་སོ། །ས་དགུ་འདས་ནས་ཡེ་ཤེས་ནི། །སོགས་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ས་བཅུ་པ་ཡེ་ཤེས་ཡིན་ཏེ། རང་གི་འདས་པ་ས་དགུ་ལས་འདས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། ཟེར་ན། ས་དགུ་པའི་ཡེ་ཤེས་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། རང་གི་འདས་ས་དམན་པ་ས་བརྒྱད་ལས་འདས་པ་གང་ཞིག འདས་ས་བྱང་སེམས་ཀྱི་ས་དང་པོ་དགུ་ལས་ཀྱང་འདས་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རང་ས་དགུའི་འབྲས་བུ་ཡིན་པའི་ཕྱིར། ཉན་ཐོས་ལ་སོགས་པའི་རིགས། །སོགས་ལ། ཞི་བ་བསྒྲོད་པ་གཅིག་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། རིགས་ཀྱི་ས་ཡིན་ཏེ། རྟོག་པའི་སྟོབས་ཀྱིས་དམན་པའི་བྱང་ཆུབ་ཏུ་ངེས་པའི་ཐེག་དམན་སོ་སྐྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ཟེར་ན། སྐྱེ་བ་ཕྱི་མ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པར་ངེས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱོད་རང་རྒྱལ་གྱི་རིགས་ཀྱི་སར་ཐལ། ཁྱོད་རིགས་ཀྱི་ས་གང་ཞིག ཁྱོད་དེ་ཡིན་ན། དེ་ཡིན་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། ཉན་ཐོས་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། ཞི་བ་བགྲོད་པ་གཅིག་པོའི་ཉན་ཐོས་དེ་རིགས་ཀྱི་སར་གནས་པར་ཐལ། དེའི་སྦྱོར་ལམ་དེ་རིགས་ཀྱི་ས་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་འདྲ་བ་དེ་ཉན་ཐོས་སུ་རིགས་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་པའི་གྲུབ་མཐའ་དང་བསྟུན་ན། ཞི་བགྲོད་ཀྱི་ཉན་ཐོས་ཆོས་ཅན། ཁྱོད་དེ་མིན་པར་ཐལ། ཁྱོད་མ་ངེས་པའི་རིགས་ལ་གནས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེག་པ་གསུམ་གྱི་གང་ཟག་སློབ་པ་ཡིན་ན་མ་ངེས་པའི་རིགས་ལ་གནས་པས་ཁྱབ་པའི་ཕྱིར། དེས་ན་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་ལ་གཏོགས་པའི་སྟོབས་ཀྱིས་ཐེག་པ་གསུམ་གྱི་གང་ཟག་སོ་སོར་ངེས་པ་ཡིན་གྱི། རིགས་ཀྱི་སྟོབས་ཀྱི་ཐེག་པ་གསུམ་གྱི་གང་ཟག་སོ་སོར་ངེས་པ་མིན་ནོ། །ཐེག་ཆེན་པ་ལྟར་ན། ཤེས་བྱ་ཆོས་ཅན། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་སྦྱོར་ལམ་པ་ཡིན་ན། ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་ངེས་པས་ཁྱབ་པར་ཐལ། དེ་འདྲ་དེ་ཉན་ཐོས་ཀྱི་རིགས་ས་ལ་གནས་པའི་ཕྱིར། འདོད་ན། དེ་འདྲའི་ཉན་ཐོས་སྦྱོར་ལམ་པ་ཤི་འཕོས་ནས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་པའི་ཉན་ཐོས་སུ་འགྱུར་རུང་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་སུ་འགྱུར་ངེས་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། འདིར་རིགས་ཀྱི་སའི་ས་མཚམས་ལ་ཉན་ཐོས་ཀྱི་ཞི་བ་བགྲོད་པ་ཡིན་ན། སྦྱོར་ལམ་དྲོད་ནས་རིགས་ཀྱི་སར་འཇོག བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ཡིན་ན། ལྷག་མེད་མྱང་འདས་ཐོབ་ནས། རིགས་ལ་བྱང་སེམས་ལའང་དྲོད་ནས་རིགས་ཀྱི་སར་འཇོག་ཟེར་ན། ཤེས་བྱ་ཆོས་ཅན། བྱང་སེམས་ལ་རིགས་ཀྱི་སར་འཇོག་པ་མི་འཐད་པར་ཐལ། རིགས་ཀྱི་ས་ཡིན་ན། དམན་པ་ས་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། དམན་པ་ས་བརྒྱད་གང་རུང་ཡིན་དགོས་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །ཅེས་གསུངས་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། རང་རྒྱལ་ལ་རིགས་ཀྱི་ས་འཇོག་པ་མི་འཐད་པར་ཐལ། དམན་པ་ས་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་རིགས་ཀྱི་ས་ཡིན་ན། རང་སངས་རྒྱས་ཀྱི་ས་མིན་དགོས་པའི་ཕྱིར། རྟག་འབུད། གཞན་ཡང༌། ཤེས་བྱ་ཆོས་ཅན། ལྷག་མེད་མྱང་འདས་ལ་རིགས་ཀྱི་ས་འཇོག་པ་མི་འཐད་པར་ཐལ། རིགས་ཀྱི་ས་ཡིན་ན། སོ་སྐྱེའི་ས་ཡིན་དགོས་པའི་ཕྱིར། གཞན་ཡང༌། བྱང་ཆུབ་ཏུ་ཡོངས་སུ་འགྱུར་པའི་ཉན་ཐོས་ཀྱི་རྒྱུད་ཀྱི་ལྷག་མེད་མྱང་འདས་ཆོས་ཅན། རིགས་ཀྱིན་པར་ཐལ། བྱས་པ་རྟོག་པའི་ས་ཡིན་པའི་ཕྱིར། ཀུན་སྦྱོར་ཟད་པས་བྱ་བ་བྱས་པར་ཁོངས་སུ་ཆུད་པའི་ས་ཡིན་པའི་ཕྱིར། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཁོ་ནར། སོགས་ལ། ས་བཅུ་པ་ལ་གནས་པའི་བྱང་སེམས་ཆོས་ཅན། སངས་རྒྱས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། གཞན་ངོར་གཞན་དོན་འཕྲིན་ལས་མཛད་ཚུལ་སངས་རྒྱས་དང་མཉམ་པའི་ཕྱིར། ཟེར་ན། ས་དང་པོ་ལ་གནས་པའི་བྱང་སེམས་པའི་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གཞན་དོན་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ནུས་པའི་ཕྱིར་ཏེ། མདོ་ལས། ས་དང་པོ་ནས་རྫུ་འཕྲུལ་གྱི་མཐུས་སངས་རྒྱས་པའི་ཚུལ་སྟོན་པ་དང༌། ས་བཅུ་པ་ནས་སྨོན་ལམ་གྱི་མཐུས་སངས་རྒྱས་པའི་ཚུལ་སྟོན་ནུས་པར་གསུངས་པ་དེ་འཐད་པའི་ཕྱིར། དེ་ལ་ཁོ་ན་རེ། ས་བཅུ་པ་ལ་གནས་པའི་བྱང་སེམས་ཆོས་ཅན། རྫོགས་པའི་སངས་རྒྱས་སུ་ཐལ། གཞན་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་བཞིན་པའི་གང་ཟག་ཡིན་པའི་ཕྱིར་རོ། །ཞེ་ན། འོ་ན། ས་དགུ་པའི་ཡོངས་སྦྱོང་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། མངལ་དུ་འཇུག་པའི་མཆོག་དང་ནི། །ཞེས་པ་ལུང་དོན་རིགས་པའི་སྟོབས་ཀྱིས་གྲུབ་པའི་ཕྱིར། ཡང་ཁོ་ན་རེ། དེ་ཆོས་ཅན། རྟོག་ཡེ་ཤེས་ཆོས་སྐུ་མངོན་དུ་མཛད་ཟིན་པར་ཐལ། མཛད་པ་བཅུ་གཉིས་ཀྱི་སྔ་མ་དེའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། རྒྱུད་བླར། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ཞེས་གསུངས་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ནུས་པ་ལ་རྟོག་ཡེས་ཆོས་སྐུ་མངོན་དུ་མཛད་ཟིན་དགོས་པ་དེ་ལུང་དེའི་བསྟན་དོན་མིན་པར་ཐལ། སངས་རྒྱས་ཀྱི་རྒྱལ་ཚབ་དུ་དབང་བསྐུར་ཐོབ་པ་ལ་རྟོག་ཡེས་ཆོས་སྐུ་མངོན་དུ་མཛད་པ་དེ་ལུང་དེའི་བསྟན་དོན་ཡིན་པ་གང་ཞིག ཆོས་སྐུ་མངོན་དུ་མ་མཛད་པར་མཛད་པ་བཅུ་གཉིས་ཀྱི་ཚུལ་པའང་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། རྒྱུད་བླ་ལས། བྱང་ཆུབ་པའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་པའི་ཕྱིར། མཐོང་དང་སྒོམ་པའི་ལམ་དག་དང༌། །སོགས་ལ། མཐོང་སྤོང་གཉེན་པོའི་ཚོགས་སྒྲུབ་དང༌། །སྒོམ་སྤངས་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད་དྲིས་པས། ཚོགས་སྒྲུབ་གང་ཞིག རང་གི་ངོ་སྐལ་གྱི་སྤང་བྱ་མཐོང་སྤངས་རྣམ་གཞག་གི་དངོས་གཉེན་དེ། དང་པོའི་མཚན་ཉིད། གཅིག་ཤོས་ལའང་དེ་བཞིན་དུ་སྦྱར་རོ། །ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟག་ཕྱི་མ་དེར་ཐལ། རང་གི་ངོ་སྐལ་གྱི་སྤང་བྱ་མཐོང་སྤངས་རྣམ་རྟོག་གི་གཉེན་པོར་གྱུར་པའི་སྦྱོར་བ་ཉེར་བསྡོགས་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། མཐོང་ལམ་བར་ཆད་མེད་ལམ་མིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། ལམ་གཉིས་པོ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་གྱི་གཉེན་པོ་བརྒྱད་དོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཆོས་ཅན། ཕྱི་མའི་མཚོན་བྱ་དེར་ཐལ། ཕྱི་མའི་མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། སྒོམ་སྤངས་རྣམ་རྟོག་གི་དངོས་གཉེན་ཡིན་པའི་ཕྱིར་ཏེ། དེའི་སྤོང་གཉེན་ཡིན་པའི་ཕྱིར་ཏེ། དེ་སྤོང་ནུས་ཀྱི་སྦྱོར་བ་ཉེར་བསྡོགས་ཡིན་པའི་ཕྱིར། ཁྱབ་དེ། མངོན་པ་ཀུན་ལས་བཏུས་ལས། སྤོང་བའི་གཉེན་པོ་གང་ཞེ་ན། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་མིན་པར་ཐལ། སྒོམ་ལམ་བར་ཆད་མེད་ལམ་མིན་པའི་ཕྱིར་ཏེ། སྒོམ་ལམ་བར་ཆད་མེད་ལམ་གྱི་སྦྱོར་བ་ཉེར་བསྡོགས་ཡིན་པའི་ཕྱིར། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སོགས་ལ། ངེས་འབྱུང་སྒྲུབ་པའི་མཚན་ཉིད་དྲིས་པས། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག རང་གི་འབྱུང་བ་བརྒྱད་པོ་གང་རུང་དུ་གདོན་མི་ཟ་བར་ངེས་པར་འབྱུང་བའི་བྱ་བ་ཟེར་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་དེར་ཐལ། རྣམ་བདེན་དུ་གདོན་མི་ཟ་བར་ངེས་པར་འབྱུང་བའི་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། དག་པའི་རྣལ་འབྱོར་མིན་པའི་ཕྱིར། ཡང་མཚན་ཉིད་ཀྱི་ཟུར་དུ་དེ་གང་རུང་དངོས་སུ་འབྱིན་པའི་བྱ་བ་ཟེར་ན། ས་བཅུ་ཐོབ་མ་ཐག་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཐལ། འདོད་ན། མིན་པར་ཐལ། རང་གི་འབྱུང་ས་བརྒྱད་པོ་གང་རུང་གི་དངོས་རྒྱུ་མིན་པའི་ཕྱིར་ཏེ། སློབ་ལམ་མཐར་ཐུག་གི་དངོས་རྒྱུ་མིན་པ་གང་ཞིག མི་སློབ་ལམ་མཐར་ཐུག་གི་དངོས་རྒྱུ་མིན་པའི་ཕྱིར། དང་པོ་དེར་ཐལ། རྒྱུན་མཐའི་ཡེ་ཤེས་ཀྱི་དངོས་རྒྱུ་མིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། དག་པའི་རྣལ་འབྱོར་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་ངེས་པར་འབྱུང་བའི་སྒྲུབ་པ་ཞེས་གསུངས་པའི་ཕྱིར་རོ། །སྙན་གྲགས་ལྷ་མིན་དཔའ་མོའི་གདོང་པ་དང༌། །རྙེད་སྐུར་འདོད་ལྷའི་བདུད་རྩི་ལ་སྲེད་པས། །མེ་ཏོག་མདའ་ཅན་དཔུང་གི་རྩེད་འཇོ་ནི། །ཐལ་འགྱུར་ཟོལ་གྱིས་ཆོས་ཀྱི་གྲར་ན་འཁོད། །ཚིགས་བཅད་རོ་ཡི་བདུད་རྩི་ལ་སྲེད་པས། །ཚིགས་ངན་དུག་མདའི་དཔུང་ཚོགས་ཆེར་བཤམས་ཏེ། །ཆགས་སྡང་གོ་བགོས་ཕྲག་དོག་མདུང་མང་གིས། །ལུང་རིགས་མིག་སྟོང་ཅན་དེར་བརྒོལ་བྱེད་ན། །དཔལ་ལྡན་ལུང་གི་རྩེ་རྒྱ་གདེངས་པ་ཡིས། །ཐལ་ངག་དབང་པོའི་རྡོ་རྗེ་ཁྲོས་པ་ལས། །ལོག་བློས་བསྐྱོད་པའི་སྟོབས་ལྡན་དཔུང་ཚོགས་བཞི། །གཏི་མུག་ཆུ་གཏེར་དབུས་སུ་འཇུག་སྙམ་བྱེད། །ཆགས་སྡང་ནགས་ཀྱི་སྨན་ལྗོངས་ཉམས་དགའ་བར། །ཕྲག་དོག་རལ་གྲི་ལོ་མའི་སེལ་ཡབ་ལ། །རྨོངས་པས་ཞེན་པའི་ཡིད་ཅན་ཀུན། །མཁྱེན་ལྡན་ཐུགས་རྗེའི་ལྷ་དེས་སྐྱབས་མཛོད་ཅིག །ཅེས་ཐལ་ངག་དབང་པོའི་རྡོ་རྗེ་ལས་སྐབས་དང་པོའི་རྣམ་པར་བཤད་པའོ།།  །།གང་ཞིག་མཐོང་ན་གསེར་གྱི་མངལ་ལྡན་ཡང༌། །དྲེགས་པའི་གཅོད་པཎ་ས་ལ་ལྷུང་གྱུར་ཅིང༌། །ཆེར་རློམ་གཞན་གི་གཙུག་རྒྱན་ནོར་བུ་ཡིས། །ཞབས་ཟུང་མཛེས་པའི་དཔལ་དེས་བདག་སྐྱོངས་ཤིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོག་པ་ནི་ཞེས་པར། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་ལས་རྣམ་མཁྱེན་འབྱུང་བའི་ཕྱིར། ཟེར་ན། རྣམ་མཁྱེན་ཆོས་ཅན། ལམ་ཤེས་ཀྱི་འབྲས་བུ་མིན་པར་ཐལ། དེའི་བྱེ་བྲག་ཡིན་པའི་ཕྱིར། དེར་ཐལ། བྱེ་བྲག་སྒྲུབ་ཚུལ་ལྟར་བཀོད། ལམ་ཤེས་ཡིན་པར་ཐལ། རྟོག་ཡེས་ཆོས་སྐུ་ཡིན་པའི་ཕྱིར། གཞན་ཡང༌། སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་དེ། ལམ་ཤེས་ཙམ་ལ་བྱ་རིགས་པར་ཐལ། སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། ལམ་ཤེས་ཙམ་དེ་ཆོས་ཅན། ཉོན་མོངས་མི་སྤོང་བའི་རང་བཞིན་གྱི་ལམ་ཤེས་སུ་ཐལ། སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་ཡིན་པའི་ཕྱིར། ཁྱབ་པར་ཐལ། དེ་ཡིན་ན། རང་བཞིན་དང་ནི་ཞེས་པའི་སྐབས་ནས་བསྟན་པའི་རང་བཞིན་དང་བྱེད་ལས་གཉིས་དང་ལྡན་པའི་ཁྱབ་པའི་ཕྱིར། རྟག་འབུད། རྒྱུ་ལམ་ཤེས་འཆད་རིགས་ཏེ། ཟེར་ན། ཤེས་བྱ་ཆོས་ཅན། སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་དེ་རྒྱུ་ལམ་ཤེས་ལ་བྱ་རིགས་པར་ཐལ། སྦྱོར་བ་དེའི་ཕྱིར། འདོད་ན། མངོན་རྟོགས་བརྒྱད་ཀྱི་བཟླས་ཕྱེ་བའི་ལམ་ཤེས་དེ་རྒྱུ་ལམ་ཤེས་ལ་བྱ་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་འདྲའི་ལམ་ཤེས་དེ་ཡིན་ན། རྒྱུ་ལམ་ཤེས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་བདེན་ཆོས་ཅན་གཏོང༌། གཞན་ཡང༌། ཤེས་བྱ་ཆོས་ཅན། འབྲས་བུ་ཆོས་སྐུའི་འོག་ཏུ་ལམ་ཤེས་འཆད་རིགས་པར་ཐལ། རྒྱུ་ལམ་ཤེས་ལས་འབྲས་བུ་ཆོས་སྐུ་འབྱུང་བའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། མངོན་པར་རྟོག་པ་བརྒྱད་ཀྱི་གོ་རིམ་འཆོལ་བར་ཐལ་ལོ། །ལམ་ཤེས་ཉིད་སྐྱེ་བར། ཞེས་པར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ། ཆོས་ཅན། དགོས་པ་ཡོད་དེ། དེའི་རྒྱུད་ཀྱི་ང་རྒྱལ་མངོན་གྱུར་པ་བཅོམ་པའི་ཆེད་ཡིན་པའི་ཕྱིར། དེས་དེ་བཅོམ་པ་ཆོས་ཅན། དགོས་པ་ཡོད་དེ། དེའི་རྒྱུད་ལ། ལམ་ཤེས་སྐྱེ་རུང་དུ་སྒྲུབ་པའི་ཆེད་ཡིན་པའི་ཕྱིར། ཟེར་ན། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཆོས་ཅན། ཁྱོད་ཀྱིས་འདོད་གཟིགས་ལྷ་རྣམས་ཀྱི་འོད་མི་གསལ་བར་བྱས་པར་ཐལ། ཁྱོད་ཀྱིས་དེ་མོག་མོག་པོར་བྱས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་མི་སྣང་བར་བྱས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན་ཁྱོད་ཀྱིས་དེ་མེད་པར་བྱས་པར་ཐལ། འདོད་པའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཆོས་ཅན། ཁྱོད་ང་རྒྱལ་གྱི་གཉེན་པོ་མ་ཡིན་པར་ཐལ། ཁྱོད་བེམ་པོ་ཡིན་པའི་ཕྱིར། བསལ་པ་ཁས་བླངས། ཤེས་བྱ་ཆོས་ཅན། དེས་དེ་ལྟར་མཛད་པ་དེ་རྒྱ་སྦྱིན་གྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་དུ་བསྒྲུབ་པའི་ཆེད་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཆོས་ཅན། མིན་པར་ཐལ། དེའི་རྒྱུད་ལ་ལམ་ཤེས་སྐྱེས་ཟིན་པའི་ཕྱིར། དེར་ཐལ། དེ་བྱང་འཕགས་ཡིན་པའི་ཕྱིར། དེར་ཐལ། དེ་གཞི་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འདོད་གཟུགས་ཀྱི་ལྷའི་འོད་མོག་མོག་པོར་མཛད་པ་ཆོས་ཅན། ཁྱོད་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་དུ་བསྒྲུབ་པའི་ཆེད་མིན་པར་ཐལ། དེའི་རྒྱུད་ལ་དེ་སྐྱེ་རུང་བ་དེ་ཁྱོད་ཀྱི་དགོས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། དེ་ཁྱོད་ཀྱི་སྔར་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། འདོད་གཟུགས་ཀྱི་ལྷ་རྣམས་ཆོས་ཅན། དེ་བཞིན་གཤེགས་པས་ཁྱོད་ཀྱི་འོད་མོག་མོག་པོར་མཛད་པའི་སྔར་ཁྱོད་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་བར་ཐལ། དེའི་སྔར་ཁྱོད་ཀྱི་རྒྱུད་ལ་རང་བཞིན་གནས་རིགས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ལམ་ཤེས་སྐྱེ་རུང་གི་གང་ཟག་ཡིན་ན། ང་རྒྱལ་མངོན་འགྱུར་བ་བཅོམ་ཟིན་པས་ཁྱབ་པར་ཐལ། སྦྱོར་བ་ཕྱི་མ་དེ་འཐད་པའི་ཕྱིར། འདོད་ན། ང་རྒྱལ་མངོན་འགྱུར་བ་རྒྱུད་ལ་ལྡན་བཞིན་པའི་འདོད་ལྷ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། སེམས་ཅན་ཡིན་པའི་ཕྱིར། དེའི་ཕྱིར། ཞེས་པར། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་ཡིན་ན། ང་རྒྱལ་མངོན་འགྱུར་བ་དང་བྲལ་བས་ཁྱབ་ཟེར་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྐྱེ་བའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་དང་མ་བྲལ་བར་ཐལ། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་མཐོང་སྤངས་སུ་གྱུར་པའི་ང་རྒྱལ་ཀུན་བཏགས་ཡོད་པའི་ཕྱིར་ཏེ། ཁྱོད་སོ་སྐྱེ་ཡིན་པའི་ཕྱིར། དེ་ཡང་བྱང་ཆུབ་ཏུ། ཞེས་པར། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་ཡིན་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཁྱབ། ཟེར་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་ལམ་ཤེས་དངོས་སུ་སྐྱེ་རུང་བའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་ལམ་ཤེས་ཀྱི་དངོས་རྒྱུ་སྐྱེ་ངེས་པའི་ཕྱིར་ཏེ། ཐེག་ཆེན་གྱི་ལམ་དུ་མ་ཞུགས་པའི་སེམས་ཅན་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་དངོས་སུ་མི་སྐྱེ་བར་ཐལ། ཁྱོད་ཀྱི་རྒྱུད་ལ་དེའི་དངོས་རྒྱུ་མེད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་མཁྱེན་པ་དང༌། དེ་གཉིས་ཀྱི་བར་དུ་ཆོས་རྫས་གཞན་གྱིས་ཆོད་པའི་ཕྱིར། ཟེར་ན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ཆོས་ཅན། དེར་ཐལ་བའི་ཕྱིར། ཁྱབ་བསལ་ཁས་བླངས། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་གྱི་མཐོང་ལམ་གྱི་དངོས་རྒྱུ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ལམ་ཤེས་ཀྱི་དངོས་རྒྱུ་ཡོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་གྱི་སྦྱོར་ལམ་ཡོད་པར་ཐལ། འདོད་ན། ཁྱོད་ཐེག་ཆེན་སྦྱོར་ལམ་པར་ཐལ་ལོ། །གཞན་ཡང༌། རྩ་ཁྱབ་ལ། ཐེག་ཆེན་གྱི་སོ་སྐྱེ་ཆོས་ཅན། དེར་ཐལ་བའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔའ་མིན་པར་ཐལ་ལོ། །རྩ་རྟག་དེར་ཐལ། ཁྱོད་ཀྱི་རྒྱུད་ལ་དེ་སྐྱེ་བ་གང་ཞིག ཁྱོད་ཀྱི་མཁྱེན་པ་དང༌། ལམ་ཤེས་གཉིས་ཀྱི་བར་ན་ཆོས་རྫས་གཞན་མེད་པའི་ཕྱིར་ཕྱི་མ་དེར་ཐལ། ཁྱོད་དང་ཐེག་ཆེན་མཐོང་ལམ་གཉིས་ཀྱི་བར་ན་ཆོས་རྫས་གཞན་མེད་པའི་ཕྱིར་རོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་མི་མཁྱེན་པ་དེ་ལམ་ཤེས་ཀྱི་དངོས་རྒྱུར་ཐལ། དེའི་རྒྱུད་ལ་དེ་དངོས་སུ་སྐྱེ་བའི་ཕྱིར། འདོད་ན། ལམ་ཤེས་ཆོས་ཅན། ཁྱོད་དེའི་དངོས་འབྲས་སུ་ཐལ། དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་དང་རྫས་གཞན་དུ་ཐལ། ཁྱོད་དེའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་དེའི་མཁྱེན་པ་ཡིན་པའི་ཕྱིར། འདིར་ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་ཟེར་ན། ཤེས་བྱ་ཆོས་ཅན། དེ་མ་ངེས་པར་ཐལ། དེ་དངོས་སུ་མི་སྐྱེ་བའི་ཡུལ་མེད་པའི་ཕྱིར། དེར་ཐལ། ལམ་ཤེས་མེད་པའི་ཡུལ་མེད་པའི་ཕྱིར། ཐམས་ཅད་ལ་ཐུན་མོང་སུ་འདི་སྐད་བརྗོད་པར་བྱ་སྟེ། ཤེས་བྱ་ཆོས་ཅན། བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་གང་ཟག་གི་རྒྱུད་ལ། ལམ་ཤེས་དངོས་སུ་མི་སྐྱེ་བར་སྟོན་པ་དེ། ཡུལ་ངེས་པ་ཞེས་པ་རྩ་འགྲེལ་གྱི་དོན་མིན་པར་ཐལ། ཐེག་ཆེན་གྱི་སེམས་བསྐྱེད་དངོས་སུ་སྐྱེ་མི་སྐྱེའི་ཡུལ་སོ་སོར་ངེས་པ་དེ་གཞུང་འདིའི་དོན་ཡིན་པའི་ཕྱིར། དེར་ཐལ། གཞུང་འདི་ལྷའི་བུ་གང་དག་སེམས་མ་བསྐྱེད་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། ཞེས་པའི་དོན་སྟོན་བྱེད་ཡིན་པའི་ཕྱིར། ཁྱབ་པར་ཐལ། མདོ་འདིས་ཐེག་ཆེན་གྱི་རིགས་ཅན་ལ་ཐེག་ཆེན་སེམས་བསྐྱེད་དངོས་སུ་སྐྱེ། ཐེག་དམན་དུ་རིགས་ངེས་པ་ལ་དེ་དངོས་སུ་མི་སྐྱེ་བར་བསྟན་པའི་ཕྱིར། ཐེག་པ་གསུམ་རྣམ་པར་བཞག་པ་ནི། ཞེས་པར་མཐར་ཐུག་ཐེག་པ་གསུམ་དུ་གསུངས་ན། མཐར་ཐུག་ཐེག་པ་གསུམ་གྲུབ་པས་མ་ཁྱབ་པར་ཐལ། དེ་ལྟར་སྟོན་པའི་མདོ་དེ་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། དེ་དགོས་པར་ཐལ། དེ་གསུང་པ་གང་ཞིག དེ་གྲུབ་པའི་ཕྱིར། ཕྱི་མ་དེར་ཐལ། མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་ཐེག་པ་མེད་པའི་དུས་མི་སྲིད་པའི་ཕྱིར། དེར་ཐལ། ཉན་ཐོས་མེད་པའི་དུས་མི་སྲིད་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་མེད་པའི་དུས་མི་སྲིད་པའི་ཕྱིར། ཡང༌། ཤེས་བྱ་ཆོས་ཅན། དེ་གྲུབ་པར་ཐལ། ཉན་ཐོས་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་ཞུགས་ཟིན་པའི་དུས་མི་སྲིད་པའི་ཕྱིར། དེར་ཐལ། རིགས་ཅན་གསུམ་རྒྱུན་ཆད་པའི་དུས་མི་སྲིད་པའི་ཕྱིར། ཡང་དེ་གྲུབ་པར་ཐལ། སངས་རྒྱས་ཀྱི་སར་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། མཐར་ཐུག་ཐེག་པ་གསུམ་དུ་སྟོན་པའི་མདོ་ཡིན་ན། དྲང་དོན་གྱི་མདོ་ཡིན་ནས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་ཞེས་སོགས་ཀྱི་མདོ་ཆོས་ཅན། དེར་ཐལ་བའི་ཕྱིར། དེར་ཐལ། ཉན་ཐོས་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་མི་འཇུག་པར་སྟོན་པའི་མདོ་ཚིག་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན་མིན་པར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་དངོས་སྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། ཡུལ་ངེས་པ་དང༌། ཞེས་པའི་བཤད་བྱའི་མདོ་ཡིན་པའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པའི་མདོ་དེ་ངེས་དོན་གྱི་མདོ་ཡིན་པར་ཐལ། གསུམ་དུ་སྟོན་པའི་མདོ་དེ་ངེས་དོན་གྱི་མདོ་མིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཐར་ཐུག་ཐེག་པ་གཅིག་དེ་ངེས་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། དོན་དམ་བདེན་པར་ཐལ། ངེས་དོན་ཡིན་པའི་ཕྱིར། འདིར་མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་མ་གྲུབ་པར་ཁས་བླངས་པར་ཐལ། ཁ་ཅིག་མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་སངས་རྒྱས་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་མི་འཐད་དེ། སངས་རྒྱས་ཀྱི་ས་ན་སྒྲིབ་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཞེས་པ་དང་འདྲའོ། །སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཞེས་པར། ཕྱི་རོལ་པ་དང་ཉན་རང་ཆོས་ཅན། གནས་སྐབས་སུ་རྒྱུ་ལམ་ཤེས་བསྒོམ་པ་ཡིན་ཏེ། མཐར་ཐུག་སངས་རྒྱས་བའི་ཕྱིར་ཟེར་ན། དྲི་བཅས་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། དེར་ཐལ་བའི་ཕྱིར། དེར་ཐལ། གནས་གྱུར་པ་ན། ངོ་བོ་ཉིད་ཀྱི་སྐུར་འགྱུར་བའི་ཕྱིར། དེར་ཐལ། རང་བཞིན་གནས་རིགས་སུ་གྱུར་པའི་ཆོས་དབྱིངས་ཡིན་པའི་ཕྱིར། ཡང་ཕྱི་རོལ་པ་དང་ཉན་རང་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་བརྒྱད་པོ་གང་རུང་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་མྱོང་བ་སྲིད་པར་ཐལ། ཁྱོད་ཀྱི་གནས་སྐབས་སུ་རྒྱུ་ལམ་ཤེས་བསྒོམ་པའི་ཕྱིར། འདོད་ན། མིན་པར་ཐལ། གཞན་གྱི་མྱོང་བ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །འདིར་མཐར་ཐུག་ཐེག་པ་གསུམ་མ་གྲུབ་ཟེར་ན། ཤེས་བྱ་ཆོས་ཅན། དེ་མ་གྲུབ་པར་ཐལ། མཐར་ཐུག་ཉན་ཐོས་གྲུབ་པའི་ཕྱིར། དེར་ཐལ། ཉན་ཐོས་མ་གྲུབ་པའི་དུས་མི་སྲིད་པའི་ཕྱིར། དེར་ཐལ། སེམས་ཅན་མ་གྲུབ་པའི་དུས་མི་སྲིད་པའི་ཕྱིར། དོན་ལྟར་ན། མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་གྲུབ་པར་ཐལ། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཐེག་པ་དེ་མཐར་ཐུག་གི་ཐེག་པ་ཡིན་པའི་ཕྱིར། དེར་ཐལ། དེ་མཐར་ཐུག་པའི་ལམ་ཡིན་པའི་ཕྱིར། དེར་ཐལ། དེ་མི་སློབ་པའི་ལམ་ཡིན་པའི་ཕྱིར། གཞན་ཡང༌། དེ་གྲུབ་པར་ཐལ། སངས་རྒྱས་ཀྱི་སར་ཉན་ཐོས་ཀྱི་ཐེག་པ་གྲུབ་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་སར་ཐེག་པ་གསུམ་གྱི་ཡོན་ཏན་མཐའ་དག་ཡར་ལྡན་དུ་འདུས་པའི་ཕྱིར། འདིར་དར་ཊཱིཀ་པ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པར་འདོད་དོ། །འདི་དགག་པ་ལ་ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། འོ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་དེར་སེམས་ཅན་ཡོད་དམ་མེད། དང་པོ་ལྟར་ན། དེའི་དུས་ཀྱི་སེམས་ཅན་དེ་སེམས་ཅན་ཡིན་ནམ་མིན། ཡིན་ན། དེའི་དུས་ཀྱི་སེམས་ཅན་ཆོས་ཅན། ཁྱོད་སངས་རྒྱས་ཟིན་པ་མིན་པར་ཐལ། ཁྱོད་སེམས་ཅན་ཡིན་པའི་ཕྱིར། རྟོགས། འདོད་ན། ཁས་བླངས་ཤིང༌། ཤེས་བྱ་ཆོས་ཅན། དེའི་དུས་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པར་ཐལ། དུས་དེར་དེ་སངས་རྒྱས་ཟིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་དེ་སངས་རྒྱས་ཟིན་པའི་དུས་སྲིད་པའི་ཕྱིར། དེ་སེམས་ཅན་མིན་ན། དེ་འདྲའི་དུས་ཀྱི་སེམས་ཅན་དེ་ཆོས་ཅན། སེམས་ཅན་ཡིན་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་ཀྱིས་སེམས་ཅན་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། ཤེས་བྱ་ཆོས་ཅན། དེའི་དུས་ཀྱི་སེམས་ཅན་གྱི་མཚན་གཞི་མེད་པར་ཐལ། དེ་འདྲའི་དུས་ཀྱི་སེམས་ཅན་དེ་ཁོང་རང་མིན་པའི་ཕྱིར། གཉིས་པ་ལྟར་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་ཀྱི་སངས་རྒྱས་དེ་ཆོས་ཅན། ཁྱོད་སངས་རྒྱས་མིན་པར་ཐལ། ཁྱོད་ཀྱི་དུས་ན་ཁྱོད་ཀྱི་དོན་བྱ་ཡུལ་གྱི་སེམས་ཅན་མེད་པའི་ཕྱིར། རྟག་ཁས་བླངས། གཞན་ཡང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་དེར། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པ་མིན་པར་ཐལ། དེར་སེམས་ཅན་ཡོད་པའི་ཕྱིར། མ་གྲུབ་ན། སྔ་མ་ལྟར་རོ་མཐའ་ཡས་སོ། །ཡང་ཤེས་བྱ་ཆོས་ཅན། སེམས་ཅན་མེད་པ་སྲིད་པ་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་པ་སྲིད་པའི་ཕྱིར། འདོད་ན། སངས་རྒྱས་མེད་པར་ཐལ་ལོ། །གཉིས་པ་ལན་དགག་པ་ལ། དར་ཊཱིཀ་ལས། སེམས་ཅན་ནམ་ཡང་མེད་པ་སྲིད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་པ་ཡོད་པའི་ཕྱིར། ཞེ་ན། ཁྱབ་པ་མེད་དེ། ཁྱོད་སངས་རྒྱས་པ་ན། ཁྱོད་མེད་པར་འགལ་ལོ། །སེམས་ཅན་མེད་པ་སྲིད་པ་ནི་འདོད་པ་ཁོ་ན་སྟེ། དངོས་པོ་གཏན་མེད་ཡོད་པའི་ཕྱིར། སངས་རྒྱས་རྣམས་ཀྱི་དོན་བྱ་ཡུལ་གྱི་སེམས་ཅན་མེད་པར་འདོད་པའི་ཕྱིར། སྔ་མ་ལྟར་རོ། །སེམས་ཅན་རྒྱུན་ཆད་པ་སྲིད་པར་ཐལ། སེམས་ཅན་སངས་རྒྱས་པ་ཡོད་པའི་ཕྱིར། ཞེ་ན། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། ཁྱོད་རྒྱུན་ཆད་པ་སྲིད་པར་ཐལ། ཁྱོད་སངས་རྒྱས་པ་སྲིད་པའི་ཕྱིར། ཁྱབ་པ་སྟོབས་མཚུངས་པའི་འཁོར་གསུམ་ཁས་བླངས་སོ། །ཞེས་བྲིས་སོ། །འདི་མི་འཐད་པར་སྟོན་པ་ལ། ཁས་བླངས་ནང་འགལ་བར་བསྟན་པ་དང༌། རིགས་པ་དང་འགལ་བར་བསྟན་པ་གཉིས། དང་པོ་ནི། སེམས་ཅན་ཐམས་ཅད་ཆོས་ཅན། ཁྱོད་སངས་རྒྱས་པ་ཡོད་ན། ཁྱོད་མེད་པ་སྲིད་པས་ཁྱབ་པར་ཐལ། ཁྱོད་སངས་རྒྱས་པ་ཡོད་པ་གང་ཞིག ཁྱོད་མེད་པ་ཡོད་པའི་ཕྱིར། རྟག་ལ་དངོས་འགལ། ཁྱབ་པ་ཚད་འགལ་ལོ། །གཞན་ཡང༌། སེམས་ཅན་ཆོས་ཅན། ཁྱོད་མེད་པ་མི་སྲིད་པར་ཐལ། བདག་མེད་ཡིན་ན། ཁྱོད་ཡོད་པས་ཁྱབ་པའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ་བདག་མེད་ཡིན་ན། ཁྱོད་སངས་རྒྱས་པ་ཡོད་པས་ཁྱབ་པའི་ཕྱིར། གསུམ་པར་རོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་དེར་སེམས་ཅན་ཐམས་ཅད་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་རྟགས་ཁས་བླངས། འདོད་ན། སེམས་ཅན་ཐམས་ཅད་ཆོས་ཅན། རྟག་དངོས་ཡིན་པར་ཐལ། ཁྱོད་ཀྱི་རང་འབྲས་རྫོགས་པའི་སངས་རྒྱས་ཐོབ་པའི་དུས་གཅིག་ཡོད། དུས་དེར་ཁྱོད་ཡོད་པའི་ཕྱིར། རྟགས་དངོས་འགལ་ལོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། དཀོན་མཆོག་གསུམ་དང༌། ལས་རྒྱུ་འབྲས་དང༌། སྐྱེ་བ་སྔ་ཕྱི་མེད་པ་སྲིད་པར་ཐལ། དངོས་པོ་གཏན་མེད་སྲིད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ལོག་ལྟ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་སྲིད་པར་ཐལ་ལོ། །རང་ལ་མཚུངས་པ་སྤངས་པ་ནི། ཁོ་ན་རེ། ཁྱོད་རང་གི་ལུགས་ལ་ཡང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པ་སྲིད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱ་བའི་ཕྱིར། ཟེར་ན། འོ་ན། དངོས་པོ་ཐམས་ཅད་ཞིག་ཟིན་སྲིད་པར་ཐལ། དངོས་པོ་ཐམས་ཅད་འཇིག་པའི་ཕྱིར། འདི་ལ་དར་ཊཱིཀ་ལས། འདོད་པ་ཡིན་ཏེ། དེ་ལྟ་མིན་ན། དངོས་པོ་ཐམས་ཅད་རྟགས་དངོས་སུ་ཐལ། རང་རྒྱུ་ལས་སྐྱེས་ནས་ཞིག་པ་མི་སྲིད་པའི་ཕྱིར། ཞེས་གསུངས། འོ་ན་ཤེས་བྱ་ཆོས་ཅན། དངོས་པོ་ཐམས་ཅད་ཞིག་པའི་དུས་དེར་དངོས་པོ་ཐམས་ཅད་ཞིག་པར་ཐལ། དེ་ཞིག་པའི་དུས་སྲིད་པའི་ཕྱིར། འདོད་ན། དུས་དེར་དངོས་པོ་རྒྱུན་ཆད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོ་རྒྱུན་ཆད་པ་སྲིད་པར་ཐལ། དུས་དེ་ཡོད། དུས་དེར་དངོས་པོ་ཐམས་ཅད་རྒྱུན་ཆད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པ་སྲིད་པར་ཐལ་ལོ། །ཁོ་ན་རེ། དངོས་པོ་ཐམས་ཅད་ཆོས་ཅན། ཁྱོད་ཞིག་པ་སྲིད་པར་ཐལ། ཁྱོད་ཀྱི་འབྲས་བུའི་དུས་སུ་ཁྱོད་ཞིག་པའི་ཕྱིར། མ་གྲུབ་ན། ཆོས་ཅན། ཁྱོད་རྟག་དངོས་སུ་ཐལ། ཁྱོད་ཀྱི་འབྲས་བུ་ཡོད། དེའི་དུས་སུ་ཁྱོད་མ་ཞིག་པའི་ཕྱིར། ཟེར་ན། དངོས་པོ་ཆོས་ཅན། ཁྱོད་རྟག་དངོས་སུ་ཐལ། ཁྱོད་ཀྱི་འབྲས་བུ་ཡོད། ཁྱོད་ཀྱི་འབྲས་བུའི་དུས་སུ་ཁྱོད་ཡོད་པའི་ཕྱིར། གསུམ་པར་ཁས་བླངས་ཤིང༌། ཕྱི་མ་མ་གྲུབ་ན། དངོས་པོའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་དུས་སུ་དངོས་པོ་ཡོད་པར་ཐལ། ཁྱོད་ཀྱི་དུས་སུ་འབྲས་བུ་ཡོད་པའི་ཕྱིར་སྟེ། ཁྱོད་ཀྱི་དུས་སུ་དངོས་པོའི་འབྲས་བུ་ཡོད་པའི་ཕྱིར། གཞན་ཡང༌། ཁྱོད་ལྟར་ན། དངོས་པོ་ཞིག་པའི་དུས་དེར་ཆོས་ཅན། འབྲས་བུ་ཐམས་ཅད་ཐམས་ཅད་ཞིག་པར་ཐལ། དངོས་པོ་ཐམས་ཅད་ཞིག་པའི་ཕྱིར། རྟགས་ཆོས་ཅན། འདོད་ན། དངོས་པོ་འབྲས་བུ་ཞིག་པར་ཐལ་ལོ། །དེ་ཡང་འདོད་ན། རྒྱུ་འབྲས་དུས་མཉམ་དུ་ཐལ་ལོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། རྟག་དངོས་སུ་ཐལ། འབྲས་བུ་གང་ཞིག རང་གི་ཉེར་ལེན་གྱི་དུས་སུ་ཡོད་པའི་ཕྱིར། ཁྱབ་པ་སྟོབས་མཚུངས། རྟགས་ཕྱི་མ་མ་གྲུབ་ན། ཤེས་པའི་ཉེར་ལེན་ཆོས་ཅན། ཁྱོད་ཀྱི་དུས་སུ་ཤེས་པ་ཡོད་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ད་ནི་ཐམས་ཅད་ལ་ཐུན་མོང་དུ་འདི་འདྲི་བར་བྱ་སྟེ། བྱང་སེམས་ཚོགས་ལམ་པའི་ཐོབ་བྱར་གྱུར་པའི་སངས་རྒྱས་གཅིག་ཡོད་པར་ཐལ། དེ་སངས་རྒྱ་བའི་ཕྱིར། རྟགས་ཁས་བླངས། འདོད་ན། ཤེས་བྱ་ཆོས་ཅན། དེའི་ཐོབ་བྱར་གྱུར་པའི་སངས་རྒྱས་དེ་སངས་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་ཀྱི་སངས་རྒྱས་མིན་པར་ཐལ། དེའི་ཐོབ་བྱར་གྱུར་པའི་སངས་རྒྱས་དེ་སངས་རྒྱས་མིན་པའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པ་སངས་མི་རྒྱ་བར་ཐལ་ལོ། །རྩ་བར་ཆོས་ཅན། བྱང་སེམས་ཚོགས་ལམ་པའི་ཐོབ་བྱར་གྱུར་པའི་སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྣམ་མཁྱེན་སྐྱེས་ཟིན་པར་ཐལ། ཁྱོད་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། འདོད་ན། ཁྱོད་སྐྱེས་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་འདས་པ་དང༌། ད་ལྟར་བ་གང་རུང་ཡིན་པར་ཐལ། ཁྱོད་སྐྱེས་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་མ་འོངས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མ་འོངས་པ་ན་འབྱུང་རུང་ཡིན་པའི་ཕྱིར། མ་གྲུབ་ན། བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཁྱོད་སངས་མི་རྒྱ་བར་ཐལ། ཁྱོད་ཀྱི་ཐོབ་བྱར་གྱུར་པའི་སངས་རྒྱས་དེ་མ་འོངས་པ་ན་འབྱུང་རུང་མིན་པའི་ཕྱིར། འཁོར་བའི་མཐའ་ཡོད་དམ་མེད་དྲིས་པ་ལ། རྣམ་དག་པ་མེད་པར་བཞེད་པ་ལ། འདི་ལྟ་སྟེ། འཁོར་བའི་ཕྱི་མཐའ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། དེར་ཐལ། བདག་མེད་རྟོགས་པའི་ཤེས་རབ་དེ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་འཁོར་བའི་ཕྱི་མཐའ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་འཁོར་བའི་རྩ་བ་དྲུང་འབྱིན་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་ས་བོན་དང་བཅས་པ་སྤོང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་ཡིན་པར་ཐལ། དེའི་གཉེན་པོ་ཡོད་པའི་ཕྱིར། ཡང་འཁོར་བའི་ཕྱི་མཐའ་ཡོད་པར་ཐལ། འཁོར་བ་མ་ལུས་པ་སྤངས་པ་ཡོད་པའི་ཕྱིར། དེར་ཐལ། ཉེས་པ་ཆགས་སོགས་མ་ལུས་པ་སྤངས་པ་ཡོད་པའི་ཕྱིར། དེར་ཐལ། དེ་སྤོང་བྱེད་ཀྱི་གཉེན་པོ་ཡོད། དེས་དེ་སྤོང་ནུས་པའི་ཕྱིར། གཞན་ཡང༌། འཁོར་བའི་ཕྱི་མཐའ་ཡོད་པར་ཐལ། ཤཱཀྱ་ཐུབ་པ་དེས་འཁོར་བའི་ཕྱི་མཐའ་མངོན་དུ་བྱས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་དེ་མངོན་དུ་བྱས་པར་ཐལ། ཁྱོད་ཀྱི་འཁོར་བ་ཟད་པར་སྤངས་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་འཁོར་བའི་རྩ་བ་མ་རིག་པ་མ་ལུས་པ་སྤངས་པའི་ཕྱིར། འཁོར་བ་ཆོས་ཅན། ཁྱོད་ཀྱི་ཕྱི་མཐའ་ཡོད་པར་ཐལ། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ལ་ཁྱོད་ཀྱི་ཕྱི་མཐའ་ཡོད་པའི་ཕྱིར། མ་གྲུབ་ན། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འཁོར་བའི་ཕྱི་མཐའ་ཡོད་པར་ཐལ། ཁྱོད་ཀྱི་རྣམ་མཁྱེན་གྱི་དངོས་རྒྱུ་ཡོད་པའི་ཕྱིར། དར་ཊཱིཀ་པ། འཁོར་བའི་ཕྱི་མཐའ་ཡོད་པར་བཞེད་པ་ལ། འདི་ལྟ་སྟེ། འཁོར་བ་ཆོས་ཅན། ཁྱོད་ཐོག་མ་དང་མཐའ་མ་མེད་པའི་མཚན་གཞི་མིན་པར་ཐལ། ཁྱོད་ཀྱི་ཕྱི་མཐའ་ཡོད་པའི་ཕྱིར། འདོད་ན། ཆོས་ཅན་ཁྱོད་དེའི་མཚན་ཡིན་པར་ཐལ། ཁྱོད་ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འཇུག་ན་རྒྱུན་མི་ཆད་པས་མ་ཁྱབ་པར་ཐལ། དེ་རྒྱུན་ཆད་པ་སྲིད་པའི་ཕྱིར། འདོད་ན། ཆོས་ཅན། དེར་ཐལ། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འཇུག་པའི་རྟགས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་ཆད་པར་སྒྲུབ་ནུས་པའི་ཕྱིར། དེར་ཐལ། དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་གསུངས་པའི་ཕྱིར། གཞན་ཡང༌། བྱང་སེམས་འཕགས་པ་རྒྱུན་ཆད་པ་སྲིད་པར་ཐལ། འཁོར་བ་ཟད་པ་སྲིད་པའི་ཕྱིར། འདོད་ན། ངེས་པ་ལྔ་ལྡན་གྱི་ལོངས་སྐུ་རྒྱུན་ཆད་པ་སྲིད་པར་ཐལ་ལོ། །ཉན་ཐོས་དགྲ་བཅོམ་པ་ཐེག་པ་ཆེན་པོའི་ལམ་གང་ནས་འཇུག་དྲིས་པ་ལ། རྣམ་དག་དང༌། དར་ཊཱིཀ་པ་མཐུན་པར་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་གོ་ཞེས་ཟེར་རོ། །ཐུན་མོང་དུ་འདི་སྐད་བརྗོད་པར་བྱ་སྟེ། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་མ་ཐག་པ་དེའི་རྒྱུད་ཀྱི་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་དེ་ཆོས་ཅན། རང་རྒྱུ་བརྩེ་བ་སྙིང་རྗེ་ཆེན་པོ་དང༌། གཞན་དོན་དོན་གཉེར་གྱི་འདོད་པ་ལས་བྱུང་བར་ཐལ། ཁྱོད་ཐེག་ཆེན་སྐྱེ་མེད་ཡིན་པའི་ཕྱིར། རྟགས་སོང༌། འདོད་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་བརྩེ་བ་སྙིང་རྗེ་ཆེན་པོ་དང༌། གཞན་དོན་དོན་གཉེར་གྱི་འདོད་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཐེག་ཆེན་གྱི་སྐྱེས་བུར་ཐལ། བརྩེ་བ་སྙིང་རྗེ་ཆེན་པོ་དང༌། གཞན་དོན་དོན་གཉེར་གྱི་འདོད་པ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། རྣམ་བཤད་པ་ལ། ཤེས་བྱ་ཆོས་ཅན། ཚོགས་ལམ་ན་གཞི་ཤེས་ཡོད་པར་ཐལ། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཚོགས་ལམ་པའི་རྒྱུད་ལ་གཞི་ཤེས་ཡོད་པའི་ཕྱིར། འདོད་ན། རྣམ་བཤད་ལས། ཚོགས་སྦྱོར་ན་ལམ་ཤེས་ཡོད་པ་བཀག་ནས། གཞི་ཤེས་ཀྱི་རྩོད་སྤོང་ཡང་འདིས་རྟོགས་པར་བྱའོ་ཞེས་གསུངས་པ་དང་འགལ། ཐེག་ཆེན་གྱི་ཚོགས་ལམ་དུ་ཉོན་སྒྲིབ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡོད་པར་ཐལ། ཉན་ཐོས་རྒྱུན་ཞུགས་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་ཚོགས་ལམ་པ་དེའི་རྒྱུད་ལ་ཉོན་མོངས་ལྷག་མ་སྤོང་བའི་ཕྱིར་དུ་གང་ཟག་གི་བདག་མེད་རྟོགས་པའི་ཕྱིར་དུ་བར་ཆད་མེད་ལམ་འབྱུང་བའི་ཕྱིར། མ་གྲུབ་ན། རྣམ་བཤད་ཉིད་དང་འགལ། འདོད་ན། མེད་པར་ཐལ། ཚོགས་ལམ་ཡིན་ན། བར་ཆད་མེད་ལམ་མ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ན་འགོག་བདེན་མཚན་ཉིད་པ་ཡོད་པར་ཐལ། ཐེག་ཆེན་གྱི་ཚོགས་ལམ་ན་བར་ཆད་མེད་ལམ་མཚན་ཉིད་པ་ཡོད་པའི་ཕྱིར། འདོད་ན། ཚོགས་སྦྱོར་ན་དོན་དམ་པའི་འགོག་པ་ཡོད་པར་ཐལ་ལོ། །དར་ཊཱིཀ་པ་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་ཚོགས་ལམ་ལ་ཡོད་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་དགྲ་བཅོམ་ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་གཅིག་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་དེ་སྟོང་ཉིད་སྔར་མ་རྟོགས་གསར་རྟོགས་མིན་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་ཚོགས་ལམ་གྲུབ་པའི་ཕྱིར། འདོད་ན། གྲུབ་མཐའ་དང་འགལ། འདི་སྐྱེ་འཕགས་གང་ཡིན་དཔྱད་པ་ལ། ཁ་ཅིག་ན་རེ། འཕགས་པ་ཡིན་ཏེ། འཕགས་པའི་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་ཕྱིར། ཟེར་ན། འོ་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ཚོགས་ལམ་པ་ཆོས་ཅན། དགྲ་བཅོམ་ཡིན་པར་ཐལ། དགྲ་བཅོམ་གྱི་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་ཕྱིར། འདོད་ན། མི་སློབ་པ་ཡིན་པར་ཐལ། དགྲ་བཅོམ་པ་ཡིན་པའི་ཕྱིར། གཞན་ཡང༌། ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་མི་སློབ་ལམ་ཡོད་པར་ཐལ། ཁྱོད་དགྲ་བཅོམ་པ་ཡིན་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། ཁྱོད་ཀྱིས་ཐེག་དམན་གྱི་མི་སློབ་ལམ་ནི་བཏང༌། ཐེག་ཆེན་གྱི་མི་སློབ་ལམ་ནི་མ་ཐོབ། ཁྱོད་ཀྱི་མི་སློབ་ལམ་དེ། མི་སློབ་ལམ་ཕུང་པོ་གསུམ་པ་ནི་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་འདྲའི་མི་སློབ་ལམ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུར་གྱུར་པའི་སློབ་ལམ་དེ། སློབ་ལམ་ཕུང་གསུམ་པ་ཡིན་པར་ཐལ། ཁྱོད་མི་སློབ་ལམ་ཕུང་གསུམ་པ་ཡིན་པའི་ཕྱིར། གཞན་ཡང༌། དེའི་རྒྱུད་ཀྱི་སོ་སོར་རྟག་འགོག་དེ། རྟག་འགོག་ཕུང་གསུམ་པ་ཡིན་པར་ཐལ། དེའི་མི་སློབ་ལམ་དེ་ཕུང་གསུམ་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཀྱི་བྲལ། རྒྱུར་གྱུར་བའི་བར་ཆད་མེད་ལམ་དེ། བར་ཆད་མེད་ལམ་ཕུང་གསུམ་པ་ཡིན་པར་ཐལ། ཁྱོད་རྟག་འགོག་ཕུང་གསུམ་པ་ཡིན་པའི་ཕྱིར། འདོད་ན་མིན་པར་ཐལ། ཁྱོད་ཀྱི་བྲལ་རྒྱུར་གྱུར་བའི་བར་ཆད་མེད་ལམ་ཡིན་ན། ཐེག་དམན་གྱི་བར་ཆད་མེད་ལམ་ཡིན་པས་ཁྱབ་པའི་ཕྱིར། འཕགས་པ་ཕུང་གསུམ་པ་འདོད་པ་ལའང་རྒྱ་ཆེར་སྦྱོར། གཞན་ཡང༌། ཉན་ཐོས་བསྒོམ་ལམ་པར་ཐལ། ཉན་ཐོས་བསྒོམ་ལམ་པའི་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་ཕྱིར། ཁྱབ་པ་ཁས་བླངས། ཕྱི་མ་མ་གྲུབ་ན། དེའི་འདྲའི་སྤངས་རྟོགས་ལས་མ་ཉམས་པར་ཡིན་པར་ཐལ། འཕགས་པའི་སྤངས་རྟོགས་ལས་ལྡོག་པ་མི་སྲིད་པ་གང་ཞིག ཁྱོད་ཀྱི་དེ་ཐོབ་པའི་ཕྱིར། ཁ་ཅིག་ན་རེ། འདི་ཐེག་ཆེན་འཕགས་པ་ཡིན་པར་ཐལ། ཐེག་ཆེན་སྐྱེས་བུ་དང༌། འཕགས་པའི་གཞི་མཐུན་ཡིན་པའི་ཕྱིར། འཕགས་པ་ཡིན་ཏེ། འཕགས་པའི་སྤངས་རྟོགས་ལ་མ་ཉམས་པའི་ཕྱིར། འོ་ན་དེ་ཆོས་ཅན། ཁྱོད་ཐེག་ཆེན་དགྲ་བཅོམ་ཡིན་པར་ཐལ། ཁྱོད་ཐེག་ཆེན་དང༌། དགྲ་བཅོམ་གྱི་གཞི་མཐུན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། དགྲ་བཅོམ་པ་ཡིན་པར་ཐལ། དེའི་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང༌། ཆོས་ཅན་ཐེག་ཆེན་གྱི་མཐོང་ལམ་ཐོབ་མྱོང་བར་ཐལ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། ཁྱབ་པར་ཐལ། ཐེག་ཆེན་འཕགས་པ་ཡིན་ན། ཐེག་ཆེན་གྱི་མཐོང་ལམ་ཐོབ་མྱོང་བས་ཁྱབ་པའི་ཕྱིར། རྟགས་འབུད། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཞེས་པར། རྣམ་བཤད་པ། བྱང་སེམས་འཕགས་ཆོས་ཅན། སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་སྟེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་བཞུགས་པའི་བྱང་སེམས་འཕགས་པ་ཡིན་པའི་ཕྱིར། ཟེར་ན། བྱང་སེམས་མཐོང་ལམ་པ་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། དེ་སྤངས་པའི་རྣམ་གྲོལ་ལམ་དོན་དུ་གཉེར་བའི་ཕྱིར། དེར་ཐལ། སྒྲིབ་པ་མ་ལུས་པ་སྤངས་པའི་ཡེ་ཤེས་དོན་དུ་གཉེར་བའི་ཕྱིར་ཏེ། རྟོགས་ཡེས་ཆོས་སྐུ་དོན་དུ་གཉེར་བའི་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་ལྡན་པའི་ཕྱིར། ཡང༌། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། འདོད་ན། དེ་སྤོང་བར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་བར་ཆད་མེད་ལམ་དེ་དེ་སྤོང་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། དེ་དེར་ཐལ། དེ་སྤོང་བའི་བར་ཆད་མེད་ལམ་ཡོད། དེ་ཡོད་ན་དེ་ཡིན་དགོས་པའི་ཕྱིར། ཕྱི་མ་འབུད། སྔ་མ་དེར་ཐལ། དེ་ཤེས་བྱའི་སྒྲིབ་པས་ཟིན་པའི་ཕྱིར། གཞན་ཡང༌། བྱང་སེམས་མཐོང་ལམ་པ་དེ། འདིར་བསྟན་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་ཐལ། སྦྱོར་བ་དེ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། ཆོས་ཅན། ཉོན་མོངས་པའི་དབང་གིས་སྐྱེ་བ་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། འདིར་བསྟན་ཉོན་མོངས་ཡིན་ན། ཉོན་མོངས་ཡིན་དགོས་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། འདི་བསྟན་ཉོན་མོངས་པ་གཅིག་ཡོད་པའི་ཕྱིར། རྟགས་སོང༌། དར་ཊཱིཀ་པ། འདིར་བསྟན་ཉོན་མོངས་པ་དེ། ཉོན་མོངས་མཚན་ཉིད་པ་ཡིན། དེ་ཡང་སྐྱེ་བ་ལེན་པའི་རྒྱུར་དགོས་པ་ནི་མིན་ཏེ། བྱང་སེམས་འཕགས་པ་གཞན་དོན་སྒྲུབ་པའི་གྲོགས་སུ་ངེས་པར་དགོས་པས་མི་སྤོང་བ་ཡིན་ཞེས་ཟེར་ན། ཤེས་བྱ་ཆོས་ཅན། འདིར་བསྟན་གྱི་ཉོན་མོངས་མ་སྤངས་པ་དེ་རྒྱུ་ལམ་ཤེས་ཀྱི་རང་བཞིན་མིན་པར་ཐལ། རྒྱུ་ལམ་ཤེས་ཡིན་ན། འདིར་བསྟན་གྱི་ཉོན་མོངས་མ་སྤངས་པས་མ་ཁྱབ་པའི་ཕྱིར། འདོད་ན། དར་ཊཱིཀ་པ་ཉིད་དང་འགལ། མ་གྲུབ་ན། རེ་ཞིག་ཁས་བླངས་ཤིང༌། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་མཐོང་ལམ་པ་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། གསུམ་མིན། ཅི་སྟེ་འདོད་ན། དེར་ཐལ། ཁྱོད་ཀྱི་ཉོན་མོངས་མ་ལུས་པ་སྤངས་པ་གང་ཞིག འདིར་བསྟན་གྱི་ཉོན་མོངས་ཀྱི་རང་བཞིན་དེ་ཉོན་མོངས་མཚན་ཉིད་པ་ཡིན་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང༌། འདིར་བསྟན་གྱི་ཉོན་མོངས་དེ་བྱང་སེམས་འཕགས་པ་གཞན་དོན་སྒྲུབ་པའི་གྲོགས་སུ་ངེས་པར་དགོས་པ་མིན་པར་ཐལ། འདིར་བསྟན་གྱི་ཉོན་མོངས་རྒྱུད་ལ་མི་ལྡན་པའི་བྱང་སེམས་གཞན་དོན་སྒྲུབ་ནུས་ཡོད་པའི་ཕྱིར། རྟགས་སོང་ཞིང༌། མ་གྲུབ་ན། བྱང་སེམས་འཕགས་པ་ཡིན་ན། འདི་རང་བཞིན་གྱི་ཉོན་མོངས་རྒྱུད་ལ་ལྡན་དགོས་པར་ཐལ། རྟགས་མ་གྲུབ་པ་དེའི་ཕྱིར། འདོད་ན། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། གསུམ་ཆར་གྲུབ་མཐའ་ལ་ཁས་བླངས། གཞན་ཡང༌། དམན་ལམ་མངོན་དུ་མ་སོང་བའི་བྱང་སེམས་ཀྱི་རྒྱུད་ཀྱི་འདིར་རང་བཞིན་ཉོན་མོངས་ཆོས་ཅན། དམན་ལམ་མངོན་དུ་མ་སོང་བའི་བྱང་སེམས་ཀྱི་རྒྱུད་ལ་ཁྱོད་སྤོང་བྱེད་ཀྱི་བར་ཆད་མེད་ལམ་མེད་པར་ཐལ། དེས་ཁྱོད་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར། རྟགས་ཁས་བླངས་འདོད་ན། ཆོས་ཅན། དེའི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་དེའི་ཉོན་མོངས་མཚན་ཉིད་པ་ཡིན་པའི་ཕྱིར། འཁོར་གསུམ། ལམ་ཤེས་ཉིད་ཀྱི་ཚུལ་མ་ཡིན། ཞེས་པར། རྣམ་བཤད་པ། ལམ་གསུམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། ལམ་ཤེས་ཀྱི་མཚན་ཉིད་ཡིན་ཟེར། ཚིག་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། རྣམ་མཁྱེན་ཡིན་པར་ཐལ། རྣམ་པ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་དང༌། འཁྲུལ་ཤེས་ཡིན་པར་ཐལ། འཁྲུལ་པ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དོན་ལྟར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། ལམ་ཤེས་ཡིན་པའི་ཕྱིར་ཏེ། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་ཆོས་ཅན། རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། དེར་ཐལ། རང་ཡུལ་དོན་སྤྱིའི་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། འདིར་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་དེ། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དང༌། དེ་བདེན་མེད་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཉན་ཐོས་གྱི་ལམ་ཤེས་པའི་ལམ་ཤེས་ཡིན་ནོ་ཟེར་ན། མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་མཚན་ཉིད་པ་ཡིན་པར་ཐལ། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན། ཉན་ཐོས་ཀྱི་ལམ་མཚན་ཉིད་པ་ཤེས་པའི་ལམ་ཤེས་ཡིན་དགོས་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། ཉན་ཐོས་ཀྱི་རྟོགས་རིགས་པ་ཡིན་པར་ཐལ། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། ཐེག་ཆེན་གྱི་རྟོགས་རིགས་པར་ཐལ། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་པའི་ཕྱིར། འདོད་ན་འགལ། མ་གྲུབ་ན། དེར་ཐལ། ཆོས་ཀྱི་བདག་མེད་རྟོག་པའི་རྟོགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་མེད་ན། ཤེས་བྱ་ཆོས་ཅན། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་པ་ཡིན་ན། དེའི་རྟོགས་རིགས་ཡིན་དགོས་པར་ཐལ། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ན། དེའི་རྟོགས་རིགས་ཡིན་དགོས་པའི་ཕྱིར། རྟགས་འབུད། དར་ཊཱིཀ་པ། མི་རྟག་སོགས་བཅུ་དྲུག་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ཞེས་གསུང་ངོ༌། །འོ་ན། ཤེས་བྱ་ཆོས་ཅན། དེ་ཡིན་ན། དེ་ཡིན་དགོས་པར་ཐལ། དེའི་མཚན་གཞི་ཡིན་པའི་ཕྱིར། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར་ཏེ། མི་རྟག་སོགས་བཅུ་དྲུག་རྟོགས་པ་དང༌། ཐེག་ཆེན་མཐོང་ལམ་གྱི་གཞི་མཐུན་ཡིན་པའི་ཕྱིར། དང་པོ་དེར་ཐལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། རྩ་བར་འདོད་ན། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་ཆེད་དུ་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་གྲུབ་ལ་ཁས་བླངས། འདོད་ན་ཆོས་ཅན། བྱང་སེམས་ཀྱི་ཤེས་མཐོང་གི་ལྟས་ནས་འདའ་བར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པར་ཐལ་ལོ། །ཆོས་ཅན། བྱང་སེམས་འཕགས་པ་མངོན་དུ་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པར་ཐལ། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར། འདོད་ན། འགལ། ཁྱབ་པ་གྲུབ་མཐའ་ལ་ཁས་བླངས། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང༌། མཐོང་ལམ་གྱི་གཞི་མཐུན་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་སྦྱོར་ལམ་དེ། མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སྦྱོར་ལམ་ལ་བྱ་རིགས་པར་ཐལ། འདི་རང་བཞིན་གྱི་ཉན་ཐོས་ཀྱི་ལམ་ཤེས་པའི་མཐོང་ལམ་དེ། མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་མཐོང་ལམ་གྱི་བྱེད་རིགས་པའི་ཕྱིར། རྟགས་ཁས་བླངས། འདོད་ན། མིན་པར་ཐལ། དེའི་སྐབས་སུ་ཐེག་ཆེན་གྱི་སྦྱོར་ལམ་དེ། སྟོང་ཉིད་ཀྱི་རྣམ་པ་ཅན་དུ་དངོས་སུ་བསྟན་པའི་ཕྱིར་དང༌། གྲུབ་མཐའ་དང་ཡང་འགལ་ལོ། །གཞན་ཡང༌། ཉན་ཐོས་ཀྱི་ལམ་ཤེས་པའི་རྒྱུ་ལམ་ཤེས་ཡིན་ན། བྱང་སེམས་ཀྱི་ལམ་ཤེས་པའི་རྒྱུ་ལམ་ཤེས་མིན་དགོས་པར་ཐལ་བ་དང༌། བྱང་སེམས་ཀྱི་རྒྱུ་ལམ་ཤེས་ཡིན་ན། ཉན་ཐོས་ཀྱི་དེ་མིན་དགོས་པར་ཐལ། སྔ་མ་དེ་ཡིན་ན། མི་རྟག་སོགས་བཅུ་དྲུག་རྣམ་པ་ཅན་གྱི་རྒྱུ་ལམ་ཤེས་ཡིན་དགོས། ཕྱི་མ་དེ་ཡིན་ན། ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་གྱི་རྒྱུ་ལམ་ཤེས་ཡིན་དགོས། དེ་གཉིས་འགལ་བའི་ཕྱིར། རྟགས་གཉིས་ཀ་གྲུབ་མཐའ་ལ་ཁས་བླངས། འདོད་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། རིགས་ཅན་གསུམ་གྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར། དེར་ཐལ། རིགས་ཅན་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་ཚང་བའི་ཐེག་ཆེན་གྱི་ལམ་ཡིན་པའི་ཕྱིར། གཞན་ཡང༌། རིགས་ཅན་གསུམ་གྱི་ལམ་ཤེས་པའི་རྒྱུ་ལམ་ཤེས་མ་གྲུབ་པར་ཐལ། རྩ་བར་འདོད་པའི་ཕྱིར། འདོད་ན། འབྲས་བུ་རྣམ་མཁྱེན་གྱི་ཐུན་མོང་མ་ཡིན་པའི་རྒྱུར་གྱུར་པའི་ལམ་ཤེས་གཅིག་མ་གྲུབ་པར་ཐལ། རིགས་ཅན་གསུམ་ཀའི་རྟོགས་རིགས་རྫོགས་པར་བསྒོམ་པའི་རྒྱུ་ལམ་ཤེས་མ་གྲུབ་པའི་ཕྱིར། རྟགས་ཁས་བླངས། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པར། བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཉན་ཐོས་དགྲ་བཅོམ་པ་ལས་ལམ་བགྲོད་ཚུལ་གྱི་ཁྱད་པར་འཕགས་ཏེ། སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་ལ་མི་ལྟོས་པར་རང་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་མ་ཡིན་པར་ཐལ། གཞུང་དེ་རང་རྒྱལ་གྱི་རིགས་ཅན་སློབ་པའི་ལམ་བགྲོད་ཚུལ་སྟོན་བྱེད་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་དེས་སྲིད་པ་ཐ་མའི་ཚེ། རང་རྒྱལ་གྱི་དགྲ་བཅོམ་སྔོན་དུ་བྱེད་ཚུལ་སྟོན་པའི་ཕྱིར། གཞན་ཡང༌། སྤང་བྱ་གཅིག་ཆར་བའི་རྒྱུན་ཞུགས་ཀྱི་ཐོབ་པའི་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། དེར་ཐལ། རང་རྒྱལ་དགྲ་བཅོམ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན། མིན་པར་ཐལ། ཁྱོད་ཀྱི་ལམ་བགྲོད་ཚུལ་དང་གཅིག་ཆར་བའི་ཉན་ཐོས་དགྲ་བཅོམ་པའི་ལམ་བགྲོད་ཚུལ་ལ་ཁྱད་པར་ཅི་ཡང་མེད་པའི་ཕྱིར། དེར་ཐལ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། འདིར་བསེ་རུ་ལྟ་བུའི་རང་རྒྱལ་གྱིས་རང་གི་གདུལ་བྱ་ལ་སྒྲ་མེད་དུ་ཆོས་སྟོན། ཟེར་ན། དེ་ཆོས་ཅན། ཁྱོད་ཀྱི་རང་གི་གདུལ་བྱ་ལ་སྒྲ་མེད་དུ་གདམས་ངག་སྟོན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་རང་གི་གདུལ་བྱ་ལ་སྒྲ་མེད་དུ་ངག་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། ངག་ཡིན་ན་སྒྲ་ཡིན་དགོས་པའི་ཕྱིར། ཡང་བསེ་རུ་ལྟ་བུ་ཆོས་ཅན། ཁྱོད་རང་གི་གདུལ་བྱ་དང་ལྷན་ཅིག་གནས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བསེ་རུ་ལྟ་བུར་གཅིག་པུར་གནས་པ་མིན་པར་ཐལ་ལོ། །ཡང་ཆོས་ཅན། ཁྱོད་ཀྱིས་རང་གི་གདུལ་བྱ་ལ་སྒྲ་མེད་དུ་ཆོས་བསྟན་པས། ཁྱོད་ཀྱིས་གདུལ་བྱས་ཆོས་ཐོས་པ་གཅིག་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར་འདོད་ན། སྒྲ་མེད་རྟག་ཤེས་ལ་གནང་བ་གཅིག་ཡོད་པར་ཐལ་ལོ། །གཟུང་དོན་རྟོག་པ་སྤོང་བའི་ཕྱིར། ཞེས་པར། རང་རྒྱལ་གྱི་ལམ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། གཟུང་རྟོག་སྤོང་བའི་ཁྱད་པར། འཛིན་རྟོག་སྤོང་བའི་ཁྱད་པར། རྟེན་རིགས་ཀྱི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར་ཟེར་ན། དར་ཊཱིཀ་པའི་ཕྱོགས་ལ། ཤེས་བྱ་ཆོས་ཅན། དེ་དེ་འདྲའི་ཁྱད་པར་གསུམ་ལྡན་མིན་པར་ཐལ། རང་རྒྱལ་མཐོང་ལམ་དེས་རང་ལམ་དུ་འཛིན་རྟོག་སྤོང་བའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ། འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོག་པའི་རང་རྒྱལ་གྱི་མཐོང་ལམ་གཞི་གྲུབ་པའི་ཕྱིར། གཞན་ཡང༌། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། འདི་རང་གཞན་གྱི་ཁྱད་པར་གསུམ་ལྡན་དུ་ཐལ། གཟུང་རྟོག་སྤོང་བའི་ཁྱད་པར་སོགས་གསུམ་ལྡན་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། ཁྱོད་ཀྱིས་ཤེས་སྒྲིབ་གཟུང་རྟོག་སྤོང་བའི་ཕྱིར། དེར་ཐལ། ཤེས་སྒྲིབ་གཟུང་རྟོག་མ་སྤངས་པའི་སེམས་ཅན་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེས་ཤེས་སྒྲིབ་འཛིན་རྟོག་སྤོང་ན། རང་རྒྱལ་གྱི་ལམ་དེས་ཤེས་སྒྲིབ་འཛིན་རྟོག་མི་སྤོང་བ་བུད་དོ། །རྟགས་གསུམ་པ་མ་གྲུབ་ན། དེ་ཆོས་ཅན། འདི་རང་གཞན་རྟེན་རིགས་ཀྱི་ཁྱད་པར་དང་ལྡན་པར་ཐལ། གཟུང་རྟོག་སྤོང་བའི་ཁྱད་པར། འཛིན་རྟོག་མི་སྤོང་བའི་ཁྱད་པར་གཉིས་དང་ལྡན་པའི་མཁྱེན་པ་ཡིན་པའི་ཕྱིར། ཡང་ཁ་ཅིག རང་རྒྱལ་གྱི་ལམ་དེ་གཟུང་རྟོག་སྤངས་པའི་ཁྱད་པར། འཛིན་རྟོག་མ་སྤངས་པའི་ཁྱད་པར། རྟེན་རིགས་ཀྱི་ཁྱད་པར་གསུམ་དང་ལྡན་ཟེར་ན། རང་རྒྱལ་གྱི་ལམ་དེ་ཁྱད་པར་གསུམ་ལྡན་མིན་པར་ཐལ། རང་རྒྱལ་གྱི་མཐོང་ལམ་དེས་གཟུང་རྟོག་མ་སྤངས་པའི་ཕྱིར་ཏེ། དེའི་ས་བོན་སྤོང་བའི་བར་ཆད་མེད་ལམ་སྔོན་དུ་མ་སོང་བའི་ཕྱིར། རྣམ་བཤད་ལས། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཉན་ཐོས་ལས་ཁྱད་པར་འཕགས་ཏེ། གཟུང་རྟོག་སྤངས་པའི་ཕྱིར། ཐེག་ཆེན་ལས་དམན་ཏེ། ཤེས་སྒྲིབ་འཛིན་རྟོག་མ་སྤངས་པའི་ཕྱིར་ཟེར་ན། འོ་ན། དེ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་ས་བོན་དང་བཅས་པ་མ་ལུས་པ་སྤངས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། གཟུང་འཛིན་གཉིས་མེད་ཀྱི་བར་ཆད་མེད་ལམ་རྫོགས་པར་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་ཐོབ་པར་ཐལ་ལོ། །བྱང་སེམས་མཐོང་ལམ་པ་ཆོས་ཅན། ཐེག་ཆེན་ལས་དམན་པར་ཐལ། ཤེས་སྒྲིབ་འཛིན་རྟོག་མ་སྤངས་པའི་ཕྱིར། མ་གྲུབ་ན། ཤེས་སྒྲིབ་སྤངས་པར་ཐལ་ལོ། །སྐབས་འདིར། དར་ཊཱིཀ་པས། རང་རྒྱལ་དགྲ་བཅོམ་པས་བདེན་མེད་རྟོགས་སོ་ཞེ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བདེན་མེད་རྟོགས་པའི་ཤེས་རབ་མཚན་ཉིད་པ་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བདེན་མེད་རྟོགས་པའི་བར་ཆད་མེད་ལམ་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བདེན་འཛིན་གྱི་ཕྱོགས་གཅིག་སྤངས་པའི་རྣམ་གྲོལ་ལམ་ཡོད་པར་ཐལ། འདོད་པ་གང་ཞིག ཁྱོད་མི་སློབ་པ་ཡིན་པའི་ཕྱིར། གཞན་ཡང༌། བདེན་མེད་མངོན་སུམ་དུ་རྟོགས་པའི་རང་རྒྱལ་མཐོང་ལམ་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་རྟོགས་པའི་རང་རྒྱལ་གྱི་མཐོང་ལམ་བཟོད་པ་བརྒྱད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྟོགས་པའི་རང་རྒྱལ་གྱི་མཐོང་ལམ་བར་ཆད་མེད་ལམ་ཡོད་པར་ཐལ། དེ་ཡང་འདོད་ན། ཤེས་སྒྲིབ་འཛིན་རྟོགས་ཀྱི་ས་བོན་སྤོང་བའི་རང་རྒྱལ་གྱི་བར་ཆད་མེད་ལམ་ཡོད་པར་ཐལ་ལོ། །འདིར་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་དོན་དྲིས་པ་ལ། ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པ་ལ་བྱེད་དོ་ཞེ་ན། འོ་ན་སྐབས་འདིར་ཕྱི་རོལ་གྱི་དོན་ཡོད་དམ་མེད། ཡོད་ན་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། བདེན་མེད་རྟོགས་པར་ཐལ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་རྟོགས་པའི་ཕྱིར་མེད་ན། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་ཕྱི་དོན་བདེན་མེད་དུ་རྟོགས་པའི་སྒོ་ནས་ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་མིན་པར་ཐལ། ཉན་ཐོས་དགྲ་བཅོམ་པས་ཀྱང་ཕྱི་དོན་བདེན་མེད་དུ་རྟོགས་པའི་ཕྱིར། བསལ་པ་ཁས་བླངས། མ་གྲུབ་ན། ཕྱི་དོན་ཆོས་ཅན། ཉན་ཐོས་དགྲ་བཅོམ་པས་ཁྱོད་མེད་པར་རྟོག་པར་ཐལ། ཁྱོད་མེད་པའི་ཕྱིར། ཡང་ཁོ་ན་རེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་རྟོགས་པ་དེ། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་དོན་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་དེ་ཤེས་སྒྲིབ་གཟུང་རྟོགས་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། གཟུང་འཛིན་རྫས་གཞན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་དང་སྔོན་འཛིན་གྱི་མངོན་སུམ་རྫས་གཞན་མ་ཡིན་པར་ཐལ། འདོད་ན། སྔོན་པོ་མེད་པར་ཐལ། དེ་ཡང་འདོད་ན། ལྷན་ཅིག་དམིགས་ངེས་དེ་སྔོན་པོ་དང་སྔོར་སྣང་དབང་རྫས་ཅན་མིན་པར་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། དེ་ཡང་འདོད་ན། གཟུང་འཛིན་རྫས་ཅན་ཡོད་པར་ཐལ་ལོ། །སྐབས་འདིར་རང་རྒྱལ་དགྲ་བཅོམ་པས་ཤེས་སྒྲིབ་གཟུང་རྟོག་སྤངས་སོ་ཞེ་ན་དེ་ཆོས་ཅན། གཞི་དང་དེའི་གཉེན་པོ་ཡི། ཞེས་པའི་སྐབས་ནས་བསྟན་པའི་གཟུང་རྟོག་སྤངས་པར་ཐལ། ཤེས་སྒྲིབ་གཟུང་རྟོག་སྤངས་པའི་ཕྱིར། འདོད་ན། འཛིན་པ་ཆོས་ཀྱི་བདག་མེད་རྟོག་པར་ཐལ་ལོ། །ཡང་ཁ་ཅིག་དེས་དེ་མ་སྤངས་སོ་ཞེ་ན། ཤེས་བྱ་ཆོས་ཅན། དེས་དེ་སྤངས་པར་ཐལ། དེ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པོ་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་དག་སྤངས་པ་དང་ཞེས་པའི་གཞུང་རྩ་འགྲེལ་དེ། རང་རྒྱལ་གྱི་རྣམ་གཞག་སྟོན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་དང༌། གཞི་དང་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་དེ། འདི་རང་གཞན་གྱི་ཤེས་སྒྲིབ་འཛིན་རྟོག་ཡིན་པའི་ཕྱིར་ཏེ། དེའི་སྐབས་ནས་བསྟན་པའི་གཟུང་རྟོག་དེའི་འགལ་ཟླར་གྱུར་པའི་ཆོས་ཀྱི་བདག་མེད་རྟོག་པའི་བར་ཆད་མེད་ལམ་དེ། འདི་རང་གཞན་གྱི་འཛིན་པ་ཆོས་ཀྱི་བདག་མེད་རྟོག་པའི་མཁྱེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བདེན་མེད་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། འདིར་དར་ཊཱིཀ་པ་ན་རེ། རང་རྒྱལ་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་པ་དེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཡིན་གསུང་ངོ༌། །ཁས་བླངས་འགལ་སྟེ། ཤེས་བྱ་ཆོས་ཅན། ཆོས་ཀྱི་བདག་མེད་མ་རྟོགས་པའི་རང་རྒྱལ་གཅིག་མེད་པར་ཐལ། དམ་བཅའ་དེའི་ཕྱིར། རྟགས་ལ་ཁས་བླངས། ཡང་འཛིན་པ་མ་སྤོང་ཕྱིར་དང་ནི་ཞེས་པའི་རྒྱན་གཞུང་ཆོས་ཅན། ཁྱོད་ངེས་དོན་དུ་འཇོག་པའི་སྐབས་མེད་པར་ཐལ། ཁྱོད་བརྗོད་བྱེད་ཀྱི་སྒོ་ནས་ཀྱང་དྲང་དོན་གྱི་གཞུང་ཡིན། བརྗོད་བྱའི་སྒོ་ནས་ཀྱང་དྲང་དོན་གྱི་གཞུང་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཐེག་ཆེན་གྱི་ལུགས་ལ། དྲང་ངེས་འཇོག་ཚུལ་གཉིས་སོ་སོར་ངེས་པར་ཁྱེད་འདོད་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཤིང༌། དེར་ཐལ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཡིན་པའི་ཕྱིར། རྟགས་གཉིས་པ་ཁས་བླངས་ཤིང༌། དེར་ཐལ། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་གཞུང་ཚིག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དབུ་མའི་བསྟན་བཅོས་ཡིན་པའི་ཕྱིར། གཞུང་འདི་ཆོས་ཅན། ཁྱོད་ངེས་དོན་གྱི་མདོའི་དགོངས་པ་དྲང་དོན་གྱི་སྒོ་ནས་འཆད་པའི་གཞུང་ཡིན་པར་ཐལ། ཁྱོད་ཀྱི་བཤད་བྱའི་ཤེར་ཕྱིན་གྱི་མདོ་དེ། སྒྲ་ཇི་བཞིན་པའི་ངེས་དོན་གྱི་མདོ་གང་ཞིག ཁྱོད་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་ཡིན་པའི་ཕྱིར། གཞན་ཡང༌། གཞུང་འདི་ཆོས་ཅན། ཁྱོད་དབུ་མའི་བསྟན་བཅོས་ཀྱི་གཞུང་མ་ཡིན་པར་ཐལ། དབུ་མ་པ་རང་ལུགས་ལ་ཁྱོད་ཀྱི་བསྟན་བྱའི་དོན་དེ་ཁས་བླངས་དུ་མི་རུང་བའི་ཕྱིར། རྣམ་བཤད་ཀྱི་རྗེས་འབྲང་ལ་ལ་ནི། རང་རྒྱལ་ལ་སློབ་པ་མེད་དོ་ཟེར་རོ། །ཤེས་བྱ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་སྤོང་བར་བྱེད་པའི་རང་རྒྱལ་གྱི་སྒོམ་ལམ་བར་ཆད་མེད་ལམ་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཐམས་ཅད་ཤེས་པ་ཉིད་ཀྱི་རང་རྒྱལ་རྣམས་ཀྱང་བསྡུས་པས། དེའི་ཕྱིར་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཡིན་པས། ཞེས་གསུངས་པ་དང་འགལ། ཁ་ཅིག་རང་རྒྱལ་ལ་འབྲས་བུ་བཞིའི་རྣམ་གཞག་མེད་པར་འདོད་པ་ནི། ས་སྡེ་ལས། རང་རྒྱལ་གྱི་ལམ་བགྲོད་ཚུལ་གསུམ་གསུངས་པ་དང་འགལ་ཏེ། ལམ་བགྲོད་ཚུལ་གསུམ་པའི་སྐབས་སུ། རང་རྒྱལ་གྱི་རིགས་ཅན་ལ་ལ་ནི། བསྐལ་ཆེན་རྒྱར་ཚོགས་བསགས། རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་ཙམ་མངོན་དུ་བྱས། སྐྱེ་བ་ཕྱི་མ་ལ་འབྲས་བུ་ཕྱི་མ་གཉིས་མངོན་དུ་བྱ་བའི་ཕྱིར། ཕུང་པོ་སོགས་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་སློབ་པར་གསུངས་པའི་ཕྱིར། འདིར་རྣམ་བཤད་ཀྱི་རྗེས་འབྲང་བདག རང་རྒྱལ་གྱི་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་འདོད། འོ་ན། གཟུང་བ་ཆོས་ཀྱི་བདག་མེད་དེས་ཆོས་ཀྱི་བདག་མེད་ཀྱི་གོ་མི་ཆོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། གཟུང་འཛིན་རྫས་ཅན་དུ་ཞེན་པའི་ཤེས་སྒྲིབ་གཟུང་རྟོག་དེས་ཤེས་སྒྲིབ་ཀྱི་གོ་མི་ཆོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་གསལ་ལས། ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པོ་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་ཞེས་གསུངས་པ་དང༌། དེ་དག་གིས་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཞེས་གསུངས་པ་དང་འགལ་ལོ། །ཁོ་ན་རེ་རང་རྒྱལ་དགྲ་བཅོམ་པས་བདེན་མེད་རྟོགས་པར་ཐལ། དེས་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར། ཞེ་ན། འདོད་དོ། །འོ་ན། འཛིན་པ་བདེན་མེད་དུ་རྟོགས་པར་ཐལ་ལོ། །ཞེ་ན། ཁྱབ་པ་མེད་དེ། དེ་ཆོས་ཅན། ཤེས་སྒྲིབ་འཛིན་རྟོག་སྤོང་བའི་བར་ཆད་མེད་ལམ་དང་ལྡན་པར་ཐལ། ངོས་སྐལ་གྱི་ཤེས་སྒྲིབ་གཟུང་རྟོག་སྤོང་བའི་བར་ཆད་མེད་ལམ་དང་ལྡན་པའི་ཕྱིར། ཡང༌། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། གཟུང་འཛིན་དབང་ཤེས་བདེན་མེད་དུ་རྟོགས་པར་ཐལ། གཟུགས་བདེན་མེད་དུ་རྟོགས་པའི་ཕྱིར་ཏེ། བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་གཟུགས་བདེན་མེད་དུ་རྟོགས་པ་མཐར་ཐུག་པའི་ཕྱིར། གཞན་ཡང༌། བྱང་སེམས་ཀྱི་སྦྱོར་ལམ་དྲོད་རྩེ་གཉིས་ཆོས་ཅན། འཛིན་པ་བདེན་མེད་དུ་རྟོགས་པར་ཐལ། བདེན་མེད་རྟོགས་པའི་ཕྱིར་ཏེ། གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་བཟོད་མཆོག་གང་རུང་ཡིན་པར་ཐལ། འཛིན་པ་རང་བཞིན་མེད་པར་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར། གཞན་ཡང༌། གཟུང་མེད་རྟོགས་པ་རྣལ་འབྱོར་གྱི་ས་དེ་ཆོས་ཅན། འཛིན་པ་བདེན་མེད་དུ་རྟོགས་པར་ཐལ། གཟུང་བ་བདེན་དུ་རྟོགས་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། འཛིན་མེད་རྟོགས་པ་རྣལ་འབྱོར་གྱི་ས་དེས། ཕྱི་རོལ་དོན་ལ་ལྟོས་པའི་འཛིན་པ་བདེན་མེད་དུ་རྟོགས་པའི་ཕྱིར། དེར་ཐལ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དེ། ཞེས་པའི་གཞུང་གིས་ཡང་སྒྲ་དེས་དེ་བདེན་མེད་དུ་རྟོགས་པར་བསྟན་པའི་ཕྱིར། ཡང་དར་ཊཱིཀ་པ་གཞུང་འདི་ཟབ་མོ་སྟོང་པ་ཉིད་ཀྱི་སྣོད་དུ་གྱུར་པའི་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་རང་རྒྱལ་ལ་ཆོས་ཀྱི་བདག་མེད་རྟོག་པ་མེད་པར་བསྟན་པ་ཡིན་ནོ་ཟེར། འོ་ན། ཤེས་བྱ་ཆོས་ཅན། གཞུང་འདིའི་ཆེད་དུ་བྱ་བའི་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། གཞུང་འདི་ཆོས་ཅན། ཁྱོད་ཐེག་པ་ཐུན་མོང་གི་གཞུང་ཡིན་པར་ཐལ། ཁྱོད་གཞུང་གང་ཞིག འདོད་པ་དེའི་ཕྱིར། འདོད་ན། མངོན་པར་རྟོགས་པའི་རྒྱན་འདི་ཐེག་པ་ཐུན་མོང་གི་བསྟན་བཅོས་ཡིན་པར་ཐལ། འདོད་པའི་ཕྱིར། འདི་དག་ནི་གྲུབ་པའི་མཐའ་ལ་ཁས་བླངས་པ་དང་འགལ་བ་ཁོ་ན་ཡིན་ནོ། །བདེན་དང་བདེན་ལ་བཟོད་པ་དང་ཞེས་པར། སྦྱོར་བ་དང༌། ཐེག་ཆེན་མཐོང་ལམ་གྱི་རྣམ་གཞག་དྲིས་པ་ལ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། སྐབས་གཉིས་པར་བསྟན་པའི་མཐོང་ལམ་ཡིན་ཏེ། ཕན་ཡོན་ཆེན་པོ་དང་ལྡན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། ཟེར་ན། སྐབས་དང་པོར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དེར་ཐལ་དེའི་ཕྱིར། འདོད་ན། རང་འབྲས་རྣམ་མཁྱེན་གྱི་རྒྱུའི་ལྡོག་ཆ་ནས་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྐབས་དང་པོར་རྣམ་མཁྱེན་དེ་རྒྱུས་མཚོན་པའི་ཚུལ་གྱིས་བསྟན་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། སྐབས་དང་པོར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། རྒྱུ་ལམ་ཤེས་མཚོན་བྱེད་ཀྱི་ཆོས་སུ་ཐལ། སྐབས་གཉིས་པར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། འདོད་ན། སྐབས་དང་པོ་དེ་སྐབས་གཉིས་པ་ཡིན་པར་ཐལ་ལོ། །མཚན་ཉིད་ལ། ཆོས་ཉིད་སྔར་མ་མཐོང་གསར་དུ་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། དེ་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དེས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། ཡང་ཆོས་ཉིད་སྔར་མ་རྟོགས་གསར་དུ་རྟོགས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཟེར་ན། སྔ་མ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་སྡུག་བསྔལ་ལ་ཆོས་བཟོད་དེས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། ཡང་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། དེའི་མཚན་ཉིད། ཅེ་ན། ཤེས་བྱ་ཆོས་ཅན། བདེན་པ་མངོན་རྟོགས་ཡིན་ན། མཐོང་ལམ་ཡིན་པས་ཁྱབ་པར་ཐལ། དེའི་ཕྱིར། འདོད་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། བཅུ་དྲུག་པ་ལམ་རྗེས་ཤེས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། མཛོད་ལས། དེ་ལྟར་བདེན་པ་མངོན་རྟོགས་འདི། སེམས་བཅུ་དྲུག་གོ །ཞེས་གསུངས། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། དེ་མིན་པར་ཐལ། དེ་ལ་སྐད་ཅིག་བཅོ་ལྔ་ནི། མ་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བྱང་སེམས་མཐོང་ལམ་པ་ཆོས་ཅན། མཐོང་ལམ་ཡིན་པར་ཐལ། བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། དེར་ཐལ། དེ་མངོན་པར་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། སྐབས་འདིར། དར་ཊཱིཀ་པ་བཟོད་པ་བརྒྱད་ཀ་བར་ཆད་མེད་ལམ་དང༌། ཤེས་པ་བརྒྱད་ཀྱི་རྣམ་གྲོལ་ལམ་ཡིན་ཟེར། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་རྗེས་བཟོད་དེ། རང་གི་ངོས་སྐལ་གྱི་སྡུག་བསྔལ་མཐོང་སྤངས་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་ས་བོན་དྲུངས་འབྱིན་མི་ནུས་པའི་སྡུག་བསྔལ་མཐོང་སྤངས་ཀྱི་ས་བོན་གཅིག་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དང༌། རྗེས་བཟོད་གཉིས་ཀྱིས་ཁམས་གོང་འོག་གི་བདེན་པ་ལ་སོ་སོར་དམིགས་པར་ཐལ། མཐོང་ལམ་བཟོད་པ་བརྒྱད་ཀ་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁོ་ན་རེ། མ་ཁྱབ་ཏེ། ཐེག་ཆེན་མཐོང་ལམ་བཟོད་པ་བརྒྱད་པོ་ཡིན་ཁྱབ་མཉམ་དང༌། ཤེས་པ་བརྒྱད་པོ་དེ་ཡིན་ཁྱབ་མཉམ་ཡིན་ནོ། །ཞེ་ན། འོ་ན། བྱང་སེམས་ཀྱི་མཐོང་ལམ་རྗེས་བཟོད་ཆོས་ཅན། མཐོང་ལམ་སྐད་ཅིག་བཅུ་དྲུག་གི་དང་པོ་ཡིན་པར་ཐལ། ཐེག་ཆེན་གྱི་མཐོང་སྡུག་བསྔལ་ཆོས་བཟོད་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། སྐད་ཅིག་བཅོ་ལྔ་པ་ཡིན་པའི་ཕྱིར། དང་པོ་དེ་ཆོས་ཅན། བཅུ་ལྔ་པ་ཡིན་པར་ཐལ། ལམ་ལ་རྗེས་བཟོད་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། དང་པོ་ཡིན་པའི་ཕྱིར། མ་ཁྱབ་ན། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་རྣམ་གཞག་མི་འཐད་པར་ཐལ་ལོ། །ཡང་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་དེ་ཆོས་ཅན། མཐོང་སྤངས་མ་ལུས་པར་སྤངས་པའི་རྣམ་གྲོལ་ཡིན་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ཡིན་པའི་ཕྱིར། འདོད་ན་སྡུག་བསྔལ་ཆོས་ཤེས་ལ་གནས་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཀྱི་མིང་ཅན་ཡིན་པར་ཐལ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རྟོགས་པ་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། རྒྱུན་ཞུགས་ཞུགས་པའི་མིང་ཅན་བྱང་སེམས་ཡིན་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་དང་པོ་བཅོ་ལྔ་གང་རུང་གི་རྟོགས་པ་ལ་གནས་པའི་བྱང་སེམས་གང་ཞིག ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་མིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཕྱི་མ་དེར་ཐལ། དེ་ལ་གནས་བཞིན་པ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཕྱིར། གསུམ་ཆར། བྱང་སེམས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་མཚན་ཉིད་པ་བྱེད་པའི་སྐབས་སུ་ཁས་བླངས་སོ། །གཞན་ཡང༌། ཉན་ཐོས་ཀྱི་མཐོང་ལམ་བཟོད་པ་བརྒྱད་པོ་དེ་ངོ་བོ་གཅིག་ཏུ་སྐྱེ་ཞིང༌། ཤེས་པ་བརྒྱད་པོ་དེ་ངོ་བོ་གཅིག་ཏུ་སྐྱེ་བར་ཐལ། བྱང་སེམས་ཀྱི་མཐོང་ལམ་དེ་དེ་ལྟར་དུ་སྐྱེ་བ་གང་ཞིག དེ་ལ་གཉིས་དངོས་པོའི་གནས་ཚུལ་ལ་སྐྱེ་ཚུལ་འདྲ་བའི་ཕྱིར། འདོད་ན། འདོད་ཉོན་དགུ་པ་ཙམ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་ཤིང༌། སྡུག་བསྔལ་ཆོས་ཤེས་ཀྱི་རྟོགས་པ་ལ་གནས་པའི་ཉན་ཐོས་དེ་ཆོས་ཅན། ཕྱིར་མི་འོང་འབྲས་གནས་ཡིན་པར་ཐལ། འདོད་ཉོན་དགུ་པ་སྤངས་ཤིང་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་འབྲས་གནས་ཡིན་པའི་ཕྱིར། གཞན་ཡང༌། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་མངོན་དུ་སོང་བའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་ཆོས་ཅན། བར་ཆད་མེད་ལམ་ཡིན་པར་ཐལ། སྡུག་བསྔལ་ཆོས་བཟོད་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། ཆོས་ཅན་མ་གྲུབ་པས། རྟགས་མ་གྲུབ་བོ་ཞེ་ན། དེ་འོ་ན་སྔོན་སོང་གི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་མེད་པར་ཐལ། དེ་འདྲའི་བྱང་སེམས་ཀྱི་མཐོང་ལམ་བཟོད་པ་ཡང་མེད། ཤེས་པ་ཡང་མེད་པའི་ཕྱིར། དེ་འདྲའི་ཤེས་པ་མེད་པར་ཐལ། དེ་འདྲའི་བཟོད་པ་མེད་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་བྱང་སེམས་ཀྱི་མཐོང་ལམ་ཡང་ཡིན། ཉོན་སྒྲིབ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡང་ཡིན་པའི་གཞི་མཐུན་གཅིག་ཡོད་པར་ཐལ། འདོད་པའི་ཕྱིར། ཁོ་ན་རེ། འོ་ན། དེ་འདྲ་ཆོས་ཅན། རྣམ་གྲོལ་ལམ་ཡིན་པར་ཐལ། གང་རུང་གང་ཞིག བར་ཆད་མེད་ལམ་མིན་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ཡིན་པར་ཐལ། འདོད་པ་གང་ཞིག དེ་ཡིན་ན་དེ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཐེག་ཆེན་གྱི་བར་ཆད་མེད་ལམ་གྱི་རྟོགས་པ་སྔོན་དུ་མ་སོང་བའི་ཕྱིར། ཞེ་ན། གང་རུང་མ་གྲུབ་སྟེ། ཁྱད་པར་གྱི་ལམ་ཡིན་པའི་ཕྱིར། དེར་ཐལ། ཉོན་སྒྲིབ་སྤངས་པའི་ཁྱད་པར་གྱི་ལམ་ཡིན་པའི་ཕྱིར། དར་ཊཱིཀ་པའི་ཕྱོགས་ལ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཅན། བར་ཆད་མེད་ལམ་ཡིན་པར་ཐལ། ཆོས་བཟོད་ཡིན་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་རྟོགས་པའི་ཉན་ཐོས་ཀྱི་བར་ཆད་མེད་ལམ་ཡོད་པར་ཐལ་ལོ། །ཡང་སྐབས་འདིར། བཟོད་པ་བརྒྱད་ཀ་བར་ཆད་མེད་ལམ་དུ་ཁས་ལེན་མི་རིགས་པར་ཐལ། མངོན་པ་ཀུན་ལས་བཏུས་ལས། ཆོས་བཟོད་བཞི་པོ་ཁོ་ན་བར་ཆད་མེད་ལམ་དུ་གསུངས་པའི་ཕྱིར། འདིར་བར་ཆད་མེད་ལམ་གྱི་རྣམ་པ་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་རྣམ་པ་བཞིའོ་ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས་ཐེག་ཆེན་མཐོང་ལམ་ཤེས་བཟོད་བཅུ་དྲུག་པོས་རྟག་མི་རྟག་ལ་སོགས་པའི་སྒྲོ་འདོགས་བཅུ་དྲུག་རིམ་བཞིན་སེལ་བར་བྱེད་ཅིང༌། ངེས་ཤེས་བཅུ་དྲུག་རིམ་བཞིན་འདྲེན་པར་བྱེད་དོ། །ཞེས་གསུངས། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་དེ་ཆོས་ཅན། བར་ཆད་མེད་ལམ་ཡིན་པར་ཐལ། རང་གི་བསལ་བྱ་སྒྲོ་འདོགས་ཀྱི་ས་བོན་ལ་གནོད་བྱེད་ཀྱི་མཐོང་ལམ་ཡིན་པའི་ཕྱིར། གཞན་ཡང༌། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དེས། སྡུག་བསྔལ་གྱི་བདེན་པའི་ཆོས་ཉིད་མ་ལུས་པ་མངོན་སུམ་དུ་མ་རྟོགས་པར་ཐལ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་ཡིན་མིན་གྱི་སྤྲོས་པ་དང་བྲལ་བའི་སྤྲོས་བྲལ་སོགས་ལྷག་མ་གསུམ་པོ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། རྟགས་ཁས་བླངས། འདོད་ན། སྡུག་བསྔལ་མཐོང་སྤངས་ཀྱི་ས་བོན་མ་ལུས་པ་དྲུངས་འབྱིན་པའི་བར་ཆད་མེད་ལམ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཡང༌། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་དེ་ཆོས་ཅན། སྡུག་བསྔལ་མཐོང་སྤངས་མ་ལུས་པ་སྤངས་པའི་རྣམ་གྲོལ་ལམ་མིན་པར་ཐལ། སྡུག་བདེན་ལ་བདག་ཡོད་མེད་དང༌། སྟོང་མི་སྟོང་གི་སྤྲོས་བྲལ་དེ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དེ་བཞིན་དུ་ལམ་ལ་རྗེས་ཤེས་ཆོས་ཅན། མཐོང་སྤངས་མ་ལུས་པ་སྤངས་པ་རྣམ་གྲོལ་ལམ་མ་ཡིན་པར་ཐལ། ལམ་བདེན་གྱི་ཆོས་ཉིད་མ་ལུས་པ་མ་རྟོགས་པའི་ཕྱིར། དེར་ཐལ། ལམ་བདེན་དེ་ངེས་འབྱིན་ཡིན་མིན་གྱི་སྤྲོས་བྲལ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དར་ཊཱིཀ་པའི་ཕྱོགས་ལ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དེ་ཆོས་ཅན། བར་ཆད་མེད་ལམ་ཡིན་པར་ཐལ། ཆོས་བཟོད་ཡིན་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་རྟོགས་པའི་ཉན་ཐོས་ཀྱི་བར་ཆད་མེད་ལམ་ཡོད་པར་ཐལ་ལོ། །འདིར་དར་ཊཱིཀ་པ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་མཐོང་ལམ་གཉིས་ཀ་འགལ་བར་བཞེད་དོ། །འོ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་གཉིས་གཅིག་ཆར་དུ་སྐྱེའམ། རིམ་གྱི་སྐྱེ། དང་པོ་ལྟར་ན། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བདེན་གཉིས་གཅིག་ཆར་དུ་འཇལ་བའི་ཚད་མ་ཡོད་པར་ཐལ། སྟོང་ཉིད་དང་གང་ཟག་གི་བདག་མེད་གཅིག་ཆར་དུ་འཇལ་བའི་ཚད་མ་ཡོད་པའི་ཕྱིར། གསུམ་ཆར་ཁས་བླངས། འདོད་ན། སློབ་ལམ་ན་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་ཡོད་པར་ཐལ། འདོད་པའི་ཕྱིར། གསུམ་ཆར་གྲུབ་མཐའ་ལ་ཁས་བླངས་སོ། །གཉིས་པ་ལྟར་ན། དེ་གཉིས་སྔོན་ལ་གང་སྐྱེ། གང་ལྟར་ནའང༌། ཤེས་བྱ་ཆོས་ཅན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་མ་མྱོང་བའི་ཐེག་ཆེན་གྱི་མཐོང་ལམ་གཅིག་ཡོད་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་སྔར་སྐྱེ་བའི་ཕྱིར། ཡང༌། སྟོང་ཉིད་མངོན་སུམ་དུ་རྟོགས་མ་མྱོང་བའི་ཐེག་ཆེན་གྱི་མཐོང་ལམ་གཅིག་ཡོད་པར་ཐལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་སྔར་སྐྱེ་བའི་ཕྱིར། གཞན་ཡང༌། ཁྱེད་ལྟར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བདེན་གཉིས་གཅིག་ཆར་དུ་འཛིན་པའི་བློ་གཉིས་གཅིག་ཆར་དུ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དང༌། དེ་ཉམས་སུ་མྱོང་བའི་རག་རིག་མངོན་སུམ་གཉིས་གཅིག་ཆར་དུ་ཡོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྒྱུད་ལ་མཉམ་རྗེས་གཉིས་གཅིག་ཆར་དུ་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །ཡང་དར་ཊཱིཀ་པ། གང་ཟག་གི་བདག་མེད་མངོན་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དེ། བྱང་སེམས་འཕགས་པས་ཤེས་མཐོང་གིས་ལྟས་ནས་འདའ་བར་བྱ་བ་ཞེས་ཟེར། ཁས་བླངས་ནང་འགལ་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་བསྒོམ་ལམ་གཅིག་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཁས་བླངས་ཤིང༌། དེ་ཡོད་པར་ཐལ། ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་སྤོང་བར་བྱེད་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་བསྒོམ་ལམ་བར་ཆད་མེད་ལམ་གཅིག་ཡོད་པའི་ཕྱིར་ཏེ། དམན་ལམ་མངོན་དུ་མ་སོང་བའི་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང༌། སངས་རྒྱས་ཐོབ་པ་དུས་མཉམ་པའི་ཕྱིར། རྟགས་གྲུབ་མཐར་ཁས་བླངས་སོ། །འདིར་མཐོང་ལམ་ལ་མཉམ་གཞག་གི་ཁྱབ་མ་ཁྱབ་དྲིས་པས། ཁྱབ་བོ་ཞེ་ན། ཐེག་ཆེན་མཐོང་ལམ་རྗེས་ཐོབ་ལ་གནས་པའི་བྱང་སེམས་མཐོང་ལམ་པ་མེད་པར་ཐལ། དེ་ལ་དེས་ཁྱབ་པའི་ཕྱིར། འདོད་ན། བྱང་སེམས་མཐོང་ལམ་པ་དབང་འབྲིང་གཞན་ངོར་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་ཡང་དག་གཅིག་མེད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་གི་བརྟགས་ནས་བསྟན་པའི་མཐོང་ལམ་རྗེས་ཐོབ་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། འགྲེལ་པ་ལས། དེ་ལྟར་མིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་གཞན་ཇི་ལྟར་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་གསུངས་པ་དང་འགལ། ཡང་དེ་ཉིད་གསལ་བར་བརྗོད་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་པའི་བཟོད་ཤེས་སྐད་ཅིག་བཅུ་དྲུག་པོ་དེ་མཉམ་གཞག་ཁོ་ན་ཡིན་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན། བཅུ་དྲུག་པོ་དེ་ཆོས་ཅན། བྱང་སེམས་མཐོང་ལམ་པ་དབང་འབྲིང་གཞན་ངོར་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། མཉམ་གཞག་ཁོ་ན་ཡིན་པའི་ཕྱིར། རྣམ་བཤད་པའི་འཁོར་གསུམ་ཁས་བླངས་སོ། །གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། དེ་ཡིན་ན་མཉམ་གཞག་ཡིན་ནས་ཁྱབ་པར་ཐལ། ཤེས་བཟོད་སྐད་ཅིག་བཅུ་དྲུག་པོ་དེ་མཉམ་གཞག་ཁོ་ན་ཡིན་པ་གང་ཞིག བཅུ་དྲུག་པོ་བར་མ་ཆད་དུ་སྐྱེ་བ་ཡིན་ཞིང༌། མཐོང་ལམ་ལ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ཏུ་གྲངས་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་ངོ་བོར་གྱུར་པའི་རྗེས་ཐོབ་གཅིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲ་དེ་ཆོས་ཅན། ཁྱོད་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དང༌། ཆོས་ཤེས་གཉིས་ཀྱི་བར་དེར་སྐྱེ་བར་ཐལ། ཁྱོད་ཡོད་པ་གང་ཞིག ཁྱོད་ཡོད་ན། ཁྱོད་དེར་སྐྱེ་དགོས་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཡིན་པར་ཐལ། ཁྱོད་ཐེག་ཆེན་གྱི་མཐོང་ལམ་ལ་རྗེས་ཤེས་ཀྱི་རྟོགས་པ་རྫོགས་རྗེས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །རྩ་བར་འདོད་ན། ཐེག་ཆེན་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་དེ་ཆོས་ཅན། སྡུག་བསྔལ་མཐོང་སྤངས་ཀྱི་ས་བོན་ལས་དངོས་སུ་གྲོལ་བའི་རྣམ་གྲོལ་ལམ་མིན་པར་ཐལ། ཁྱོད་དང་རང་རྒྱུ་དེ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་གཉིས་ཀྱི་བར་དུ་རྗེས་ཐོབ་ཡེ་ཤེས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། མཐོང་ལམ་རྣམ་གྲོལ་ལམ་ཡིན་ན། རང་རྒྱུ་བར་ཆད་མེད་ལམ་ལས་དངོས་སུ་མ་བྱུང་དགོས་པར་ཐལ། ཤེས་བཟོད་བཅུ་དྲུག་གི་བར་དུ་དེའི་མིང་ཅན་གྱི་རྗེས་ཐོབ་རེ་རེས་ཆོས་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཐེག་ཆེན་གྱི་མཐོང་ལམ་ལ་མཉམ་གཞག་གིས་མ་ཁྱབ་པར་ཐལ། ས་དང་པོའི་ཡོངས་སྦྱོངས་ཀྱི་སྐབས་སུ་རྗེས་ཐོབ་ཡེ་ཤེས་བཤད་པའི་ཕྱིར། ཟེར་རོ། །ལ་ལ་ན་རེ། དེ་ལ་དེས་མ་ཁྱབ་པར་ཐལ། སྐད་ཅིག་བརྒྱད་པར་ཚད་མེད་བཞི་བསྒོམ་པར་བཤད་པའི་ཕྱིར། ཟེར་རོ། །དང་པོ་མི་འཐད་པར་སྟོན་པ་ནི། ཤེས་བྱ་ཆོས་ཅན། ས་དང་པོའི་ཡེ་ཤེས་ཡིན་ན། མཐོང་ལམ་ཡིན་པས་ཁྱབ་པར་ཐལ། ས་དང་པོའི་ཡོངས་སྦྱོངས་དུ་རྗེས་ཐོབ་བཤད་ན། མཐོང་ལམ་རྗེས་ཐོབ་ཡོད་དགོས་པའི་ཕྱིར། འདོད་ན། མིན་པར་ཐལ། འགྲེལ་ཆེན་ལས། ས་དང་པོའི་སྐད་ཅིག་གཉིས་པ་ཡན་ཆད་སྒོམ་ལམ་ཡིན་པར་བཤད་པའི་ཕྱིར། གཉིས་པ་མི་འཐད་པ་ནི། མཉམ་གཞག་ཏུ། ཚད་མེད་བཞི་བསྒོམ་པ་མི་སྲིད་པར་ཐལ། ཁྱབ་འབྲེལ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མཉམ་གཞག་སྒོམ་པ་སྲིད་པར་ཐལ། ཁྱོད་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དམིགས་པ་རྩེ་གཅིག་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པ་ཡིན་པའི་ཕྱིར། འདིར་དར་ཊཱིཀ་པ། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་སློབ་པའི་མཁྱེན་པ་ལ། རྗེས་ཐོབ་ཡེ་ཤེས་ཀྱི་ཁྱབ་པར་འདོད་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང་རྗེས་ཐོབ་ཡེ་ཤེས་གཉིས་གཅིག་ཏུ་སྐྱེ་བར་ཐལ། འདོད་པའི་ཕྱིར། གཞན་ཡང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་ཁས་བླངས་པར་ཐལ། གང་ཟག་གི་བདག་མེད་སྐབས་འདིར་ཀུན་རྫོབ་བདེན་པར་ཁྱེད་ཀྱིས་འདོད་པའི་ཕྱིར། དར་ཊཱིཀ་པ། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་བྱང་སེམས་མཐོང་ལམ་པའི་རྒྱུད་ལ་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་མངོན་གྱུར་པ་མེད་པར་བཞེད་པ་མི་འཐད་དེ། འོ་ན། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕར་ཕྱིན་དང་མཚུངས་པར་ལྡན་པའི་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་མེད་པར་ཐལ། དམ་བཅའ་དེའི་ཕྱིར། ཁ་ཅིག ཐེག་ཆེན་གྱི་མཐོང་ལམ་ཡིན་ན། རྣལ་འབྱོར་མངོན་སུམ་ཡིན་པས་ཁྱབ་པར་འདོད། དེ་ལྟ་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་དམིགས་པའི་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། རང་ཡུལ་ཤེར་ཕྱིན་ལ་ལྐོག་གྱུར་དུ་དམིགས་པའི་བློ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། ཁྱོད་ཐེག་ཆེན་གྱི་ལམ་ཡིན་པ་གང་ཞིག ཁྱོད་ཐེག་ཆེན་གྱི་ལམ་ཡིན་ན། དེ་ཡིན་དགོས་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། ཁྱོད་ཐབས་ཤེས་ཟུང་དུ་འབྲེལ་པའི་ཐེག་ཆེན་གྱི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཟིན་པའི་ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན། འོ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཡང༌། ཀུན་རྫོབ་སེམས་བསྐྱེད་ཀྱིས་མ་ཟིན་པར་འདོད་དགོས་པས། དེ་ཆོས་ཅན། ཐེག་ཆེན་གྱི་ལམ་མིན་པར་ཐལ། ཐེག་ཆེན་སེམས་བསྐྱེད་ཀྱི་མ་ཡིན་པའི་ཕྱིར། ཡང་དེར་ཐལ། ཐབས་ཤེས་ཁྱད་པར་ཅན་གྱི་མ་ཟིན་པའི་ཕྱིར། རྟགས་ཁས་བླངས་སོ། །ཡང་སྐབས་འདིར། རྣམ་བཤད་པ། བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་དངོས་འབྲས་སུ་གྱུར་པའི་རྗེས་ཐོབ་ཡེ་ཤེས་དེ་སྒོམ་ལམ་དུ་འདོད་དོ། །དེ་ལྟ་ན། དེ་ཆོས་ཅན། ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་བསྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་ཡིན་པའི་ཕྱིར། འདོད་ན། སྒོམ་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་གིས་བསྡུས་པའི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་གོང་གི་རྗེས་ཐོབ་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། སྒོམ་ལམ་རྗེས་ཐོབ་ཏུ་ཐལ། གང་རུང་གང་ཞིག མཐོང་ལམ་རྗེས་ཐོབ་མིན་པའི་ཕྱིར། འདོད་ན། སྒོམ་ལམ་མཉམ་གཞག་གི་རྟོགས་པ་མངོན་དུ་སོང་བར་ཐལ། སྒོམ་ལམ་རྗེས་ཐོབ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། བཅུ་དྲུག་པའི་དངོས་འབྲས་ཡིན་པའི་ཕྱིར། གཞན་དག་ན་རེ། དེ་དག་གིས་ནི་སྒོམ་ལམ་པའི་རིམ་པ་མ་བསྟན་པའི་ཕྱིར་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་ནོ། །ཞེས་པར། དེ་བཞིན་ཉིད་ཀྱི་ཞེས་སོགས་ཀྱི་གཞུང་ཆོས་ཅན། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ། མཉམ་གཞག་ཏུ་སྒོམ་པའི་རིམ་པ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་རིམ་པ་མ་བསྟན་པའི་ཕྱིར། རྟགས་ཁྱབ་ཁས་བླངས་སོ། །ཞེ་ན། འོ་ན། དེ་འདྲའི་གཞུང་ཆོས་ཅན། རྗེས་ཐོབ་གཅིག་བསྟན་པར་ཐལ། རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་བསྟན་པའི་ཕྱིར་ཏེ། མཐོང་ལམ་རྗེས་ཐོབ་བསྟན་པ་གང་ཞིག དེ་བསྟན་ན་དེ་བསྟན་དགོས་པའི་ཕྱིར། འདོད་ན། མིན་པར་ཐལ། ཤེས་བཟོད་བཅུ་དྲུག་པོ་ཁོ་ན་བསྟན་པ་གང་ཞིག དེ་ཡིན་ན་མཉམ་གཞག་ཡིན་དགོས་པའི་ཕྱིར། གཞན་ཡང༌། སྐབས་དང་པོ་གསུམ་དུ་ཆོས་ཅན། མཉམ་གཞག་ཏུ་སྒོམ་པའི་རིམ་པ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་རིམ་པ་མ་བསྟན་པར་ཐལ། བསྒོམ་བྱའི་རྣམ་པ་མ་བསྟན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ། འདོད་པའི་ཕྱིར། རྩ་བར་མ་གྲུབ་ན། མཁྱེན་གསུམ་གྱི་རྣམ་པ་བསྟན་པར་ཐལ། དེ་བསྟན་པ་གང་ཞིག དེ་བསྟན་ན། དེ་བསྟན་དགོས་པའི་ཕྱིར། འདོད་ན། དེའི་ཤེས་རྣམ་བསྟན་པར་ཐལ། དེ་བསྟན་པ་གང་ཞིག དེ་བསྟན་ན་དེ་བསྟན་དགོས་པའི་ཕྱིར། འདོད་ན། རྣམ་རྫོགས་སྦྱོར་བའི་སྐབས་སུ་མཁྱེན་གསུམ་གྱི་རྣམ་པ་བསྟན་ཚུལ་དང༌། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་བསྟན་ཚུལ་ལ་ཁྱད་པར་མེད་པར་ཐལ། འདོད་པའི་ཕྱིར། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་ལ། འདིར་བསྟན་གྱི་ཀུན་ནས་ཞི་བ་སོགས་དྲུག་ཆོས་ཅན། ཐེག་ཆེན་བསྒོམ་ལམ་གྱི་བྱེད་པ་ཡིན་ཏེ། ཟེར་ན། དེ་ཆོས་ཅན། ཁྱོད་དེ་མིན་པར་ཐལ། ཐེག་ཆེན་བསྒོམ་ལམ་གྱི་སྔ་རོལ་ན་ཁྱོད་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་བསྒོམ་ལམ་གྱི་བྱེད་པ་མ་ཡིན་པར་གྱུར་པའི་ཁྱོད་ཡོད་པའི་ཕྱིར། རང་རྒྱུ་ཐེག་ཆེན་གྱི་བསྒོམ་ལམ་སྒོམ་སྟོབས་ཀྱི་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཐེག་ཆེན་གྱི་བསྒོམ་ལམ་བྱེད་པའི་མཚན་ཉིད་ཡིན་ཟེར་ན། རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་རྒྱུ་ཐེག་ཆེན་གྱི་བསྒོམ་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་པར་ཐལ། ཁྱོད་འབྲས་བུ་ཡིན་པའི་ཕྱིར། ཞེ་ན། ཁྱབ་པ་མེད་དེ། བྲལ་འབྲས་སོ་སོར་རྟག་འགོག་ཆོས་ཅན། དེར་ལུགས་ཡིན་པའི་ཕྱིར། འདོད་ན། མེད་པར་ཐལ། འདུས་མ་བྱས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། འདུས་བྱས་བྲལ་བྱས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། །ཅེས་མཛོད་ལས་གསུངས་པའི་ཕྱིར། ཐེག་ཆེན་གྱི་བསྒོམ་ལམ་བསྒོམས་པར་ལས་བྱུང་བའི་དགེ་ལེགས་དེ། ཐེག་ཆེན་བསྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ཟེར་ན། ས་གཉིས་པའི་མཉམ་གཞག་རྣམ་གྲོལ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མིན་པར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་ལས་བྱུང་བ་མིན་པའི་ཕྱིར་ཏེ། དེའི་སྐྱེད་འབྲས་མིན་པའི་ཕྱིར་ཏེ། དེའི་བྱེ་བྲག་ཡིན་པའི་ཕྱིར། རྩ་བའི་རྟགས་མ་གྲུབ་ན། དེར་ཐལ། ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་ཡིན་པའི་ཕྱིར། བྱེད་པའི་འོག་ཏུ་སྒོམ་པའི་ལམ་སྟེ། ཞེས་པར་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། གཉིས་ཡོད་དེ། ཟག་པ་དང་བཅས་པའི་སྒོམ་ལམ་དང་ཟག་པ་མེད་པའི་སྒོམ་ལམ་གཉིས་ཡོད་པའི་ཕྱིར། ཞེ་ན། ཐེག་ཆེན་གྱི་སྒོམ་ལམ་ཡིན་ན། ཟག་མེད་ཡིན་པས་མ་ཁྱབ་པར་ཐལ། དེ་ལ་ཟག་བཅས་ཟག་མེད་གཉིས་སུ་དབྱེར་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེས་ཁྱབ་པར་ཐལ། དེ་ཡིན་ན་ཉོན་མོངས་མེད་པའི་སྒོམ་ལམ་ཡིན་དགོས་པའི་ཕྱིར། རྣམ་བཤད་པའི་ཕྱོགས་ལའོ། །དར་ཊཱིཀ་པའི་ཕྱོགས་ལ་དེས་ཁྱབ་པར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་ཡིན་ན། ཟག་བཅས་ཟག་པ་མེད་ཆོས་དང༌། །ཞེས་པའི་སྐབས་ནས་བསྟན་པའི་ཟག་མེད་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་རང་གི་ངོས་སྐལ་གྱི་སྤང་བྱ་བདག་ཏུ་ལྟ་བའི་གཉེར་སོར་གྱུར་པའི་སྒོམ་ལམ་ཡིན་པས་ཁྱབ་པའི་ཕྱིར། འདིར་སྒོམ་ལམ་མཉམ་གཞག་ལ་ཟག་མེད་དང༌། རྗེས་ཐོབ་ལ་ཟག་བཅས་སུ་འཇོག་ཅེས་ན། འོ་ན་ཉན་ཐོས་ཀྱི་བསྒོམ་ལམ་མཉམ་གཞག་ཡིན་ན། ཟག་མེད་ཡིན་པས་ཁྱབ་པར་ཐལ། ཐེག་ཆེན་བསྒོམ་ལམ་མཉམ་གཞག་ཡིན་ན་ཟག་མེད་ཡིན་དགོས་པའི་ཕྱིར། འདོད་ན། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉན་ཐོས་ཀྱི་བསྒོམ་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བདེན་པའི་རྣམ་པ་ཅན་གྱི་བསྒོམ་ལམ་ཡིན་པར་ཐལ། ཉན་ཐོས་ཀྱི་བསྒོམ་ལམ་ཟག་མེད་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཟག་བཅས་བསྒོམ་ལམ་ཡིན་པར་ཐལ། ཞི་རགས་ཀྱི་རྣམ་པ་ཅན་གྱི་བསྒོམ་ལམ་ཡིན་པའི་ཕྱིར། གཞན་ཡང༌། དར་ཊཱིཀ་པའི་ཕྱོགས་ལ། བྱང་སེམས་ཀྱི་བསྒོམ་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཟག་བཅས་ཡིན་པར་ཐལ། གཞན་དོན་སྒྲུབ་པའི་གྲོགས་སུ་གྱུར་པའི་ཉོན་མོངས་པའི་ཟག་པ་དང་བཅས་པ་གང་ཞིག དེ་ཉོན་མོངས་མཚན་ཉིད་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་མཐར་ཁས་བླངས། སྔ་མ་དེར་ཐལ། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར། ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་ཟག་བཅས་ཟག་མེད་ཀྱི་དོན་ལ། དར་ཊཱིཀ་པ། སྒྲ་དོན་འདྲེས་འཛིན་གྱི་རྟོགས་པ་དང་བཅས་པ་དང་མ་བཅས་པ་ལ་བྱེད་དོ། །ཟེར། རྣལ་འབྱོར་མངོན་སུམ་གྱི་ངོ་བོར་གྱུར་པའི་ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པར་ཐལ། ཟག་བཅས་བསྒོམ་ལམ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། མིན་པར་ཐལ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བའི་ཕྱིར། དེར་ཐལ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཏེ། སྣང་བཅས་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། རྟགས་གྲུབ་པར་ཐལ། རིག་གཏེར་ལས། འཕགས་པ་གསུམ་གྱི་མངོན་སུམ་དང༌། །སློབ་དང་མི་སློབ་སྒོ་ནས་ལྔ། །དེ་དག་སྣང་བཅས་སྣང་མེད་ཀྱི། །དབྱེ་བས་གཉིས་གཉིས་རྣམ་པ་བཅུ། །ཞེས་པའི་གཞུང་དོན་གྲུབ་པའི་ཕྱིར། གཞན་ཡང༌། ས་བརྒྱད་པའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པར་ཐལ། ཟག་བཅས་བསྒོམ་ལམ་ཡིན་པའི་ཕྱིར། ཁྱབ་རྟགས་ཁས་བླངས། འདོད་ན། ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་ཆད་པ་སྲིད་པའམ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། སྒྲ་དོན་འཛིན་པའི་རྟོག་པ་གཉིས་མཚུངས་ལྡན་དུ་འབྱུང་བ་གང་རུང་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་གང་རུང་མིན་པར་ཐལ། དག་པ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་ལྡན་པའི་སྐབས་མི་སྲིད་པ་གང་ཞིག རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་མཚུངས་ལྡན་དུ་འབྱུང་བ་མི་སྲིད་པའི་ཕྱིར། དང་པོ་དེར་ཐལ། དག་པ་པར་ལམ་གྱི་དངོས་པོའི་རྒྱུན་དང་ལྡན་པའི་ཕྱིར། དེར་ཐལ། དངོས་པོ་ལྡན་དང་ཞེས་པའི་གཞུང་དོན་གྲུབ་པའི་ཕྱིར། ཡང་ཐེག་ཆེན་གྱི་མོས་པ་བསྒོམ་ལམ་དང༌། བསྔོ་བ་བསྒོམ་ལམ་དང༌། ཡི་རང་བསྒོམ་ལམ་གསུམ་ཀ་ཆོས་ཅན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པར་ཐལ། ཟག་བཅས་བསྒོམ་ལམ་ཡིན་པའི་ཕྱིར། འདོད་ན། དེ་དང་མཚུངས་པར་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པར་ཐལ། དེ་དང་མཚུངས་པར་ལྡན་པའི་བློ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཉིད་ལ་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། དེར་ཐལ་ཆོས་ཉིད་ལ་བསྒོམ་ལམ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་ཡིན་པའི་ཕྱིར། ཁོ་ན་རེ། ས་གཉིས་པའི་མོས་པ་བསྒོམ་ལམ་ཆོས་ཅན། རྟོག་པ་ཡིན་པར་ཐལ། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཞེན་བློ་ཡིན་པའི་ཕྱིར། ཞེ་ན། དེ་ཆོས་ཅན། ལམ་ཤེས་མིན་པར་ཐལ། ལམ་རྟོག་བློ་ལ་མ་འཁྲུལ་པའི་ཚུལ་གྱི་ཤེས་པའི་བློ་མིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། མིན་པར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་ཡིན་པའི་ཕྱིར། རྣམ་བཤད་ལས། གཟུང་འཛིན་གཉིས་སྣང་གི་ཤེས་སྒྲིབ་ཀྱི་རྟོག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དང༌། དེ་དང་བྲལ་བའི་རྗེས་ལ་མངོན་རྟོགས་དེ། གཉིས་པོའི་ཁྱད་པར་བཞེད། ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། གཟུང་འཛིན་གཉིས་སྣང་གི་ཤེས་སྒྲིབ་ཀྱི་རྟོགས་པ་དང་བཅས་པར་ཐལ། ཟག་བཅས་བསྒོམ་ལམ་ཡིན་པའི་ཕྱིར། འདོད་ན། ཤེས་སྒྲིབ་གཟུང་རྟོག་དང་བཅས་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ཀྱི་ཤེས་སྒྲིབ་གཟུང་རྟོག་མ་ལུས་པ་སྤངས་པའི་ཕྱིར། དེར་ཐལ། རང་རྒྱལ་དགྲ་བཅོམ་པས་དེ་སྤངས་པ་གང་ཞིག ཁྱོད་ཀྱིས་རང་རྒྱལ་དགྲ་བཅོམ་པའི་སྤངས་པ་རྫོགས་པའི་ཕྱིར། ཁྱབ་པ་མེད་དེ། གཟུང་འཛིན་གཉིས་སྣང་གི་ཤེས་སྒྲིབ་ཕྲ་མོ་ནི་དབང་དུ་བྱས་སོ་ཞེ་ན། ས་གཉིས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། ཟག་བཅས་བསྒོམ་ལམ་ཡིན་པར་ཐལ། གཟུང་འཛིན་གཉིས་སྣང་གི་ཤེས་སྒྲིབ་ཕྲ་མོ་དང་བཅས་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། དེར་ཐལ། གཟུང་འཛིན་གཉིས་སུ་སྣང་བའི་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། རྟགས་གྲུབ་ཏེ། འཕགས་པའི་མཉམ་གཞག་ལ་ཆོས་ཅན་ཀུན་རྫོབ་པའི་སྣང་བ་ཡོད་པའི་ཕྱིར། མོས་པ་རང་གི་དོན་དང་ནི། །ཞེས་པར། ཐེག་ཆེན་གྱི་མོས་པ་བསྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་བསྒོམ་ལམ་གང་ཞིག་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཞེན་བློ་མཚུངས་ལྡན་དང་བཅས་པ་ཟེར་ན། རྣམ་བཤད་པའི་ཕྱོགས་ལ་ནང་འགལ་ཏེ། ས་བརྒྱད་པའི་མོས་པ་བསྒོམ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་ཐལ། ཞེན་བློ་དེ་དང་མཚུངས་པར་ལྡན་པའི་བློ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། དག་པའི་ཡེ་ཤེས་ཡིན་པའི་ཕྱིར།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*