ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ། ང ༽

ཐེག་ཆེན་དུ་ངེས་པ་ནི་རྟགས་ཀྱིས་བསྒྲུབ་མི་དགོས་པའི་ཕྱིར་དང༌། ཐེག་དམན་དུ་རིགས་ངེས་པ་ནི་སྒྲུབ་མི་ནུས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་ཆོས་ཀྱི་རྗེ་གསུང་ངོ༌། །བསྒྲུབ་བྱའི་ཆོས་ཀྱི་དོན་ནི། བྱང་ཆུབ་ཙམ་ལས་ཕྱིར་མི་ལྡོག་པ་དང༌། བྱང་ཆུབ་ཁྱད་པར་ཅན་ལས་ཕྱིར་མི་ལྡོག་པར་སྒྲུབ་པ་གཉིས་ལས་འདིར་ཕྱི་མ་བཟུང་ལ། དེ་ཡང་གནས་སྐབས་ཀྱི་དབང་དུ་བྱས་ཀྱི། མཐར་ཐུག་ནི་སེམས་ཅན་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ཕྱིར་རོ། །གསུམ་པ་རྟགས་སུ་བཟུང་བྱ་ནི། མཉམ་གཞག་དང་རྗེས་ཐོབ་གཉིས་ལས། དང་པོ་ནི། རང་ངོར་བརྟགས་པ་ཡིན་ལ། གཉིས་པ་ནི་གཞན་ངོར་རྟགས་སུ་འགྱུར་རོ། །འདི་ལ་ཡང་ཉི་ཤུ་དང༌། བཅུ་དྲུག་སོགས་བཤད་པ་ནི། ཡོན་ཏན་གྱི་ཚུལ་གྱི་རྟགས་འདི་དང་འདི་ལྟ་བུ་ཡོད་དོ། །ཞེས་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་བཤད་པ་ཡིན་གྱི། གང་རུང་རེ་རེས་ཀྱང་བསྒྲུབ་པར་མི་ནུས་པ་ནི་མིན་ཏེ། ཐབས་ཤེས་ཁྱད་པར་ཅན་དཔོག་ནུས་པའི་ལུས་ངག་གི་མཚན་མ་གང་རུང་རེ་རེས་ཀྱང་བསྒྲུབ་ནུས་པའི་ཕྱིར་རོ། །གཉིས་པ་རྟགས་སུ་འགྱུར་བའི་ཚུལ་ལ། གང་ཟག་གང་ལ་རྟགས་སུ་འགྱུར་བ་དང༌། དེས་ཚུལ་གསུམ་ཇི་ལྟར་དྲན་པ་དང༌། རྟགས་སྦྱོར་ངོས་བཟུང་བའོ། །དང་པོ་ལ་རྒོལ་ཕྱིར་རྒོལ་གཉིས་ཀ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་དང༌། རྟགས་ཅན་གྱི་འབྲེལ་པ་རང་རྒྱུད་ལ་ཕེབས་ཟིན་པ་ཅིག་དགོས་ཏེ། གཞན་དུ་ན། དཔེ་ལ་ཡང་ནི་དཔེ་གཞན་ཞིག །བསྒྲུབ་བྱ་ཡིན་ཕྱིར་ཐུག་མེད་འགྱུར། །ཞེས་འབྱུང་བ་ལྟར་རོ། །དེའི་ཕྱིར་སྔར་རྒོལ་རང་ཉིད་ཀྱང༌། རྟགས་ཁྱད་པར་ཅན་གྱི་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ངེས་པ་གཅིག་དགོས་ཏེ། གཞན་དུ་ན། བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་པ་མཐོང་མེད་ཕྱིར། །ཞེས་པའི་སྐྱོན་དུ་འགྱུར་བས་སོ། །འདི་ལ་རང་ངོར་རྟགས་སུ་འགྱུར་བ་དང༌། གཞན་ངོར་རྟགས་སུ་འགྱུར་བ་གཉིས་ཡོད་ཅིང༌། དང་པོ་ལ་རང་དོན་སྐབས་ཀྱི་གཏན་ཚིགས་ཞེས་བྱ་ལ། འདི་ལའང༌། རང་གི་རྟོགས་པ་མཉམ་གཞག་ལས་དཔོག་པ་དང༌། གཞན་གྱི་རྟོགས་པ་རྗེས་ཐོབ་ལས་དཔོག་པ་གཉིས་ཡོད་དེ། གཉིས་པ་ནི། ཕྱོགས་ཆོས་ནི་མངོན་སུམ་གྱིས་གྲུབ་ཅིང༌། ཁྱབ་པ་ནི། མཐུན་ཕྱིར་རྒོལ་རང་ཉིད་ཀྱི་སྟེང་དུ་གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། ཞེས་པ་ལྟ་བུ་ཡིད་ཆེས་པའི་ལུང་གིས་གྲུབ་པ་ཁོ་ན་ཡིན་ཏེ། ཕྱིར་མི་ལྡོག་པ་དག་ནི་རྣམ་པ་མེད་པ་ཤིན་ཏུ་ལྐོག་གྱུར་ཡིན་པས། ཁྱད་པར་གྱི་ལམ་ལ་གནས་པའམ། སངས་རྒྱས་མ་གཏོགས་པའི་མངོན་སུམ་གྱིས་མི་འགྲུབ་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ས་བཅུའི་བྱང་སེམས་ཆེན་པོ་རྣམས་ཀྱིས། དམ་པའི་ཆོས་སྣ་ཚོགས་པ་གསུང་མོད་ཀྱི། གཞན་བྱང་ཆུབ་ཏུ་ལུང་བསྟན་པ་ནི་མ་མཛད་དེ། སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་མངོན་པར་རྟོགས་པའི་རྒྱན་གྱི་མེ་ཏོག་ལས་གསུང་པ་དེ་ལྟར་ལེགས་སོ། །འོ་ན་རྣམ་བཤད་ལས། ཁྱབ་འབྲེལ་ལུང་ལས་ངེས་པར་བྱས་པ་ཡིན་ན། རང་རྒྱུད་ལ་ཕབ་པ་ལ་ལྟོས་མི་དགོས་པར་བཤད་པ་མིན་ནམ་ཞེ་ན། དེ་ནི་ཡིད་ཆེས་ཀྱི་རྟགས་སུ་སོང་བའི་དབང་དུ་བྱས་པ་ཡིན་ལ། འདིར་དངོས་སྟོབས་ཀྱི་དབང་དུ་བྱས་པ་ཡིན་པས་ཁྱབ་འབྲེལ་ལུང་གི་སྒོ་ནས་རང་རྒྱུད་ལ་གཏན་ལ་ཕེབས་པར་འདོད་པས་མི་འགལ་ལོ། །ཡང་ན་ནི། མཉམ་རྗེས་ཀྱི་འབྲེལ་པ་དངོས་པོའི་སྟོབས་ཀྱིས་རང་རྒྱུད་ལ་གཏན་ལ་ཕེབས་ཤིང༌། མཉམ་རྗེས་ཀྱི་རྟགས་གང་རུང་དང༌། ཕྱིར་མི་ལྡོག་པའི་འབྲེལ་པ་ལུང་ཁོ་ནས་གྲུབ་པ་ཅིག་དགོས་ཞེས་པའི་དོན་ནོ། །གསུམ་པ་ནི་མདོ་ལས། རབ་འབྱོར་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་ལྡོག་པར་བཟུང་བར་བྱའོ། །ཞེས་པའི་འགྲེལ་ཆེན་ལས། བཟུང་བར་བྱའོ་ཞེས་བྱ་བ་ནི། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་ཚུལ་དུ་རུང་བ་ཉིད་ཀྱིས་རྗེས་སུ་དཔག་པར་བཟུང་བར་བྱའོ། །ཞེས་གསུངས་པས། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། བརྩེ་བ་སྙིང་རྗེས་ཆེན་པོ་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་ལྡན་པ་ཡིན་ཏེ། གཞན་གྱི་དོན་དུ་དམྱལ་བའང་ཚོལ་བ་དང་བདུད་ལས་ཀྱིས་མི་ཕྱེད་པ་སོགས་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་ཐོག་མར་ཕྱོགས་ཆོས་འབྲས་བུ་མངོན་སུམ་དུ་མཐོང་བའི་རྟགས་ཀྱིས་བསྒྲུབས་ནས། ཕྱིས་དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་དུ་རུང་སྟེ། རྣམ་མཁྱེན་གྱི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཞེས་རང་བཞིན་རྟགས་ཀྱིས་སྒྲུབ་པར་བྱེད་དོ། །དེ་ལྟར་ན། བཀོད་ཚོད་ལ་འབྱུང་རུང་ལ། གཏན་ཚིགས་བཀོད་ཀྱང༌། སོང་ཚོད་ལ། ཕྱིར་མི་ལྡོག་པའི་རྟགས་སུ་སོང་བ་ཡིན་ནོ། །འོ་ན་རྣམ་འགྲེལ་ལས་བཤད་པ་ལྟར་ན། འབྱུང་ངེས་བསྒྲུབ་པ་ལ་ཁྱབ་པ་འཁྲུལ་བར་བཤད་པས། སྦྱོར་ལམ་པ་དབང་རྣོན་སོགས་ཕྱིར་མི་ལྡོག་ཏུ་མ་ངེས་པར་འགྱུར་རོ་ཞེ་ན། རྣམ་པར་དཔྱོད་པ་ལ་ཞུགས་པ་ཁྱོད་བདེན་མོད་ཀྱི། འོན་ཀྱང་ཕྱི་རོལ་གྱི་ས་བོན་སོགས་དང་མི་མཚུངས་ཏེ། དེ་ནི་འགལ་རྐྱེན་གྱིས་མེད་པར་བྱེད་ནུས་ལ། འདིར་ནི་དེ་ལྟར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན། དཱི་པཾ་ཀ་ར་ཤྲཱིས། རང་ལ་དཔོག་ན་རྒྱུ་ཚོགས་པའི། །རང་བཞིན་ཁོ་ནའི་གཏན་ཚིགས་སོ། །གཞན་གྱིས་དཔག་ན་རང་བཞིན་དང༌། །འབྲས་བུའི་གཏན་ཚིགས་གཉིས་ཀྱིས་དཔག །དཔག་པའི་དགོས་པ་རང་ལ་ནི། །ཞུམ་པ་དགག་དང་གཞན་ལ་ནི། །བརྙས་པ་སྐྱེ་བ་དགག་པའོ། །ཞེས་གསུངས་པའང་ལེགས་པར་གྲུབ་བོ། །སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ལའང༌། རབ་འབྱོར་བྱང་སེམས་ཆེན་པོ་གང་གཟུགས་དང་ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། སྐྱེ་མཆེད་རྣམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལས་ཕྱིར་མི་ལྡོག་པ་དེ་ནི་བྱང་སེམས་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་མདོའི་རིམ་པ་གཅིག་ལ། བསྟན་བཅོས་ལས་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་སྟོན་པ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ཞེས་སོགས་སོ། །འདི་དག་ལ་སློབ་དཔོན་གྱིས། དྲོད་ཀྱིས་རྟགས་བཅུ་གཅིག་ལ་སོགས་པར་ཕྱེ་བ་ཡིན་ལ། ཤཱནྟི་པས་ནི་དེ་འདྲའི་དབྱེ་བ་མ་བཤད་དོ། །ཞེས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བཤད་དོ། །ཡང་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་ཅི་ལས་སླར་ལྡོག་པའི་སླད་དུ། ཕྱིར་མི་ལྡོག་པ་ཞེས་བགྱི་བ་ལགས། ཞེས་སོགས་མདོའི་རིམ་པ་གཅིག་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱིས། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་འཆད་པར་བྱེད་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །ཞེས་སོགས་སོ། །འོ་ན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་གཞན་ངོར་རྟགས་སུ་ཇི་ལྟར་འགྱུར་ཞེ་ན། མཉམ་གཞག་གི་མིང་གིས་བསྟན་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་པོ་དེ་གཞན་ངོར་རྟགས་སུ་འགྱུར་རོ། །ཞེས་སྟོན་པ་ནི། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས། བསྡུས་པ་འདི་རྣམས་ཞེས་སོ། །དོན་ནི། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་མཐོང་ལམ་དབང་འབྲིང་ཆོས་ཅན། ཁྱོད་གཞན་ངོར་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་གཏན་ཚིགས་མེད་པ་མིན་ཏེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་བསྐྱེད་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་པོ་དེ་ལྟར་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། ཞེས་པའོ། །ཅི་སྟེ་མཐོང་ལམ་རྗེས་ཐོབ་མེད་ན། རྗེས་ཐོབ་ཀྱི་སྤྱོད་པ་རྟགས་སུ་ཇི་ལྟར་འགྱུར་ཞེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་ཁྱོད་བདེན་མོད། ཁོ་བོ་ཅག་འདི་ལྟར་སེམས་ཏེ། ཕྱིར་རྒོལ་རྟོགས་པའི་ཆོས་ཀྱི་སྤྱན་དང་ལྡན་པས་ཚུལ་གསུམ་ཚད་མས་གཏན་ལ་ཕེབས་ཞིང༌། ཕྱིར་མི་ལྡོག་པའི་ཐ་སྙད་མ་གྲུབ་པ་ལ། སྔར་རྒོལ་རྟོགས་པའི་ཆོས་ཀྱི་སྤྱན་དང་ལྡན་པས། མ་ངེས་པའི་རིགས་ཅན་གྱིས་བྱང་སེམས་མཐོང་ལམ་པ་དབང་འབྲིང་ཆོས་ཅན། རྫོགས་པའི་བྱང་ཆུབ་ལ་ཕྱིར་མི་ལྡོག་པ་ཡིན་ཏེ། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་འདྲེན་ནུས་ཀྱི་མཉམ་གཞག་གི་རྟོགས་པ་དང་ལྡན་པའི་ཕྱིར། ཞེས་སྟོན་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཟློག་པ་ལ་སོགས་པ་སྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ། །ཞེས་སོ། །རྗེས་ཀྱི་མཚན་མས་མཉམ་གཞག་གི་རྟོགས་པ་དཔོག་པར་འཁྲུལ་ལོ་ཞེ་ན། རྣལ་འབྱོར་པ་རྣམས་ཀྱིས་ཞེས་སོ། །མཉམ་གཞག་གིས་རྗེས་ཐོབ་ཀྱི་མཚན་མ་བསྐྱེད་པ་མི་འཐད་དོ་ཞེ་ན། དེ་ལྟ་མིན་ན་ཞེས་སོ། །གསུམ་པ་སྒོམ་ལམ་པའི་ཕྱིར་མི་ལྡོག་པའི་རྟགས་ལ། སྒོམ་ལམ་གཏན་ལ་དབབ་པ་དང༌། རྟགས་ཀྱི་དོན་དངོས་བཤད་པ་གཉིས། དང་པོ་ལ། དངོས་དང་རྩོད་པ་སྤང་བ་གཉིས། དང་པོ་ལ། ངོ་བོ་དང༌། དབྱེ་བ་གཉིས། དང་པོ་ལ། ཁྱད་པར་གྱི་ཆོས་དང༌། ཁྱད་པར་གྱི་གཞི་གཉིས། དང་པོ་ལ་འབྲེལ་ནི། སྒོམ་ལམ་འཆད་པའི་སྔར་སྒོམ་ལམ་གྱི་ཁྱད་ཆོས་བསྟན་ཏེ། ཆོས་ཀྱི་གྲགས་པའི་གཞུང་ལས། ཁྱད་པར་དང་ནི་ཁྱད་པར་གཞི། །འགྲེལ་དང་འཇིག་རྟེན་གཞུང་ལུགས་ནི། །བཟུང་ནས་དེ་དག་སྡོམ་བྱ་སྟེ། །དེ་ལྟར་རྟོགས་ཀྱིས་གཞན་དུ་མིན། །ཞེས་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། ལུགས་ལས། ཞེས་སོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རབ་འབྱོར་ཟབ་མོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །འདི་ནི་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཞེས་སོ། །དེ་ཉིད་བསྡུད་པ་ནི། སྒོམ་པའི་ལམ་ནི་ཞེས་སོ། །འདིར་སྒོམ་ལམ་གྱི་ཟབ་མོ་བཅུ་ནི། ཉི་ཁྲི་སྣང་བ་ལྟར་ན། རྣམ་ཐར་སྒོ་གསུམ་འདུ་མི་བྱེད། །སྐྱེ་བ་མེད་དང་འདོད་ཆགས་བྲལ། །འགག་པ་ཞི་བ་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཟབ་མོ་བཅུ། །ཞེས་པར་འགྱུར་རོ། །བརྒྱད་སྟོང་པ་ལྟར་ན། རྣམ་ཐར་སྒོ་གསུམ་འདུ་མི་བྱེད། །མ་བྱུང་མ་སྐྱེས་དངོས་པོ་མེད། །འདོད་ཆགས་བྲལ་དང་འགོག་པ་དང༌། །མྱ་ངན་འདས་དང་མེད་པར་འགྱུར། །ལྡོག་པའི་དབྱེ་བས་བཅུ་གཅིག་སྟེ། །ཆོས་དབྱིངས་ཡིན་པར་ཤེས་པར་བྱ། །ཞེས་བྱ་བར་འགྱུར་རོ། །གཉིས་པ་ཁྱད་གཞི་ལ། བཤད་བྱའི་མདོ་ནི། ཟབ་མོ་འདི་དག་ལ་སེམས་པར་འགྱུར། འཇལ་བར་འགྱུར། ངེས་པར་རྟོག་པར་འགྱུར། ཞེས་སོ། །དེ་བསྡུད་པ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི་ཞེས་སོ། །གཉིས་པ་དབྱེ་བ་ལ། མདོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་དང་མ་བྲལ་བ་གང་ཞིག བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན། དེ་ཇི་སྙམ་དུ་སེམས། དེའི་རྒྱུ་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་སྟེ། གཞལ་དུ་མ་མཆིས་གྲངས་མ་མཆིས། མཚུངས་པ་མ་མཆིས། ཞེས་སོགས་སོ། །དེ་བསྡུད་པ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཞེས་སོ། །གཉིས་པ་རྩོད་པ་སྤང་བ་ལ། དབྱེ་བ་ལ་འཕྲོས་པའི་རྩོད་པ་སྤང་བ། བྱེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ། མདོའི་དངོས་བསྟན་ལ། རྩོད་ལན་ཇི་ལྟར་འབྱུང་བའི་ཚུལ་དང༌། འཕགས་སེང་གིས་ཤུགས་བསྟན་གྱི་དགོངས་པ་ཇི་ལྟར་བཀྲལ་བ་གཉིས། དང་པོ་ནི། དབྱེ་བའི་ཐད་ཀྱི་མདོ་ལས། ཡུམ་དང་མ་བྲལ་བ་དེ་ལྟར། གྲངས་མེད་གཞལ་དུ་མེད། ཚད་མེད་པའི་བསོད་ནམས་སྐྱེ་བར་འགྱུར་རོ། །ཞེས་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཕུང་པོ་ལྔ་ཡང་གྲངས་མེད་སོགས་སུ་འགྱུར་བའི་རྣམ་གྲངས་མཆིས་སམ། བཀའ་སྩལ་པ། གཟུགས་སྟོང་པ་དེ་གྲངས་མེད། གཞལ་དུ་མེད། ཚད་མེད་པའོ་ཞེས་གསུངས་སོ། །དོན་ནི། སྟོང་པ་ཉིད་ལ་གྲངས་མེད་པ་ལ་སོགས་པས་ཁྱད་ཁྱབ་པ་བཅས་ཞལ་གྱིས་བཞེས་ཤིང་དེའི་ཤུགས་ལ་སྟོང་པ་ཉིད་ཡིན་ན་གྲངས་མེད་སོགས་ཀྱི་དབྱེ་བ་ཐ་དད་པ་གསུམ་མི་རིགས་པས་ཁྱབ་པར་ཞལ་གྱིས་བཞེས་པའོ། །གསོལ་པ། གཟུགས་འབའ་ཞིག་སྟོང་དུ་བས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་སམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་དམ། དོན་ནི། དེས་རྟགས་ཞལ་གྱིས་བཞེད་པའོ། །དེ་ལ་ཐལ་བ་འཕེན་པ་ནི། བཅོམ་ལྡན་འདས་དེ་བས་ན་ཆོས་དེ་དག་ལ་དོན་དང་ཡི་གེ་ཐ་དད་དུ་བྱ་བ་མི་དམིགས་སོ། །དོན་ནི། སྒོམ་ལམ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་སོགས་དོན་རང་མཚན་དུ་ཐ་དད་དུ་བྱ་བ་དང༌། ཡི་གེ་སྟེ་བརྗོད་པ་ཙམ་གྱིས་ཡུལ་དུ་ཐ་དད་དུ་བྱ་བ་མི་དམིགས་པར་ཐལ། སྟོང་པ་ཉིད་ཡིན་པའི་ཕྱིར། འཁོར་གསུམ་ཞལ་གྱིས་བཞེས་སོ་ཞེ་ན། ལན་ལ། དོན་དམ་དུ་འདོད་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་དེ་དག་ལ་དོན་དམ་ཡི་གེ་ཐ་དད་དུ་བྱ་བ་མི་དམིགས་སོ། །ཞེས་གསུངས། དེ་བསྡུད་པ་ནི་གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཞེས་སོ། །དོན་ནི། ཐེག་ཆེན་སྒོམ་ལམ་ཆོས་ཅན། ཁྱོད་ལས་དོན་དམ་པར་འབྲས་བུ་གྲངས་མེད་སོགས་མི་འབྱུང་སྟེ། དོན་དམ་པར་སྟོང་ཉིད་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་ཀྱི་ལན་བདེབས་པ་ནི། རབ་འབྱོར་འོན་ཀྱང་བརྗོད་དུ་མེད་པའི་དོན་ལ། དེ་བཞིན་གཤེགས་པས་མི་ཟད་པ་ཞེས་བྱའམ། གྲངས་མེད་པ་དང༌། གཞལ་དུ་མེད་པ་དང༌། ཚད་མེད་པ་དང༌། སྟོང་པ་ཉིད་དང་ཅེས་པ་ནས། མྱ་ངན་ལས་འདས་པ་ཞེས་བྱ་བར་མངོན་པར་བརྗོད་པ་འདི་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པ་དེ་བསྡུད་པ་ནི། ཀུན་རྫོབ་དུ་ནི་ཐུགས་བརྩེ་བས། །རྒྱུ་མཐུན་དེ་དག་ཐུབ་པས་བཞེད། །ཅེས་པའོ། །དོན་ནི། ཐེག་ཆེན་སྒོམ་ལམ་ཆོས་ཅན། དོན་དམ་པར་སྟོང་པ་ཉིད་ཡིན་ན། ཀུན་རྫོབ་ཏུ་བསོད་ནམས་གྲངས་མེད་སོགས་མི་འབྱུང་བས་མ་ཁྱབ་པར་ཐལ། དོན་དམ་པར་སྟོང་པ་ཉིད་ཡིན་ཀྱང་ཀུན་རྫོབ་ཏུ་བསོད་ནམས་གྲངས་མེད་སོགས་འབྱུང་བ་དེ། དེ་བཞིན་གཤེགས་པའི་ཐུགས་རྗེས་རྒྱུ་མཐུན་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ལ་འཕགས་པ་ལྟར་ན། འཕྲོས་ཚུལ་སྔ་མ་དང་འདྲ་ལ། ཕྱེད་སྔ་མས་རྩོད་པ་སྟོན་པ་ནི། སྒོམ་ལམ་གྱི་རྣམ་པ་རེ་རེ་ལ་བསོད་ནམས་གྲངས་མེད་ལ་སོགས་སྐྱེ་བར་བསྟན་པ་རྣམས་དམ་པའི་དོན་དུ་བཟོད་པ་མིན་ཏེ། དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པར་བརྗོད་པས་ཐ་མི་དད་པའི་ཕྱིར་ཞེ་ན། ཕྱེད་ཕྱི་མས་ལན་སྟོན་པར་བཞེད་དོ། །སློབ་དཔོན་ལྟར་ན། རྣམ་པ་དགུར་བཞེད་དོ། །ཞེས་གྲངས་ངེས་ཁས་བླངས་པ་ལ། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དགུར་གྲངས་མ་ངེས་པར་ཐལ། དགུ་པོ་རེ་རེ་ལའང་འབྲས་བུ་གྲངས་མེད། གཞལ་མེད། ཚད་མེད་གསུམ་གསུམ་འབྱུང་བར། མདོ་ལས་གསུངས་པའི་ཕྱིར། ཁྱབ་སྟེ། ཐ་དད་རྒྱུ་ཐ་དད་ལས་ཡིན་ཞེས་གསུངས་པ་ལྟར། འབྲས་བུ་རྒྱུའི་རྗེས་སུ་བྱེད་པའི་ཕྱིར་ཞེ་ན། ཞེས་སྟོན་པ་ནི། རྒྱལ་བའི་ཡུམ་དེ་དང་དེ་ལས་རྣམ་པ་རེ་རེའི་དབང་དུ་མཛད་དེ། ཞེས་སོགས་སོ། །ལན་ལ། རྩོད་པ་འདི་དོན་དམ་དང༌། ཀུན་རྫོབ་གང་ལ་བརྟེན་ནས་རྒོལ། དང་པོ་ལྟར་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱིས་སྒོམ་ལམ་དགུ་པོ་རེ་རེ་ལ་དོན་དམ་པར་འབྲས་བུ་གྲངས་མེད་སོགས་གསུམ་གསུམ་འབྱུང་བའི་རྒྱུ་མཚན་གྱིས། ཐེག་ཆེན་གྱི་སྒོམ་ལམ་ལ་དགུར་གྲངས་མ་ངེས་པའི་མིན་པར་ཐལ་ལ། དོན་དམ་པར་དགུ་པོ་རེ་རེ་ལ་བསོད་ནམས་གྲངས་མེད་སོགས་གསུམ་གསུམ་དབྱེ་མི་ནུས་པའི་ཕྱིར། ཞེས་སྟོན་པ་ནི། གྲངས་མེད་པ་དང༌། གཞལ་དུ་མེད་པ་དང༌། ཚད་མེད་པ་བསྟན་པ་ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ཀྱིས་ནི་དོན་དམ་པར་བསྒོམ་པའི་ལམ་ཇི་སྐད་བཤད་པའི་མཚན་ཉིད་ཅན་ཐ་དད་པ་ཉིད་ཀྱིས་ངོ་བོར་དབྱེ་བར་བྱ་བ་བཟོད་པ་མིན་པས་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། ཀུན་རྫོབ་ཏུ་དགུ་པོ་རེ་རེ་ལ་འབྲས་བུ་གྲངས་མེད་སོགས་གསུམ་འབྱུང་བའི་རྒྱུ་མཚན་གྱིས། དགུར་གྲངས་མ་ངེས་པ་མིན་པར་ཐལ། རྫས་ཀྱི་སྒོ་ནས་གྲངས་ངེས་བྱས་པ་གང་ཞིག་གྲངས་མེད་སོགས་གསུམ་པོ་ལྡོག་པ་སོ་སོར་ཕྱེ་བ་ཙམ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ཀུན་རྫོབ་ཏུ་ནི་དོན་གཅིག་ཏུ་རབ་ཏུ་སྦྱར་བ་ལ་ལྡོག་ནས་ཉེ་བར་བསྐྱེད་པས་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །ཞེས་སོ། །མདོར་ན། ཕྱེད་སྔ་མས། དོན་དམ་དུ་རྟགས་མ་གྲུབ་ཀྱི་ལན་དང༌། ཕྱེད་ཕྱི་མས་ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་ཀྱི་ལན་སྟོན་པར་བཞེད། འདིའི་བདེན་གཉིས་ནི། དབུ་མ་པ་ལ་གྲགས་པ་ལྟར་མིན་གྱི། དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་པ་ལྟར་ཡིན་ནོ། །ཞེས་འཆད་པ་དང༌། རིགས་རལ་ལ་སོགས་བཞེད་ལ། དབུ་མ་པ་ལྟར་ཡིན་ནོ་ཞེས་འབྲེ་ཆེན་པོ་གསུང་ངོ༌། །བྱེད་པ་ལ་རྩོད་པ་སྤང་བ་པ་ལ་ལྟོས་ལ། གནས་སྐབས་ཀྱི་བྱེད་པ་རྩོད་པ་སྤང་བ། མཐར་ཐུག་གི་བྱེད་པ་རྩོད་པ་སྤང་བ་གཉིས། དང་པོ་ལ། མདོ་ལས་ཇི་ལྟར་གསུངས་པ་ནི། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་བརྗོད་དུ་མེད་པ་དང༌། སྟོང་པ་ཉིད་དུ་བསྟན་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པ་ལགས་སམ། ཞེས་རྟགས་ཞལ་གྱིས་བཞེས་བཅུག་པའོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་རྟགས་ཞལ་གྱིས་བཞེས་པའོ། །བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ་འགྲིབ་པ་མ་མཆིས་སམ། ཞེས་ཁྱབ་པ་ཞལ་གྱིས་བཞེས་བཅུག་པས་སོ། །རབ་འབྱོར་བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་འགྲིབ་པ་མེད་དོ་ཞེས་ཁྱབ་པ་ཞལ་གྱིས་བཞེས་པའོ། །དེ་བསྡུད་པ་ནི། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །ཞེས་པའོ། །དེ་ལ་སྐྱོན་འཕེན་པ་ནི། བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའང་མ་མཆིས། འགྲིབ་པའང་མ་མཆིས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང༌། འཕེལ་བའམ་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཞེས་པ་ནས་ཇི་ལྟར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་འགྱུར་ཞེས་སོ། །དོན་ནི། ཕྱིན་དྲུག་སོགས་ཀྱིས་མཚོན་པའི་ཐེག་ཆེན་སྒོམ་ལམ་ཆོས་ཅན། ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ། བརྗོད་དུ་མ་མཆིས་པའི་ཕྱིར། དེ་བསྡུད་པ་ནི། སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །ཅེས་པའོ། །བསྟན་བཅོས་སུ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ལ། དེ་ལྟ་ན་སྒོམ་ལམ་ཡང་སྟོང་པ་ཉིད་དུ་ཁས་ལེན་དགོས་པས། ཞེས་འཕྲོས་ནས་བླངས་ན་ལེགས་སོ། །ལན་ལ་ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་པའི་ལན་ནི། རབ་འབྱོར་བྱང་སེམས་ཡུམ་ལ་སྤྱོད་ཅིང་ཡུམ་སྒོམ་པ་ཐབས་ལ་མཁས་པ་ནི། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་འཕེལ་ལོ་ཡོངས་སུ་འགྲིབ་བོ་སྙམ་དུ་མི་སེམས་ཀྱི། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ་སྙམ་ནས་དེ་སྦྱིན་པ་བྱིན་པར་བྱེད་ཅིང༌། ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་གིས། དགེ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་བཞིན་ཡོངས་སུ་བསྔོའོ། །དེ་བསྡུད་པ་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་པ་སྟེ། དོན་ནི་ཐེག་ཆེན་གྱི་སྒོམ་ལམ་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན། ཉམས་འཕེལ་གྱི་བྱ་བ་མི་བྱེད་པས་མ་ཁྱབ་པར་ཐལ། ཀུན་རྫོབ་ཏུ་ཉམས་འཕེལ་གྱི་བྱ་བ་བྱེད་པའི་ཕྱིར། དཔེར་ན་རྫོགས་པའི་བྱང་ཆུབ་བཞིན་ནོ། །དོན་དམ་དུ་འདོད་པའི་ལན་ནི། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཆོས་ཐམས་ཅད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གསོལ་བ་ཇི་ལྟར་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་སོགས་ནས། དེ་ནི་འཕེལ་བའང་མེད། ཡོངས་སུ་འགྲིབ་པའང་མེད་དོ། །དེ་བསྡུད་པ་ནི། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་སོ། །དོན་ནི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དོན་དམ་པར་ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ། དོན་དམ་པར་སྟོང་ཉིད་ཡིན་པའི་ཕྱིར། ཞེས་པའི་རབ་འབྱོར་གྱི་ཐལ་འགྱུར་དེ་ཆོས་ཅན། བཅོམ་ལྡན་འདས་ལ་གནོད་བྱེད་ཀྱི་ཐལ་འགྱུར་མིན་ཏེ། བཅོམ་ལྡན་འདས་ཀྱི་འདོད་ལན་གསུངས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དཔེར་ན་བྱང་ཆུབ་བཞིན་ནོ། །ཞེས་སྟོན་པར་མ་ཕམ་བསྟན་པའི་ཉི་མ་སངས་རྒྱས་དཔལ་བཞེད་དོ། །ལ་ལ་ན་རེ། དོན་དམ་དུ་འདོད་པའི་ལན་བསྟན་བཅོས་ཀྱིས་མ་བསྡུས་ཤིང་འགྲེལ་པས་བཤད་ཅེས་ཀྱང་གསུངས། རྩོད་པ་འདི་དག་དངོས་སྨྲའི་དབང་དུ་བྱས་པ་ཡིན་པས། དེ་ལ་དཔེ་ཇི་ལྟར་འགྲུབ་ཅེ་ན། དང་པོ་ནས་མ་གྲུབ་པ་བདེན་མོད། ཐོག་མར་དཔེ་བསྒྲུབ་པ་ནི། དེ་བཞིན་ཉིད་མཚན་ཉིད་བྱང་ཆུབ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །དེ་ཡང་དེའི་མཚན་ཉིད་བཞེད། །ཅེས་སྦྱར་རོ། །ཞེས་ཀུན་མཁྱེན་ཆོས་རྗེས་གསུངས་ཞིང༌། འགྲེལ་པའི་དགོངས་པའོ། །གཉིས་པ་ལ་རྩོད་ལན་གཉིས་ལས། རྩོད་པ་ལ་མདོ་ནི། བཅོམ་ལྡན་འདས་ཅི་སེམས་བསྐྱེད་པ་དང་པོས་བྱང་སེམས་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའམ། འོན་ཏེ་སེམས་བསྐྱེད་པ་སླད་མས་བྱང་སེམས་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱའམ། བཅོམ་ལྡན་འདས་སེམས་བསྐྱེད་པ་སླད་མ་ནི་སེམས་བསྐྱེད་པ་སྔ་མ་དང་མི་འགྲོགས། སྔ་མ་ཡང་སླད་མ་དང་མི་འགྲོགས་ན། ཇི་ལྟར་བྱང་སེམས་ཆེན་པོ་དགེ་བའི་རྩ་བ་གསོག་པར་འགྱུར། དགེ་བའི་རྩ་བ་མ་བསགས་པར་ནི་བྱང་སེམས་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བར་མི་ནུས་སོ། །ཞེས་གསུངས། དེ་བསྡུད་པ་ནི། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་པ་སྟེ་དོན་ནི། ཐེག་ཆེན་གྱི་སྒོམ་ལམ་གོང་དུ་བཤད་མ་ཐག་པའི་དོན་ནོ། །རྫོགས་པའི་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་མ་ཁོ་ནས་ཀྱང་མིན། ཕྱི་མ་ཁོ་ནས་ཀྱང་མིན། སྔ་ཕྱི་ལྷན་ཅིག་ཏུ་ཚོགས་པས་ཀྱང་མིན་པའི་ཕྱིར་ཞེ་ན། ཞེས་པའོ། །འཕྲོས་ནི། སློབ་དཔོན་ལྟར་ན། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །ཞེས་པར། དོན་དམ་པར་ཉམས་འཕེལ་གྱི་བྱ་བ་མི་བྱེད་པ་དང༌། ཀུན་རྫོབ་ཏུ་བྱེད་པར་ཁས་བླངས་པ་ལ། ཀུན་རྫོབ་ཏུ་ཡང་མི་རུང་བར་རྩོད་པ་ལ་གཞུང་འདི་གསུངས་པར་བཞེད། རཏྣ་ཀིརྟི་ལྟར་ན། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པའི་དཔེ་ལ་རྩོད་པར་བཞེད་དེ། གྲགས་ཆ་ལས། བྱང་ཆུབ་གྲུབ་པར་གྱུར་ན་དཔེར་བྱ་བ་ཡིན་གྱི། མ་གྲུབ་པ་ནི་དཔེར་སྦྱར་བར་མིན་བྱའོ། །ཞེས་གསུངས་སོ། །ལན་ལ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མེ་འབར་བའི་མེ་ལྕེ་དང་པོ་དེ་ཕོག་པས་སྙིང་པོ་དེ་ཚིག་གམ། དེ་སྟེ་མེ་ལྕེ་ཕྱི་མ་དང་ཕྲད་པས་སྙིང་པོ་དེ་ཚིག གསོལ་པ། བཅོམ་ལྡན་འདས་མེ་ལྕེ་དང་པོ་དང་མཇལ་བས་ཀྱང༌། མེ་ལྕེ་དང་པོ་ལ་མ་བརྟེན་པར་སྙིང་པོ་དེ་ཚིག་པ་མ་ལགས། མེ་ལྕེ་སླད་མ་དང་མཇལ་བས་ཀྱང་མེ་ལྕེ་སླད་མ་ལ་མ་བརྟེན་པར་སྙིང་པོ་དེ་ཚིག་པ་མ་ལགས་སོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་སྙིང་པོ་ཚིག་གམ། གསོལ་པ་བཅོམ་ལྡན་འདས་དེ་ནི་ཚིག་ལགས་སོ། །བདེ་བར་གཤེགས་པ་དེ་ནི་ཚིག་ལགས་སོ། །རབ་འབྱོར་དེ་བཞིན་དུ། སེམས་དང་པོ་བསྐྱེད་པས་སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང༌། སེམས་ཕྱི་མ་བསྐྱེད་པས་ཀྱང་སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང༌། བྱང་སེམས་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་འོན་ཀྱང་བྱང་སེམས་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །དེ་བསྡུད་པ་ནི། སློབ་དཔོན་ལྟར་ན། མར་མེ་དཔེ་ཡི་ཚུལ་གྱིས་ནི། །བྱང་ཆུབ་པར་ནི་འགྱུར་བ་ཡིན། །དཔེ་འདི་ཉིད་ཀྱི་སྒོ་ནས་ནི། །ཟབ་མོ་བརྒྱད་ཀྱང་རྟོགས་པར་བྱ། །ཞེས་པར་འགྱུར་ཏེ། དོན་ནི། མར་མེའི་དཔེ་ཚུལ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སེམས་བསྐྱེད་ཀྱིས་བྱང་ཆུབ་བསྐྱེད་པའི་ཚུལ་དང༌། ཞར་ལ་ཟབ་མོའི་ཆོས་ཉིད་བརྒྱད་ཀྱང་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེ་ཡང་འདི་ལྟར་འགྱུར་ཏེ། སྡོང་བུ་སྣུམ་ལྡན་སྲེག་བྱེད་ཀྱི་མར་མེ་ཆོས་ཅན། དེ་མི་སྲེག་པར་ཐལ། ཁྱོད་ཀྱི་སྐད་ཅིག་དང་པོ་ཁོ་ནས་ཀྱང་མི་སྲེག ཕྱི་མ་ཁོ་ནས་ཀྱང་མི་སྲེག དེ་གཉིས་ལྷན་ཅིག་ཚོགས་པ་ནི་མི་སྲིད་པའི་ཕྱིར། དེ་ལ་རབ་འབྱོར་གྱིས་ཁྱབ་པ་མེད་དོ། །ལྟོས་མེད་དུ་མི་སྲེག་ཀྱང་སྔ་ཕྱི་རིམ་ཅན་དུ་འབྱུང་བ་ལ་བརྟེན་ནས་སྲེག་པའི་ཕྱིར། ཞེ་ན། བཅོམ་ལྡན་འདས་ཀྱིས། འོ་ན་སྔ་མ་ལའང་ཁྱབ་པ་མེད་པར་ཐལ། ལྟོས་མེད་དུ་མི་བསྐྱེད་ཀྱང༌། སྔ་ཕྱི་རིམ་ཅན་དུ་འབྱུང་བ་ལ་ལྟོས་ནས་བསྐྱེད་པའི་ཕྱིར། དེ་ལྟར་ན་མར་མེའི་དཔེས་སྐྱེ་བ་ཟབ་པ་ཁོང་དུ་ཆུད་ཅིང༌། དེ་ལ་བརྟེན་ནས་བརྒྱད་ཀ་ཁོང་དུ་ཆུད་པར་བྱའོ། །ཞེས་བཞེད། ཉི་ཁྲི་སྣང་བར་ནི། མར་མེའི་དཔེས་སེམས་བསྐྱེད་ཀྱི་བྱང་ཆུབ་སྐྱེད་ཚུལ་ཁོ་ན་མཚོན་བྱེད་དུ་སྦྱར་ནས་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེས་མི་སྐྱེད་ཅིང༌། དེ་དག་མེད་པར་ཡང་མི་སྐྱེད་ལ། སྐྱེད་པར་ནི་འདོད་དོ། །ཞེས་བསྟན་པ་དེ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཞེས་འཆད། ཤཱནྟི་པ་ལྟར་ན། མར་མེའི་དཔེས་བྱང་ཆུབ་པར་འགྱུར་བར་ཤེས་པར་བྱ་ན། བྱང་ཆུབ་དེ་གང་ཡིན་ཞེ་ན། ཟབ་མོའི་ཆོས་ཉིད་བརྒྱད་མངོན་དུ་བྱས་པའོ། །འོ་ན་ཟབ་མོའི་ཆོས་ཉིད་བརྒྱད་གང་ཞེ་ན། སྐྱེ་བ་དང་ནི་ཞེས་སོགས་འཆད་པར་བཞེད། ཡང༌། ཕྱི་རབས་པ་ཁ་ཅིག་ན་རེ། མར་མེའི་དཔེའི་ཚུལ་གྱིས་ནི་ཞེས་པ་སྔ་མའི་ལན་ཡིན་ལ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཅེས་པ། སྐྱེ་བ་དང་འགག་པ་ཞེས་སོགས་ཀྱི་མདོར་བསྟན་ཡིན་པས། དོན་ཚན་མི་གཅིག་ཀྱང༌། དཔེ་གཅིག་གིས་དོན་གཉིས་མཚོན་པས་བཤད་པ་ཟོར་ཡང་པའི་ཕྱིར། ཕྱོགས་གཅིག་ཏུ་མཛད་དོ་ཞེས་ཟེར་རོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ལ། འབྲེལ་ནི། སྔར་གོམས་པ་ཡི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བཤད་ན། དེ་ལ་རྟགས་ཀྱི་ཁྱད་པར་ཇི་ལྟ་བུར་ཡོད་ཅེ་ན། ཞེས་སྟོན་པ་ནི། སྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་མཚན་ཉིད་བརྗོད་པའི་ཕྱིར། ཞེས་སོ། །ཁ་ཅིག་ཇི་སྐད་སྨོས་པའི་ཞེས་སོགས་ཀྱང་འདིའི་མཚམས་སྦྱར་དུ་འཆད་པ་ནི། དོན་གསལ་རྔོག་འགྱུར་འདི་ལ། འཁྲུལ་གཞི་ཡོད་པ་བདེན་ཀྱང༌། དཔལ་བརྩེགས་ཀྱི་འགྱུར་ལས། བྱང་ཆུབ་ཐོབ་པར་རིགས་ལ། ཞེས་བསྒྱུར་བས། རྫོགས་ཚིག་མི་འབྱུང་ཞིང༌། འགྲེལ་ཆེན་རྔོག་འགྱུར་ལས། ཁོང་དུ་ཆུད་པར་བྱའོ། །ཞེས་འབྱུང་བ་དང༌། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་པའི་འགྲེལ་པ་ཡིན་པའི་ཕྱིར། མི་འཐད་དོ། །འབྲེལ་པ་ཅན་དངོས་ལ། བཤད་བྱའི་མདོ་ནི། གསོལ་པ་བཅོམ་ལྡན་འདས། སེམས་དང་པོ་བསྐྱེད་པས་ཀྱང་སེམས་དང་པོ་བསྐྱེད་པ་ལ་མ་རྟེན། སེམས་སླད་མ་བསྐྱེད་པས་ཀྱང་སེམས་སླད་མ་བསྐྱེད་པ་ལ་མ་བརྟེན་པར། བྱང་སེམས་ཆེན་པོ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་ལགས་ན། བཅོམ་ལྡན་འདས་བྱང་སེམས་ཆེན་པོ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་དེ་ནི་ངོ་མཚར་རོ། །ཞེས་སོགས་སོ། །དེའི་དོན་སྟོན་པ་ནི། སྐྱེ་བ་དང་ནི་འགག་པ་དང༌། །ཞེས་སོ། །འདི་ལ་སློབ་དཔོན་གྱིས། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱིས་རྣམ་གཞག་མཛད་ལ། གཞན་རྣམས་ཀྱིས་རྟགས་ཀྱི་རྣམ་གཞག་མི་བཞེད་དོ། །གསུམ་པ་སྒོམ་བྱ་སྦྱོར་བའི་ངོ་བོ་ལ་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་རྣམས་སོ། །དང་པོ་ལ་འབྲེལ་ནི། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་འོག་ཏུ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་འཆད་དེ། ཕྱིར་མི་ལྡོག་པའི་རྟགས་ཁྱད་པར་ཅན་ཐོབ་པའི་སྤྲོ་བ་ཅན་དེ་སྐུ་གསུམ་གྱི་རྒྱུ་སོ་སོར་ངེས་པའི་ཕྱིར་འཇུག་ལ། དེ་ལ་ཡང༌། རང་དོན་དོན་དམ་པའི་སྐུ་ལས། གཞན་དོན་ཀུན་རྫོབ་པའི་སྐུ་འབྱུང་བའི་ཕྱིར། དང་པོར་ཆོས་སྐུའི་རྒྱུ་འཆད་དེ། ཞེས་སྟོན་པ་ནི། སློབ་པའི་ཚོགས་ཀྱིས་ཞེས་སོགས་སོ། །འབྲེལ་པ་ཅན་གྱི་དོན་ལ་དངོས་དང༌། ཀླན་ཀ་སྤང་བའོ། །དང་པོ་ལ་མདོ་ནི། ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། རབ་འབྱོར་བྱང་སེམས་ཆེན་པོ་གང་ལ་ལས་རྨི་ལམ་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན་ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྒོམ་པས་རྣམ་པར་འཕེལ་ན། རྨི་ལམ་དུ་སྒོམ་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་སོ། །མདོ་ལས། རྨི་ལམ་གྱི་སྒྲས་འཁོར་བ་བསྟན་ཏེ། མ་རིག་པའི་འཁྲུལ་སྣང་ཅན་དུ་མཚུངས་པའི་ཕྱིར། ཉིན་བར་གྱི་སྒྲས་མྱ་ངན་ལས་འདས་པ་བསྟན་ཏེ། མ་རིག་པའི་གཉིད་སད་པ་ཆོས་མཚུངས་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པའོ་ཞེས་པས་འཁོར་འདས་མཉམ་པར་བསྟན་ནོ། །འདིར་འཁོར་འདས་ལ་གྲོལ་སྡེ་གཉིས། སློབ་དཔོན་ཤཱནྟི་བ་སོགས་མི་མཐུན་ཕྱོགས་རྣམ་པར་རྟོག་པ་དང༌། གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འདོད། རཏྣ་ཀིརྟི། ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་བུ་ལ་བཞེད་དོ། །མཁན་ཆེན་རིན་པོ་ཆེའི་ཞལ་སྔ་ནས། སྣ་ཚོགས་པའི་སྣང་བ་འདི་འཁོར་བ་ཡིན་ལ། རང་བཞིན་གྱི་སྟོང་པའི་ཆོས་དབྱིངས་ནི། མྱ་ངན་ལས་འདས་པ་ཡིན་ནོ། །མདོ་ལས། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིགས་འཁྲུལ་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །དེ་ཡི་ཕྱིར་ན་འགའ་ཞིག་ལ། །བློ་སྐྱེ་མེད་པ་སངས་རྒྱས་ཡིན། །ཞེས་པ་ལྟར་རོ། །མཉམ་པའི་དོན་ནི། སྣང་བཞིན་དུ་སྟོང༌། སྟོང་བཞིན་དུ་སྣང་བས་ཡུལ་ཅན་འཁྲུལ་པ་དང་མ་འཁྲུལ་བའི་དབང་གིས། ཡུལ་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་བ་ཡིན་གྱི། དོན་ལ་སྣང་སྟོང་དབྱེར་མེད་ཡིན་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་སོགས་གསུངས་པས་སོ། །ཞེས་བཞེད། འོ་ན་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་གནས་སྐབས་གང་དུ་སྒོམ་ཞེ་ན། རིན་ཆེན་བང་མཛོད་ལས། སྦྱོར་བ་ཙམ་ནི་དྲོད་ནས་སྒོམ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར། ཁྱད་པར་ནི་ས་བརྒྱད་པ་ནས་བསྒོམ་སྟེ། ཉི་ཁྲི་སྣང་བ་ལས། ད་ནི་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱིས་བརྗོད་པར་བྱའོ། །བསླབ་པར་བྱ་བ་ནི་འདི་ཙམ་དུ་ཟད་དེ། ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་ནི་སྤང་བར་བྱ་བ་དང༌། རྣམ་པར་བྱང་བའི་རྣམ་པར་རྟོག་པ་ནི་སྤང་བར་བྱ་བ་ཡིན་པའི་ཕྱིར། དེ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པ་ནི་མི་སློབ་པར་འགྱུར་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར། ཞེས་གསུངས་པས་སོ། །ཞེས་བཞེད་པ་ལྟར་ལེགས་སོ། །འདིར་འཕགས་སེང་གིས་ཕྱིར་མི་ལྡོག་པའི་དགེ་འདུན་ས་བདུན་པ་མན་ཆད་ལ་བཞག་པ་ལྟར་ན། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་སྐབས་སུ་ས་བརྒྱད་པ་ལ་གནས་པའི་བྱང་སེམས་དབང་རྟུལ་ཤེས་འདོད་ཆོས་ཅན་གྱི་གཙོ་བོར་བྱེད་པ་ཡི་གེའི་དོན་མིན་པར་མངོན་ནོ། །འདི་ནི་སྔར་དེ་དག་ཡོངས་སུ་གཏུགས་པའི་སྒྲུབ་པ་ས་བརྒྱད་པར་འཇོག་པའི་ཤེས་བྱེད་དུ་ལེགས་པར་འབྲེལ་ལོ། །གཉིས་པ་ལ། མཁན་ཆེན་ཐམས་ཅད་མཁྱེན་པས། ལས་མེད་ལ་སོགས་ཀླན་ཀ་དང༌། །དེ་ལན་མདོ་ལས་བཤད་པ་བཞིན། །རྒྱལ་སྲས་བདེན་ལ་མཁས་རྣམས་ཀྱིས། །བསྟན་བཅོས་འདིར་ནི་ཤེས་པར་བྱ། །ཞེས་སྦྱར་བར་བཞེད་དོ། །འོ་ན་མདོ་ལས་ཇི་ལྟར་བསྟན་ཞེ་ན། ཉི་ཁྲི་འགྲེལ་པ་དང་བཅས་པ་ལྟར་ན། ལས་མེད་པར་ཐལ་པ་དང༌། ལས་དོན་དམ་དུ་ཐལ་བ་དང༌། ལུང་དང་འགལ་བ་དང༌། སྔ་ཕྱི་འགལ་བའི་ཀླན་ཀ་ལན་དང་བཅས་པ་རྣམས་སོ། །དང་པོ་ནི། ཉིན་བར་ལས་སོགས་པ་མེད་པར་ཐལ། རང་བཞིན་མེད་པའི་ཕྱིར་རྨི་ལམ་བཞིན་ཞེས་ཤཱ་རིའི་བུས་སྨྲས་པའོ། །དེ་ལ་རབ་འབྱོར་གྱི་དོན་དམ་དུ་འདོད་དེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པའི་ཕྱིར། ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་སྟེ། སད་ནས་གསོས་བཏབ་ན་ལས་བསོགས་པའི་ཕྱིར། ཞེས་སོ། །གཉིས་པ་ནི། རྨི་ལམ་དོན་དམ་དུ་ཡོད་པར་ཐལ། རྗེས་ཀྱི་ཤེས་པས་རྨི་ལམ་གྱི་ལས་དོན་དམ་པའི་དངོས་པོར་ཞེན་པ་ལྟར་ལས་བསོགས་པའི་ཕྱིར་རོ། །ཞེས་པའི་ཀླན་ཀ་བྱུང་ན། ལན་ཇི་ལྟར་འདེབས་ཞེས་རབ་འབྱོར་གྱིས་ཤཱ་རིའི་བུ་ལ་དྲིས་པའོ། །དེ་ལ་ཤཱ་རིའི་བུས་དམིགས་པ་མེད་པར་ལས་མི་སྐྱེ། དམིགས་པ་མེད་པར་སེམས་མི་སྐྱེ། ཞེས་ལན་འདེབས་པར་སྨྲས་ཤིང༌། རབ་འབྱོར་གྱིས་ཀྱང་དེ་དེ་བཞིན་ནོ། །ཞེས་སྨྲས་སོ། །གསུམ་པ་ནི། ཤཱ་རིའི་བུས། དེ་ལྟ་ན། བཅོམ་ལྡན་འདས་ཀྱིས་ལས་དང༌། སེམས་དཔའ་ཐམས་ཅད་དབེན་ནོ་ཞེས་གསུངས་པ་དང༌། ཇི་ལྟར་མི་འགལ་ཞེས་སྨྲས་སོ། །དེ་ལ་རབ་འབྱོར་གྱིས་དབེན་པར་གསུངས་པ་ནི་དོན་དམ་པ་ལ་དགོངས་ལ། ཅིག་ཤོས་ནི་མཚན་འཛིན་ཅན་གྱི་ངོར་ཡིན་པས་མི་འགལ་ཞེས་སོ། །བཞི་པ་ནི། ཤཱ་རིའི་བུས། རྨི་ལམ་དུ་ཕྱིན་དྲུག་ལ་མཚན་མར་སྤྱད་ཅིང༌། དགེ་རྩ་རྫོགས་བྱང་དུ་བསྔོས་ན། བསྔོ་བར་འགྱུར་རམ་མི་འགྱུར། འགྱུར་ན། ལས་རྟོག་པས་སྒྲོ་བཏགས་པར་ཁས་བླངས་པ་དང་འགལ། མི་འགྱུར་ན་དམིགས་པ་དང་བཅས་པར་ལས་སྐྱེ་བར་ཁས་བླངས་པ་དང་འགལ་ཞེས་སྨྲས་པ་ཡིན་ནོ། །ལན་ནི། བྱམས་པ་ལ་ཁ་འཕངས་སོ། །བརྒྱད་སྟོང་པ་འགྲེལ་པ་དང་བཅས་པ་ནས་ཇི་ལྟར་འབྱུང་བ་ནི་རྣམ་བཤད་ཆེན་པོ་ལྟར་རོ། །འགྲེལ་པ་འདིར་ཇི་ལྟར་འབྱུང་བ་ལ་ཀླན་ཀ་དང༌། ལན་ནོ། །དང་པོ་ནི། གཉིད་མ་ལོག་པའི་གནས་སྐབས་ནའང་མི་དགེ་བ་བཅུ་དང་སྦྱིན་པ་སོགས་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར། དཔེར་ན་གཉིད་ལོག་པའི་གནས་སྐབས་བཞིན་ཞེས་སྟོན་པ་ནི། རྨི་ལམ་དང་འདྲ་བ་ཉིད་ཡིན་ན། ཞེས་སོགས་སོ། །ཀླན་ཀ་ལྷག་མ་གསུམ་ནི། རྣམས་ཞེས་པའི་ཁོང་ན་གནས་སོ། །ལན་ལ། ཕྱི་རོལ་གྱི་དོན་ཕྱོགས་ཀྱི་ཆ་མེད་དང༌། ཤེས་པ་སྐད་ཅིག་གི་ཆ་མེད་བདེན་གྲུབ་ཏུ་སྨྲ་བའི་ལུགས་ལ། དོན་དམ་ཆ་མེད་དེའི་སྟེང་དུ་དགེ་སྡིག་གི་ལས་མེད་ཀྱང༌། ཀུན་རྫོབ་རགས་པ་དང་རྒྱུ་ལ་ལྟོས་ནས་དགེ་སྡིག་གི་ལས་འཇོག་པ་བཞིན་དུ། ངེད་ཆོས་ཐམས་ཅད་རྨི་ལམ་འདྲ་བར་འདོད་པ་ལའང༌། དོན་དམ་དཔྱོད་པའི་རིགས་ངོར་དགེ་སྡིག་གི་ལས་མེད་ཀྱང༌། ཀུན་རྫོབ་རྟོག་པའི་ངོར་དགེ་མི་དགེར་འཇོག་གོ་ཞེས་སྟོན་པ་ནི། ལན་ནི། ཇི་ལྟར་ཕྱི་རོལ་དོན་དུ་སྨྲ་བའི་ལུགས་ལ། ཞེས་པ་ནས། མངོན་པར་ཞེན་པའི་བར་རོ། །ཀླན་ཀ་ལྷག་མ་རྣམས་ཀྱི་ལན་ཁ་འཕངས་ཏེ་སྟོན་པ་ནི། ལན་དེ་དང་དེ་ཕྱོགས་གཞན། །ཞེས་སོགས་སོ། །གཞན་ཡང་རྨི་ལམ་ལས་མེད་པའི་དཔེར་མ་གྲུབ་བོ་ཞེས་སྟོན་པ་ནི། གཞན་ཡང༌། ཞེས་སོགས་སོ། །དེ་ལྟར་ན་སྲིད་ཞི་མཉམ་པ་ཉིད་དུ་གྲུབ་བོ་ཞེས་སྟོན་པ་ནི། དེའི་ཕྱིར་ཞེས་སོགས་སོ། །འདིར་རྩོད་ལན་ལྷག་མ་རྣམས་དངོས་སུ་མ་སྨོས་པ་ནི། ཀླན་ཀ་དང་པོ་གཙོ་བོ་ཡིན་ཞིང༌། དེ་ལ་ལན་བཏབ་པས། ལྷག་མ་རྣམས་ཀྱང་དོན་གྱི་གོ་བར་ནུས་ཏེ། ལས་དོན་དམ་དུ་མེད་ཅིང་ཐ་སྙད་དུ་ཡོད་པར་བསྟན་པས། ལས་དོན་དམ་དུ་ཡོད་པར་ཐལ་བ་དང༌། ལུང་དང་འགལ་བའི་ཀླན་ཀའི་ལན་བསྟན། རྨི་ལམ་དུ་ལས་ནུས་ཆུང་ཡོད་པར་བསྟན་པས་ཀླན་ཀ་བཞི་པའི་ལན་ཀྱང་སྟོན་ཏེ། ཞེས་མཁས་པ་དག་གསུང་ངོ༌། །འགྲེལ་པར་ཕྱོགས་གཞན་ནས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཞེས་པ། རྩ་བར་ལན་ནི་ཇི་སྐད་བཤད་པར་ཟད་ཅེས་པའི་འགྲེལ་པ་ཡིན་པར་གསལ་བས། རྣམ་བཤད་མཛད་པ་པོ་བྱོན་ཟིན་པ་དེ་དག་གིས་ནི་བཤད་པ་གཞན་དུ་མཛད་དམ་སྙམ་མོ། །གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ་ལ་འབྲེལ་ནི། སྲིད་ཞི་མཉམ་པ་ཉིད་ཀྱི་སྦྱོར་བ་སྒོམ་པ་ནི། ཆོས་ཀྱི་སྐུར་སངས་རྒྱ་ཞིང༌། ཆོས་སྐུ་ལས། ཞིང་སྣ་ཚོགས་སུ། གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་དགོས་པར་འཆད་དོ་ཞེས་སྟོན་པ་ནི། གཉིས་ཀ་མཉམ་པ་ཉིད་དུ་རྣམ་པར་སྒོམ་པ་ནི། ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བགྱིད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་ལགས། བཀའ་སྩལ་པ། བྱང་སེམས་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་དང༌། སྐོམ་པ་དང༌། གོས་ཟས་དང༌། མལ་ཆས་འཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཞེས་སོགས་ཀྱིས། བཅུད་ཀྱིས་ཞིང་དག་པའི་སྦྱོར་བ་དང༌། གཞན་ཡང་བྱང་སེམས་ཆེན་པོ་ཕྱིན་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་ལ་སྡོང་དུམ་དང༌། ཚེར་མ་དང༌། ས་སུབ་དང༌། བྱ་སྐྱིབས་དང༌། གཅོང་རོང་དང༌། གཡང་ས་དང༌། ས་ཆེན་པོ་འདི་གསེར་དངུལ་དང་མི་ལྡན་པར་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཞེས་སོགས་ཀྱིས་སྣོད་ཀྱི་ཞིང་དག་པ་གསུངས་སོ། །དེ་བསྡུད་པ་ནི། སེམས་ཅན་འཇིག་རྟེན་ཞེས་སོགས་སོ། །འདི་གནས་སྐབས་གང་དུ་བསྒོམ་ཞེ་ན། བསྡུས་དོན་སྒྲོན་མ་ལས་ནི། སེང་བཟང་སངས་རྒྱས་ས་རུ་འདོད། །བུདྡྷ་ཤྲཱིའང་དེ་བཞིན་ནོ། །དག་པར་བྱེད་པ་ཡིན་པས་ན། །ས་བཅུ་མན་ཆད་ན་ཡོད་ཅེས། །འཕགས་པ་རྣམ་པར་གྲོལ་སྡེ་གསུངས། །ཞེས་བཤད་ལ། བོད་མཁས་པ་རྣམས། སྦྱོར་བ་ཙམ་གྱིས་དབང་དུ་བྱས་ན་དྲོད་ནས་ཡོད་ལ་ཁྱད་པར་ཅན་དག་པ་ས་གསུམ་ན་ཡོད་ཅེས་གསུངས། ས་དགུ་པ་ཁོ་ནར་འཇོག་པ་སྣང་སྟེ། ཤེས་བྱེད་བཙལ་དགོས་སོ། །གསུམ་པ་ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་སྦྱོར་བ་ལ་འབྲེལ་ནི། གཟུགས་སྐུ་གཉིས་ཀྱིས་སྐལ་པ་ཇི་ལྟ་བ་བཞིན་སེམས་ཅན་གྱི་དོན་མཛད་པའི་ཕྱིར། དེའི་འོག་ཏུ་འཆད་ཅེས་སྟོན་པ་ནི། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་སྒྲུབ་པ་ནི། ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པས་ཇི་ལྟར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་འདྲིས་པར་བགྱི། ཞེས་སོགས་སོ། །དེ་བསྡུད་པ་ལ་འཕགས་པ་ལྟར་ན་སྦྱོར་བའི་ཡུལ་ནི། ཡུལ་དང་ཞེས་པས་བསྟན་ཏེ། རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་སོ་བདུན་ནོ། །སྦྱོར་བ་ཅན་འདི་ནི། ཞེས་པས་སྦྱོར་བའི་ངོ་བོ་བསྟན། ལྷག་མ་རྣམས་ཀྱིས་སྦྱོར་བའི་དབྱེ་བ་བཅུ་བསྟན་ནོ། །ཞེས་བཞེད། སློབ་དཔོན་གྱི་དགོངས་པ་ལ། ཆོས་ཤེས་ནི། ཡུལ་རྣམ་པ་བཅུ་ནི། ཐབས་ལ་མཁས་པ་རྣམ་པ་བཅུ་སྟེ། ཤེས་པར་བྱ་བས་ན་ཡུལ་ལོ། །ཞེས་ཐབས་ལ་མཁས་པ་བཅུ་པོ་ཡུལ་དུ་བཞེད་ལ། ཡུམ་ཐབས་ལ་མཁས་པའི་སྦྱོར་བའི་ཡུལ་ནི། རྣམ་པ་བཅུ་སྟེ། རྣམ་ཐར་སྒོ་གསུམ་དང༌། སྡེ་ཚན་བདུན་ནོ། །དེ་ལྟ་བུའི་ཡུལ་བཅུ་པོ་དེ་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་པའི་རྣལ་འབྱོར་ནི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ཅིང༌། དུས་ནི་སེམས་ཅན་འདུལ་བ་དང༌། དུས་མིན་པ་ནི་སེམས་ཅན་མི་འདུལ་བ་ཡིན་ལ། དེ་ལྟར་ཤེས་ནས་མངོན་སུམ་དུ་བྱ་བའམ་མི་བྱ་བའི་སྦྱོར་བ་ནི་ཐབས་ལ་མཁས་པའི་སྦྱོར་བའོ། །ཞེས་འཆད། གསེར་གླིང་པ། ཡུལ་བདག་ཉིད་ཀྱི་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་པ་ནི། རིགས་པ་དང་མི་རིགས་པའི་དུས་ཤེས་པ་སྟེ་བསམ་པའི་ཁྱད་པར་རོ། །ཐབས་ལ་མཁས་པ་ནི། དགྲ་རྣམས་ལས་འདས་པ་སོགས་ལམ་རྣམ་པ་བཅུ་ལ་བྱ་བ་ཡིན་ནོ། །ཞེས་བཞེད། མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། དགེ་རྩ་མ་སྨིན་པའམ། སྟོབས་བཅུ་ནས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་ཀྱི་བར་དུ་སྟོང་པ་ཉིད་སོགས་ཡང་དག་པའི་མཐའ་ལ་འདྲིས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བའི་དུས་མིན་པར་ཤེས་ནས་དེའི་བར་འདྲིས་པར་བྱེད་ཅིང་མངོན་དུ་མི་བྱེད་པར་སྒོམ་པའི་སྦྱོར་བ་ནི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ནོ། །ཞེས་བཞེད། རྣམ་བཤད་ཀྱི་དགོངས་པ་ནི། ཆོས་ཀྱི་བཤེས་གཉེན་ལྟར་བཞེད་དོ། །ས་མཚམས་ལ་ཇོ་བོ་ཆེན་པོ་རྗེས་ཐབས་ལ་མཁས་པ་བཅུ་པོ་ཡང༌། གྲངས་ངེས་མེད་ཀྱང་གོ་རིམ་ནི། །བསྐྱེད་བྱ་བསྐྱེད་པའི་རིམ་པ་དང༌། །བསྒྲུབ་བྱ་གཏན་ཚིགས་རིམ་པས་ནི། །བསྟན་ཞེས་སངས་རྒྱས་ཡེ་ཤེས་གསུངས། །སངས་རྒྱས་ས་ན་ཡོད་པ་སྟེ། །གཞན་དོན་ཐབས་ལ་མཁས་པ་སྟེ། །དེ་ཉིད་ཀྱི་ནི་མཚན་ཉིད་ཡིན། །མཛད་པ་འབྲས་ཡིན་འདིར་ནི་རྒྱུ། །དེས་ན་དེ་གཉིས་ཟློས་པ་མེད། །སེང་བཟང་གསུང་སྟེ་རྣམ་གྲོལ་དང༌། །སངས་རྒྱས་ཡེ་ཤེས་རྣམ་གཉིས་ནི། །ས་བཅུ་མན་ཆད་ལ་ཡོད་དེ། །ཐབས་ལ་མཁས་པའི་ངོ་བོ་ནི། །སངས་རྒྱས་རྒྱུ་ལ་མཁས་པ་ལ། །འདོད་པས་ས་མཚམས་མི་མཐུན་ནོ། །ཞེས་གསུངས། ལ་ལ་ས་བཅུ་པ་ཁོ་ནར་འདོད་པ་ནི། ཇོ་བོས་སྲིད་ཞི་མཉམ་ཉིད་ཀྱི་སྐབས་སུ། རྨི་ལམ་ཆུས་ཁྱེར་དཔེར་བླངས་ནས། །ས་བརྒྱད་ཡན་ཆད་ན་ཡོད་ཅེས། །སངས་རྒྱས་ཕལ་པོ་ཆེ་ནས་བཤད། །ཅེས་གསུངས་པའི་རིགས་པ་ལ་དཔགས་སམ་སྙམ་མོ། །མཁན་ཆེན་རིན་པོ་ཆེས། སྦྱོར་བ་ཙམ་གྱི་དབང་དུ་བྱས་ན་ཐེག་ཆེན་གྱི་དྲོད་ནས། ཁྱད་པར་ཅན་གྱི་དག་ས་གསུམ་ནའོ་ཞེས་བཞེད། དེ་ལྟར་ན། ལུང་གི་སྙེ་མ་ལས། གང་ཞིག་གང་གིས་ཇི་ལྟར་སྒོམ་ཚུལ་དང༌། །བླང་དོར་མཚན་ཉིད་འཇུག་པའི་རྒྱུ་ཤེས་ནས། །གང་ལ་བརྟེན་ནས་གང་གི་མཉམ་ཉིད་དང༌། །ཞིང་སྦྱོང་ཐབས་མཁས་རྣམ་རྫོགས་སྦྱོར་བ་སྒོམ། །ཞེས་འབྱུང་བ་ལྟར། རྣམ་པ་སྦྱོར་བ་བཅས་རྣམས་དང༌། །ཞེས་སོགས་གང་གསུངས་པ་དེ་ལེགས་པར་བཤད་པ་ཡིན་ནོ། །འདིར་སྨྲས་པ། དངོས་པོ་བརྒྱད་ལ་ཐོས་བསམ་སྒོམ་པ་ཡི། །རིམ་པས་སྦྱངས་ན་དངོས་བརྒྱད་སྟོན་པའི་གཞུང༌། །ནུབ་པར་འགྱུར་ཞེས་ཆ་མེད་བྱུང་རྒྱལ་དུ། །སྨྲ་བའི་གཏམ་ལ་སྙིང་པོ་མ་མཐོང་བས། །གཞི་གཉེན་རྣམ་གསུམ་ཐོས་དང་བསམ་པའི་བློས། །ལེགས་པར་ཤེས་ཤིང་ཇི་ལྟར་རྟོགས་པའི་རྒྱུན། །དབང་བརྟན་པའི་རིམ་པས་ལེགས་བསྒོམས་ན། །སྐུ་གསུམ་མངོན་གྱུར་མ་ཕམ་རྒྱལ་བའི་གཞུང༌། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ནི། དེ་བཞིན་ཉིད་ཀྱི་ལེའུ་སྦས་དོན་གསལ་བར་སྟོན་པའི་རྣམ་རྫོགས་སྦྱོར་བའི་སྐབས་ཏེ་བཞི་པའོ།།  །།ལེགས་པར་བཤད་པའི་གཏེར་མངའ་བ། །གཏུམ་ཆེན་ཡིད་འཕྲོག་མཛེས་པའི་སྐུ། །ད་ལྟ་ཉིད་དུ་ལེགས་པའི་ལམ། །སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་དབང་ཐོབ་པའི་ཚུལ་གྱི་སྒོམ་པ་རྩེ་མོའི་སྦྱོར་བ་ལ། འབྲེལ་དགོད་པས་མཚམས་སྦྱར། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྣམ་རྫོགས་སྦྱོར་བ་བཤད་ཟིན་པའི་འོག་ཏུ་རྩེ་མོའི་སྦྱོར་བ་འཆད་རིགས་ཏེ། མཁྱེན་གསུམ་ཐོས་བསམ་གྱི་ཤེས་པའི་དོན་ལ། དབང་ཐོབ་ཕྱིར་དུ་སྒོམ་པ་ལས། དབང་ཐོབ་པའི་ཚུལ་གྱི་སྒོམ་པ་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ། ཞེས་སོགས་སོ། །འདི་ཡང༌། བཤད་བྱ་མངོན་རྟོགས་ཙམ་གྱི་གོ་རིམ་ཡིན་གྱི། འཆད་བྱེད་ཆོས་སོ་སོའི་གོ་རིམ་མིན་པའི་ཕྱིར། རྩེ་སྦྱོར་ཡིན་ན། རྣམ་རྫོགས་སྦྱོར་བ་ཡོངས་སུ་རྫོགས་པ་མངོན་དུ་སོང་བས་ཁྱབ་པར་སྟོན་པ་ནི་མིན་ནོ། །གཉིས་པ་ལ་སྤྱིའི་འབྲེལ་དང༌། སོ་སོའི་འབྲེལ་ལོ། །དང་པོ་ལ། འཕགས་པ་གྲོལ་སྡེ་རྩེ་སྦྱོར་གྱི་ཆོས་མཐའ་དག་གནས་སྐབས་བདུན་དུ་མཛད་དེ། རྩེ་སྦྱོར་སྐྱེས་མ་སྐྱེས་ངོ་ཤེས་པར་བྱེད་པའི་གནས་སྐབས། དེ་ལས་བསོད་ནམས་རྣམ་པར་འཕེལ་བའི་གནས་སྐབས། དེ་ནས་རང་བཞིན་གྱི་དོན་ལ་བརྟན་པ་ཐོབ་པའི་གནས་སྐབས། དེའི་རྗེས་ལ་དམིགས་པ་སེམས་རྩེ་གཅིག་ཏུ་གནས་པའི་གནས་སྐབས། དེ་མི་མཐུན་ཕྱོགས་རྟོག་པ་རགས་པའི་གཉེན་པོར་གྱུར་བའི་གནས་སྐབས། དེ་ཉིད་མི་མཐུན་ཕྱོགས་རྟོག་པ་ཕྲ་མོའི་གཉེན་པོར་གྱུར་པའི་གནས་སྐབས། དེ་ནས་གནས་ངན་ལན་གྱི་དྲི་མ་ཕྲ་ཞིང་ཕྲ་བའི་གཉེན་པོར་གྱུར་པའི་གནས་སྐབས་ཏེ་བདུན་ལ། རྟགས་ཀྱི་རྩེ་སྦྱོར་ལ་སོགས་པ་བདུན་གྱི་རྣམ་གཞག་མཛད་ཅིང༌། སློབ་དཔོན་གྱིས་སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་ཏེ་བཞིའི་རྣམ་གཞག་མཛད། འཕགས་སེང་གཉིས་ཀས་རྟགས་སོགས་དང་པོ་བཞི་ངེས་འབྱེད་ཆ་བཞི་དང་སྦྱོར་བ་མཛད་དོ། །དེ་བཞིན་དུ་བསྡུས་དོན་སྒྲོན་མར་ཡང༌། རྩེ་སྦྱོར་ཆོས་བདུན་དུ་བཤད་དེ། རྩེ་མོ་བདུན་ལ་དྲོད་ཀྱི་རྩེ་སྦྱོར་ཞེས་གསུངས་པའི་ཕྱིར། བོད་ཀྱི་དགེ་བའི་བཤེས་གཉེན་རྣམས། སློབ་དཔོན་གྱི་ལུགས་འདི་ལ་རྩེ་སྦྱོར་ཆོས་བརྒྱད་དུ་བཞེད་དེ། འདི་ལྟར། སྦྱོར་ལམ་རྩེ་སྦྱོར་བཞི། མཐོང་ལམ་རྩེ་སྦྱོར་གཅིག སྒོམ་ལམ་རྩེ་སྦྱོར་གཉིས་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་སྒོམ་ལམ་རྩེ་སྦྱོར་དང༌། དངོས་གཞི་ཐོད་རྒལ་གྱི་སྒོམ་ལམ་རྩེ་སྦྱོར་གཉིས། བར་ཆད་མེད་པའི་རྩེ་སྦྱོར་དང་བརྒྱད་ཅེས་འཆད་ལ། བསལ་བྱ་ལོག་བསྒྲུབ་ལོགས་སུ་བགྲངས་ནས་སྒོམ་ལམ་རྩེ་སྦྱོར་གཅིག་ཏུ་བསྡུས་པ་སོགས་རྣམ་རྟོག་གཏིང་མ་ཚུགས་པའི་བཤད་པ་རྒྱ་ཆེར་བྱེད་དོ། །དེ་དག་ནི་མི་འཐད་པར་རྟོགས་སླ་སྟེ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་བཤད་ཅིང༌། སློབ་དཔོན་གྱིས་ཀྱང༌། གཉེན་པོ་རྣམ་པ་བཞི་ཡང་དེའི་དབྱེ་བས་ཐ་དད་དོ་ཞེས་བྱ་བར་ཤེས་པར་བྱའོ། །ཞེས་གསུངས་ལ་དེ་དག་གཅིག་ཏུ་བསྡུས་པའི་ཤེས་བྱེད་ཀྱང་ཁྱེད་ལ་མེད་པའི་ཕྱིར་རོ། །ཡང་ལོག་སྒྲུབ་གྲངས་སུ་བགྲངས་ན། མཐོང་སྤངས་དང༌། སྒོམ་སྤངས་རྟོག་པ་རྣམས་ཀྱང་ལོགས་སུ་བགྲང་དགོས་པས། ཁྱེད་ཅག་ཆོས་བརྒྱད་ཀྱི་གྲངས་ངེས་འདོད་པ་ཉམས་སོ། །དེས་ན་བདག་གི་བློ་ལ་འདི་ལྟར་སྣང་སྟེ། གཞུང་གི་དངོས་བསྟན་ལ། སྦྱོར་ལམ་རྩེ་སྦྱོར་བཞི། མཐོང་ལམ་རྩེ་སྦྱོར་བཞི། སྒོམ་ལམ་རྩེ་སྦྱོར་བཞི། བར་ཆད་མེད་པའི་རྩེ་སྦྱོར་བརྒྱད་དེ་བཅོ་ལྔར་སྣང་བས། དོན་བདུན་བཅུའི་གྲངས་ངེས་པར་འཛིན་མི་དགོས་ལ། འོན་ཀྱང་སྔ་རབས་མཁས་པའི་ལུགས་དང་མཐུན་པར་བྱེད་ན། རྣམ་བཤད་ཀྱི་དགོངས་པ་ནི་འདི་ཡིན་ཏེ། མཐོང་སྤངས་རྟོག་པའི་གཉེན་པོ་བཞིར་བཤད་པ་སྦྱོར་འཇུག་གཉིས་སུ་བསྡུད། སྒོམ་སྤངས་རྟོག་པའི་གཉེན་པོ་བཞིར་བཤད་པ་སྦྱོར་འཇུག་གཉིས་སུ་བསྡུད། དེ་ལས་ཀྱང་མཐོང་སྤངས་རྟོག་པའི་གཉེན་པོ་སྦྱོར་བ་ནི། ཆོས་མཆོག་ཆེན་པོ་ཡིན་པས། སྦྱོར་ལམ་རྩེ་སྦྱོར་དུ་འདུས་པའི་ཕྱིར། ལོགས་སུ་མི་བགྲང་བས་དེ་ལྟར་ན་བརྒྱད་དོ། །བརྒྱད་པོའང་གཉིས་སུ་འདུས་ཏེ། འདི་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་པ་ཡིན་པས། སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གཉིས། དང་པོ་ལ་སྦྱོར་བའི་ལམ་དང་པོར་སྐྱེ་བའི་གནས་སྐབས་དང༌། དེ་ལས་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་ཐོབ་གཉིས། དང་པོ་ནི། རྩེ་སྦྱོར་དེའི་རྟགས་ཏེ། འདིས་དྲོད་ཀྱི་རྩེ་སྦྱོར་མཚོན་པ་སྟོན་ནོ། །གཉིས་པ་ལ། བསོད་ནམས་ཀྱི་ཁྱད་པར་ཅི་ཞིག་ཐོབ་པ་དང༌། ཡེ་ཤེས་ཀྱི་ཁྱད་པར་ཅི་ཞིག་ཐོབ་པའོ། །དང་པོ་ནི། རྣམ་འཕེལ་བཅུ་དྲུག་སྟེ། འདིས་རྩེ་མོའི་རྩེ་སྦྱོར་མཚོན་ནས་བསྟན་པ་ཡིན་ནོ། །གཉིས་པ་ལ། མངོན་རྟོགས་ཀྱི་ཡེ་ཤེས་ཇི་ལྟར་སྐྱེ་བའི་ཚུལ་དང༌། སྟོང་ཉིད་ཀྱི་ཡེ་ཤེས་ཇི་ལྟར་སྐྱེ་བའི་ཚུལ་ལོ། །འདི་གཉིས་ནི་བརྟན་པ་དང༌། སེམས་ཀུན་ཏུ་གནས་པ་གཉིས་ཏེ། འདིས་བཟོད་པ་དང༌། ཆོས་མཆོག་གི་རྩེ་སྦྱོར་མཚོན་ཏེ་བསྟན་ནོ། །བར་ཆད་མེད་ལམ་ལ་སྒྲིབ་པ་ཀུན་བརྟགས་ཀྱི་ས་བོན་སྤོང་བའི་བར་ཆད་མེད་ལམ་དང༌། ལྷན་སྐྱེས་ཀྱི་ས་བོན་སྤོང་བའི་བར་ཆད་མེད་ལམ་གཉིས་ལས། དང་པོ་ནི། མཐོང་ལམ་རྩེ་སྦྱོར་ཏེ། འདི་ལའང་སྦྱོར་འཇུག་གཉིས་ལས། སྦྱོར་བ་ནི་བཤད་མ་ཐག་པའོ། །འཇུག་པ་ནི། རྣལ་མ་མཐོང་ལམ་རྩེ་སྦྱོར་གྱིས་སྟོན། གཉིས་པ་ལ། ཙམ་པོ་དང༌། བར་ཆད་མེད་ལམ་ཁྱད་པར་ཅན་གཉིས། དང་པོ་ལ། སྦྱོར་འཇུག་གཉིས་ལས། དང་པོ་ནི། སེང་གེ་རྣམ་བསྒྱིངས་དང༌། གཉིས་པ་ནི། དངོས་གཞིའི་ཐོད་རྒལ་ལོ། །གཉིས་པ་ཁྱད་པར་ཅན་ནི། བར་ཆད་མེད་པའི་རྩེ་སྦྱོར་ཏེ། བར་ཆད་མེད་ལམ་མཚན་ཉིད་པ་ནི་དེ་ཡིན་ནོ། །གཉིས་པ་སོ་སོའི་འབྲེལ་ལ། སྦྱོར་ལམ་རྩེ་སྦྱོར་སོགས་བཞི། དང་པོ་ལའང་རྟགས་སོགས་བཞི་ལས་ཐོག་མར་རྟགས་ཀྱིས་མཚོན་པའི་རྩེ་སྦྱོར་ལ། འབྲེལ་ནི། རྩེ་སྦྱོར་འཆད་པའི་ཐོག་མར་དེའི་རྟགས་བཤད་པར་བྱ་སྟེ། རྩེ་སྦྱོར་གོ་སླ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། གོ་སླ་བར་བྱ་བའི་ཕྱིར་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི་གལ་ཏེ་བྱང་སེམས་ཆེན་པོ་རྨི་ལམ་ནའང༌། ཐམས་ཅད་རྨི་ལམ་དང༌། སྒྲ་སྙན་དང༌། མི་ཡོར་དང༌། སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་བལྟ་ཡང་མངོན་དུ་མི་བྱེད་ན། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་སོ། །དེ་སྟོན་པ་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་སོགས་སོ། །འདི་ལ་འཕགས་པ་ཤཱནྟི་པ། རཏྣ་ཀིརྟི་རྣམས། དང་པོ་དྲུག་རྨི་ལམ་གྱི་རྟགས། ཕྱི་མ་དྲུག་གཉིས་ཀའི་རྟགས་སུ་བཞེད། བུདྡྷ་ཤྲཱི། དང་པོ་དྲུག་རྨི་ལམ་གྱི་རྟགས། བདེན་ཚིག་གྲུབ་པ་གཉིས་གཉིས་ཀའི་རྟགས། ཕྱི་མ་བཞི། སད་པའི་རྟགས་སུ་བཞེད། ཨར་གྱིས། དང་པོ་ལྔ་རྨི་ལམ་གྱི་རྟགས། ལྔ་པ། བདུན་པ་གཉིས་གཉིས་ཀའི་རྟགས། ཕྱི་མ་ལྔ་སད་པའི་རྟགས་སུ་བཞེད། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དེའི་ཡིད་ཆེས་པར་བྱེད་པའི་རྟགས་ནི་དགུ་སྟེ། ས་གཞན་ལ་དགའ་བ་མེད་པའི་རྟགས། རང་བཞིན་གྱི་དོན་གྱི་དབང་དུ་བྱས་པ། སྙིང་རྗེ་ཕུན་སུམ་ཚོགས་པ། མཐུ་ཕུན་སུམ་ཚོགས་པ། མངོན་པའི་ང་རྒྱལ་མེད་པ། བཤེས་གཉེན་དམ་པ་ལ་བསྟེན་པ། ཤེས་རབ་དམ་པ་ལ་མངོན་པར་བརྩོན་པ། ཆོས་ཐམས་ཅད་ཐ་དད་པ་མེད་པར་རྟོགས་པ། ཤེས་རབ་ཕུལ་དུ་ཕྱིན་པའི་རྟགས་ཞེས་བཤད། ལོ་ཙྪ་བ་ཆེན་པོས། དང་པོ་བརྒྱད་སྦྱོར་བ་ལ་མི་འཁྲུལ་བའི་ཆོས་དོན་གཞན་དུ་འགྱུར་བ་ཡིན་ལ། ཕྱི་མ་བཞི་སྦྱོར་བའི་ངོ་བོར་གྱུར་པ་ཡིན་ནོ། །ཞེས་བཞེད། གསེར་གླིང་པ། གཉིད་མ་ལོག་པའི་གནས་སྐབས་སུ་གསལ་བ་ཉིད་ཀྱིས། གཟུགས་ལ་སོགས་པའི་ཆོས་རྣམས་རྨི་ལམ་དང་སྒྱུ་མ་ལ་སོགས་པར་མ་ཟད་ཀྱི། གཞན་དུ་གཉིད་ཀྱི་ཉམས་པའི་གནས་སྐབས་སུ་ཡང་མཐོང་བའི་ཕྱིར་ཞེས་གསུངས། ཆོས་ཀྱི་བཤེས་གཉེན་དང༌། རྣམ་བཤད་ལས། དང་པོ་དྲུག་རྨི་ལམ་གྱི་རྟགས། ཕྱི་མ་དྲུག་སད་པའི་རྟགས་ཞེས་བཤད། བཟད་པ་མདོ་ལས་འདི་རྣམས་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པས། རྩེ་སྦྱོར་གྱི་རྟགས་སུ་མི་འཐད་དོ་ཟེར་བ་ལ། མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། རྩེ་སྦྱོར་ཐོབ་ན་ཕྱིར་མི་ལྡོག་གི་རྟགས་ཐོབ་པས་ཁྱབ། རང་ཉིད་ཀྱིས་ཕྱིར་མི་ལྡོག་པར་ངེས་ནའང་རྩེ་སྦྱོར་ཐོབ་པས་ཁྱབ་པའི་ཕྱིར། ཞེས་གསུང་ངོ༌། །སློབ་དཔོན་གྱི་དགོངས་པ་ནི། སྔར་བཤད་པ་ནི་སྤྱིར་ཕྱིར་མི་ལྡོག་པའི་རྟགས་ཡིན་ལ། འདི་ནི་ཕྱིར་མི་ལྡོག་པའི་བྱེ་བྲག་རྩེ་སྦྱོར་ཐོབ་པའི་རྟགས་ཡིན་པས། སྔར་བཤད་པ་དང་མི་ཟློས། ཞེས་སྟོན་པར་བཞེད་དེ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་རྣམ་འཕེལ་ལ་འབྲེལ་ནི། རྟགས་ཀྱིས་མཚོན་པའི་དྲོད་ཀྱི། རྩེ་སྦྱོར་སྒོམ་པ་ལས་བསོད་ནམས་མངོན་པར་འཕེལ་བར་འབྱུང་བའི་ཕྱིར་དེ་འཆད་དོ། །ཞེས་སྟོན་པ་ནི། དེ་ལྟར་ཞེས་སོ། །དངོས་ལ་བཤད་བྱའི་མདོ་ནི། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་འགྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ལ་དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་ལ་སོགས་པ་བྱ་སྟེ། དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། བཅོམ་ལྡན་འདས་མང་ངོ༌། །ཞེས་སོགས་སོ། །དེ་བསྡུད་པ། འཛམ་བུའི་གླིང་གི་སྐྱེ་བོ་རྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །ཞེས་སོགས་སོ། །རྣམ་འཕེལ་བཅུ་དྲུག་པོ་བསྡུ་ན། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དང༌། ནང་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དེ། བཅུ་དྲུག་པོ་སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་བསོད་ནམས་ཁྱད་པར་དུ་འཕགས་པར་སློབ་དཔོན་གསེར་གླིང་པ་བཞེད་ཅིང༌། སྔ་རབས་ཀྱི་དགེ་བའི་བཤེས་གཉེན་ཕལ་ཆེ་དེ་ལྟར་བཞེད། རྣམ་བཤད་ལས། སྤྱིར་རྣམ་པར་འཕེལ་བར་སྟོན་པ་ཡིན་གྱི། སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་པར་སྟོན་པ་ནི་མིན་ཏེ། དེ་ལྟར་བསྟན་མི་ནུས་པའི་ཕྱིར། ཞེས་གསུངས་སོ། །དེ་ཉིད་པཎྜི་ཏའི་བཞེད་པ་ཡིན་ཏེ། རྣམ་འཕེལ་བཅུ་དྲུག་རྩེ་མོ་ཡིས། །གྲངས་ངེས་མེད་ཅིང་གོ་རིམ་ཀྱང༌། །མེད་དོ་འདིས་ཀྱང་འདིས་ཀྱང་ནི། །འཕེལ་ལོ་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་སོ། །གསུམ་པ་བརྟན་པས་མཚོན་པའི་རྩེ་སྦྱོར་ལ་འབྲེལ་ནི། རྣམ་འཕེལ་བཅུ་དྲུག་གིས་མཚོན་ནས་བསྟན་པའི་རྩེ་སྦྱོར་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ངེས་པར་བརྟན་པ་ཐོབ་པའི་ཕྱིར་དེ་འཆད་དོ་ཞེས་སྟོན་པ་ནི། དེ་ལྟར་རྣམ་པར་འཕེལ་བས་རྣམ་པར་སྤེལ་ཞིང༌། ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ་མདོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། མེ་ཏོག་མན་ད་ར་བ་མང་པོ་བླངས་ཏེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་ཚིག་འདི་སྐད་ཅེས་བརྗོད་དོ། །དགེ་བའི་རྩ་བ་འདིས་གང་དག་བྱང་ཆུབ་སེམས་པའི་ཐེག་པ་པ་དག་གིས། བླ་མེད་བྱང་ཆུབ་ཏུ་དམིགས་པ་དེ་དག་གིས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག རྣམ་མཁྱེན་གྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག རང་གི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་གསུངས། དེ་བསྡུད་པ་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །དེ་ལྟར་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་ལ་སོགས་པ་ཡོངས་སུ་རྫོགས་པ་བླ་ན་མེད་པ་ནི། རང་དོན་རྟོགས་པ་བརྟན་པ་ཡིན་ནོ། །བཅོམ་ལྡན་འདས་བདག་ནི། བྱང་སེམས་ཆེན་པོ་སླར་ལྡོག་སྟེ། ཉན་ཐོས་སམ་རང་སངས་རྒྱས་སུ་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེད་པ་མ་མཆིས་ཏེ། བྱང་སེམས་ཆེན་པོ་འདི་ནི་འདི་ལྟར་རྟོག་སྟེ། ཅི་བདག་རྒལ་ནས་སེམས་ཅན་མ་རྒལ་བ་རྣམས་སྒྲལ་བར་གྱུར་ཅིག བདག་གྲོལ་ནས་མ་གྲོལ་བ་རྣམས་དགྲོལ་བར་གྱུར་ཅིག བདག་དབུགས་ཕྱིན་ནས་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་གྱུར་ཅིག བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་ཟློས་པར་གྱུར་ཅིག ཅེས་གསུངས། དེ་བསྡུད་པ་ནི། སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་དང༌། འགྲེལ་པ་སྔ་མ་ལྟར་སྦྱར་ནས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི། གཞན་དོན་ཕྲིན་ལས་ངེས་པར་བརྟན་པ་ཡིན་ནོ། །མདོ་སྔ་མའི་དོན་ཉི་སྣང་ལས། ངེས་པར་བརྟན་པ་འདི་རྙེད་དཀའ་བ་ཤེས་པའི་དོན་དུ་མེ་ཏོག་མན་ད་ར་བ་སྨོས། རྐང་པ་དང་པོས་མདོར་བསྟན། ཕྱི་མ་གསུམ་གྱིས་མཁྱེན་གསུམ་གྱི་ཆོས་སོ་སོར་བཤད་པ་ཡིན་ནོ། །ཞེས་གསུངས། མདོ་ཕྱི་མའི་དོན། འགྲེལ་ཆེན་ལས། མཐོང་བ་དང༌། སྒོམ་པ་དང༌། ཁྱད་པར་གྱི་ལམ་དང༌། མི་སློབ་པའི་ལམ་རྟོགས་པའི་དབྱེ་བས་བདག་རྒལ་བ་སོགས་ཚིགས་བཞི་སྨོས་སོ། །ཞེས་གསུངས། འདིར་མཁྱེན་གསུམ་གྱིས་མཚོན་ནས་མངོན་པར་རྟོགས་པ་བརྒྱད་ཀ་རྫོགས་པར་བསྔོ་བ་ཡིན་ཏེ། འདིས་བརྒྱད་ཀ་བསྡུས་པའི་ཕྱིར་རོ། །གཞུང་གི་དངོས་བསྟན་ལྟར། ཡོངས་སུ་རྫོགས་པ་མཚན་ཉིད་པ་ནི་མ་ཡིན་ཏེ། མདོ་དང་ཉི་སྣང་ལས། བསྔོ་བར་བཤད་པའི་ཕྱིར་རོ། །བཞི་པ་སེམས་ཀུན་ཏུ་གནས་པས་མཚོན་པའི་རྩེ་མོ་ལ། འབྲེལ་ནི་མཁྱེན་པ་གསུམ་ལ་ངེས་པ་བརྟན་པོ་ཐོབ་པས་མཚོན་པའི་བཟོད་པའི་རྩེ་སྦྱོར་སྒོམ་པ་ལས་སྐྱེ་མེད་གསུམ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་འབྱུང་བའི་ཕྱིར་ཞེས་སྟོན་པ་ནི། དེ་ལྟར་ངེས་པ་བརྟན་པར་བྱེད་པས་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ་བཤད་བྱའི་མདོ་ནི། བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པ་དང༌། ཡུན་རིང་པོ་ནས་སྤྱོད་པ་དང༌། ཕྱིར་མི་ལྡོག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་ན། དེའི་བསོད་ནམས་ཅི་ཞིག་ཏུ་འཕེལ་བར་འགྱུར། བཀའ་སྩལ་པ། ཀཽ་ཤི་ཀ གླིང་ཆེན་པོ་བཞི་པ་དང༌། སྟོང་གཅིག་པ་དང༌། སྟོང་གཉིས་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ལ་གཞལ་བའི་ཚད་ཀྱི་ཚད་བཟུང་བར་ཡང་སྲིད་ཀྱི། རྗེས་སུ་ཡི་རང་པ་དེ་དང་ལྡན་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཞེས་གསུངས། དེ་བསྡུད་པ་ནི། གླིང་བཞི་པ་དང་སོགས་སོ། །ཅི་སྟེ་མདོ་ལས་རྗེས་སུ་ཡི་རང་བསོད་ནམས་མང་བར་བསྟན་གྱི། ཏིང་ངེ་འཛིན་བསོད་ནམས་མང་བར་མ་བསྟན་ནོ་སྙམ་ན། རྗེས་སུ་ཡི་རང་ནི་མདོའི་དངོས་བསྟན་ཡིན་ལ། ཏིང་ངེ་འཛིན་ནི་སྦས་དོན་ཡིན་པས། དངོས་བསྟན་གྱི་དཔེ་དང༌། སྦས་པའི་དོན་གཉིས་དཔེ་དོན་སྦྱར་ནས་གསུངས་པ་ཡིན་ཞེས་ཆོས་ཀྱི་རྗེ་གསུང་ངོ༌། །དགེ་བའི་བཤེས་གཉེན་འབྲེ་ཆེན་པོ། རྗེས་སུ་ཡི་རང་ཡང་ཡིན། ཏིང་ངེ་འཛིན་ཀྱང་ཡིན་པས། མདོ་ལས་རྗེས་སུ་ཡི་རང་གི་ལྡོག་པ་དང༌། བསྟན་བཅོས་ལས་ཏིང་ངེ་འཛིན་གྱི་ལྡོག་པ་ནས་བསྟན་གྱི། དོན་གཞན་གྱི་བསྟན་པ་མིན་ནོ། །ཞེས་བཞེད། བརྒྱད་སྟོང་འགྲེལ་ཆེན་ལྟར་ན། དོན་གཞན་གྱིས་བསྟན་པར་བཞེད་དེ། དགོངས་པ་ནི། ཡི་རང་གི་བསོད་ནམས་དང་ལྡན་པ་ཆོས་མཆོག་སྟེ། ཡི་རང་པོ་ཆོས་མཆོག་ལ་གནས་པའི་དབང་དུ་བྱས་སོ། །བསོད་ནམས་དེ་དང་ལྡན་པའི་ཆོས་མཆོག་གི་ངོ་བོ་ནི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ། ཞེས་བཤད་པ་བཞིན་ནོ། །འདིར་སེམས་དཔའ་བཞི་ནི། འགྲེལ་ཆེན་ལས། ལུགས་གསུམ་གསུངས་ཏེ། ལུགས་དང་པོ་འཕགས་པའི་བཞེད་པ་ནི། མཐོང་སྒོམ་ལམ་གྱི་སྤང་བྱ། རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་རྟོགས་པ་པོའི་དབང་དུ་བྱས་པར་བཤད་པས་འདིའི་དགོངས་པ་འབྲེ་ཨར་གྱིས། མཐོང་སྤངས་ཀྱི་གཉེན་པོ་གཅིག་ནི། ས་དང་པོ་དང༌། སྒོམ་སྤང་རྟོག་པའི་གཉེན་པོ་གསུམ་ནི། ས་གཉིས་པ་ནས་བདུན་པའི་བར་དང༌། དག་པ་ས་གསུམ་དང༌། ས་བཅུ་པ་རྣམས་ཡིན་པར་བཞེད། ལུགས་གཉིས་པ་ནི། རྟགས་དང༌། རྣམ་འཕེལ། ངེས་པར་བརྟན་པ། སེམས་ཀུན་ཏུ་གནས་པ་བཞི་ལ་གནས་པའི་དབང་དུ་བྱས་པ་ཡིན་པར་བཤད་ལ། རྟགས་སོགས་འདི་དག་ངེས་འབྱེད་མཚན་ཉིད་པ་ལ་བྱེད་ན་མདོ་སྡེ་རྒྱན་དང་འགལ་ལ། སེང་བཟང་ལྟར་འཆད་ན་མི་འགལ་ཙམ་ཞེས་འདུལ་དཀར་བཞེད། ལུགས་གསུམ་པ་ནི། ཐེག་པ་ལ་དང་པོར་ཞུགས་པ་ནི། མོས་པས་སྤྱོད་པའོ། །སྤྱོད་པ་ལ་ཞུགས་པ་ནི། རབ་ཏུ་དགའ་བ་སོགས་ས་བདུན་ལ་གནས་པའོ། །ཕྱིར་མི་ལྡོག་པ་ནི་མི་གཡོ་བ་སོགས་ས་གསུམ་ལ་གནས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ས་བཅུ་པའོ། །ཞེས་གསུངས་ལ། འདི་རང་ལུགས་ཡིན་པར་གྲགས། གཉིས་པ་མཐོང་ལམ་རྩེ་སྦྱོར་ལ། འབྲེལ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་མཐོང་བའི་ལམ་ཡིན་ཏེ། ཞེས་པའོ། །འབྲེལ་པ་ཅན་དངོས་ལ། མཐོང་སྒོམ་བར་ཆད་མེད་པའི་རྩེ་སྦྱོར་གསུམ་གྱི་སྐབས་སུ་སྤང་བྱ་འདི་དག་སྤངས་ཤིང༌། གཉེན་པོ་འདི་རྒྱུད་ལ་བརྟེན་ན་འབྲས་བུ་འདི་འབྱུང་ཞེས་སྟོན་པ་ལས། ཐོག་མར་སྤང་བྱ་མཐོང་སྤངས་རྟོག་པ་འཆད་པ་ལ། མདོར་བསྟན། རྒྱས་པར་བཤད། གཉེན་པོའི་དབྱེ་བའོ། །དང་པོ་ལ། གཟུང་རྟོག་མདོར་བསྟན། འཛིན་རྟོག་མདོར་བསྟན། དང་པོ་ལ་འབྲེལ་ནི། གཟུང་བ་ལ་ལྟོས་ནས་འཛིན་པ་འཇོག་པའི་ཕྱིར། ཐོག་མར་གཟུང་རྟོག་འཆད་ཅེས་སྟོན་པ་ནི། དེ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་ཞེས་སོ། །དངོས་ལ་མདོ་ནི། སེམས་དཔའ་བཞིའི་རྗེས་སུ་ཡིད་རང་བར་བྱས་ནས་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང༌། གཉིས་སུ་མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་འཇུག་པ་གཟུང་རྟོག་དང༌། རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་རྣམ་པར་མི་རྟོག་པར་མ་ཟད། གཟུགས་ནས་སངས་རྒྱས་ཀྱི་བར་གྱི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ། །ཞེས་ལྡོག་པ་གཟུང་རྟོག་མདོར་བསྟན་ནོ། །དེ་བསྡུད་པ་ནི། བླངས་དང་དོར་བྱའི་དབྱེ་བ་ཡིས། །འཇུག་པ་དང་ནི་ལྡོག་པ་ལ། །ཞེས་སོ། །འདིར་མདོ་ལས། གཉེན་པོ་མི་རྟོག་པའི་ཡེ་ཤེས་དངོས་སུ་བསྟན་ནས། སྤང་བྱ་རྟོག་པ་ཤུགས་ལ་སྟོན་ཅིང༌། བསྟན་བཅོས་ལས་ནི་སྤང་བྱ་རྟོག་པ་དངོས་སུ་བསྟན་ནས། གཉེན་པོ་ཤུགས་ལ་སྟོན། འགྲེལ་པ་ལས་ནི། སྤང་གཉེན་སྦྱར་ནས་བསྟན་ནོ། །ཅི་སྟེ་ཉན་ཐོས་དང༌། བྱང་སེམས་ཀྱི་ཆོས་ལ་དམིགས་ནས་ལྡོག་བྱ་དང་འཇུག་བྱར་ཞེན་པའི་བློ་དེ། སྤང་བྱར་མི་འཐད་དེ། གནས་ཚུལ་དང་མཐུན་པར་འཇུག་པའི་ཕྱིར་ཞེ་ན། འདིར་བསྟན་གཟུང་རྟོག་གཉིས་ཆོས་ཅན། མཐོང་སྤངས་ཡིན་ཏེ། ཡུལ་གྱི་གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་ཞུགས་པའི་རྟོག་པ་ཀུན་བརྟགས་ཡིན་པའི་ཕྱིར། དཔེར་ན་མཐོང་སྤང་ཉོན་མོངས་པ་བཞིན་ཞེས་སྟོན་པ་ནི། ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་པའོ། །གཉིས་པ་འཛིན་རྟོག་མདོར་བསྟན་པ་ལ། མདོ་ནི། ནམ་མཁའ་དབེན་པའི་ཕྱིར་སེམས་ཅན་དབེན་པར་ལྟའོ། །ནམ་མཁའ་སྟོང་པ་ཉིད་ཀྱི་ཕྱིར། སེམས་ཅན་སྟོང་པ་ཉིད་དུ་ལྟའོ། །ནམ་མཁའ་སྙིང་པོ་མེད་པའི་ཕྱིར། སེམས་ཅན་སྙིང་པོ་མེད་པར་ལྟའོ། །ནམ་མཁའ་གསོག་ཉིད་ཀྱི་ཕྱིར། སེམས་ཅན་གསོག་ཉིད་དུ་ལྟའོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་སོགས་སོ། །རྐང་པ་དང་པོས་རྟོག་པ་འདི་གཉིས་གང་ལ་ཡོད་པའི་རྟེན་གྱི་གང་ཟག་དེ་བསྟན། སེམས་ཅན་ཞེས་པས་རྟོག་པའི་ཡུལ་དེ་བསྟན། དེ་ཡང་མདོར་བསྟན་དུ། གང་ཟག་ལ་རྫས་བཏགས་སུ་འཛིན་པ་དེ་དངོས་སུ་བསྟན་ནས། གདགས་གཞི་ཆོས་ལ་རྫས་བཏགས་སུ་འཛིན་པ་ཤུགས་ལ་བསྟན། རྒྱས་བཤད་དུ་དེ་ལས་ལྡོག་སྟེ་བསྟན་པ་ཡིན་ནོ། །འདིར་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པའི་དོན་ལ། དགེ་བའི་བཤེས་གཉེན་སྔ་རབས་པ་རྣམས་ཡུལ་གྱི་རྫས་འཛིན་དང༌། བཏགས་འཛིན་གཉིས་ཀྱི་དབང་དུ་བྱས་པ་ཡིན་གྱི། ཡུལ་ཅན་རྟོག་པའི་དབང་དུ་བྱས་ན་གཉིས་ཀ་ལའང་གཉིས་ཀ་ཡོད་དེ། མཐོང་སྤང་ཡིན་པའི་ཕྱིར་དང༌། འཕགས་པ་ལ་སྒོམ་སྤངས་སུ་གྱུར་པའི་རྫས་འཛིན་རྟོག་པ་ཡོད་པའི་ཕྱིར་ཞེས་འཆད། འདིས་ནི་འཕགས་སེང་གི་ཕྱོགས་སྔ་མ་ཞལ་གྱིས་བཞེས་ཏེ། ཉི་སྣང་ལས། ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ་ཞེས་ཏེ་དེ་ལྟ་བུ་རྣམས་སོ་སོ་སྐྱེ་བོས་ཀྱང་རྟོགས་པ་མ་ཡིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པར་བཞག་པ་ནི་མ་ཁྱབ་པར་འགྱུར་རོ་ཞེ་ན། དེ་དག་གི་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ། །ཞེས་དང༌། འཕགས་པ་ལའང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག མཚན་མོ་འདས་ནས་ནང་པར་གྱི་དུས་སུ་ངས་སྲོག་ཆགས་ཅེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ། །ཞེས་བྱ་བ་དང༌། དེ་བཞིན་དུ། དེའི་ཚེ་དེའི་དུས་སུ་རི་དྭགས་ཀྱི་རྒྱལ་པོ་སེང་གི་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་མ་ཡིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་གཞག་ལ་མ་ཁྱབ་པར་འགྱུར་རོ་ཞེ་ན། དེའི་ཚིག་དོན་ནི་ཐ་སྙད་པ་ཡིན་གྱི། དོན་དམ་པ་ནི་མིན་པ་དེས་ན་སྙིང་པོ་མེད་དོ་ཞེས་གསུངས་པའི་ཕྱིར་དང༌། འགྲེལ་ཆེན་དུའང་དེ་ཉིད་དྲངས་ནས་གསུངས་པའི་ཕྱིར། ཅི་སྟེ་དེ་དག་ཀྱང༌། ཡུལ་ལ་དགོངས་པ་ཡིན་ནོ་སྙམ་ན་ནི། སྐབས་འདིར་ཡུལ་ཅན་རྟོག་པའི་རྣམ་གཞག་མ་བསྟན་པར་གྱུར་བས་སྐབས་དོན་ལས་ཉམས་པར་འགྱུར་རོ། །དེས་ན་ཀུན་མཁྱེན་ཆོས་རྗེའི་བཞེད་པ་འདི་ལྟར་བཤད་པར་བྱ་སྟེ། འདིར་རྫས་ནི། དོན་དམ་པར་དོན་བྱེད་ནུས་པའམ། རང་སྐྱ་ཐུབ་པའི་རྫས་སམ། རྟག་ཅིང་བརྟན་པའི་རྫས་གང་རུང་ཡིན་ལ། དེ་དག་ཏུ་འཛིན་པ་ནི་རྫས་འཛིན་རྟོག་པ་ཡིན་ལ། དེའི་ནང་ནས་ཀྱང་ཡུལ་གང་ཟག་གམ། སེམས་སེམས་བྱུང་ལ་དམིགས་ནས་དེ་དག་གང་རུང་དུ་འཛིན་པ་ནི་རྫས་འཛིན་འཛིན་རྟོག་ཡིན་ནོ། །བཏགས་པ་ནི། ཡན་ལག་གམ། ཆ་ཤས་སོགས་ལ་བཏགས་པ་ཙམ་ཡིན་ལ། དེ་དག་ཏུ་འཛིན་པ་ནི་བཏགས་འཛིན་ནོ། །འདི་ལའང་ཆོས་དང་གང་ཟག་ལ་དབྱེ་བས་རྣམ་པ་གཉིས་སོ། །འདིར་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པ་ནི། མཐོང་སྤང་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དེ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། གཞན་དུ་སྒོམ་སྤངས་རྫས་འཛིན་གྱི་རྣམ་གཞག་གསུངས་པ་དང་ཡང་འགལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་ཀྱང་གང་ཟག་ལ་རྫས་འཛིན་དང་བཏགས་འཛིན་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། མདོ་དང་བསྟན་བཅོས་འགྲེལ་པ་འགྲེལ་བཤད་ཐམས་ཅད་ཀྱིས། གང་ཟག་ཁོ་ན་ལ་སྦྱར་ཏེ་གསུངས་པའི་ཕྱིར་རོ། །དེས་ན་གང་ཟག་ལ་རྫས་སུ་འཛིན་པ་ནི། འཕགས་པ་རྣམས་ལ་མེད་དེ། གང་ཟག་བཏགས་པ་ཙམ་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །འོ་ན་འདིར་བསྟན་རྫས་འཛིན་དེ། ཐེག་ཆེན་མཐོང་སྤངས་ཤེས་སྒྲིབ་མིན་པར་འགྱུར་ཏེ། ཉན་ཐོས་འཕགས་པས་ཀྱང་སྤངས་པའི་ཕྱིར་སྙམ་ན། བདེན་མོད་ཀྱི། འོན་ཀྱང་མདོར་བསྟན་གྱི་གཞུང་གིས་དངོས་སུ་བསྟན་པའི་ཕུང་པོ་ལྔ་ཚོགས་ཙམ་ལ་རྟག་གཅིག་དང་རང་དབང་ཅན་གྱི་རྫས་སུ་འཛིན་པ་ནི། ངར་འཛིན་གྱི་རྣམ་པ་ཅན་ཡིན་ཏེ། འཕགས་སེང་གཉིས་ཀས་དེ་ལྟར་བཤད་པའི་ཕྱིར། མཐོང་སྤངས་ཤེས་སྒྲིབ་ཏུ་འཇོག་པ་ནི། དེས་ཤུགས་ལ་འཕངས་པའི་ཕུང་པོ་ལྔ་སོ་སོ་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པ་དེ་ཡིན་ནོ། །དཔེར་ན་སྐབས་དང་པོ་རང་དབང་ཅན་དང༌། གཅིག་པུ་སོགས་རྫས་འཛིན། ཉོན་སྒྲིབ་དངོས་སུ་བཤད་ནས། དེའི་ཤུགས་ལ་རྫས་འཛིན་ཤེས་སྒྲིབ་བསྟན་པ་བཞིན་ནོ། །དེ་ལྟར་སྟོན་པའི་རྒྱུ་མཚན་ཡང༌། ཕུང་པོ་ངར་འཛིན་པ་དང༌། ཕུང་པོ་ལ་བདེན་པར་འཛིན་པ་ཀུན་བརྟགས་གཉིས། ཐེག་ཆེན་གྱི་ས་ཅིག་ཆར་དུ་སྤོང་བའི་ཕྱིར་རོ། །འདིར་བསྟན་གང་ཟག་ལ་བཏགས་འཛིན་རྟོག་པ་སོ་སོ་སྐྱེ་བོ་ལ་མེད་དེ། གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཐེག་ཆེན་འཕགས་པ་ལའང་མེད་དེ། ཐེག་ཆེན་མཐོང་སྤང་ཡིན་པའི་ཕྱིར། དེས་ན་ཉན་རང་འཕགས་པ་ཁོ་ན་ལ་ཡོད་དེ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཤིང༌། གང་ཟག་གི་བདག་མེད་ལ་བདེན་པར་འཛིན་པ་མ་སྤངས་པའི་ཕྱིར། ཆོས་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་བཏགས་འཛིན་རྟོག་པ་ནི་མངོན་གྱུར་པ་མི་སྲིད་དོ། །སོ་སྐྱེ་ལ་མེད་ཅིང་འཕགས་པ་ལའང་མེད་པའི་ཕྱིར། ཉན་རང་འཕགས་པ་ལ་མེད་དེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཐེག་ཆེན་འཕགས་པ་ལའང་མེད་དེ། ཐེག་ཆེན་མཐོང་སྤངས་ཡིན་པའི་ཕྱིར། མཐོང་སྤངས་སུ་གྱུར་པའི་ཆོས་ལ་རྫས་འཛིན་གྱི་རྟོག་པ་ཉན་རང་འཕགས་པ་ལའང་ཡོད་དེ། གདགས་གཞི་ཕུང་པོ་ལྔ་ལ་བདེན་པར་འཛིན་པ་ཡོད་པའི་ཕྱིར། འོ་ན་རྣམ་བཤད་ལས། ཉན་རང་འཕགས་པ་ལ། གང་ཟག་ལ་བདེན་འཛིན་མེད་པར་མ་བཤད་དམ་སྙམ་ན། བཤད་མོད་དེ་ཙམ་གྱིས་བདེན་མེད་རྟོགས་པར་མི་འགྱུར་ཏེ། དཔེར་ན་ཉན་ཐོས་བྱེ་བྲག་པས། བུམ་པ་བཏགས་ཡོད་དུ་ཁོང་དུ་ཆུད་ཀྱང་བུམ་པའི་རྡུལ་སོ་སོར་བ་བཏགས་ཡོད་དུ་ཁོང་དུ་མ་ཆུད་པ་བཞིན་ནོ། །དེ་ལྟ་ན་ཡང༌། ཨརྻ་དེ་བའི་གཞུང་དང་འགལ་བར་མི་འགྱུར་ཏེ། རང་རྒྱལ་གྱི་གཟུགས་སྒྲ་བདེན་མེད་དུ་རྟོགས་པར་མི་འཇོག་པ་བཞིན་ནོ། །ཡང་རྣམ་བཤད་ལས། ཐེག་ཆེན་འཕགས་པ་ལ་བདེན་འཛིན་མེད་དེ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། ཞེས་དང༌། ཐེག་ཆེན་འཕགས་པ་ལ་རྫས་འཛིན་རྟོག་པ་མངོན་གྱུར་མེད་ཅེས་པ་རྣམས་ནི། མཐོང་སྤངས་ལ་དགོངས་པ་ཡིན་པས་གཞན་དུ་བསམ་པར་མི་བྱའོ། །དེས་ན་འདིར་དངོས་སུ་བསྟན་པའི་རྫས་འཛིན་རྟོག་པ་ནི། གང་ཟག་གི་བདག་འཛིན་ཡིན་པར་ཁ་ཆེ་གཞོན་ནུ་དཔལ་གྱིས་བཤད་དེ། བསྡུས་དོན་ལ། དེ་ལ་འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པ་ནི། གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའོ། །ཞེས་འབྱུང་བའི་ཕྱིར་རོ། །དེས་འདིར་བསྟན་རྟོག་པ་ཐམས་ཅད་ཤེས་སྒྲིབ་ཁོ་ནར་བཞེད་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཐམས་ཅད་ཀྱི་ལུགས་ནི་མིན་ཏེ། བསྡུས་དོན་སྒྲོན་མ་ལས། ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །ལ་ལ་གཉིས་ཆར་འདོད་པ་ཡོད། །ཅེས་གསུངས་པས། རིགས་པའི་དབང་ཕྱུག་ཆ་པའི་ཞལ་ནས། བཏགས་འཛིན་རྟོགས་པ་མཐོང་སྤངས་སུ་ཁས་བླངས་ནས། འཕགས་པ་ལ་ཡོད་པར་འདོད་པ་ནི། ངའི་མ་མོ་གཤམ་ཡིན་ནོ། །ཞེས་སྨྲ་བ་དང་མཚུངས་སོ། །ཞེས་གསུངས་པའང་སྐྱོན་མིན་ཏེ། ཐེག་ཆེན་གྱི་མཐོང་སྤངས་ཡིན་ཡང༌། ཉན་རང་འཕགས་པ་ལ་ཡོད་པ་མི་འགལ་བའི་ཕྱིར། དེ་སྐད་དུ་ཡང་དག་ལྡན་ལས། འཛིན་པའི་རྣམ་པར་རྟོག་པ་དང་པོ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི་སོ་སོ་སྐྱེ་བོ་དག་གི་ཡིན་ཏེ། དེ་དག་གིས་མ་སྤངས་པའི་ཕྱིར་དང༌། འཕགས་པ་དག་ནི་མ་ཡིན་ཏེ། དེ་དག་གིས་སྤངས་པའི་ཕྱིར་དང༌། མཐོང་བས་སྤང་བར་བྱ་བའི་སྐབས་ཉིད་ཡིན་པའི་ཕྱིར། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི། འཕགས་པ་དག་གིས་ཏེ། དེ་ཉན་ཐོས་དང་རང་རྒྱལ་དག་གིས་མ་སྤངས་པ་ཉིད་ཀྱི་ཕྱིར་དང༌། སོ་སོ་སྐྱེ་བོ་དག་ལ་དང་པོ་ནི་ཡོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། སྐྱེ་འཕགས་གཉིས་སོ་སོར་ཡུལ་དུ་བྱས་པའི་རྟོག་པ་ལ། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་ཞེས་བྱ་ལ། དེ་ཡང་སོ་སོ་སྐྱེ་བོ་རྫས་སུ་ཡོད་པ་ཞེས་བྱ་སྟེ། ཟླ་བ་གཉིས་སུ་སྣང་བ་ལྟ་བུ་མིན་པར་ཡང་དག་པའི་ཀུན་རྫོབ་ཏུ་ཚད་མས་གྲུབ་པའི་ཕྱིར། འཕགས་པའི་གང་ཟག་ནི་བཏགས་པ་ཙམ་ཡིན་ཏེ། ལུང་ལས། ཆོས་ལྔ་པོ་འདི་དག་ནི་བཏགས་པ་ཙམ་སྟེ། འདས་པ་དང་མ་འོངས་པ་དང༌། སོ་སོར་མ་བརྟགས་པའི་འགོག་པ་དང༌། མྱ་ངན་ལས་འདས་པ་དང་གང་ཟག་རྣམས་ཏེ། འདི་དག་ནི་མིང་ཙམ་མོ། །ཞེས་འབྱུང་བའི་ཕྱིར། ཞེས་བཞེད། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་གཟུང་རྟོག་རྒྱས་པ་བཤད་པ་ལ། འཇུག་པ་བཟུང་རྟོག་རྒྱས་པར་བཤད་པ་དང༌། ལྡོག་པ་གཟུང་རྟོག་རྒྱས་པར་བཤད་པ་གཉིས། དང་པོ་ལ་འབྲེལ་ནི། འཇུག་པ་དང་ནི་ལྡོག་པ་ལ། །སོ་སོ་དགུ་ཡི་བདག་ཉིད་ཅེས་གསུངས་ན། དགུ་པོ་དེ་གང་ཞེ་ན། འདི་ལ་བཤད་བྱའི་མདོ་ནི། འཛིན་རྟོག་མདོར་བསྟན་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྒྱུ་མ་ལྟ་བུའི་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་བ་ལགས། ཞེས་སོགས་སོ། །དེ་བསྡུད་པ་ནི། ངོ་བོ་ཉིད་དང་རིགས་དང་ནི། །ཞེས་སོ། །འདི་ལ་ཡུལ་གྱི་དབྱེ་བས་དགུ་གསུངས་ཤིང༌། ཆུང་ངུ་འབྲིང་ཆེན་པོའི་དབྱེ་བས་དགུར་ཕྱེ་བ་ཡིན་པས་དགུ་པོ་དེར་གྲངས་ངེས་པའང་ཡིན་ནོ། །གཉིས་པ་ལ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང༌། གླིང་བཞིའི་རྗེས་སུ་འགྲོའོ། །དེ་བཞིན་དུ། ཡུམ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔའི་ལས་བྱེད་ཅིང༌། ལྔའི་རྗེས་སུ་འབྲང་ངོ་ཞེས་སོ། །དེ་དག་བསྡུད་པ་ནི། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །ཞེས་སོགས་སོ། །སློབ་དཔོན་གྱིས། གཞུང་འདི་གཉིས་ལའང༌། སྒོམ་སྤངས་རྟོགས་པའི་རིགས་པས། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་དང༌། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་སྦྱོར་རོ། །གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ལ་འབྲེལ་ནི། སོ་སོར་དགུ་ཡི་བདག་ཉིད་ཅེས་གསུངས་ན། དགུ་པོ་གང་ཞེ་ན། ཡུལ་གྱི་དབྱེ་བས་ཆུང་འབྲིང་དགུར་འབྱེད་དོ་ཞེས་སྟོན་པ་ལ། མདོ་ནི། གཟུང་རྟོག་རྒྱས་པར་བཤད་པ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས། ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མཆིས་སམ། བཀའ་སྩལ་པ་དེ་ནི་མ་ཡིན་ནོ། །ཡུམ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ། གཏོང་བ་མེད་དོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། འཛིན་པ་དང་ནི་འདོར་བ་དང༌། །ཞེས་སོགས་སོ། །གཉིས་པ་ལ། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པ་ལ། མདོ་ནི། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་སྤངས་པ་ཡིན། ཞེས་སོགས་སོ། །དེ་བསྡུད་པ་ནི། དེ་བཞིན་ངེས་པར་མི་འབྱུང་དང༌། །ཞེས་སོགས་སོ། །གསུམ་པ་གཉེན་པོའི་དབྱེ་བ་ལ། ལུས་རྣམ་གཞག་ཏུ་གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་བཤད་པ་དེ། འདིར་རྩ་བར་དངོས་སུ་མ་གསུངས་པས་བཤད་དགོས་སོ་ཞེ་ན། དེ་སྟོན་པ་ནི། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་རྣམ་པ་བཞི་ཉིད་ལས། ཞེས་སོགས་སོ། །གཉེན་པོ་རྣམ་པ་བཞི་དང་ནི། །འཕགས་པ་ལྟར་ན་སེམས་དཔའ་བཞིའི་ཡེ་ཤེས་ལ་བཞེད་དེ། ཉི་ཁྲི་སྣང་བ་ལས། རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་མཐོང་བའི་ལམ་དང༌། སྒོམ་པའི་ལམ་དག་གིས་རྟོགས་པ་པོ་རྣམ་པ་བཞི་བསྙད་པའི་ཕྱིར། ཐེག་པ་ལ་གསར་དུ་ཞུགས་པ་དང༌། སྤྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་རྣམ་པ་བཞི་པོ་དེ་བསྟན་པས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་པས་སོ། །སློབ་དཔོན་ལྟར་ན། མཐོང་སྤངས་ཀྱི་གཉེན་པོ་སྦྱོར་འཇུག་གཉིས། སྒོམ་སྤངས་ཀྱི་གཉེན་པོ་སྦྱོར་འཇུག་གཉིས་ཏེ་བཞིར་བཞེད་དོ། །འོ་ན་སྦྱོར་འཇུག་གི་ཁྱད་པར་དེ་གང་ལ་བྱ་ཞེ་ན། འདི་ལ་སྔ་རབས་མཁས་པའི་བཤད་སྲོལ་མང་མོད། ཀུན་མཁྱེན་ཆོས་རྗེས་བཞེད་པ་ནི་འདི་ཡིན་ཏེ། མཐོང་ལམ་གྱི་སྦྱོར་བ་ཉེར་བསྡོགས་ནི། བྱང་སེམས་ཀྱི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ལ་བྱ་སྟེ། བརྒྱད་སྟོང་འགྲེལ་པ་གནས་ཀྱི་ཟླ་འོད་དང༌། མཛོད་ཀྱི་འགྲེལ་བཤད་བྱེད་པ་གཉིས་ཀྱིས་དེ་ལྟར་བཤད་པའི་ཕྱིར་རོ། །དེ་ལྟའང་མཐོང་སྤངས་མིན་པར་མི་འགྱུར་ཏེ། སྤངས་བྱ་ལ་མཐོང་སྤངས་སྒོམ་སྤངས་གཉིས་སུ་གྲངས་ངེས་པར་བཤད་པ་ནི། ས་བོན་ལ་ལྟོས་ནས་ཡིན་ལ། འདི་མངོན་གྱུར་སྤོང་བའི་གཉེན་པོའི་དབང་དུ་བྱས་པའི་ཕྱིར། འོ་ན་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཀྱིས། རྟོག་པ་དང་པོ་གཉིས་མངོན་གྱུར་བ་སྤོང་ན། སྦྱོར་ལམ་བཞི་ལ་རྟོག་པ་བཞི་གྲངས་བཞིན་དུ་སྤང་བྱར་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་ཁྱོད་བདེན་མོད། འོན་ཀྱང་སྔར་བཤད་པ་ལྟར་སྦྱོར་ལམ་བཞི་པོ་རིམ་པ་ལྟར། རྟོག་པ་མངོན་གྱུར་བཞི་པོ་མགོ་མནོན་པའི་གཉེན་པོ་ཡིན་པས། ཆོས་མཆོག་ཆུང་དུ་སྐྱེས་པའི་ཚེ་རྟོག་པ་བཞི་པོ་མངོན་གྱུར་གནས་པ་བཅོམ་ནས། དབང་ལྡན་དུ་ཡོད་ལ། ཆོས་མཆོག་འབྲིང་གི་ཡེ་ཤེས་དེས་རྟོག་པ་དང་པོ་གཉིས་དབང་ལྡན་དུ་གནས་པ་དེ་ལ་ཡང་གནོད་པ་བྱེད་བཞིན་པ་ཡིན་ཏེ། དེའི་དམིགས་རྣམ་སྟོན་པ་ནི། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་གསུངས་ལ། ལུང་སྟོན་པའི་རྒྱུ་ཡང༌། གཟུང་བ་རང་བཞིན་མེད་པར་སྒོམ་པ་ལ་ནུས་པ་ལྷག་པར་འཕེལ་བའི་གཏན་ཚིགས་ལ་མདོ་ལས་བཤད་ཅིང༌། རློམ་པ་ཟད་པའང་རློམ་པ་མངོན་གྱུར་བ་མི་འབྱུང་བ་ལ་འགྲེལ་བས་བཤད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་མཆོག་ཆེན་པོའི་ཚེ། འཇུག་པ་གཟུང་རྟོག་དང༌། རྫས་འཛིན་རྟོག་པ་མངོན་གྱུར་བ་དབང་ལྡན་དུ་གནས་པ་དེ་ཡང་འགགས་པས། གཉིས་པ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཀྱིས་སྤང་བྱར་ལྡན་པ་ཡིན་ནོ། །དེ་བཞིན་དུ་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ། རྟོག་པ་ཕྱིར་མ་ལྡོག་པ་གཟུང་རྟོག་དང༌། བཏགས་འཛིན་རྟོག་པ་དབང་ལྡན་དང་ལྷན་ཅིག་ཏུ་གནས་ནས་དེ་ལ་གནོད་པ་བྱེད་བཞིན་པ་ཡིན་ཏེ། དེའི་དམིགས་རྣམ་མ་སྟོན་པ་ན། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་ཀུན་བརྟགས་ཀྱི་རྟོག་པ་མངོན་གྱུར་བ་མཐོང་ལམ་བར་ཆད་མེད་ལམ་དངོས་སུ་སྐྱེ་བ་ལ་བར་དུ་གཅོད་བྱེད་ཕྲ་མོ་རྣམས་ལའང་གནོད་པ་བྱེད་པར་འགྲེལ་པས་བཤད་པའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ། གཉིས་པ་དབང་ལྡན་དུ་གནས་པ་དེ་ཡང་འགགས་པས། དེ་དག་མཐོང་ལམ་བར་ཆད་མེད་ལམ་གྱི་སྤང་བྱར་ལྡན་ཞེས་བྱའོ། །དེ་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེ་ཡང༌། རྟོག་པ་བཞི་པོའི་ས་བོན་ལ་དངོས་སུ་གནོད་པར་བྱེད་བཞིན་པ་ཡིན་པས་ན། འགྲེལ་ཆེན་དང༌། ཚིགས་གསལ་ལས། སྦྱོར་བ་ཉེར་བསྡོགས་ཀྱི་ཚེ་སོ་སོ་ཕྱེ་ནས་སྤོང༌། འཇུག་པ་བར་ཆད་མེད་ལམ་གྱི་ཚེ་སྡོམ་ནས་སྤོང༌། ཞེས་གསུངས་པའང་འཐད་པར་འགྱུར་རོ། །སྦྱོར་ལམ་བཞི་ལ་རྟོག་པ་བཞི་མངོན་གྱུར་དུ་མི་ལྡན་པར་བཤད་པ་དེ་ཡང་མཉམ་གཞག་གི་དབང་དུ་བྱས་ཀྱི་རྗེས་ཐོབ་ཏུ་མངོན་དུ་འབྱུང་སྲིད་དེ། རྗེས་ཀྱི་ཤེས་པ་རྣམས་རྟོག་པ་དེ་དག་དང་འཛིན་སྟངས་མི་འགལ་ཞིང༌། མཉམ་གཞག་ན་དབང་ལྡན་གྱིས་ཡོད་པའི་ཕྱིར། དེ་ལྟ་ན་སྤང་བྱ་ལ་མངོན་གྱུར་དང༌། ས་བོན་གཉིས་སུ་ཕྱེ་ནས། ལྡན་ཚུལ་ལ་གསུམ་སྟེ། མངོན་གྱུར་མངོན་གྱུར་དུ་ལྡན་པ། མངོན་གྱུར་དབང་དང་ལྡན་པ། ས་བོན་རྐྱང་པ་དང་ལྡན་པ་གསུམ་གྱི་རྣམ་གཞག་ཤེས་དགོས་སོ། །དེ་ལྟ་ན་སྒོམ་སྤངས་གཉེན་པོའི་སྦྱོར་བ་ཉེར་བསྡོགས་དེ་གང་ལ་བྱ་ཞེ་ན། བླུན་པོས་མཁས་པར་བཅོས་པ་ལ་ལ་ན་རེ། མཐོང་ལམ་རྣམ་གྲོལ་ལམ་ལ་བྱེད། རྣམ་བཤད་ཀྱི་དགོངས་པའང་ཡིན་ལོ། །འོ་ན་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། སྤོང་གཉེན་མིན་པར་ཐལ། རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཞེས་སྨྲས་ན། རྣམ་བཤད་ལ་འཁོར་གསུམ་དངོས་འགལ་དུ་མི་འགྲོའམ། དེའི་ཕྱིར་ལྐུགས་པའི་རིགས་འགྲེ་ངོ་སོར་མ་བྱེད་ཅིག དེས་ན་སྒོམ་སྤངས་གཉེན་པོའི་སྦྱོར་བའི་ཉེར་བསྡོགས་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཏེ། འོག་ནས་འཆད་པར་འགྱུར་རོ། །འདི་ལའང་སྒོམ་ལམ་གྱི་སྦྱོར་བ་ཉེར་བསྡོགས་མིན་པར་ཐལ། སྒོམ་ལམ་དངོས་ཡིན་པའི་ཕྱིར་ཞེ་ན། ཤིན་ཏུ་འདོད་དེ། སྒོམ་སྤང་གཉེན་པོའི་སྦྱོར་བར་ཁས་བླངས་ཀྱི། སྒོམ་ལམ་ཙམ་གྱི་སྦྱོར་བར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟར་དངོས་སུ་བསྟན་པའི་སྤང་བྱ་རྟོག་པ་བཞི་པོ་དེ། དོན་གྱིས་བསྟན་པའི་གཉེན་པོས། བཅོམ་པ་ལས་འབྲས་བུ་ཅི་ཞིག་འབྱུང་ཞེ་ན། འབྲས་བུ་འཆད་པ་ལ། བྱང་ཆུབ་ཆེན་པོའི་རྒྱུ་དང༌། འབྲས་བུ་བྱང་ཆུབ་ཆེན་པོའི་རྒྱུ་དང༌། འབྲས་བུ་བྱང་ཆུབ་ཆེན་པོའི་རྒྱུ་གཉིས། དང་པོ་ལ་འབྲེལ་ནི། ཉེ་བར་ལེན་པའི་རྒྱུ་མཐོང་ལམ་ལས་འབྲས་བུ་བྱང་ཆེན་འབྱུང་ན། དེའི་ལྷན་ཅིག་བྱེད་རྐྱེན་གང་ཞེ་ན་དེ་འཆད་དོ་ཞེས་སྟོན་པ་ནི། དེ་ལྟར་མཐོང་བའི་ལམ་ཞེས་སོགས་སོ། །བཤད་བྱའི་མདོ་ནི། བཅོམ་ལྡན་འདས་ཡུམ་འདི་ནི་ཟབ་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་དཀའ་བ་བགྱིད་པའོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང༌། ཞེས་སོ། །འབྲས་བུ་བྱང་ཆུབ་ཆེན་པོ་ལ་དབུ་མ་པའི་བྱང་ཆེན་ངོས་བཟུང༌། དངོས་པོར་སྨྲ་བའི་འདོད་ཚུལ་དགག གྲོལ་བ་འདོད་པས་སྟོང་ཉིད་ལ་གདམས་པའོ། །དང་པོ་ལ་མདོ་ནི། གསོལ་པ། བཅོམ་ལྡན་འདས་ཡུམ་ལ་ཚད་མ་འབྲེལ་པ་མཆིས་སམ། ཀུན་དགའ་བོ་མི་ཟད་པའི་ཕྱིར་ཡུམ་ལ་ཚད་མ་དང༌། འབྲེལ་བ་མེད་དོ། །དབེན་པའི་ཕྱིར་ཡུམ་ལ་ཚད་མ་དང་འབྲེལ་བ་མེད་དོ། །ཀུན་དགའ་བོ་འདས་པའི་དུས་ཀྱི་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཡུམ་འདི་ལས་བྱུང་ཡང་ཟད་པར་མི་འགྱུར་རོ། །ཀུན་དགའ་བོ་ཡུམ་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་སེམས་སུ་ཟད་དེ། ཡུམ་ནི་མ་ཟད། མི་ཟད་ཟད་པར་མི་འགྱུར་རོ། །དེའི་དོན་སྟོན་པ་ནི། དྲི་མ་ཟད་དང་ཞེས་སོགས་སོ། །འདི་ལ་འཕགས་སེང་ལྟར་ན། ཕྱེད་སྔ་མས་བྱང་ཆེན་ངོས་གཟུང་ནས་ཕྱེད་ཕྱི་མས་སྒྲུབ་བྱེད་བསྟན་པར་བཞེད། རཏྣ་ཀིརྟི་ལྟར་ན། ཕྱེད་དང་པོས་ཉན་ཐོས་ཀྱི་ས་ལ་གནས་ནས་རྗེས་སུ་ཚོལ་བའི་བྱང་ཆུབ་ཆེན་པོའི་མཚན་ཉིད་གསུངས། ཕྱེད་ཕྱི་མས་ཐེག་ཆེན་གྱི་ས་ལ་གནས་ནས་རྗེས་སུ་ཚོལ་བའི་བྱང་ཆུབ་ཀྱི་མཚན་ཉིད་གཉིས་ཉེ་བར་བཀོད་པའོ། །ཞེས་བཞེད། གསེར་གླིང་པ་ལྟར་ན། ཕྱེད་དང་པོས་བྱང་ཆེན་ངོས་བཟུང་བ་ལ། ཅི་ནང་གི་མུ་སྟེགས་པ་དང་འདྲ་བར་འདོད་དམ་ཅེ་ན། མི་འདྲ་བར་སྟོན་པ་ནི། ཕྱེད་ཕྱི་མའོ། །ཞེས་བཞེད། འགྲེལ་པ་ལ། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཏེ། དྲི་མ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དྲི་མ་རྣམས་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་སོགས་སོ། །འོ་ན་དངོས་སྨྲ་བས་ཀྱང་དེ་ལྟར་འདོད་པས་ཁྱད་པར་སྟོན་དགོས་སོ་ཞེ་ན། དྲི་མ་ཆོས་ཅན། དོན་དམ་པར་སྐྱེ་འགག་མེད་དེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རམ། ཡང་ཆོས་ཅན་བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་བྲལ་ཡིན་པའི་ཕྱིར་རམ། ཡང་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། བདག་ལས་ཀྱང་མ་ཡིན་ཞེས་སོགས་སོ། །སྟོན་པ་ནི། ཉོན་མོངས་པའི་ཤེས་བྱའི་སྒྲིབ་པའི་དྲི་མ་སྐྱེས་པ་དང༌། ཞེས་སོགས་སོ། །འགྲེལ་པ་ན་འདིར་སོགས་སྒྲ་ཡོད་ཅིང༌། འགྲེལ་བཤད་བྱེད་པ་གཉིས་ཀྱིས་སོགས་ཁོང་ནས་གཟུགས་སྐུ་གཉིས་འདོན་པར་བཤད་པ་ནི་ལེགས་ཏེ། རྗེ་བཙུན་གྱིས་སྐུ་གསུམ་ཀ་བྱང་ཆུབ་ཆེན་པོར་གསུངས་པའི་ཕྱིར། ཞེས་ཀུན་མཁྱེན་ཆོས་ཀྱི་རྗེ་གསུང་ངོ༌། །ལོ་ཙྪ་བ་གྲགས་རྒྱལ། འདིར་རྒྱ་དཔེ་ལ་སོགས་ཀྱི་སྐད་དོད་མེད་ཅིང༌། འགྲེལ་ནའང་སོགས་སྒྲ་མེད་ལ། མཐོང་ལམ་གྱི་ཉེར་ལེན་གྱི་འབྲས་བུ་འཆད་པའི་སྐབས་སུ། གཟུགས་སྐུ་འཆད་པ་མ་འབྲེལ་ལོ་ཞེས་བཞེད། བཅོམ་ལྡན་རལ་གྲི་ནི། ཡེ་ཤེས་གཟུགས་སུ་སྣང་བའི་ཕྱིར། གཟུགས་སྐུ་གཉིས་ཀྱང་ཡེ་ཤེས་ཡིན་ལ། དེ་ལྟར་ན་མདོ་ལས། དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་ལས་ཀྱང༌། ཤེས་བྱ་ཐམས་ཅད་གཟིགས་པར་གསུངས་པའང་འཐད་པར་འགྱུར་རོ། །ཞེས་བཞེད། གཉིས་པ་དངོས་སྨྲའི་འདོད་ཚུལ་དགག་པ་ལ། ཕྱོགས་སྔ་བརྗོད་པ་ནི། གསེར་གླིང་པ་ལྟར་ན། ནང་གི་མུ་སྟེགས་རྣམས་ན་རེ། ཟད་མེད་སྐྱེ་མེད་ཅེས་པ་མི་འཐད་དེ། ཉོན་མོངས་པ་སྐྱེས་ཟིན་གཉེན་པོས་བཅོམ་པ་དེ། ཟད་པ་མེད་པ་བ་ཡིན་ལ། གཉེན་པོས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དེ་མི་སྐྱེ་བ་བདེན་པ་བ་ཡིན་ཞིང༌། དེ་ལྟར་ཤེས་པའི་ཡེ་ཤེས་དེ་བྱང་ཆུབ་ཆེན་པོར་འཇོག་གོ་ཞེས་སྟོན་པ་ནི། གང་དག་དངོས་པོ་འཇིག་པའི་བསམ་པས་ཞེས་སོགས་སོ། །ཆོས་ཀྱི་བཤེས་གཉེན་ལྟར་ན་ཉན་ཐོས་པ་གང་དག ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་མ་རྟོགས་པས་ཟད་པ་དང་མི་སྐྱེ་བ་ལ། ཟད་པ་དང་མི་སྐྱེའོ་སྙམ་པའི་ཤེས་པ་སྐྱེ་ལ། རྣལ་འབྱོར་སྤྱོད་པ་བ་རྣམས་ནི། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་དག་པའི་གཞི་ཡོངས་གྲུབ་དོན་དམ་པའི་དངོས་པོར་ཁས་ལེན་ནོ། །ལན་ལ། དངོས་སྟོབས་རིགས་པས་དགག ཁས་བླངས་ནང་འགལ་གྱི་དགག་པ་གཉིས་ལས། དང་པོ་ལ་སྔ་འབྲེལ་ནི། དེ་ལྟ་བུའི་ཤེས་པ་དེ་ཆོས་ཅན། བྱང་ཆུབ་ཆེན་པོར་མི་རུང་སྟེ། ལོག་ཤེས་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། དེ་ལྟ་བུའི་ཤེས་པ་དེ། ཞེས་སྦྲེལ་ལོ། །རྩ་བ་ལ། ཤཱནྟི་པ་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཟད་པ་བདེན་པ་བ་དང༌། མི་སྐྱེ་བ་བདེན་པ་བ་གསར་དུ་ཅི་ཞིག་ཐོབ་སྟེ། ཐོབ་པ་བྱར་མེད་པར་ཐལ། ཆོས་རྣམས་ཡིན་ལུགས་ལ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། དེའི་རང་བཞིན་ཏེ་ངོ་བོ་ཡིན་པའི་ཕྱིར། སློབ་དཔོན་ལྟར་ན་དྲི་མ་དོན་དམ་ཟད་པ་དང༌། མི་སྐྱེ་བ་ཆོས་ཅན། ཁྱོད་རྟོགས་པའི་བློ་དེ་བྱང་ཆུབ་ཆེན་པོ་མིན་པར་ཐལ། ཁྱོད་མེད་པའི་ཕྱིར། དེ་བསྒྲུབ་པ་ནི། དྲི་མ་ཆོས་ཅན། དོན་དམ་པར་སྐྱེ་འགག་མེད་དེ། དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར། དོན་དམ་པར་དྲི་མ་ཆོས་ཅན། མཐོང་ལམ་གྱིས་གསར་དུ་ཟད་པར་བྱར་མེད་པར་ཐལ། མ་སྐྱེས་པའི་ཕྱིར། ཆོས་ཅན། མཐོང་ལམ་གྱིས་གསར་དུ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་མིན་པར་ཐལ། གདོད་མ་ནས་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམ་བཞིན་དུ་ཞེས་སོགས་སོ། །གཉིས་པ་ལ། འབྲེལ་ནི། དྲི་མ་བདེན་པར་མེད་པ་དེ་ལྟ་མིན་པར་ཡོད་ན་ཁས་བླངས་ནང་འགལ་ལོ། །ཞེས་སྟོན་པ་ནི། དེ་ལྟ་མིན་ཏེ་ཞེས་སོགས་སོ། །དངོས་ཀྱི་དོན་ལ་རྩ་འགྲེལ་གཉིས་ལས། དང་པོ་ནི། སྟོན་པ་སངས་རྒྱས་ཆོས་ཅན། ཁྱོད་ཀྱིས་བདེན་འཛིན་སྤངས་པ་མི་འཐད་པར་ཐལ། བདེན་འཛིན་ཡུལ་གྱི་གནས་ལུགས་ལ་ཞུགས་པའི་ཕྱིར། ཞེས་སྟོན་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་སོ། །འགྲེལ་པ་ལ། བདེན་མེད་འདོད་པའི་ཕྱོགས་ལ་ཤེས་སྒྲིབ་སྤོང་བ་འཐད་པར་བསྟན། བདེན་གྲུབ་སྨྲ་བའི་ཕྱོགས་ལ་མི་འཐད་པར་བསྟན། བདེན་གྲུབ་ཁས་ལེན་པ་དང༌། བྱང་ཆེན་ཁས་ལེན་པ་ནང་འགལ་དུ་བསྟན་པའོ། །དང་པོ་ལའང་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། སྐྱེ་འཇིག་བྱེད་པའི་རྟགས་ཀྱིས་ཕྱི་རོལ་པས་བཏགས་པའི་བདེན་དངོས་མི་འཐད་པར་སྒྲུབ་སྟེ། བདག་མེད་དུ་གཏན་ལ་དབབ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་ཉན་ཐོས་སྡེ་གཉིས་ཀྱི་བཏགས་པའི་བདེན་དངོས་མི་འཐད་པར་བསྒྲུབས་ཏེ་སེམས་ཙམ་དུ་གཏན་ལ་ཕབ། གཟུང་བ་མེད་པའི་རྟགས་ཀྱིས་རྣམ་པ་བདེན་པས་བརྟགས་པའི་བདེན་དངོས་མི་འཐད་པར་བསྒྲུབས་ཏེ། གཟུང་འཛིན་གཉིས་མེད་དུ་གཏན་ལ་ཕབ། རྟེན་འབྲེལ་གྱི་རྟགས་ཀྱིས་རྣམ་བརྫུན་པས་བཏགས་པའི་བདེན་དངོས་མི་འཐད་པར་བསྒྲུབས་ཏེ། མཐའ་བྲལ་དུ་གཏན་ལ་དབབ་པའོ། །རྣམ་བཤད་ལྟར་ན། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་སོགས་རྣལ་འབྱོར་གྱི་ས་བཞིས་སོ། །འདི་ཡང་གདུལ་བྱ་བསྟན་པ་ལ་རིམ་གྱིས་འཇུག་པའི་ཚུལ་སྟོན་པ་ཡིན་ཏེ། ཐོག་མར་ཕྱི་རོལ་པའི་ལྟ་བ་ལས་ཟློག་ནས། ཆོས་ཀྱི་བདག་མེད་རྟོགས་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར། གང་ཟག་ལ་བདག་མེད་པའི་དོན་སྒོམ་པར་བྱེད་ཅིང༌། ཆོས་ཀྱི་བདག་མེད་ལའང་ཕྲ་རགས་ཀྱི་རིམ་པས། ཕྱི་རོལ་གྱི་དོན་བདེན་མེད་དུ་བསྒྲུབ་པ་དང༌། དེར་སྣང་གི་རྣམ་པ་བདེན་མེད་དུ་སྒྲུབ་པ་དང༌། གཉིས་མེད་ཀྱི་ཤེས་པ་བདེན་མེད་དུ་བསྒྲུབ་པར་བྱེད་དོ། །འོ་ན་དངོས་སྨྲ་བ་ལ་ཁས་བླངས་ནང་འགལ་སྟོན་པའི་སྐབས་སུ། རྣལ་འབྱོར་གྱི་ས་བཞི་སྟོན་པ་ཇི་ལྟར་འབྲེལ་ཞེ་ན། བདེན་གྲུབ་ཁས་ལེན་པ་ལ་དྲི་མ་སྤོང་བ་མི་འཐད་ན། ཆོས་ཐམས་ཅད་བདེན་མེད་ཁས་ལེན་པ་ལ་དྲི་མ་སྤོང་བའི་རིམ་པ་ཇི་ལྟར་འཐད་སྙམ་པ་ལ། མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་པའི་ཚུལ་དང་སྙིང་པོའི་དོན་ཡིད་ལ་བྱེད་པའི་རིམ་པ་གཉིས་ཀྱི་སྒོ་ནས་སྟོན་པ་ལས། དང་པོ་ནི། རྗེ་བཙུན་གྱི་གཞུང་གིས་གཙོ་བོར་སྟོན་པ་ལ། གཉིས་པ་ནི། ཀླུ་གྲུབ་ཀྱི་གཞུང་ལས་གསལ་བར་སྟོན་པ་ཡིན་མོད། གཉིས་པོའང་ལྡོག་པས་ཕྱེ་བ་ཡིན་གྱི། རྫས་ཐ་དད་པ་ནི་མེད་པའི་ཕྱིར། རྗེ་བཙུན་གྱི་གཞུང་ལས་ཀྱང་སྙིང་པོའི་དོན་སྒོམ་པའི་རིམ་པ་མ་བསྟན་པ་ནི་མིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། འདིར་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པའི་སྙིང་པོའི་དོན་སྒོམ་ཚུལ་སྟོན་པ་ཡིན་ཏེ། ཆོས་ཀྱི་བཤེས་གཉེན་གྱིས། དེ་ལ་སྐྱེ་བ་དང་འཇིག་པ་སྟོང་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྙིང་པོའི་དོན་སྒོམ་པའི་རིམ་པ་ཡིད་ལ་བྱ་བ་འདི་ནི་དབུ་མའི་བསྟན་བཅོས་ལས་གསལ་བས་འདིར་བདག་གིས་མི་བསམ་མོ་ཞེས་དང༌། སྙིང་པོའི་དོན་སྒོམ་པའི་དབང་དུ་བྱས་ཏེ་སློབ་དཔོན་གྱི་ཞལ་སྔ་ནས། རྩེ་མོའི་མངོན་པར་རྟོགས་པའི་སྐབས་སུ་དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར། ཞེས་བྱ་བ་ལ་སོགས་གསུངས་སོ། །ཞེས་བཤད་ཅིང༌། རྟོགས་དཀའི་སྣང་བ་ལས། ནང་གི་མུ་སྟེགས་པ་རྣམས་ཀྱིས་བྱང་ཆུབ་པའི་ཐབས་ཐབས་མིན་པ་ཉིད་དུ་བསྟན་པའི་སྐབས་སུ། ཐམས་ཅད་དུ་འགྲོ་བའི་བདག་མེད་པ་བསྟན་པ་ནི་བྱང་ཆུབ་ཇི་ལྟ་བུ་ཡིན་པ། བླ་མའི་མན་ངག་མདོར་བསྡུས་ཏེ་བསྟན་པས། འཇུག་པའི་སྒོ་ནས་ཚིག་ལེའུར་བྱས་པ་ལས་མ་སྨོས་པའི་དོན་ཤུགས་ཀྱིས་འཕངས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཞེས་གསལ་བར་གསུངས་པས། དབུ་མ་པ་ལ་ཉེས་པ་དེ་མི་འཇུག་པར་བསྟན་པ་ཡིན་ནོ། །དེ་ལ་རྣལ་འབྱོར་གྱི་ས་དང་པོས། སྐབས་གསུམ་པར་བསྟན་པའི་སྙིང་པོའི་སྙིང་པོའི་དོན་བསྒོམ་ཚུལ་དང༌། ལྷག་མ་རྣམས་སྐབས་གཉིས་པར་བསྟན་པའི་སྙིང་པོའི་དོན་སྒོམ་ཚུལ་བསྟན་ནོ། །གཞུང་འདིས་ནི་དར་ཊཱིཀ་མཛད་པ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཆེན་པོ་དབུ་མ་པ་འབའ་ཞིག་ཏུ་འདོད་པའང་བསལ་ཏེ། རྣལ་འབྱོར་གྱིས་ས་དང་པོ་གསུམ་བསྒོམ་པའི་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་བདེན་དངོས་འདོད་པའི་ཕྱིར་ཏེ། ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་འདིས་ནི། བསྟན་བཅོས་འདིའི་གདུལ་བྱ་བསྟན་པ་ལ་རིམ་གྱིས་འཇུག་པའི་ཚུལ་བསྟན་པ་ཡིན་ནོ། །དེ་ཡང་འདི་ལྟར། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟག་ཅིང་རང་དབང་ཅན་མིན་ཏེ། སྐྱེ་འཇིག་བྱེད་པའི་ཕྱིར། ཉན་ཐོས་ཚོགས་ལམ་པས་སྐྱེ་འཇིག་ཅན་གྱི་རྟགས་ལས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་རྟོགས་ནས་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། གང་ཟག་གི་བདག་འཛིན་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི་དེ་ལ་སྐྱེ་བ་དང༌། ཞེས་སོགས་སོ། །སྔོན་པོར་སྣང་བ་དང༌། སྔོན་སྣང་གི་ཤེས་པ་ཆོས་ཅན། སྣང་བ་ལྟར་རྫས་གཞན་མིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། སེམས་ཙམ་པའི་དྲོད་རྩེ་གང་རུང་ལ་གནས་པའི་སྦྱོར་ལམ་པས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་དེ་གཉིས་རྫས་གཞན་མིན་པར་རྟོགས་ནས་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། ཤེས་སྒྲིབ་གཟུང་རྟོག་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། ཞེས་སོགས་སོ། །ཕྱི་རོལ་དོན་དུ་སྣང་བའི་རྣམ་པ་འདི་ཆོས་ཅན། ཤེས་པའི་རྫས་སུ་མི་བདེན་ཏེ། སྣ་ཚོགས་སུ་སྣང་ཞིང་སྣང་བ་ལྟར་མེད་པའི་ཕྱིར། སེམས་ཙམ་པའི་བཟོད་མཆོག་གང་རུང་ལ་གནས་པའི་སྦྱོར་ལམ་པས་གཟུང་བ་ཕྱི་རོལ་གྱི་དོན་མེད་པའི་རྟགས་ཀྱིས། དེར་སྣང་བའི་རྣམ་པ་སེམས་སུ་མི་བདེན་པར་རྟོགས་ནས་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱི་རོལ་དོན་དུ་སྣང་བའི་གཟུང་རྣམ་ཤེས་པའི་རྫས་སུ་བདེན་པར་འཛིན་པ་དགག་པའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། གཟུང་བ་མེད་པ་ཞེས་སོགས་སོ། །གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། བྱང་སེམས་མཐོང་ལམ་པས་རྟེན་འབྲེལ་གྱི་རྟགས་ཀྱིས་ཤེས་པ་བདེན་མེད་དུ་རྟོགས་ནས་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། ཤེས་སྒྲིབ་ཀྱི་ས་བོན་སྤངས་པའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། །ཞེས་སོགས་སོ། །འདིར་ཆོས་རྗེ་ས་སྐྱ་པཎྜི་ཏས། རང་སངས་རྒྱས་དང༌། སེམས་ཙམ་པའི་ལྟ་བ་ལ་གོང་འོག་གི་ཁྱད་པར་མེད་པར་བཞེད་ལ། བུ་ཊཱིཀ་ལས། འཛིན་པ་བདེན་སྨྲའི་རང་རྒྱལ་དང༌། །གཟུང་འཛིན་གཉིས་མེད་དོན་དམ་དུ། །འདོད་པའི་སེམས་ཙམ་གྲུབ་པའི་མཐའ། །མཚུངས་པར་རྟོག་པའི་མཁས་པ་མཚར། །ཞེས་གསུངས་ལ། འདི་ནི་གསལ་བྱེད་པའི་བཞད་གད་དོ། །ཞེས་ལེགས་བཤད་གསེར་འཕྲེང་མཛད་པ་པོ་གསུང་ངོ༌། །རྣལ་འབྱོར་གྱི་ས་བཞི་པོ་འདི་ནི་ཆོས་ཉིད་ངོ་བོ་ལས་མི་གཡོ་བར་ཐམས་ཅད་ལ་སྣང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་ཏེ། འདི་ལྟར། འཁོར་ཕལ་ཆེར་ལས་ཁ་ཅིག་ནི། ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་ཡོད་པའི་ཆོས་སྟོན་ཏོ་སྙམ་སྟེ་དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཞེས་དང༌། ཁ་ཅིག་གིས་ནི། ཆོས་ཐམས་ཅད་སེམས་ཙམ་ལས་མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་སྟེ་དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཞེས་དང༌། ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པར། བདག་ལ་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཞེས་དང༌། ཁ་ཅིག་གིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། སྔོན་དང་ཕྱི་མའི་མཐའ་ཐམས་ཅད་དང་བྲལ་བ། རྟག་པ་དང༌། མི་རྟག་པའི་ཡུལ་ལས་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་སྟེ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཞེས་གདུལ་བྱ་སོ་སོའི་དབང་དུ་བྱས་ཏེ་གསུངས་ལ། ལང་ཀར་གཤེགས་པ་དང༌། ཀ་མ་ལ་ཤི་ལའི་སྒོམ་རིམ་དང༌། སློབ་དཔོན་གྱིས་ནི་འདི་དག་གང་ཟག་གཅིག་གི་རིམ་པར་སྒོམ་པའི་དབང་དུ་བྱས་ཏེ་གསུངས་སོ། །འདི་ལ་དར་ཊཱིཀ་སྙིང་པོའི་རྒྱན་མཛད་པ་ན་རེ། རྣལ་འབྱོར་ས་བཞིར་བྱས་ནས་དེ་ལ་ལྟ་བ་གོང་འོག་གི་ཁྱད་པར་འབྱེད་པ་མི་འཐད་དེ། སྔོན་པོ་སྔོར་སྣང་དབང་ཤེས་ལས་རྫས་ཐ་དད་ཡིན་པ་ཁེགས་ནས་སྔོར་སྣང་དབང་ཤེས་སྔོན་པོ་ལས་རྫས་ཐ་དད་པའི་གཟུང་འཛིན་རྫས་གཞན་མ་ཁེགས་པའི་གང་ཟག་གི་རིམ་པ་མི་འཐད་ལ། རྣལ་འབྱོར་གྱི་ས་གཉིས་པས་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དགག་དགོས་པའང་མིན་ཏེ། དེའང་རིགས་པ་སྔ་མས་ཁེགས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དེར་ཡང་རྩད་པ་མཚུངས་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། སེམས་ཙམ་གྱི་ལྟ་བ་ནི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་མ་ལུས་པར་རྟོགས་ནུས་ལ། དེ་ནི་རྣལ་འབྱོར་གྱི་ས་གཉིས་པས་བསྟན་ཅིང༌། དེ་ལས་གོང་ན་དབུ་མའི་ལྟ་བ་མ་གཏོགས་གཞན་སུ་ཡང་མེད་པའི་ཕྱིར། འདིར་རིམ་པ་གཉིས་བསྟན་པ་ལྟར་སྣང་བ་ནི། རིམ་པ་གཉིས་པའི་རྗེས་ཐོབ་ཏུ་ཡིད་ལ་བྱེད་ཚུལ་བསྟན་པ་ཡིན་ནོ། །དེས་ན་མངོན་པར་རྟོགས་པའི་རྒྱན་འདིར། ལྟ་བ་ལ་ལྟོས་པའི་རིམ་པ་གསུམ་ཁོ་ན་བསྟན་ཏེ། ཆུང་ངུ་ལ་གང་ཟག་གི་བདག་མེད་ཐུན་མོང་བ་རྟོགས་པ་དང༌། འབྲིང་པོ་ལ་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པར་རྟོགས་པ་དང༌། ཆེན་པོ་ལ་རྣམ་ཤེས་བདེན་མེད་དུ་རྟོགས་པའོ། །འདིར་ནི་དེ་ལྟ་བུའི་རྣལ་འབྱོར་གྱི་ས་གསུམ་ཁོ་ན་བསྟན་པ་ཡིན་ནོ། །ཞེས་འཆད་དོ། །འདི་མི་འཐད་པར་རྟོགས་པ་ལ་རྣམ་བཅད་ཀྱི་སྒོ་ནས་གནོད་བྱེད་དང༌། ཡོངས་གཅོད་ཀྱི་སྒོ་ནས་སྒྲུབ་བྱེད་དགོད་པ་གཉིས། དང་པོ་ནི། ལྟ་བ་ལ་ལྟོས་པའི་ཐེག་པའི་རིམ་པ་གསུམ་སྟོན་པའང་མི་འཐད་པར་ཐལ། ཐེག་པ་གསུམ་ཀ་རྣམ་ཤེས་བདེན་མེད་རྟོགས་པའི་ལྟ་བ་ལ་གོང་འོག་གི་ཁྱད་པར་མེད་པའི་ཕྱིར། འཁོར་གསུམ་ཅར་ཞལ་གྱིས་བཞེས་ཏེ། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཆོས་ཀྱི་བདག་མེད་རྟོགས་པ་ལ་ཁྱད་པར་མེད་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཆོས་ཀྱི་བདག་མེད་རྟོགས་པའི་ཉན་རང་ཡོད་པར་ཁས་བླངས་ཀྱི། ཐམས་ཅད་ཀྱི་རྟོགས་པར་ཁས་བླངས་པ་མེད་དོ་ཞེ་ན། དེ་ལས་མི་རིགས་པ་གཞན་ཅི་ཞིག་ཡོད། ཁྱོད་ལྟར་ན་འཕགས་པའི་གང་ཟག་ལ་ལ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་སོང་ཞིང༌། གཞན་ཡང་རང་སངས་རྒྱས་དང༌། སེམས་ཙམ་པ་གཉིས་ཀྱི་ལྟ་བ་ལ་ཁྱད་པར་མེད་པའང་མིན་པར་ཐལ། རྣམ་ཤེས་བདེན་མེད་རྟོགས་པའི་རང་སངས་རྒྱས་ཡོད་པའི་ཕྱིར། གསུམ་ཅར་མིན་ནམ། གཞན་ཡང་སྔ་ཕྱི་གཉིས་ལ་མཉམ་རྗེས་ཀྱི་རིགས་པ་སོ་སོར་འབྱེད་པའང་མི་འཐད་པར་ཐལ། སྔོན་པོ་སྔོར་སྣང་དབང་ཤེས་ལས་རྫས་གཞན་ཡིན་པ་ཁེགས་པ་མཉམ་གཞག་གི་རྟོགས་ཚུལ་དང༌། གཅིག་ཤོས་དེ་ལས་རྫས་གཞན་དུ་རྟོགས་པ་རྗེས་ཀྱི་ཡིད་ལ་བྱེད་ཚུལ་ཡིན་པའི་རིམ་པ་མི་འཐད་ལ། རྗེས་ཐོབ་ཏུ་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དགག་དགོས་པའང་མིན་པའི་ཕྱིར། གསུམ་ཅར་གྱི་འཕྲེང་བ་ཞལ་གྱིས་བཞེས། གཞན་ཡང་རྣམ་བདེན་བརྫུན་གཉིས་ལ་ལྟ་བ་གོང་འོག་གི་ཁྱད་པར་མེད་པར་ཐལ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་སེམས་ཙམ་གྱི་ལྟ་བ་མ་ལུས་པ་གཏན་ལ་ཕེབས་པའི་ཕྱིར། ཤིན་ཏུའང་འདོད་དོ་ཞེ་ན། ཁྱད་པར་སྲིད་པ་རྣམ་བདེན་བརྫུན་གཉིས་ལ་ཁྱད་པར་མེད་ཅིང༌། ཁྱད་པར་མི་སྲིད་པ་ཐལ་རང་གི་ལྟ་བ་ལ་ཁྱད་པར་འདོད་པ་ནི། གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཞེས་བྱའོ། །གཞན་ཡང་རྣལ་འབྱོར་གྱིས་གཉིས་པའི་སྐབས་སུ་སྔོན་པོ་བདེན་མེད་དུ་གཏན་ལ་ཕེབས་སམ་མ་ཕེབས། དང་པོ་ལྟར། ཤེས་པའང་བདེན་མེད་དུ་རྟོགས་པར་ཐལ། སྔོན་པོ་བདེན་མེད་དུ་རྟོགས་པའི་ཕྱིར། གསུམ་ཅར་ཁས་བླངས། གཉིས་པ་ལྟར་ན། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཞེས། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་གསུངས་པ་ལ་ནུས་པ་ཅི་ཞིག་ཡོད་དེ་ཅི་ཡང་མེད་པར་ཐལ། སྔོན་པོ་དང་གཉིས་མེད་ཀྱི་ཡེ་ཤེས་གཉིས་ཀ་བདེན་མེད་དུ་མ་རྟོགས་པ་ལ་ཁྱད་པར་མེད་པའི་ཕྱིར། ཅི་སྟེ་ཉེས་པ་དེ་ཁྱེད་རང་ལའང་མཚུངས་སོ་སྙམ་ན། མ་ཡིན་ཏེ། ཁོ་བོ་ཅག་ནི་ཕྱི་རོལ་གྱི་དོན་དང༌། སྔོ་སོགས་ལ་ཡོད་མེད་ཀྱི་ཁྱད་པར་ཁས་མི་ལེན་ཅིང༌། ལེན་ནའང་ཚད་མས་གྲུབ་པ་གཅིག་བདེན་མེད་དུ་རྟོགས་ན། གཞན་ཐམས་ཅད་བདེན་མེད་དུ་རྟོགས་པར་ཁས་མི་ལེན་པའི་ཕྱིར། ཅི་སྟེ་ཁྱེད་ལྟར་ངེས་པར་ཁས་ལེན་དགོས་ན། ཉན་རང་འཕགས་པ་ཆོས་ཅན། ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པར་ཐལ། ཆོས་ཅན་ཚད་མས་གྲུབ་པ་གཅིག་བདེན་མེད་དུ་རྟོགས་པའི་ཕྱིར། རྩ་བའི་གྲུབ་མཐའ་ཐམས་ཅད་མ་འགྱེལ་ལམ། ཡང་རྣལ་འབྱོར་གྱི་ས་གཞན་ལ་རྗེས་ཀྱི་ཡིད་ལ་བྱེད་ཚུལ་མི་སྟོན་པར། གཉིས་པ་ཁོ་ན་ལ་རྗེས་ཀྱི་ཡིད་ལ་བྱེད་ཚུལ་སྟོན་དགོས་པ་ཡང་ཅི་ཞིག་ཡིན་དྲི་བར་བྱའོ། །ཡང་དར་ཊཱིཀ་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་པས། མཉམ་གཞག་སྒྱུ་མ་ལྟ་བུར་སྟོན་པ་ཡིན་ཞེས་གསུངས་པ་ནི། སྣང་བ་ཞེས་པའི་ཚིག་ཟུར་ལ་ནུས་པ་མ་ཐོན་ཅིང༌། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དོ་ཞེས་པ་དང་ཟློས་པས་མི་འཐད་དོ། །ཤིན་ཏུ་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་ནི། རྣལ་འབྱོར་ས་བཞིའི་རིམ་པ་སོ་སོར་ཁོ་ནར་ངེས་པར་བྱེད་དགོས་ཏེ། དབུས་མཐར། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པར་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང་མདོ་སྡེའི་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང༌། སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་ན་ནི་དེ་ཡི་ཚེ། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་དེ། །གནས་ཀྱང་གཞན་དུ་གྱུར་པ་དེ། །གནས་ངན་ལེན་གཉིས་སྤངས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱིས་སེམས་ཙམ་པའི་ལྟ་བ་གཅིག་ལ་རིམ་པ་གཉིས་ཁོ་ན་གསལ་བར་བསྟན་པའི་ཕྱིར་རོ། །གཉིས་པ་ལ། དངོས་སྨྲ་བ་ལྟར། ཡུལ་ཡུལ་ཅན་བདེན་པར་ཡོད་ན། གཉེན་པོ་བར་ཆད་མེད་ལམ་ཆོས་ཅན། ཁྱོད་སྒོམ་པས་སྤངས་བྱ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་ཐལ། ཁྱོད་བསྐྱེད་དུ་མེད་ཅིང་དྲི་མ་འགགས་པར་བྱར་མེད་པའི་ཕྱིར། ནམ་མཁའ་བཞིན་ནོ། །ཞེས་སྟོན་པ་ནི། དེ་ལྟ་མ་ཡིན་ཏེ། དུས་ཐམས་ཅད་དུ་ནམ་མཁའ་རྫས་མེད་ཙམ་གྱི་ངོ་བོ་ཞེས་སོགས་སོ༌། །ཅི་སྟེ་བདེན་པར་ཁས་བླངས་ཀྱི་རྟག་པར་ཁས་མ་བླངས་སོ་ཞེ་ན། མི་རྟག་པར་གྲུབ་ན་སྟོང་པར་གྲུབ་སྟེ། བྱང་ཆུབ་སེམས་འགྲེལ་ལས། གང་ཞིག་རྣམ་ཤེས་སྐད་ཅིག་མ། །དེ་ཡི་དེ་ནི་རྟག་མ་ཡིན། །མི་རྟག་པ་ཡི་སེམས་ཉིད་ནི། །སྟོང་པ་ཉིད་དང་འགལ་མི་འགྱུར། །མདོར་ན་སངས་རྒྱས་རྣམས་ཀྱི་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །དེ་དག་སེམས་དེ་སྟོང་ཉིད་དུ། །ཅིའི་ཕྱིར་ན་བཞེད་མི་འགྱུར། །ཞེས་འབྱུང་བ་ལྟར་རོ། །གསུམ་པ་ནི་དྲི་མ་བདེན་པར་ཁས་ལེན་པ་དང༌། བཅོམ་ལྡན་འདས་ཀྱིས་དྲི་མ་སྤངས་པར་བརྩོམ་པ་དེ་ཆོས་ཅན། རྗེ་བཙུན་གྱིས་བཞད་གད་བྱ་བར་རིགས་ཏེ། གཞི་གཅིག་ལ་ནང་འགལ་ཁས་ལེན་པའི་དམ་འཆའ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་སོགས་སོ། །ཇི་ལྟར་འགལ་ན། རྩ་ཤེ་ལས། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་འབྱུང་བ་ལྟར་རོ། །གསུམ་པ་འབྲེལ་ནི། དེ་ལྟར་དངོས་པོར་སྨྲ་བ་དང༌། དབུ་མ་པའི་ལུགས་གཉིས་ལས། ཐར་པ་འདོད་པ་རྣམས་ཀྱིས་དབུ་མ་པའི་ལུགས་འདི་ཁོ་ན་ཁས་བླང་བར་བྱའོ། །ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །རྩ་བ་ལ། གཞི་ཤེས་བྱའི་གནས་ཚུལ་བསྟན་པ་ནི། རྟེན་འབྲེལ་སྣ་ཚོགས་པ་འདི་ཆོས་ཅན། སྣང་ལ་རང་བཞིན་མེད་པ་ཡིན་ཏེ། སྣང་བའི་ཆ་བསལ་བར་བྱར་མེད། བདེན་གྲུབ་ཀྱི་ཆ་བཞག་པར་བྱར་མེད་པའི་ཕྱིར། ཞེས་སྟོན་པ་ནི་རྐང་པ་དང་པོ་གཉིས་སོ། །དེ་ལ་སྒྲོ་འདོགས་ཇི་ལྟར་གཅོད་པ་ནི་ཡང་དག་པར་སྣང་ལ་རང་བཞིན་མེད་པ་དེ་ཆོས་ཅན། ཁྱོད་ལ་ཡང་དག་པར་རམ། ཁྱོད་རང་གི་གནས་ཚུལ་དང་མཐུན་པར་བལྟ་བར་བྱ་སྟེ། དེ་ལྟར་མ་བལྟས་ན་མངོན་ཞེན་ལས་གྲོལ་བར་མི་འཐད་པའི་ཕྱིར། ཞེས་སྟོན་པ་ནི། རྐང་པ་གསུམ་པའོ། །དེ་ལས་འབྲས་བུ་ཅི་འབྱུང་བ་ནི། ཡང་དག་པ་ཡུལ་གྱི་གནས་ཚུལ་དེ་ཆོས་ཅན། ཁྱོད་ལ་བལྟས་པ་དོན་དང་བཅས་ཏེ། ཁྱོད་མཐོང་ན་ཤེས་སྒྲིབ་ལས་གྲོལ་བར་འགྱུར་བའི་ཕྱིར། ཞེས་སྟོན་པ་ནི་རྐང་པ་བཞི་པའོ། །འདིར་བདག་གི་བློ་ལ་འདི་ལྟར་སྣང་སྟེ། གོང་དུ་འགལ་རྐྱེན་རྟོག་པ་རྣམས་སྤངས། མཐུན་རྐྱེན་ལྷན་ཅིག་བྱེད་པ་གསུམ་པོ་རྒྱུད་ལ་བརྟེན་ནས་འབྲས་བུ་བྱང་ཆུབ་ཆེན་པོ་འབྱུང་བར་བསྟན་པ་ལ། འགལ་རྐྱེན་སྤོང་ཞིང༌། ལྷན་ཅིག་བྱེད་རྐྱེན་གྲོགས་སུ་ཚོལ་བའི་ཉེར་ལེན་གྱི་རྒྱུ་དེ་གང་ཞེ་ན། བདེན་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་དེ་ཡིན་ནོ། །ཞེས་སྟོན་པ་ལ། བདེན་གྲུབ་ཡུལ་གྱི་གནས་ཚུལ་མིན་པ་དང༌། བདེན་སྟོང་ཡུལ་གྱི་གནས་ཚུལ་དུ་བསྟན་ནས་དེ་གསར་དུ་རྟོགས་པའི་བློ་དེ་མཐོང་ལམ་རྩེ་སྦྱོར་དུ་སྟོན་པ་ལ། ཡུམ་གྱི་མདོ་ལས་མ་ཟིན་པའི་ཤླཽ་ཀ་གསུམ་པོ་འདི་གསུངས་སོ། །དེ་ཡང༌། འགོག་པ་མེད་པའི་རང་བཞིན་ལ། །ཞེས་པར། གཉེན་པོ་མཐོང་ལམ་བདེན་སྟོང་ཡིན་པར་བསྟན། །གཞན་གྱིས་ཞེས་པར། སྤང་བྱ་དྲི་མ་བདེན་སྟོང་དུ་བསྟན། འདི་ལ་ཞེས་པས། གཉེན་པོ་བདེན་སྟོང་དེས་སྤངས་བྱ་བདེན་སྟོང་དེ་ཇི་ལྟར་འཇོམས་པའི་རིམ་པ་དེ་སྟོན། དེ་ཡང་ཡུམ་གྱི་མདོ་ནས་ཇི་ལྟར་གསུངས་པ་དང་སྦྱོར་ནས་སྟོན་པ་ནི། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་པའོ། །མདོར་ན་གཞུང་འདི་ཡུམ་གྱི་མདོར་དངོས་སུ་བསྟན་པའི་སྟོང་ཉིད་ཀྱི་རིམ་པ་ངོས་བཟུང་ནས། དེ་ཇི་ལྟར་སྒོམ་པའི་ཚུལ་གསལ་བར་སྟོན་ཏེ། དེ་ཡང་འདི་ལྟར། སྐབས་དང་པོ་གསུམ་དུ་ཇི་ལྟར་བསྟན་པའི་སྐྱེ་མེད་ཀྱི་རིམ་པ་དེ་ངོས་འཛིན་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ཅེས་པའོ། །སྐབས་བར་པ་བཞིར་བསྟན་པ་དེ་དང་སྐྱེ་མེད་ཀྱི་རིམ་པ་ཇི་ལྟར་སྒོམ་པའི་ཚུལ་ངོས་འཛིན་པ་ནི། ལ་ཡང་དག་ལྟ། ཞེས་པའོ། །སྐབས་བརྒྱད་པར་བསྟན་པའི་སྐྱེ་མེད་རྟོགས་པའི་རྟོགས་པ་མཐར་ཐུག་དེ་ངོས་འཛིན་པ་ནི། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཅེས་པའོ། །གཞུང་བཞིའི་འདི་གསུམ་གྱི་མདོ་ནི། དུས་ཀྱི་དབང་གིས་མདོའི་ཡི་གེ་ཉམས་པར་ཤེས་པར་བྱའོ། །ཞེས་གསུངས་ལ། ཁོ་བོ་ཅག་གིས་ནི། ཤེར་ཕྱིན་གྱི་མདོ་ཙམ་གྱིས་དངོས་བསྟན་གྱི་སྟོང་ཉིད་ཀྱི་རིམ་པ་ཇི་ལྟར་སྒོམ་ཚུལ་སྟོན་པ་ཡིན་ཅིང༌། གཞུང་ཕྱི་མ་འདིས་སྔར་བཤད་པ་ལྟར། ཆོས་འཕགས་ཀྱི་ལེའུའི་དོན་སྟོན་པར་གསལ་ལོ། །གཉིས་པ་རྣལ་མ་མཐོང་ལམ་རྩེ་སྦྱོར་ལ། བར་ཆད་མེད་ལམ་དང༌། ཁྱད་པར་གྱི་ལམ་གཉིས། དང་པོ་འབྲེལ་ནི། ཇི་སྐད་བཤད་པའི་བདེན་སྟོང་རྟོགས་པའི་མཐོང་ལམ་དེ་གང་ཞེ་ན། ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། བྱང་སེམས་ཆེན་པོ་སྦྱིན་པ་གཏོང་ཞིང་རྣམ་མཁྱེན་དུ་བསྔོ་བའི་ཚེ་སེམས་ཅན་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེ་བར་གནས་པར་གྱུར་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་སུ་མི་བསྔོའོ། །སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་མེད་བྱང་ཆུབ་ཏུ་བསྔོ་སྟེ། དེ་ཇི་ལྟར་གང་གིས་བསྔོ་བ་དང༌། གང་བསྔོ་བ་དང༌། གང་དུ་བསྔོ་བའི་འདུ་ཤེས་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོའོ། །ཞེས་སོ། །དེ་བསྡུད་པ་ནི། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་སོགས་སོ། །སྐད་ཅིག་མ་གཅིག་ལ་སྦྱིན་སོགས་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་སྒོམ་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཐོང་ལམ་རྩེ་སྦྱོར་ཡིན་ཏེ། མཐོང་སྤངས་རྟོག་པའི་ས་བོན་ལ་དངོས་སུ་གནོད་བྱེད་ཀྱིས་བསྡུས་སྒོམ་རབ་ཏུ་གྱུར་པའི་བྱང་སེམས་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཅེས་སོ། །འདིར་སུམ་ཅུ་རྩ་དྲུག་ཅན་སྐྱེས་པ་ཞེས་པ། མཁས་པ་ཕལ་མོ་ཆེ་ནི། སྦྱིན་སོགས་དྲུག་ཚན་དྲུག་ལ་བཞེད། དེར་འབྱེད་པའི་རྒྱུ་མཚན། བཅོམ་ལྡན་རལ་གྲི་ནི། རྟོག་པ་དྲུག་གི་དབྱེ་བས་བཞེད་དེ། འདིར་ཞེས་པས། ཆོས་ཀྱི་བཤེས་གཉེན་ནི། སྐབས་སྔ་མ་རྣམས་སུ་བསྟན་པའི་མཐོང་ལམ་གྱིས་རྟོག་པ་འདི་སྙེད་བདེ་བླག་ཏུ་སྤོང་མི་ནུས། སྐབས་འོག་མར། རྟོག་པ་འདི་དག་སྤོང་བའི་འབད་པ་མི་དགོས་པས། ཞེས་བཞེད། འོ་ན་སྐབས་ལྔ་པར་མཐོང་སྤང་ཤེས་སྒྲིབ་ཀྱི་སྤོང་ཚུལ་བསྟན་ནས་ཉོན་སྒྲིབ་ཀྱི་སྤོང་ཚུལ་མ་བསྟན་པས། མཐོང་ལམ་བར་ཆད་མེད་ལམ་གྱི་ཉོན་མོངས་པ་གཏན་མི་སྤོང་བ་ཡིན་ནམ་ཞེ་ན། མིན་ཏེ་ཞེས་སྟོན་པ་ནི། དེ་སྐྱེས་པ་ན་ཞེས་སོགས་སོ། །གཞུང་འདིས་རྣམ་པར་རྟོག་པ་སྤངས་པ་ན། རྣམ་པར་རྟོག་པའི་ས་བོན་སྤངས་པར་སྟོན་པ་ནི་མིན་ཏེ་འདིའི་ཐད་ཀྱི་འགྲེལ་ཆེན་ལས། རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤང་བ། ཞེས་གསུངས་པས་སོ། །བླུན་པོས་བཀུར་བར་འོས་པའི་མཁས་པ་ལ་ལ། རྣམ་བཤད་ཀྱི་དགོངས་པ། མཐོང་སྤངས་རྟོགས་པ་སྤངས་ན། དེའི་ས་བོན་སྤངས་པས་ཁྱབ་པར་འདོད་པ་ནི་གཞུང་འདིའི་རྣམ་བཤད་ལས་བཀག་སྟེ། མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་རྫོགས་པར་སྐྱེས་པ་ན། མཐོང་སྤངས་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པར་བསྟན་པའི་ཕྱིར་རོ། །མདོར་ན། གཞུང་འདིས། མཐོང་སྤངས་ཤེས་སྒྲིབ་སྤངས་པ་ན་མཐོང་སྤངས་ཉོན་སྒྲིབ་ཀྱང་སྤོང་བར་བསྟན་ཀྱང༌། ཉོན་མོངས་ཀྱི་བག་ཆགས་ཉོན་སྒྲིབ་ཏུ་ཁས་ལེན་དགོས་པའང་མིན་ཏེ། ཉོན་མོངས་པའི་བག་ཆགས་སྤངས་པ་ན་ཉོན་སྒྲིབ་སྤངས་པ་རིགས་པའི་ཕྱིར་རོ། །གཉིས་པ་ཁྱད་པར་གྱི་ལམ་ལ་འབྲེལ་ནི། མཐོང་ལམ་བར་ཆད་མེད་ལམ་གྱི་མཐོང་སྤངས་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དེ་ཙམ་གྱིས་སྤང་བྱ་སྤོང་བའི་བྱ་བ་ཡོངས་སུ་རྫོགས་སམ་ཞེ་ན་མིན་ཏེ། མཐོང་ལམ་གྱི་རྟོགས་པའི་རིགས་རྒྱུན་དེ་ཉིད་སྒོམ་ལམ་གྱི་གནས་སྐབས་སུ་ཡང་དང་ཡང་དུ་སྒོམ་པར་བྱེད་དགོས་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལ་དབང་དུ་བྱ་བའི་ཕྱིར། ཞེས་སོགས་སོ། །དངོས་ལ། མདོ་ནི། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང༌། ཏིང་ངེ་འཛིན་དེ་ལ་གནས་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་ལུགས་དང་མཐུན་པ་དང་མི་མཐུན་པར་རྟོག་གོ །ཞེས་སོ། །དེ་བསྡུད་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་སོགས་སོ། །འདི་སྒོམ་ལམ་གྱི་སྐབས་ཡིན་ཀྱང༌། འཕགས་སེང་གིས་མཐོང་ལམ་གྱི་སྡེ་ཚན་དུ་བསྡུད་པ་ནི། ས་དང་པོར་སྒོམ་པ་ལ་དགོངས་ཤིང༌། དེ་ཡང་འཕགས་པ་ལྟར་ན་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་པོར་བསྒོམས་ནས། དེའི་རྗེས་སུ་ས་གཉིས་པར་ཐོད་རྒལ་གྱི་ཏིང་ངེ་འཛིན་ནམ། སྒོམ་ལམ་བར་ཆད་མེད་ལམ་དངོས་དེ་འབྱུང་བའི་ཕྱིར། སྒོམ་ལམ་རྩེ་སྦྱོར་མཚན་ཉིད་པ་དེ་སྟོན་པ་ནི། འགོག་དང་བཅས་པའི་ཞེས་སོགས་སོ། །སློབ་དཔོན་ལྟར་ན། དེ་ནས་སེང་གེ་རྣམ་བསྒྱིངས་པའི། ཞེས་བསྟན་པ་དེ་གང་ཞེ་ན། དེ་ངོས་འཛིན་པ་ལ་འགོག་དང་བཅས་པའི་ཞེས་སོགས་སོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ། གཉེན་པོ་སྒོམ་ལམ་རྩེ་སྦྱོར། སྤངས་བྱ་རྟོག་པ། རྟེན་པ་ཡོན་ཏན་ནོ། །དང་པོ་ལ་སྔ་ཕྱིའི་འབྲེལ་ནི། མཐོང་སྤངས་རྟོག་པ་རྣམས་ནི་མཐོང་ལམ་གྱི་སྔ་རོལ་དུ་མགོ་མནོན་པའི་ཕྱིར། རྟོག་པ་སྔར་བསྟན་ནས་གཉེན་པོ་ཕྱིས་བསྟན་ལ། སྒོམ་སྤངས་རྟོག་པ་སྤོང་བའི་སྦྱོར་བ་ཉེར་བསྡོགས་ནི། སྒོམ་ལམ་ཁོ་ན་ཡིན་པའི་ཕྱིར། འདིར་རྟོག་པའི་སྔ་རོལ་དུ་གཉེན་པོ་སྟོན་ནམ་ཞེས་སྟོན་པ་ནི། དེ་ལྟར་མཐོང་བའི་ལམ་བརྗོད་ནས། །ཞེས་སོགས་སོ། །དངོས་ལ། །སློབ་དཔོན་ལྟར་ན། སྦྱོར་བ་ཉེར་བསྡོགས་དང༌། འཇུག་པ་བར་ཆད་མེད་ལམ་གཉིས། དང་པོ་ལ། མདོ་ནི། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ། འདོད་པས་དབེན་པའི་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པའམ། བསམ་གཏན་དང་པོ་ནས་འགོག་པའི་བར་ཉེ་བར་བསྒྲུབ་པ་སྟེ་གནས་སོ། །དེ་འགོག་པ་ལས་ལངས་ནས་སྲིད་རྩེ་ནས་བསམ་གཏན་དང་པོའི་བར་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་སོ། །དེ་བསྡུད་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །ཞེས་པའོ། །གཉིས་པ་ལ། ཆུང་འབྲིང་ཆེན་པོ་གསུམ་ལས། མདོ་ནི། རབ་འབྱོར་བྱང་སེམས་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་སེམས་ཆེན་པོ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་འགོག་པའི་བར་སྙོམས་པར་འཇུག་གོ །ཞེས་དང༌། དེ་ལས་ལངས་ནས་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབ་སྟེ་གནས་སོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་གཉིས་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་གསུམ་པ་ལའོ། །བཞི་པ་ལའོ། །འགོག་པ་ལའོ། །ནམ་མཁའ་ལའོ། །འགོག་པ་ལའོ། །རྣམ་ཤེས་ལའོ། །འགོག་པ་ལའོ། །ཅི་ཡང་མེད་པ་ལའོ། །འགོག་པ་ལའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་ལའོ། །འགོག་པ་ལའོ། །དེ་ལས་ལངས་ནས་འདུ་ཤེས་མེད་མིན་ལ་སྙོམས་པར་འཇུག་གོ །ཞེས་དང༌། དེ་ལས་ལངས་ནས་འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་དོ། །དེ་ལས་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་སོགས་ནས། བསམ་གཏན་དང་པོའི་རྗེས་སུ་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་པའི་བར་རོ། །དེ་བསྡུད་པ་ལ། དངོས་གཞི་ཐོད་རྒལ་ཆུང་ངུ་ནི་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འགྲོ་བསྟན་པས་གོ་སླ་བའི་ཕྱིར་རྩ་བས་མ་བསྡུས་ཤིང༌། འགྲེལ་པར་ཡང་མི་འཆད་ལ། འབྲིང་པོ་ནི། རྩ་བར་མ་བསྡུས་ཀྱང༌། འགྲེལ་པར་ཁ་བསྐང་སྟེ་འཆད་དོ། །འདིར་དར་ཊཱིཀ་པ་སེང་གེ་རྣམ་བསྒྱིངས་ཀྱི་རྗེས་ལ། གང་ཡང་བར་དུ་མ་བཅུག་པའི་ཡར་སོང་སྟེ། དཀྱུས་ས་བསྟན་པ་ཙམ་ཡིན་གྱི། ཐོད་རྒལ་དངོས་གཞི་མིན་པར་བཞེད་པ་ནི། མདོ་ལས། ཐོད་རྒལ་གྱི་དངོས་གཞིར་གསུངས་པ་དང་འགལ་ཞིང༌། དཀྱུས་ས་སྦྱོར་བའི་དུས་སུ་བསྟན་པ་དེས་མི་འགྲུབ་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཐོད་རྒལ་གྱི་སྒྲ་བཤད་དུ་མེད་ཀྱང༌། ཐོད་རྒལ་ཡིན་པ་མི་འགལ་ཏེ། དཔེར་ན་འཕར་གསུམ་བཞིན་ནོ། །སློབ་དཔོན་གྱིས་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཞུང་འདིས་བསྡུས་པར་བཞེད་པ་ནི། འཕགས་པས་སྦྱོར་དངོས་གཉིས་ཀྱི་མདོ་ལྷན་ཅིག་དྲངས་པས་འཁྲུལ་པར་ཟད་ལ། འཕགས་པའི་དགོངས་པ་ལའང་སྦྱོར་བ་གཞུང་སྔ་མས་བསྟན་ནོ། །དེས་ན་བསྟན་བཅོས་རྩ་བའི་དགོངས་པ་ནི། ཤཱནྟི་པས་བཞེད་པ་ལྟར། སྦྱོར་བ་སེང་གེ་རྣམ་བསྒྱིངས་ནི། གཞུང་སྔ་མས་བསྟན་ཟིན་ལ། འདིར་ནི་དངོས་གཞི་ཐོད་རྒལ་ཁོ་ན་བསྟན་པ་ལེགས་སོ། །ཞེས་ཀུན་མཁྱེན་ཆོས་ཀྱི་རྗེ་གསུང་ངོ༌། །དེ་ཡང་ཤཱནྟི་པ་འདི་ལྟར་བཞེད་དེ། དག་ལྡན་ལྟར་ན། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་ཞེས་པས། དངོས་གཞི་ཆུང་འབྲིང་གཉིས་བསྟན། འོངས་ནས། ཞེས་པས་སྲིད་རྩེའི་ནུད་ཆུང་བསྟན། ལྷག་མ་རྣམས་ཀྱིས་ཆེན་པོ་བསྟན་ནོ། །སྙིང་པོ་མཆོག་ལྟར་ན། རྣམ་པ་བཅུ་གཉིས་སུ་སོང་བ་ནི། སྔ་མ་ལྟར་ཡིན་ལ། འོངས་པ་ནི། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་རེ་སྤེལ་ནས་ལུགས་མི་མཐུན་དུ་འོངས་པའོ། །ཐུབ་དགོངས་དང༌། ཉི་ཁྲི་ལེའུ་བརྒྱད་མའང་འདི་ལྟར་བཞེད་ལ། དེ་དག་ནི་སྟོང་ཕྲག་བརྒྱ་པ་དང༌། ཉི་ཤུ་ལྔ་པའི་ལུགས་ཡིན་ལ། སྲིད་རྩེ་ལ་ནུད་ཆུང་ནི་ཁྲི་བརྒྱད་སྟོང་པ་ཁོ་ནའི་ལུགས་སོ། །འདོད་སེམས་ནི། ཚིགས་གསལ་ལས། སེམས་ཅན་དམྱལ་བ་སོགས་ཇི་ལྟར་གནས་པ་རྣམས་སྒྱུ་མ་ཙམ་དུ་དྲན་པའི་རྗེས་ཐོབ་སྟེ། ཡུལ་འདོད་པ་ལ་དམིགས་པས་ན་འདོད་པ་ན་སྤྱོད་པའམ། འདོད་པར་གཏོགས་པའོ་ཞེས་གསུངས། གསེར་གླིང་པ། འདོད་པ་ནི་དམྱལ་བ་སོགས་འདོད་པའི་ཁམས་སོ། །དེར་གཏོགས་པ་ནི་སྐྱེ་བས་ཐོབ་པའི་ཤེས་པའོ། །རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་ནི་རྣམ་པར་རྟོག་པའོ། །མཚམས་བཟུང་བ་ནི་འདོད་པ་ཁམས་པའི་སྐྱེ་བོ་རྣམས་ལས་འཚང་རྒྱ་བ་ཉིད་ཡིན་པའི་ཕྱིར། ཉེ་བར་བཟུང་ཞིང་རྣམ་པར་བཞག་ཅེས་དང༌། འདོད་ཁམས་པའི་རྣམ་པར་རྟོག་པས་རྣམ་པར་གཡེངས་པའི་སེམས་ནས་ཉེ་བར་བཟུང་བར་བྱས་ནས་གཟུགས་ཁམས་སུ་གཏོགས་པའི་སེམས་ཀྱིས་བསམ་གཏན་དང་པོ་མངོན་དུ་བྱས་ཞེས་འདོད་སེམས་མཚན་ཉིད་པ་ལ་བཤད་ཀྱང༌། ཆོས་བཤེས་ལྟར་ལེགས་སོ། །ཞེས་མ་ཕམ་བསྟན་པའི་མངའ་བདག་སངས་རྒྱས་དཔལ་གྱིས་གསུང་ངོ༌། །མདོར་ན་ས་དང་པོའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་སྒོམ་ལམ་གྱིས་བསྡུས་པ་དེ་ཆོས་ཅན། སྒོམ་ལམ་གྱི་དངོས་གཞིའི་ཐོད་རྒལ་གྱི་སྦྱོར་བ་ཡིན་ཏེ། སྒོམ་སྤང་རྟོག་པ་མགོ་མནོན་པའི་སྦྱོར་བའི་ལམ་ཡིན་པའི་ཕྱིར། ས་གཉིས་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ཆོས་ཅན། སྒོམ་ལམ་ལ་འཇུག་པ་བར་ཆད་མེད་ལམ་ཡིན་ཏེ། སྒོམ་སྤངས་རྟོག་པའི་ས་བོན་དངོས་སུ་འཇོམས་ནུས་ཀྱི། བསྡུས་སྒོམ་རབ་ཏུ་གྱུར་བའི་རྣལ་འབྱོར་ཡིན་པའི་ཕྱིར། ཞེས་པའི་དོན་ནོ། །གཉིས་པ་སྤང་བྱ་རྟོག་པ་ལ་བཞི་ལས། དང་པོ་ལ། མདོ་ནི་གསོལ་པ། དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་ནོ། །ཞེས་སོ། །དེ་བསྡུད་པ་ནི། མདོར་བསྡུས་ཞེས་སོགས་སོ། །མདོར་ན། འཇུག་པ་གཟུང་རྟོག་ལྷན་སྐྱེས་དགུ་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་སྤངས་བྱ་ཡིན་ཏེ། སྒོམ་ལམ་སྦྱོར་བ་ཉེར་བསྡོགས་ཀྱི་གཞོམ་བྱ་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ལ། མདོ་ནི། རབ་འབྱོར་གྱིས་གསོལ་པ། ཡུམ་ལ་ཡུན་རིང་པོ་ཇི་སྲིད་ཅིག་དཔྱད་ན་ཡུམ་ལ་སྤྱད་པར་འགྱུར། བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཡུམ་ལ་སྤྱད་པར་བྱའོ། །ཞེས་སོ། །དེ་བསྡུད་པ་ལ། ལྡོག་པ་གཟུང་རྟོག་ལྷན་སྐྱེས་དགུ་ཆོས་ཅན། སྒོམ་ལམ་ལ་འཇུག་པ་བར་ཆད་མེད་ལམ་གྱི་སྤངས་བྱ་ཡིན་ཏེ། དེའི་གཞོམ་བྱ་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །ཞེས་སོ། །གསུམ་པ་ལ་མདོ་ནི། བཅོམ་ལྡན་འདས། བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་གི་ཁམས་ཇི་ལྟ་བུ་ལགས་ཞེས་སོ། །དེ་བསྡུད་པ་ལ། རྫས་འཛིན་རྟོག་པ་ལྷན་སྐྱེས་དགུ་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱིས་སྤངས་བྱ་ཡིན་ཏེ། སྒོམ་ལམ་སྦྱོར་བ་ཉེར་བསྡོགས་ཀྱི་གཞོམ་བྱ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཞེས་སོགས་སོ། །བཞི་པ་ལ། མདོ་ནི། རབ་འབྱོར་ཐ་སྙད་ནི་མིང་དང་མཚན་མའམ་མངོན་པར་ཞེན་པ་མ་ཡིན་ནོ། །རབ་འབྱོར་མིང་ལ་ཐ་སྙད་དུ་བྱ་བ་མ་ཡིན་ཞིང༌། མཚན་མ་དང་མངོན་པར་ཞེན་པ་ལ་ཐ་སྙད་དུ་བྱེད་པ་མ་ཡིན་ནོ་ཞེས་སོ། །དེ་བསྡུད་པ་ནི། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཞེས་སོགས་ཏེ་རྒྱས་པར་བཤད་པ་ཇི་ལྟར་དགུ་ཡིན་ཞེ་ན། གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐམས་ཅད་ཤེས་པ་ཉིད་གསུངས་པ་དང༌། ལམ་གྱི་རྣམ་པར་ཤེས་པ་ཉིད་གསུངས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གསུངས་ན། དེ་གསུམ་ལ་ཁྱད་པར་ཅི་ཞིག་མཆིས། ཞེས་སོགས་སོ། །དེ་བསྡུད་པ་ནི། རྟགས་འཛིན་རྟོག་པ་ལྷན་སྐྱེས་དགུ་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་ཡིན་ཏེ། སྒོམ་ལམ་འཇུག་པ་བར་ཆད་མེད་ལམ་གྱིས་གཞོམ་བྱ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །ཞེས་སོ། །མདོ་ལས། གཉེན་པོ་དངོས་སུ་བསྟན། རྟོག་པ་མཚོན་ནས་གསུངས་ལ། བསྟན་བཅོས་སུ་རྟོག་པ་དངོས་སུ་བསྟན་ནས་གཉེན་པོ་བཞི་ཡང་ཤུགས་ལ་རྟོགས་པར་བྱའོ། །ཞེས་སྟོན་པ་ནི། སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པ་བཞི་པོ་དེ་སྤངས་པ་ཉིད་དུ་ཞེས་སོགས་སོ། །གསུམ་པ་རྟེན་ཡོན་ཏན་ལ་འབྲེལ་ནི། སྒོམ་ལམ་རྩེ་སྦྱོར་གྱི་སྒོམ་སྤངས་རྣམ་པར་རྟོག་པ་རྣམས་སྤངས་པ་ན། ཡོན་ཏན་གྱི་རིགས་ཐམས་ཅད་ཡར་ལྡན་དུ་འབྱུང་བའི་ཕྱིར། བརྟེན་པ་ཡོན་ཏན་འཆད་ཅེས་སྟོན་པ་ནི། སྔ་མ་བཞིན་དུ་ཞེས་སོགས་སོ། །སྒོམ་སྤངས་རྟོག་པ་སྤང་པ་ལ། དེའི་ས་བོན་སྤངས་པས་ཁྱབ་པ་རྣམ་བཤད་ཀྱི་དགོངས་པ་ཡིན་ན་འདིར་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་བྱང་སེམས་ཆོས་ཅན། སྒོམ་སྤངས་ཀྱི་ས་བོན་མ་ལུས་པར་སྤངས་པར་ཐལ། སྒོམ་སྤངས་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའི་ཕྱིར། ཞེས་པའི་ཉེས་པ་རྣམ་བཤད་ཀྱི་ཞལ་གྱིས་བཞེས་པར་འགྱུར་བས་མི་རིགས་སོ། །འབྲེལ་པ་ཅན་དངོས་ལ་བཤད་བྱའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ལ། དུས་དུས་སུ་ཆུ་བྲན་ཅིང་སྡོང་བུ་དེ་རིམ་གྱིས་ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་བ་དང༌། ལྗང་བུ་དེའི་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་ལོངས་སྤྱོད་པ་དེ་བཞིན་དུ། བྱང་སེམས་ཆེན་པོ་རྣམས་ཀྱང་སེམས་ཅན་གྱི་དོན་གྱི་ཕྱིར། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས། དེ་བསྡུད་པ་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་སོགས་སོ། །འདིར་ཡམས་ནད་ནི་ཇི་སྐད་བཤད་པའི་རྟོག་པ་རྣམས་ཏེ། འཚེ་བར་བྱེད་པ་དེར་རྟོགས་པའོ། །དེ་སྐད་དུ་ཡང་འདུལ་བ་ལུང་ལས། བྱི་བ་ནེ་ཚོ་ཆ་ག་པ། །ཧ་ཅང་ཆར་ཆེས་ཆར་ཆུང་དང༌། །རྒྱལ་པོ་ངན་པར་གྱུར་པ་སྟེ། །དྲུག་པོ་དེ་ལ་ཡམས་ཞེས་གསུངས་སོ། །ཟད་པ་ནི་སྤངས་པ་སྟེ། བར་ཆད་མེད་ལམ་རྫོགས་པར་སྐྱེས་པ་དང་སྤང་བྱ་མངོན་གྱུར་སྤངས་པ་དུས་མཉམ་པའི་ཕྱིར་རོ། །དེའི་ཕྱིར་གེགས་བྱེད་པ་མེད་པས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྟེན་པར་བརྗོད་དོ། །དེ་ལྟར་ནའང༌། སངས་རྒྱས་སུ་ཐལ་བ་མིན་ཏེ། གདགས་པ་ལས་གསུངས་པ་ལྟར། རྒྱ་མཚོ་ཆེན་པོ་ཆུ་བོ་བཞིན་འབབ་པའམ། ཕལ་པོ་ཆེ་ལས་འབྱུང་བ་ལྟར། རྒྱ་མཚོ་ཆེན་པོ་འཛམ་བུ་གླིང་ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་གསུམ་དང༌། ནུབ་ནས་སྟོང་ཕྲག་ལྔ་དང༌། བྱང་ནས་སྟོང་ཕྲག་བཅུ་དང༌། ཤར་ནས་སྟོང་ཕྲག་བརྒྱད་འབབ་པ་ལྟར། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འོངས་པའི་རྣམ་པས་བརྟེན་པའི་ཕྱིར་རོ། །བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་ལ། འཕགས་པ་ལྟར་ན། གཉེན་པོ་བར་ཆད་མེད་རྩེ་རྒྱུད་ལ་བརྟེན་བསལ་བྱ་ལོག་བསྒྲུབ་རྣམས་སྤངས་ན། རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་འབྱུང་ངོ་ཞེས་སྟོན་པ་ལ། གསུང་ཚན་གསུམ་གསུངས་སོ། །སློབ་དཔོན་ལྟར་ན། དངོས་དང་དམིགས་རྣམ་མི་མཐུན་ཕྱོགས་སོ། །དང་པོ་ལ་འབྲེལ་ནི། སྒོམ་སྤངས་རྟོག་པ་ཆེན་པོའི་ཆེན་པོ་སྤོང་བའི་གཉེན་པོ་སྒོམ་ལམ་རྩེ་སྦྱོར་ལས། གནས་ངན་ལེན་གྱི་དྲི་མ་སྤོང་བའི་བར་ཆད་མེད་པའི་རྩེ་སྦྱོར་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། སྒོམ་པའི་ལམ་གྱི་རྗེས་ལ་ཞེས་སོགས་སོ། །དངོས་ལ་མདོ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་པའི་སྐྱོན་མེད་པ་ལ་བཀོད་པའི་བསོད་ནམས་དཔེར་མཛད་ནས། དེ་བས་བསོད་ནམས་ཆེས་མང་བར་བསྟན་པའི་ཤུགས་ལ་གསུངས་སོ། །དེ་ངོ་སྦྱོར་ནི། སྟོང་གསུམ་ཞེས་སོགས་སོ། །གཉིས་པ་ལ་འབྲེལ་ནི། མདོར། བསོད་ནམས་མང་པོ་དང་ལྡན་པས་མཚོན་པའི་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་སྟོན་དགོས་སོ་ཞེ་ན། ཞེས་སྟོན་པ་ནི། དེའི་དམིགས་པ་ལ་སོགས་པ་ཇི་ལྟ་བུ་ཞེས་སོགས་སོ། །འཕགས་པ་ལྟར་ན། དེ་མ་ཐག་སྒྲས་རྣམ་མཁྱེན་དེ་གང་ཞེ་ན། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །རྣམ་མཁྱེན་དེའི་རྐྱེན་གཞན་རྣམས་གང་ཞེ་ན། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་སོ། །གཉིས་པ་ལ་མདོ་ནི། གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ་ཞིག་མཆིས། དམིགས་པ་དང༌། དབང་སྒྱུར་བ་དང༌། རྣམ་པ་དང༌། མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །བདག་པོ་ནི་དྲན་པའོ། །རྣམ་པ་ནི་ཞི་བའོ། །མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ། རབ་འབྱོར་འདི་ནི་དམིགས་པ་དང་དབང་སྒྱུར་བ་དང༌། རྣམ་པ་དང༌། མཚན་ཉིད་དོ། །ཞེས་གསུངས། དེ་བསྡུད་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། །དྲན་པ་བདག་པོའི་རྐྱེན་དང་ནི། །ཞི་ཉིད་རྣམ་པ་ཡིན་པར་བཞེད། །ཅེས་སོ། །འདིར་བདེན་པ་བཀག་ཙམ་གྱི་མེད་དགག་དམིགས་པར་སྟོན་པ་ནི་མིན་ཏེ། འཕགས་སེང་གིས། དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་སྒྲིབ་པ་དེ་རིམ་གྱིས་སྒྱུ་མ་ལྟ་བུར་རྟོགས་པ་ཉིད་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་པས་སོ། །ཞི་བ་ནི། གཉེན་པོས་དྲི་མ་བཅོམ་པའི་ཞི་བ་མིན་གྱི། རང་བཞིན་གྱིས་ཞི་བ་ཡིན་པར་ཉི་ཁྲི་སྣང་བར་བཤད་དོ། །མདོར་ན་བདེན་སྟོང་སྒྱུ་མ་ལྟ་བུའི་སྣང་བ་ཆོས་ཅན། བར་ཆད་མེད་རྩེའི་དམིགས་རྐྱེན་ཡིན་ཏེ། བར་ཆད་མེད་རྩེ་དེ་ཁྱོད་ལ་དམིགས་ཏེ་ཞི་བའི་རྣམ་པ་ཅན་དུ་སྐྱེས་པའི་ཕྱིར། རྒྱུན་མཐའ་མན་གྱི་མཁྱེན་གསུམ་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་ཆོས་ཅན། དེའི་བདག་རྐྱེན་ཡིན་ཏེ། དེ་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་མ་ཐག་རྐྱེན་ནི། ཤུགས་ལ་སྟོན་ནོ། །འཕགས་པ་ལྟར་ན་རྣམ་མཁྱེན་ཆོས་ཅན། རང་རྒྱུ་རྐྱེན་གསུམ་ལས་སྐྱེས་ཏེ། བཤད་མ་ཐག་པའི་རྐྱེན་གཉིས་དང་བར་ཆད་མེད་པའི་རྩེ་སྦྱོར་དེ་ཁྱོད་ཀྱི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར་རོ། །གསུམ་པ་བསལ་བྱ་ལོག་སྒྲུབ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་དང་གསུམ། དང་པོ་ནི། དམིགས་རྣམ་གྱི་ཚུལ་འདི་ལ་ཆོས་ཅན། རྒོལ་བ་བརྒྱུད་མར་འབྱུང་སྟེ། གཏིང་དཔག་དཀའ་བའི་རྒྱུ་མཚན་གྱིས། ཀླན་ཀ་སྔ་མའི་ལན་བཏབ་པ་ལ། ཀླན་ཀ་ཕྱི་མ་གཞན་ཡང་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། འདི་ལ་ནི་ཞེས་སོགས་རྩ་འགྲེལ་ལོ། །གཉིས་པ་ལ་འབྲེལ་ནི། བློའི་ཞེས་སོགས་སོ། །དངོས་ལ། མདོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཞེས་སོགས་སོ། །ལོག་པར་རྟོག་པ་བཅུ་དྲུག་དང༌། དེས་ཀུན་ནས་བསླངས་པའི་རྩོད་ངག་བཅུ་དྲུག་གསུངས་སོ། །དེ་བསྡུད་པ་ནི། དམིགས་པ་མཐའ་དང་ཞེས་སོགས་སོ། །དོན་ནི། བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་གམ། དེས་ཀུན་ནས་བསླངས་པའི་རྩོད་ངག་གང་རུང་ཆོས་ཅན། བསལ་བྱ་ལོག་བསྒྲུབ་ཡིན་ཏེ། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་སམ། དེས་ཀུན་ནས་བསླངས་པའི་བདེན་གཉིས་རྣམ་འབྱེད་ཀྱི་རིགས་དག་གང་རུང་གི་བསལ་བྱ་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །བསལ་བྱ་དེ་དག་གང་ཞེ་ན། དཔེར་ན། བདེན་པའི་དངོས་པོར་མེད་པ་དང༌། དམིགས་པ་འཐད་པ་འགལ་སྙམ་པ་ནི་ལོག་རྟོག་ཡིན་ལ། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། དོན་དམ་པར་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་མེད་པའི་ཕྱིར། ཞེས་པ་ནི་ཀླན་ཀའོ། །ཞེས་སོགས་ལྷག་མ་རྣམས་ལའང་སྦྱར་རོ། །འདི་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྟེན་ཅན་ཞེས་བྱ་སྟེ། རྣམ་མཁྱེན་གྱི་ཡུལ་ལ་ལོག་པར་རྟོག་པ་ལས་འཕྲོས་པའི་ཕྱིར་རོ། །དེ་ལ་ལན་ཇི་ལྟར་འདེབས་ཞེ་ན། གསེར་གླིང་པ་བཅུ་པ་ལ་བདེན་པ་གཉིས་ཀའི་ལན་འདེབས། བཅུ་གཉིས་པ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་ལན་འདེབས། དང་པོ་གསུམ་པ་བཞི་པ་ལྔ་པ་དྲུག་པ་མ་གཏོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ལན་འདེབས། དེ་རྣམས་ལ་དོན་དམ་གྱི་ལན་འདེབས་པར་བཞེད་ནའང༌། དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་འདེབས། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་དམ་གྱི་སྒོ་ནས་ལན་འདེབས་དགོས་ཏེ། དེ་ལྟར་བཏབ་ན་བདེན་གཉིས་ཟུང་འབྲེལ་དུ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། ཞེས་སྟོན་པ་ནི། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཞེས་སོ། །མདོར་ན་ཀླན་ཀ་འདི་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འཕྲོས་པར་གསུངས་སོ། །དོན་བསྡུ་བ་ནི། རྒྱུན་མཐའི་སྔ་ལོགས་ཀྱི་བྱང་སེམས་ཆོས་ཅན། འགལ་རྐྱེན་ལོག་རྟོག་བསལ་དགོས་ཏེ། དེ་བསལ། མཐུན་རྐྱེན་དམིགས་རྣམ་རྒྱུ་ལ་བརྟེན་ན། བར་ཆད་མེད་པའི་རྩེ་སྦྱོར་དང༌། དེ་ལས་དེ་དང་དམིགས་རྣམ་མཚུངས་པའི་རྣམ་མཁྱེན་དངོས་སུ་སྐྱེ་བའི་ཕྱིར་ཞེས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་སོགས་སོ། །དེ་ལྟར་ན། ལུང་གི་སྙེ་མ་ལས། གང་གི་དང་པོར་སྦྱོར་ལམ་དེ་ནས་ནི། །རྟོག་པ་འཇོམས་བྱེད་མཐོང་ལམ་སྒོམ་ལམ་དང༌། །ལོག་རྟོག་བསལ་ནས་བར་ཆད་མེད་ལམ་གྱིས། །རྟོག་པ་ལྷུན་གྲུབ་རྩེ་མོའི་སྦྱོར་བ་སྒོམ། །ཞེས་གསུངས་པ་ལྟར། དེའི་རྟགས་དང་རྣམ་འཕེལ་དང༌། །ཞེས་སོགས་གང་གསུངས་པ་དེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། གཟུང་འཛིན་རང་བཞིན་མེད་པའི་ལྟ་བ་ལ། །གོང་འོག་རིམ་པ་སོ་སོར་ཡོད་མིན་ཞེས། །རྣལ་འབྱོར་ས་བཞི་འགོག་པའི་ཆོས་ཚུལ་ལ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད་མཐོང་ནས། །སྐྱེ་མེད་གསུམ་ལ་ཐོས་བསམ་གོམས་པའི་བློ། །རྣལ་འབྱོར་ས་བཞི་དབང་དུ་གྱུར་པ་ན། །གཟུང་འཛིན་ཆོས་ལ་ཞེན་པ་ཀུན་སྤངས་ཏེ། རྩེ་མོར་སོན་མཁས་མ་ཕམ་རྒྱལ་བའི་གཞུང༌། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། བསླབ་པ་ཡོངས་སུ་དག་པའི་ལེའུ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པ། རྩེ་སྦྱོར་གྱི་སྐབས་ཏེ་ལྔ་པའོ།།  །།ཉོན་མོངས་ཤེས་བྱའི་སྒྲིབ་པ་ལས། །རྣམ་གྲོལ་ཆོས་ཀུན་མཁྱེན་པའི་གཏེར། །བར་དུ་གཅོད་པའི་ཆོས་རྣམས་ལས། །སྐྱོབ་མཛད་ལྷག་པའི་ལྷ་ལ་འདུད། །གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས་ལས། དང་པོ་བརྟན་པ་ཐོབ་པའི་ཕྱིར་དུ་སྒོམ་པ་མཐར་གྱིས་པའི་སྦྱོར་བ་ལ། འབྲེལ་དགོད་པས་མཚམས་སྦྱར། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པའི་སྦྱོར་བ་འཆད་རིགས་ཏེ། མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་རིམ་པས་སྒོམ་པ་ལས། བརྟན་པ་རྒྱུ་འབྲས་ཀྱི་རིམ་པས་སྒོམ་པ་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང༌། ཞེས་སོགས་སོ། །ཆོས་བཤེས་ལྟར་ན། སོ་སོ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཆོས་སོ་སོ་བ་རྗེས་ཐོབ་ཏུ་ཇི་ལྟར་རྟོགས་པ་རྣམས་ཡིན་ལ། བསྡུས་པ་ནི། མཉམ་གཞག་ཏུ་ཆོས་ཉིད་རྟོགས་པའི་རིམ་པའོ། །ཞེས་བཞེད། གསེར་གླིང་པ་ནི། སོ་སོ་བ་ལུགས་ལས་ལྡོག་པ་མཁྱེན་གསུམ། བསྡུས་པ་ལུགས་ལས་འབྱུང་བ་རྣམ་ཀུན་རྩེ་སྦྱོར་ལ་བཞེད་ཅིང༌། འདི་རང་ལུགས་ཀྱང་ཡིན་ལ། དེ་ལྟར་ན་སློབ་དཔོན་གྱི་ལུགས་ལ། འདིར་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་ཉིད་སྒོམ་པར་བཞེད་དོ། །གཉིས་པ་མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད་པ་ལ། མདོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། བདག་མེད་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། མཐར་གྱིས་བྱ་བ་དང༌། མཐར་གྱིས་བསླབས་པ་དང༌། མཐར་གྱིས་བསྒྲུབས་པ་གང་ལ་བསླབས་པས། སྔོན་གྱི་བྱང་སེམས་ཆེན་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་འགྱུར་བ་དེ་ལྟར། མཐར་གྱིས་བྱ་བ་དང༌། བསླབ་པ་དང༌། སྒྲུབ་པ་ཙམ་མོ་ཞེས་གསུངས། དེའི་དོན། ཉི་སྣང་ལས། བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་བཟུང་བའི་དོན་དུའོ། །བསླབ་པ་སྨོས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པའི་དོན་དུའོ། །བསྒྲུབ་པ་སྨོས་པ་ནི། མཐོང་བའི་ལམ་དང་སྒོམ་པའི་ལམ་ཤེས་པའི་དོན་དུའོ། །གསུམ་སྨོས་པ་ནི། མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པའི་དོན་ཡིན་ནོ། །ཞེས་གསུངས་པས། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་བཞེད། སློབ་དཔོན་གྱིས་སྦྱོར་མཐོང་སྒོམ་གསུམ་ལ་རིམ་པར་བཞེད་ཅིང༌། རྩེ་སྦྱོར་རྗེས་ཐོགས་ནས་རྒྱུན་མཐའི་སྔ་ལོགས་པར་བཞེད། མདོ་དེ་དག་བསྡུད་པ་ནི། སྦྱིན་པ་ཤེས་རབ་བར་དག་དང༌། །ཞེས་སོགས་སོ། །འདི་ལ་སྤྱིའི་འབྲེལ་ནི། བཅུ་གསུམ་པོ་བསྡུ་ན་གཉིས་ཏེ། སྤྱོད་པ་ཕུན་སུམ་ཚོགས་པ་དང༌། ལྟ་བ་ཕུན་སུམ་ཚོགས་པ་གཉིས། དང་པོ་ལ། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་གཉིས། དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། འདི་ནི་ལམ་གྱི་དངོས་གཞི་ཡིན་ནོ། །གཉིས་པ་ལ། ལམ་གྱི་རྗེས་སུ་དྲན་པ་དང༌། ལམ་གྱི་གཞི་དྲན་པ་གཉིས། དང་པོ་ནི། དཀོན་མཆོག་གསུམ་རྗེས་སུ་དྲན་པ་སྟེ། འདིས་དཀོན་མཆོག་མངོན་པར་རྟོགས་པས་ལམ་ཉམས་སུ་ལེན་པ་ན་ལྷའི་བུའི་བདུད་ཀྱིས་མི་ཚུགས་པ་ཡིན་ནོ། །གཉིས་པ་ལ། ལམ་གྱི་དངོས་དྲན་པ་དང༌། དེ་ཉམས་སུ་ལེན་པའི་དབང་པོ་དྲན་པ་གཉིས། དང་པོ་ནི། ཚུལ་ཁྲིམས་དང་གཏོང་བ་རྗེས་སུ་དྲན་པ་གཉིས་ཏེ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང༌། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་འབྱུང་བ་ལྟར། འདི་གཉིས་ནི་ཡོན་ཏན་མཐའ་དག་བསྐྱེད་པའི་ས་གཞི་ལྟ་བུ་ཡིན་ནོ། །གཉིས་པ་ནི། ལྷ་རྗེས་སུ་དྲན་པ་སྟེ། སྦྱིན་པས་དགེ་བ་སྒྲུབ་པ་དང༌། ཚུལ་ཁྲིམས་ཀྱིས་མི་མཐུན་ཕྱོགས་སྤོངས་པ་གཉིས་ཀ་ལའང་ལྷ་དཔང་པོར་བཞག་སྟེ་བསྒྲུབས་ན་རྣམ་པར་དག་པར་འགྱུར་པའི་ཕྱིར་རོ། །གཉིས་པ་ལྟ་བ་ནི། དངོས་མེད་ངོ་བོ་ཉིད་དུ་རྟོགས་པ་སྟེ། རྗེས་ཐོབ་ཀྱི་སྤྱོད་པ་དེ་དག་ཀྱང་མཉམ་གཞག་ཏུ་མི་རྟོག་ཡེ་ཤེས་ཀྱིས་ཟིན་དགོས་པའི་ཕྱིར་རོ། །འོ་ན་སོ་སོ་བ་དང༌། བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་ཤེས། རྣམ་ཀུན་རྩེ་སྦྱོར་གྱི་དོན་རྣམས་སྒོམ་བྱར་བཤད་པ་མིན་ནམ་ཞེ་ན། ཡིན་མོད་དངོས་མེད་ངོ་བོ་ཉིད་དུ་རྟོགས་པ་དང་དོན་གཅིག་སྟེ། དེ་དག་ཏུ་སྐྱེ་མེད་གསུམ་སྒོམ་པར་བཤད་པའི་ཕྱིར་རོ། །འོ་ན་ཚུལ་ཁྲིམས་དང་གཏོང་བ་རྗེས་སུ་དྲན་པ་དང༌། ཕར་ཕྱིན་དང་པོ་གཉིས་ཟློས་ཤིང༌། ལྷ་དང་དཀོན་མཆོག་རྗེས་དྲན་ཟློས་སོ་ཞེ་ན། ཨ་ཏི་ཤས། སྦྱིན་དང་ཚུལ་ཁྲིམས་གཉིས་དང་ནི། །གཏོང་དང་ཚུལ་ཁྲིམས་དྲན་པ་ཡང༌། །དངོས་དང་འབྲས་བུའི་ཆ་ནས་སུ། །བསྟན་པས་ཟློས་སྐྱོན་མེད་པ་ཡིན། །ལྷ་དང་དཀོན་མཆོག་དཔང་པོ་དང༌། །རྟེན་ཚུལ་ཡིན་པས་ཟློས་པ་མེད། །ཅེས་གསུངས་སོ། །གསེར་གླིང་པ་ཕར་ཕྱིན་བཅུ་དང༌། དཀོན་མཆོག་གསུམ་སྟེ་བཅུ་གསུམ་དུ་འཆད། རིན་ཆེན་སྒྲོན་མ་ནས། ཕར་ཕྱིན་དྲུག་ཁོ་ན་ལ་བཤད་ནས། དངོས་པོ་དྲུག་ཏུ་འདོད། འདི་ཉེས་པར་བཤད་པ་ཁོ་ན་མིན་ཏེ། དྲུག་པོ་འདིས་མ་བསྡུས་པའི་འདིའི་ཉམས་ལེན་མེད་པའི་ཕྱིར། སོ་སོའི་དོན་ལ། རྣམ་ཀུན་རྩེ་སྦྱོར་གྱི་སྐབས་སུ། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ཞེས་དང༌། སྦྱིན་པ་ལ་སོགས་རེ་རེར་ནི། །ཞེས་བཤད་པར་མ་ཟད། བརྟན་པ་རྒྱུ་འབྲས་ཀྱི་སྐབས་སུའང་ཕྱིན་དྲུག་དགོས་ཏེ། འདིས་ས་བཅུ་རྫོགས་པར་བྱེད་པའི་ཕྱིར། །ཞེས་སྟོན་པ་ནི། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར། ཞེས་སོགས་སོ། །འདི་ཇི་ལྟར་འདུས་ཤེ་ན། དབུས་མཐའ་ལས་ནི། མི་ཟད་པ་དང་རྟག་འཇུག་དང༌། །ངེས་དང་ལོངས་སྤྱོད་སྨིན་པར་བྱེད། །ཅེས་གསུངས། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དྲུག་པོ་རེ་རེའི་ནང་དུའང་བཞི་ཀ་འདུས་ཏེ། དེ་ལྟར་སྦྱིན་པ་བཏང་ནས་ཡིད་རང་བ་ནི་ཐབས་སོ། །དེ་རྫོགས་པར་བྱེད་པའི་སྨོན་ལམ་འདེབས་པ་ནི་སྨོན་ལམ་མོ། །མི་མཐུན་ཕྱོགས་འཇོམས་པར་བྱེད་པ་ནི་སྟོབས་སོ། །དེའི་རྣམ་པ་ལ་མཁས་པ་ནི་ཡེ་ཤེས་སོ། །ཞེས་བཤད། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ཡང༌། བསམ་པ་རྗེས་དྲན་དྲུག་གིས་ཟིན་པར་བྱེད་དགོས་པ་ལས། མདོ་ལས་དྲན་པ་ཉེར་བཞག་སོགས་དང༌། བྱང་ཆུབ་ཡན་ལག་བདུན་དང༌། འཕགས་ལམ་ཡན་ལག་བརྒྱད་ཀྱིས་མཚོན་ནས་བསྟན་པའི་ལམ་གསུམ་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་དྲན་ནོ། །ཞེས་སྟོན་པ་ནི། དྲན་པ་ཞེས་སོགས་སོ། །རྒྱུ་ལམ་དྲན་པས། འབྲས་བུ་སངས་རྒྱས་དྲན་པར་མི་འགྱུར་བ་མིན་ཏེ། རྫོགས་པའི་སངས་རྒྱས་ནི། སྔོན་ལམ་འདི་དག་གོམས་པ་ལས་འཁྲུངས་པ་ཡིན་ནོ། །དྲན་པ་ནི། སངས་རྒྱས་དྲན་པའི་མཆོག་ཏུ་གྱུར་པ་སྟེ། རྣམ་འགྲེལ་ལས། གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིག །ཞེས་བཤད་པ་ལྟར་རོ། །ཡང་ན་ཐམས་ཅད་ཆོས་སྐུའི་འཕྲིན་ལས་ཡིན་པའི་ཕྱིར། ལས་བྱེད་པ་པོར་རྗེས་སུ་དྲན་པའོ། །ཞེས་སྔ་མ་དག་འཆད་དོ། །དེས་ན། དངོས་པོར་མངོན་པར་ཞེན་ན་ནི་དྲན་པར་མི་འགྱུར་ཏེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ། དགེ་སོགས་གསུམ་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། འཕགས་པ་ལྟར་ན། ལྷར་སྐྱེས་པའི་འཕགས་པ་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་མཚན་ཉིད་ཀྱི་སྒོ་ནས་དྲན་པའོ། །འདིར་ལྷ་དྲན་པ་ནི། རྒྱལ་ཆེན་རིགས་བཞི་ལ་སོགས་པའི་ལྷ་རྣམས་ལས་དགེ་བ་ལས་བྱུང་བར་ཡིད་ལ་བྱེད་པ་སྟེ། རྣམ་རྟོག་དགེ་བ་ལས་བྱུང་བའི་དགེ་བའི་འབྲས་བུ་ལྷ་རྣམས་ཏེ། རབ་ཏུ་དྭང་བའི་ལས་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་གྲུབ། །ཅེས་འབྱུང་བ་ལྟར་རོ། །ཆོས་བཤེས་ལྟར་ན། འཇིག་རྟེན་དབང་ཕྱུག་དང༌། འཕགས་མ་སྒྲོལ་མ་ལ་སོགས་ལྷག་པའི་ལྷ་རྣམས་དྲན་པར་བྱས་ལ། དེས་བྱང་ཆུབ་ཏུ་བསྐུལ་བ་སོགས་འབྱུང་སྟེ། དམ་ཆོས་པདྨ་དཀར་པོ་ལས། སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་དྲན་པ་ཡིས། །ངན་སོང་སྡུག་བསྔལ་དབུལ་བའི་སྡུག་བསྔལ་དང༌། །ན་བའི་སྡུག་བསྔལ་ཚ་བའི་སྡུག་བསྔལ་དང༌། །ཀུན་ལས་ཐར་པ་སྤྱན་རས་གཟིགས་ཀྱིས་གསུངས། །ཞེས་འབྱུང་བ་ལྟར་རོ། །ནམ་མཁའ་མཛོད་ཀྱིས་ཞུས་པ་ལས་ནི། འདི་ལྟར་གསུངས་ཏེ། ཆོས་ནི་འདོད་ཆགས་བྲལ་ཞིང་རང་བཞིན་དབེན། །ཞི་ཞིང་རབ་ཞི་རྟག་ཏུ་མཚན་མ་མེད། །གང་ཞིག་དམིགས་པ་ཐམས་ཅད་བྲལ་གྱུར་པ། །དེ་འདིར་ཆོས་ནི་རྗེས་སུ་དྲན་པ་ཡིན། །འཕགས་པའི་དགེ་འདུན་ཤིན་ཏུ་འདུས་མ་བྱས། །སྟོང་པ་མཚན་མེད་སྨོན་པ་རྣམ་པར་གྲོལ། །དེ་ལས་སེམས་དང་དྲན་པ་འཇུག་པ་མེད། །དེ་ནི་དགེ་འདུན་རྗེས་སུ་དྲན་པ་ཡིན། །ཕུང་པོ་ཡོངས་སུ་བཏང་བ་ཐམས་ཅད་སྟོང༌། །མཉམ་དང་དངོས་པོ་ཐམས་ཅད་ལེགས་པར་འདོར། །བསྙེམས་པ་མེད་ཅིང་རྟོག་དང་རྣམ་རྟོག་དག །འདི་ནི་གཏོང་བ་ལེགས་པར་རྗེས་སུ་དྲན། །ཚུལ་ཁྲིམས་ཟག་པ་མེད་ཅིང་འདུས་མ་བྱས། །ལུས་དང་ངག་དང་ཡིད་ཀྱིས་འཇུག་པ་མེད། །འབྱུང་བ་མེད་ཅིང་སྲིད་གསུམ་གནས་པ་མེད། །དེ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་ཡིན། །ལྷ་གང་དག་ཅིང་དྲི་མེད་ཉམས་ང་མེད། །དགའ་ལྡན་གནས་པ་དབང་བསྐུར་ཐོབ་གྱུར་པ། །སེམས་ཅན་དག་པ་དེ་དག་འདི་དྲན་ཅིང༌། །བདག་ཀྱང་མྱུར་དུ་དེ་འདྲར་འགྱུར་སྙམ་སེམས། །ཞེས་གསུངས་སོ། །འཕགས་པ་ལྟར་ན། ཕུང་པོ་ལྔ་དང༌། མཚན་སུམ་ཅུ་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་སོགས་དང༌། སྟོབས་བཅུ་ལ་སོགས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་ཏེ་བདུན་པོ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཀྱི་རྗེས་སུ་དྲན་པ་སྟེ་བདུན་ནི། སངས་རྒྱས་རྗེས་སུ་དྲན་པ་ཡིན་ལ། དེ་ཡང་ཚོགས་ལམ། སྦྱོར་ལམ་བཞི། མཐོང་སྒོམ་གཉིས་ཏེ་བདུན་ལ་རིམ་པ་ལྟར་བཞེད་དེ། མདོ་དང་མཐུན་པར་སྣང་ངོ༌། །དེ་ལྟར་ན་ལུང་གི་སྙེ་མ་ལས། སྐབས་གསུམ་ལ་བརྟེན་ལྷ་རྣམས་དཔང་པོར་བཞག །ཚུལ་ཁྲིམས་གཏོང་བ་གཞིར་བཟུང་ཕར་ཕྱིན་དྲུག །དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་དོན། །རིས་སྒོམ་བརྟན་བྱེད་གོ་རིམ་སྦྱོར་བ་བསྒོམ། །ཞེས་འབྱུང་བ་ལྟར། རྣམ་གསུམ་རྣམ་བཅུ་ཞེས་འབྱུང་བ་དེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། དངོས་བརྒྱད་ལམ་གྱི་འགྲོས་དང་མཚོན་བྱེད་ཆོས། །སོ་སོའི་ལམ་གྱི་འགྲོ་ཚུལ་མ་ཕྱེད་པར། །མངོན་རྟོགས་བརྒྱད་ལ་ཐོས་བསམ་བསྒོམ་པ་ཡིས། །རྣམ་དབྱེར་མེད་ཅེས་ཆ་མེད་བྱུང་རྒྱལ་སྨྲ། །སྐྱེ་མེད་གསུམ་ལ་ཐོས་བསམ་བསྒོམ་པའི་བློ། །ལེགས་པར་བརྟན་བྱེད་མཐར་གྱིས་སྦྱོར་བ་ཡིས། །བཅུ་གསུམ་ཆོས་དང་བརྒྱ་དང་བདུན་ཅུ་གསུམ། །ཟུང་འབྲེལ་སྒོམ་པ་མ་ཕམ་རྒྱལ་བའི་གཞུང༌། །གསུམ་པ་ནི། རིམ་གྱིས་འཇུག་པ་ལ་བསླབ་པའི་ལེའུའི་སྦས་དོན་གསལ་བར་སྟོན་པ་མཐར་གྱིས་པའི་སྐབས་ཏེ་དྲུག་པའོ།།  །།མ་རྨོངས་རྩོམ་པའི་ལེགས་བཤད་ཀྱི། །བརྒྱ་བྱིན་གཞུ་ཡི་རི་མོ་ནི། །ཀུན་དགའི་དཔལ་དུ་འདྲི་མཁས་པས། །དབྱངས་ཅན་ལྷ་མོའི་དཔལ་གྱིས་སྐྱོང༌། །བཞི་པ་བརྟན་པ་ཐོབ་ནས་ཅིག་ཆར་དུ་སྒོམ་པ་སྐད་ཅིག་མའི་སྦྱོར་བ་ལ་འབྲེལ་དགོད་པས་མཚམས་སྦྱར་བ་དང༌། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། མཐར་གྱིས་སྦྱོར་བའི་འོག་ཏུ་སྐད་ཅིག་མའི་སྦྱོར་བ་བསྟན། རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་ལ་བརྟན་པ་ཐོབ་ཕྱིར་དུ་སྒོམ་པ་ལས། དེ་ཉིད་བློ་སྐད་ཅིག་མ་གཅིག་གིས། དུས་སྐད་ཅིག་གཅིག་ལ་སྒོམ་པའི་སྦྱོར་བ་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་སྒོམ་པ་ནི། ཞེས་སོགས་སོ། །གཉིས་པ་ལ་སྤྱིའི་འབྲེལ་ནི། སྐད་ཅིག་མའི་སྦྱོར་བ་ཡང་གཉིས་སུ་འདུས་ཏེ། རྟོགས་བྱ་ཡུལ་གྱི་སྒོ་ནས་བཞག་པ་དང༌། རྟོགས་བྱེད་བློའི་སྒོ་ནས་བཞག་པ་གཉིས། དང་པོ་ལ། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བ་དང༌། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གཉིས། དང་པོ་ནི། རྒྱུན་མཐར་ཐོབ་པའི་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་སུམ་དུ་བྱས་པ་ན་སྐད་ཅིག་མ་གཉིས་པར། དེའི་བསྡུ་བྱ་སྦྱིན་པ་ནས་དཔེ་བྱད་བཟང་པོའི་བར་མངོན་དུ་བྱེད་པར་ནུས་ཏེ། དངོས་རྒྱུ་དངོས་འབྲས་བསྡུད་པར་འཐད་དོ། །གཉིས་པ་ནི། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་སྟེ། བསྡུ་བྱེད་མངོན་དུ་བྱས་པ་ན་བསྡུ་བྱ་མངོན་དུ་བྱས་པར་འཐད་དོ། །འདི་ལ་བུདྡྷ་ཤྲཱི་ལྟར་ན། ས་བདུན་པ་མན་གྱི་ཟག་མེད་ཀྱི་ཆོས་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་པ། ས་བརྒྱད་པ་ཡན་ཆད་ལ་རྣམ་པར་སྨིན་པ་ཡིན་པར་བཤད་ཅིང༌། དེའི་རིགས་མཐའ་རྒྱུན་མཐར་ཐོབ་པ་དེ་བཟང་ངོ༌། །ཆོས་ཀྱི་བཤེས་གཉེན་ལྟར་ན། མཐོང་ལམ་མ་སྐྱེས་གོང་གི་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཇི་སྙེད་པ་ནི་རྣམ་པར་སྨིན་པ་མིན་པ། ཆོས་དེའི་ཆོས་ཉིད་ནི་ཟག་མེད་དོ། །འཕགས་པས་རྟོགས་པ་ནི་རྣམ་པར་སྨིན་པ་ཡིན་ལ། དེ་ཡང་རྣམ་པ་གསུམ་སྟེ། ས་དང་པོ་ནས་བདུན་པའི་བར་ལ་འཇིག་རྟེན་ལས་འདས་པར་རྣམ་པར་སྨིན་པ་དང༌། ས་བརྒྱད་པ་ནས་བཅུ་པའི་བར་ལ་མཚན་མ་མེད་པར་རྣམ་པར་སྨིན་པ་དང༌། སངས་རྒྱས་ཀྱི་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་ཐམས་ཅད་གནས་སྐབས་སྔ་མ་ལས་མི་འདྲ་བར་སྨིན་པས་ན། རྣམ་པར་སྨིན་པའོ། །ཞེས་བཞེད། གཉིས་པ་ལ། ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཁོར་འདས་ཀྱི་ཆོས་རྣམས་མཚན་ཉིད་མེད་པར་ཤེས་པ་དང༌། གཟུང་འཛིན་གཉིས་མེད་དུ་ཤེས་པ་གཉིས་སོ། །འགྲེལ་ཆེན་དུ། སྐད་ཅིག་སྦྱོར་བཞི་འབྲས་བུ་འདོད་པའི་ལུགས་དང༌། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བར་འདོད་པའི་ལུགས་གཉིས་གསུངས། ལོ་ཙྪ་བ་ཆེན་པོ། མདོ་སྡེ་རྒྱན་ནས། འབྲས་བུ་དམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཞེས་གསུངས་པ་ལ་བརྟེན་ནས། བཞི་པོ་རིམ་པ་ལྟར། ས་བདུན་པ་ཡན་ཆད་ལ་རིམ་པར་འཆད། བུདྡྷ་ཤྲཱི་ཡང་དེ་ལྟར་བཞེད་དོ། །ཤེས་རབ་སྒྲོན་མ་ལས། སྐད་ཅིག་མ་གཅིག་པོ་དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་བྲལ་བའི་ངོ་བོ་ས་བདུན་པར་ཡོངས་སུ་སོན་པར་གྱུར་པའི་བར་གྱི་སྦྱིན་པ་ལ་སོགས་པ་ནས་ཞེས་གསུངས་སོ། །ཤཱནྟི་པ་དང༌། ཨ་བྷྱ་ཡ་ནི། ས་བརྒྱད་པ་ཡན་ཆད་ལ་བཞེད་དེ། གནས་སྐབས་དེ་ནི་ས་བརྒྱད་པ་ནས་སོ། །ཞེས་བཤད་པས་སོ། །གཉིས་པ་སོ་སོའི་འབྲེལ་ལ་བཞི་ལས། དང་པོ་ལ་དངོས་དང་མཚོན་བྱེད་ཀྱི་དཔེ་གཉིས། དང་པོ་ལ། མདོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་དཔེ་བྱད་བཟང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་སོགས་སོ། །འབྲེལ་པ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དེའི་བསྡུ་བྱ་ཐམས་ཅད་མངོན་དུ་བྱེད་ནུས་ཏེ། དེ་ལྟར་བྱེད་ནུས་པའི་འགལ་རྐྱེན་བདེན་གཉིས་འགལ་བར་འཛིན་པའི་ཕྱིན་ཅི་ལོག་གི་རྟོག་པ་དང་བྲལ་བ་གང་ཞིག བསྡུ་བྱེད་གཅིག་གིས་བསྡུ་བྱ་མང་པོ་བསྡུས་པའི་ཕྱིར། ཞེས་སྟོན་པ་ནི། ལུགས་ལས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཞེས་སོགས་སོ། །འདི་ལ་བརྟེན་ནས་ཆོས་གཅིག་བདེན་མེད་དུ་རྟོགས་པར་བཞེད་པའང་མིན་ཏེ། ཚིག་གསལ་ལས་རང་སངས་རྒྱས་འདི་དག་གི་ནི། འཇིག་རྟེན་རྣམས་འཇིག་རྟེན་པ་དང་ཆགས་པའི་དབང་གིས་རྟོགས་པར་སླ་བ་དང༌། སེམས་ཀྱི་འཇིག་རྟེན་པའི་ཡང་ལུས་ནི་རབ་ཏུ་འཇིག་པས་བདག་མེད་པར་རྟོགས་ཞེས་དང༌། འཛིན་པའི་ངོ་བོ་ཕུང་པོ་ལྷག་མ་བཞི་ནི་མིན་ཏེ། འཁོར་བ་རྣམས་སུ་རྒྱུན་རབ་ཏུ་བསྟན་པས་བདག་མེད་ཅེས་དེ་དག་གི་ཡེ་ཤེས་མི་འཇུག་གོ །ཞེས་ཆོས་ཅན་སོ་སོ་ལ་བདེན་མེད་རྟོགས་དཀའ་སླའི་ཁྱད་པར་གསུངས་པ་ལྟར་རོ། །གཉིས་པ་དཔེ་ནི། གཅིག་གིས་མང་པོ་བསྡུས་པའི་འཇིག་རྟེན་གྱི་དཔེ་འཆད་པ་ནི། ཇི་ལྟར་སྐྱེས་བུ་ཞེས་སོགས་ཏེ། འདི་ལ་མདོ་མི་སྣང་ངོ༌། །གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ལ། མདོ་ནི། དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། མངོན་པར་ཤེས་པ་རྣམས་དང༌། བྱང་ཆུབ་ཀྱི་ལམ་དེས་ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་སྤྱོད་ཅིང༌། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་སྟེ། ཞེས་སོགས་སོ། །དེ་བསྡུད་པ་ནི་གང་གི་ཚེ་ཞེས་སོ། །གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་ལ། མདོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང༌། མཚན་མ་མ་མཆིས་པ་རང་གི་མཚན་ཉིད་ཀྱི་སྟོང་པ་ལགས་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར། ཞེས་སོགས་སོ། །དེ་བསྡུད་པ་ནི། ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཞེས་སོགས་སོ། །བཞི་པ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ལ། མདོ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། རྨི་ལམ་མི་མཐོང༌། རྨི་ལམ་མཐོང་བ་མི་མཐོང༌། ཞེས་སོགས་སོ། །དེ་བསྡུད་པ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད་ཅེས་སོ། །སྦྱོར་བ་བཞི་ལ་སྒོམ་ཚུལ་གྱི་ཁྱད་པར་ཇི་ལྟ་བུ་ཡོད་ཅེ་ན། ཆོས་བཤེས་ཀྱི། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་སྐབས་སུ་རྣམ་པ་རེ་རེའང་ཡུན་རིང་དུ་སྒོམ་པ་ཡིན་ལ། མཐར་གྱིས་པའི་སྐབས་སུ། པདྨའི་འདབ་མ་བརྒྱ་མྱུར་དུ་འབིགས་པའི་དཔེས་སྒོམ། སྐད་ཅིག་སྦྱོར་གྱི་སྐབས་སུ། སྦྱིན་སོགས་རེ་རེ་ཡང་ཐོབ་ཟིན་གྱི་ཡོན་ཏན་ཐམས་ཅད་ཀྱི་རྟོགས་རིགས་དང་ལྡན་པར་བསྐྱེད་ནུས་པས། ཟག་མེད་ཀྱི་ཆོས་གཅིག་གི་ནང་དུ་གཞན་རྣམས་ཡོན་ཏན་གྱི་ཚུལ་དུ་འདུས་པའི་སྒོ་ནས་སྒོམ། ཞེས་བཤད་པ་ལྟར་ལེགས་སོ། །དེ་ལྟར་ན་ལུང་གི་སྙེ་མ་ལས། རྟོགས་བྱ་རྣམ་སྨིན་རྣམ་སྨིན་མིན་པའི་ཆོས། །རྟོགས་ཚུལ་མཚན་ཉིད་མེད་དང་གཉིས་མིན་པར། །རྟོགས་དུས་བྱ་རྫོགས་སྐད་ཅིག་གཅིག་ཉིད་ལ། །རྟོགས་པ་མཐར་ཐུག་མཁྱེན་གསུམ་སྦྱོར་བ་སྒོམ། །ཞེས་བཤད་པ་ལྟར། སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །ཞེས་འབྱུང་བ་དེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། སྐད་ཅིག་གཉིས་པར་ཆོས་ཀུན་བྱང་ཆུབ་པའི། །སྐད་ཅིག་གཅིག་པའི་ཡེ་ཤེས་ངོ་བོ་གཅིག །གྲངས་མེད་གསུམ་པའི་སྔ་རོལ་ཡོད་དོ་ཞེས། །ཆེན་པོའི་གསུང་ལའང་ངེས་པ་མ་མཐོང་བས། །མཚན་ཉིད་བྲལ་ཞིང་གཟུང་འཛིན་མེད་པའི་བློ། །སྐད་ཅིག་གཅིག་གིས་ཟག་པ་མེད་པའི་ཆོས། །སྐད་ཅིག་གཅིག་གིས་རྟོགས་པའི་ཕ་རོལ་ན། །ཆོས་སྐུ་མངོན་གྱུར་མ་ཕམ་རྒྱལ་བའི་གཞུང༌། །གསུམ་པ་ནི། བསླབ་པ་ཡོངས་སུ་རྫོགས་པའི་ལེའུའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པ་སྐད་ཅིག་མའི་སྦྱོར་བའི་སྐབས་ཏེ་བདུན་པའོ།།  །།ཀུན་མཁྱེན་ཉིད་གསུམ་རྒྱ་མཚོའི་དཔལ། །མངོན་རྟོགས་རྣམ་བཞི་སྲིད་པའི་རྗེས། །བསྲུབས་པ་ལས་འཐོན་འཕྲིན་ལས་ཀྱི། །འོད་སྟོང་འགྱེད་མཛད་དེ་ལ་འདུད། །གསུམ་པ་འབྲས་བུ་ཆོས་ཀྱི་སྐུ་ལ། འབྲེལ་བཀོད་པས་མཚམས་སྦྱར། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་མདོའི་འབྲེལ་ནི། ཡུམ་བསྡུས་པ་ལས། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོས་གཡོ་དང་སྒྱུ་ཐམས་ཅད་རྣམ་པར་སྤངས་པས་རྗེས་སུ་རིག་པར་བྱེད་པ་དང༌། རྣམ་པར་དཔྱོད་པ་དང༌། འཇུག་པ་དང༌། རྟོག་པར་བྱེད་པ་དང༌། འཇལ་བ་དང༌། ཉེ་བར་རྟོག་པར་བྱེད་པ་དང༌། སྒོམ་པར་གྱུར་པ་དེའི་ཚེ། ཡོན་ཏན་ཐམས་ཅད་དང༌། སངས་རྒྱས་ཀྱི་ཞིང་དང༌། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་ཡོངས་སུ་རྫོགས་པ་རྙེད་དཀའ་བར་མི་འགྱུར་རོ་ཞེས་གསུངས། དེའི་དོན་འགྲེལ་ཆེན་ལས། སྔ་མ་བརྒྱད་མངོན་པར་རྟོགས་པ་བརྒྱད་དང་སྦྱར་ཞིང༌། ཕྱི་མ་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་ཡོན་ཏན་དང་སྦྱར་ཏེ་བཤད། བསྟན་བཅོས་ཀྱི་འབྲེལ་ནི། སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་བྱང་ཆུབ་པ། ཞེས་སོགས་སོ། །དེ་ནི། གཞི་ལམ་རྣམ་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན། སྦྱོར་བས་ཉམས་སུ་བླངས་པ་ལས། འབྲས་བུ་ཆོས་སྐུ་འབྱུང་བ་ཡིན་ནོ། །ཞེས་སྟོན་པ་ཡིན་ནོ། །གཉིས་པ་ལ། སྤྱིའི་འབྲེལ་དང༌། སོ་སོའི་འབྲེལ་ལོ། །དང་པོ་ལ། བཞི་པོ་བསྡུ་ན་གཉིས་ཏེ། རྟེན་སྐུ་དང༌། མཛད་པ་འཕྲིན་ལས་སོ། །དང་པོ་ལ། ཆོས་ཉིད་ཀྱི་སྐུ་དང༌། ཆོས་ཅན་གྱི་སྐུ་གཉིས། དང་པོ་ནི། ངོ་བོ་ཉིད་ཀྱི་སྐུའོ། །གཉིས་པ་ལ། ཡེ་ཤེས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས། དང་པོ་ནི། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུའོ། །གཉིས་པ་ལ། རྣམ་སྨིན་གྱི་སྐུ་དང༌། གཟུགས་ཀྱི་སྐུ་གཉིས། དང་པོ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དང༌། གཉིས་པ་ནི། སྤྲུལ་པའི་སྐུའོ། །གཉིས་པ་ནི། འཕྲིན་ལས་ཉི་ཤུ་རྩ་བདུན་ནོ། །དེ་དག་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་འབྱུང་བའི་ཕྱིར་རིམ་པར་བསྟན་ནོ། །གཉིས་པ་སོ་སོའི་འབྲེལ་ལ། སྐུ་དང་འཕྲིན་ལས་སོ། །དང་པོ་ལ། འཕགས་པ་ལྟར་ན་སྐུ་གསུམ་སྟེ། གསུམ་པོ་རང་བཞིན་མདོར་བསྟན་པ་དང༌། ཡོན་ཏན་རྒྱས་པར་བཤད་གཉིས་གཉིས་ཀྱིས་སྟོན་པར་བཞེད་དོ། །སློབ་དཔོན་ལྟར་ན། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་དབྱེ་བས་རྣམ་པ་བཞི་ཡིན་པས། དང་པོ་ལ། མདོ་ནི། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ་དངོས་པོ་དང་མི་ལྡན་པ། དངོས་པོ་མེད་པའི་རང་བཞིན་ཅན། རང་གི་མཚན་ཉིད་ཀྱིས་སྟོང་པ། རྣམ་པ་ཐམས་ཅད་ཡོངས་སུ་དག་པར་གྱུར་པ། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པའི་མཚན་ཉིད་གཅིག་པུ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ། ཞེས་སོ། །དེ་བསྡུད་པ་ནི། ཐུབ་པའི་ངོ་བོ་ཉིད་ཞེས་སོགས་སོ། །དེ་འགྲེལ་པས་འཆད་པ་ལ། ངོ་བོ་ཉིད་ཀྱི་སྐུའི་རང་བཞིན། དེ་ཇི་ལྟར་ཐོབ་པའི་ཚུལ། སྐུ་ལྷག་མ་གསུམ་ཐ་དད་དུ་བཞག་པའི་དགོས་པའོ། །དང་པོ་ལ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག སྒྲིབ་པ་བྲལ་བའི་ཆོས་ཉིད་དེ་ཆོས་ཅན། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། དག་པ་གཉིས་ལྡན་གྱི་དེ་བཞིན་ཉིད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ཐུབ་པ་སངས་རྒྱས་ཞེས་སོགས་སོ། །གཉིས་པ་ལ་དེ་ཆོས་ཅན། ཡོངས་གཅོད་དུ་རྒྱུ་རྐྱེན་གྱིས་མ་བསྐྱེད་ཀྱང༌། བརྟན་མེད་པའམ་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་པ་མིན་ཏེ། རྣམ་བཅད་དུ། རང་གི་ཆོས་ཅན་ཡེ་ཤེས་དྲི་མ་དང་བྲལ་བ་ཁོ་ན་ལས་ཁྱོད་འཇོག་པའི་ཕྱིར། ཞེས་སྟོན་པ་ནི། བཅོས་མ་མ་ཡིན་པའི་དོན་གྱིས་ཞེས་སོགས་སོ། །གསུམ་པ་ལ། འོ་ན་ངོ་བོ་ཉིད་ཀྱི་སྐུ་ཡོངས་གཅོད་ཀྱི་སྒོ་ནས་བཞག་ཏུ་མེད་ན། སྐུ་ལོག་པར་མི་འཐད་དོ་ཞེ་ན། སྐུ་ལྷག་མ་གསུམ་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་དེ། དེ་ཁྱོད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གསེར་གླིང་པས། རིགས་པའི་བསྟན་བཅོས་ཀྱི་ལུགས་ལས་ཞེས་བཤད་ཀྱང༌། བརྒྱད་སྟོང་དོན་བསྡུའི་འགྲེལ་པ་དཀོན་མཆོག་འབངས་ཀྱིས་མཛད་པར། བློའི་ནོར་ཅན་དག་གི་ལུགས་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །དེ་ལྟར་མིན་ན་གཉིས་སྟོང་པ། །རྣམ་ཤེས་ཡིན་པར་ཐལ་འགྱུར་ཞིང༌། །གཉིས་མེད་པ་ལས་ལྡོག་པ་ནི། །གཉིས་ཀྱི་བདག་ཏུ་ཐལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་ཞེས་སྟོན་པ་ནི། སྐུ་ལྷག་མ་གསུམ་པོ་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས། ཐ་མི་དད་པར་རྣམ་པར་བཞག་གོ །ཞེས་པའོ། །འོན་ཀྱང༌། ཐ་སྙད་སྐུ་ལོགས་པར་བཞག་སྟེ། ངོ་བོ་ཉིད་ཀྱི་སྐུ། དོན་དམ་པའི་སྐུ་དང༌། ལྷག་མ་གསུམ་ཀུན་རྫོབ་པའི་སྐུ་ཡིན་པའི་ཕྱིར། དེ་གསུམ་ཡང་ཆོས་ཅན། ཐ་དད་པར་རྣམ་པར་བཞག་སྟེ། སྣང་ཚུལ་སོ་སོ་ལ་ལྟོས་ནས་སོ་སོར་བཞག་པའི་ཕྱིར། ཞེས་སྟོན་པ་ནི། ཡང་དག་པའི་ཀུན་རྫོབ་ཏུ། །ཞེས་པའོ། །འདིར་ངོ་བོ་ཉིད་ཀྱི་སྐུ་ནི་དོན་དམ་པར་ཡུལ་ཡུལ་ཅན་གྱི་མཐའ་བྲལ་ལ་ལྟོས་ནས་བཞག་པ་ཡིན་པས། ཡུལ་ཡུལ་ཅན་གྱི་སྤྲོས་པ་ནི་རྣམ་པར་མ་བཞག་གོ །འདིར་ཇོ་བོ་ཆེན་པོ་རྗེས། ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་ཀྱི་སྐུ་རུ་རྣམ་པར་བཞག་པའི་ཚུལ། མདོ་སྡེ་ཐར་པ་ཆེན་པོ་ནས་གསུངས་པར་བཤད་ལ། ཆོས་རྗེ་ས་སྐྱ་པཎྜི་ཏས་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པར་བཞེད་དེ། དེ་ཡང་འདི་ལྟར། གསང་བའི་བདག་པོ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་སེམས་སོ་བཅུ་གཉིས་མིན་ཞིང༌། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་འབྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ། དེ་འདི་ལ་ནི་དོག་པ་མེད་དོ། །དེ་བཞིན་རྣམ་པར་མི་རྟོག་པའི། །ཐམས་ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང༌། །ཐམས་ཅད་ངེས་པ་ཉིད་དུ་བསྒྲུབ། །ཅེས་གསུངས་སོ། །གཉིས་པ་ཆོས་སྐུ་ལ། ཆོས་ཀྱི་སྐུའི་རང་བཞིན་ཡོན་ཏན་གྱི་ཁྱད་པར། རྩོད་པ་སྤང་བའོ། །དང་པོ་ལ་འབྲེལ་ནི། འཕགས་པ་ལྟར་ན། ཟག་པ་མེད་པའི་ཆོས་གང་དག །ཅེས་བཤད་པ་དེ་གང་ཞེ་ན། ཞེས་སོ། །སློབ་དཔོན་ལྟར་ན། ཆོས་ཉིད་ཀྱི་སྐུ་དེའི་ཆོས་ཅན་ཡེ་ཤེས་དེ་ཉིད་ཀྱི་སྐུ་གང་ཞེ་ན་འཆད་དོ། །ཞེས་སྟོན་པ་ནི། དེ་ལྟར་ཞེས་སོ། །འབྲེལ་པ་ཅན་དངོས་ལ་བཤད་བྱའི་མདོ་ནི། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཟག་པ་མེད་པའི་ཆོས་དེ་དག་ཐམས་ཅད་ཀྱང་གང་ལགས། བཀའ་སྩལ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་ཞེས་སོགས་སོ། །དེ་བསྡུད་པ་ལ། ཆོས་ཅན་དང་ཆོས་ཉིད་ཀྱི་སྐུ་ཐ་དད་དུ་བཤད་པར་བསྟན། ཐ་དད་དུ་མ་བསྟན་པར་འདོད་པ་དགག དེ་ལས་རྩོད་པ་སྤང་བའོ། །དང་པོ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་རྩ་འགྲེལ་ལོ། །དང་པོ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཆོས་ཅན། ངོ་བོ་ཉིད་ཀྱི་སྐུ་ལས་སྐུ་ལོགས་པ་གཅིག་བསྟན་ཏེ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཏེ། ཞེས་སྡེ་ཚན་ཉེར་གཅིག་པོ་ཆོས་སྐུར་བསྟན་པ་ནི་གང་ཞིག དེ་ངོ་བོ་ཉིད་ཀྱི་སྐུ་མིན་པའི་ཕྱིར། ཞེས་སྟོན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད། ཅེས་སོགས་སོ། །གཉིས་པ་ལ། ཁས་བླངས་བརྗོད་པ་དང༌། དེ་སུན་འབྱིན་པ་གཉིས། དང་པོ་ལ་དངོས་དང༌། ཉེས་པ་སྤང་བ་གཉིས། དང་པོ་ནི། འཕགས་པ་གྲོལ་སྡེ་ནི་ཟག་པ་མེད་པའི་ཆོས་ཞེས་པ་ཆོས་ཉིད་ལ་མི་འདོད་པར་ཆོས་ཅན་ཡེ་ཤེས་ལ་སྒྲ་ཇི་བཞིན་པར་ཁས་བླངས་ནས། ཡེ་ཤེས་དེའི་ཆོས་ཉིད་དག་པ་གཉིས་ལྡན་དེ་ཆོས་ཉིད་ཀྱི་སྐུ་ཡིན་ལ། ཆོས་ཅན་ཡེ་ཤེས་ངོས་འཛིན་པ་ནི། བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཡིན་ནོ། །ཞེས་སྟོན་པ་ནི། གཞན་དག་ནི་ཞེས་སོགས་སོ། །གཉིས་པ་ནི། གཞུང་ཕྱི་མས་ཆོས་ཉིད་ཀྱི་སྐུ་ཁོ་ན་རྒྱས་པར་འཆད་པ་ཡིན་ན། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་དེ་ཇི་ལྟར་གྲང་ཞེ་ན། བདེན་མོད་ཀྱི། དྷརྨཱ་ཏ་ཀཱ་ཡ། ཞེས་བརྗོད་རྒྱུ་ཡིན་ཀྱང༌། སྡེབས་སྦྱོར་གྱི་དབང་གིས་ཏ་ཕྱིས་ནས་ཉིད་མི་མངོན་པར་བྱས་པ་ཡིན་ཏེ། གཞན་དུ་སྒྲ་ཇི་བཞིན་པར་ཁས་བླངས་ན་ངོ་བོ་ཉིད་ཀྱི་དོན་བཀག་པར་འགྱུར་བ་དང༌། ངོ་བོ་ཉིད་དེ་འདུས་བྱས་སུ་ཐལ་བའི་ཉེས་པ་ཡོད་དེ། ཞེས་སྟོན་པ་ནི། དེ་ཉིད་ཀྱང་ཞེས་སོགས་སོ། །གཉིས་པ་དེ་སུན་འབྱིན་པ་ལ། སངས་རྒྱས་སའི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ཆོས་ཅན། ཇི་ལྟར་བསྡུས་ཏེ་མེད་པར་ཐལ། ཡོད་ན་ངོ་བོ་ཉིད་ཀྱི་སྐུ་དང༌། ཐ་དད་དུ་བཞག་དགོས་པ་ལས། དེ་ལྟར་མ་བཞག་པའི་ཕྱིར། ཕྱི་མ་ཁས་བླངས་ཏེ། ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། ཞེས་བརྗོད་རྒྱུ་ཡིན་པར་ཁས་བླངས་པས་དེ་དག་ཀྱང་ངོ་བོ་ཉིད་ཀྱི་སྐུ་ཐ་མི་དད་དུ་ཁས་བླངས་པའི་ཕྱིར། འདོད་པར་མི་ནུས་ཏེ། དེ་གདོན་མི་ཟ་བར་ཁས་ལེན་དགོས་པའི་ཕྱིར། ཞེས་སྟོན་པ་ནི། གཞན་དག་ན་རེ་ཞེས་སོགས་སོ། །གསེར་གླིང་པ་ལྟར་ན། འགྲོ་བའི་དོན་མཛད་པའི་སེམས་དང༌། སེམས་ལས་བྱུང་བ་རྣམས་ཆོས་ཅན། འགྲོ་བའི་དོན་མཛད་པར་ཐལ། ངོ་བོ་ཉིད་ཀྱི་སྐུ་དང་རང་བཞིན་དབྱེར་མེད་ཡིན་པའི་ཕྱིར། ཞེས་འཆད། ཆོས་ཀྱི་བཤེས་གཉེན་ལྟར་ན། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འགྲོ་བའི་དོན་མཛད་པ་རྣམས་མེད་པར་འགྱུར་ཏེ། དེ་ཡོད་ན་ངོ་བོ་ཉིད་ཀྱི་སྐུ་མེད་པར་འགྱུར་བའི་ཕྱིར་ཞེས་འཆད། མཁན་ཆེན་ཐམས་ཅད་མཁྱེན་པ་ལྟར་ན། ཁྱད་པར་གསུམ་ལྡན་གྱིས་སངས་རྒྱས་སའི་ཡེ་ཤེས་རྣམས་ཆོས་ཅན། ཇི་ལྟར་སྐུ་གསུམ་གྱིས་བསྡུས་ཏེ་མ་བསྡུས་པར་ཐལ། གསུམ་པོ་གང་གིས་ཀྱང་མ་བསྡུས་པའི་ཕྱིར། ཁྱབ་པ་ཁས་བླངས། ཅི་སྟེ་ངོ་བོ་ཉིད་ཀྱི་སྐུས་བསྡུས་ཏེ། ཟག་པ་མེད་པའི་དབྱིངས་སུ་རོ་གཅིག་པའི་ཕྱིར། ཅེ་ན། འོ་ན་ལོངས་སྤྲུལ་གཉིས་ཀྱང་དེར་འདུས་པར་ཐལ་བས། སྐུ་གསུམ་དུ་གྲངས་ངེས་པ་ཉམས་སོ། །ཞེས་བཞེད། རྣམ་བཤད་ལྟར། དེ་ཆོས་ཅན། སངས་རྒྱས་ཀྱི་སས་མ་བསྡུས་པར་ཐལ། བསྡུས་ན་སངས་རྒྱས་ཀྱི་སྐུ་ཡིན་དགོས་པ་ལས། མ་ཡིན་པའི་ཕྱིར། དེར་ཐལ། སྐུ་གསུམ་གང་ཡང་མིན་པའི་ཕྱིར། །ཞེས་པའོ། །འགྲེལ་ཆེན་ལྟར་ན། དེ་ཆོས་ཅན། བྱང་ཆུབ་ཀྱི་ཕྱོགས་མཐུན། ཞེས་པའི་གཞུང་གིས་མ་བསྡུས་པར་ཐལ། ཆོས་ཉིད་ཀྱི་སྐུ་མིན་པའི་ཕྱིར། ཁྱབ་པ་ཁས་བླངས། ཅི་སྟེ། ཆོས་ཉིད་ཀྱི་སྐུ་མིན་ཀྱང༌། གཞུང་དེས་བསྡུས་པ་མི་འགལ་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བྱ་བའི་ཚུལ་གྱིས། ཆོས་ཉིད་ཀྱི་སྐུ་བསྟན་པས་ཆོས་ཅན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཡང་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ལོངས་སྤྲུལ་གཉིས་ཀྱང་གཞུང་དེར་བསྟན་པར་ཐལ། རིགས་པ་མཚུངས་པའི་ཕྱིར། ཞེས་བཤད་དོ། །གསུམ་པ་རྩོད་པ་སྤང་བ་ནི། སྐུ་གསུམ་དུ་འདོད་པ་ན་རེ། བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཀྱི་ཆོས་སྐུ་བསྟན་པ་མི་རིགས་ཏེ། རིགས་ན་ལུས་རྣམ་གཞག་ཏུ། ངོ་བོ་ཉིད་དང་ལོངས་སྐུ་གཉིས་ཀྱི་བར་དུ་རྟོགས་ཡེས་ཆོས་སྐུའི་ལུས་རྣམ་གཞག་འབྱུང་རིགས་པ་ལས་མི་འབྱུང་བའི་ཕྱིར། འོག་གི་ཆོས་སྐུ་ཞེས་པའང་ལུས་མདོར་བསྟན་དང་སྦྱོར་བའི་ཚིག་ཡིན་གྱི། ལུས་ལོགས་པ་སྟོན་པ་མིན་པའི་ཕྱིར། དཔེར་ན། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་དང༌། ལམ་ཤེས་ཉིད་ནི་ཞེས་དང༌། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་སོགས་བཞིན་ནོ། །རྣམ་པ་བཞི་ཞེས་པ་ཡང་འཕྲིན་ལས་དང་བཞི་ཡིན་ནོ། །ཞེས་སྟོན་པ་ནི། ཁ་ཅིག་ན་རེ། ཞེས་སོ། །དེའི་ལན་ལ། ཉེས་པ་སྔ་མ་དེ་མེད་པར་ཐལ། ཚིག་བཅད་སྦྱོར་བདེ་བ་དང༌། དེར་མ་ཟད་དགོས་པ་ཁྱད་པར་ཅན་གཞན་ལ་ལྟོས་ནས། རྟོགས་པ་ཆོས་སྐུའི་ལུས་དེ་ཐ་མར་གསུངས་པའི་ཕྱིར། གསུངས་པ་ཆོས་ཅན་དགོས་པ་ཡོད་དེ། མཛད་པ་ཐམས་ཅད་རྟོགས་ཡེས་ཆོས་སྐུའི་མཛད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། གཞན་དག་ན་རེ། སོགས་སོ། །དེ་ལྟར་ན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང༌། དེ་ཉིད་བསྡུས་པ་སོགས་ནས་སྐུ་བཞིར་བཤད་པ་རྣམས་ཀྱང་འདིའི་གནོད་བྱེད་མིན་པར་མ་ཟད། སྒྲུབ་བྱེད་ཁོ་ནར་འགྱུར་རོ། །ཞེས་སྟོན་པ་ནི། དེའི་ཕྱིར་ཞེས་སོགས་སོ། །གཉིས་པ་ཡོན་ཏན་གྱི་ཁྱད་པར་ལ། ཉོན་མོངས་མེད་པའི་ཁྱད་པར་དང༌། སྨོན་ནས་མཁྱེན་པའི་ཁྱད་པར་རོ། །འདི་གཉིས་རིམ་པ་ལྟར་འཆད་པ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་དང༌། སངས་རྒྱས་སྨོན་ནས་ཞེས་སོགས་སོ། །འདི་ནི་མདོ་སྡེའི་རྒྱན་ནས། སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང༌། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྩོད་པ་སྤང་བ་ལ། ཆོས་སྐུ་རྟག་པ་ལ་རྩོད་པ་སྤང་བ་དང༌། ཁྱབ་རྟོག་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ལ། རྩོད་ལན་གཉིས། དང་པོ་ནི། རྟག་གནས་དང་ཞེས་པ་ལ་འཕྲོས་ནས། ཆོས་ཀྱི་སྐུ་ཆོས་ཅན། རྟག་ཏུ་སེམས་ཅན་ལ་སྣང་བའི་སྒོ་ནས་དོན་མཛད་རིགས་པར་ཐལ། རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ལ་བཞུགས་པའི་ཕྱིར་ཏེ། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཞེས་སྨྲས་པའི་ཕྱིར་སྙམ་ན། ཞེས་སྟོན་པ་ནི། རྟག་ཏུ་ཞེས་སོགས་སོ། །ལན་ལ་སྐལ་ལྡན་ལ་སྣང་བའི་དཔེ་དང༌། སྐལ་མེད་ལ་མི་སྣང་བའི་དཔེ་གཉིས། དང་པོ་ནི། བཅོམ་ལྡན་འདས་ཆོས་ཅན། སྐལ་ལྡན་གྱི་གདུལ་བྱ་འགའ་ཞིག་ལ་སྣང་བའི་རྒྱུ་མཚན་ཡོད་དེ། དེ་ལ་སྣང་བའི་རྒྱུ་ཚང་བའི་ཕྱིར། ཞེས་སྟོན་པ་ནི། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །ཞེས་སོགས་སོ། །གཉིས་པ་ནི། གཞུང་སྔ་མ་དེའི་ཤུགས་ལ། ལྷ་ཡི་རྒྱལ་པོས་ཞེས་པ་ཐོབ་སྟེ། མདོ་སྡེ་རྒྱན་ལས་ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་ངོ༌། །དེ་བཞིན་སེམས་ཅན་དམན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་བཤད་པ་ལྟར་རོ། །སངས་རྒྱས་ཕལ་པོ་ཆེར། ཀླུ་རྣམས་ཁོ་ནས་ཆར་འབེབས་པར་བཤད། འདུལ་བ་ལུང་ལས། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱིས་གོས་རྒྱ་མཚོར་བཅུག་སྟེ་སྤྲུགས་པས་ཆར་འབེབས་པར་བཤད། གསེར་གླིང་པ་བརྒྱ་བྱིན་ལ་འཆད། འདིའི་ཐད་ཀྱི་ཉི་ཁྲི་སྣང་བར། འདིར་སྨྲས་པ་ཞེས་འབྱུང་ཞིང༌། འདི་ལ་འགྲེལ་པའང་མ་མཛད་པས། གཞུང་ཤླཽ་ཀ་དང་པོ་དང༌། འདི་དང་འོག་མ་གཉིས་ལ་བརྟག་པར་བྱའོ། །གཉིས་པ་ལ། རྩོད་ལན་གཉིས་ལས། དང་པོ་ནི། ཉི་སྣང་ལྟར་ན། ལྷའི་རྒྱལ་པོས་ཞེས་པ་མི་འཐད་དེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་ཐམས་ཅད་ལ་ཁྱབ་པ་དང༌། ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས། རྟག་པར་བཤད་པའི་ཕྱིར། ཅེ་ན། དེ་མི་འགལ་བར་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །དེ་སྐད་དུ་ཡང་ཉི་སྣང་ལས། དེ་ལྟར་དགོངས་པ་འདིས་སངས་རྒྱས་ཐམས་ཅད་དུ་སོང་བ་དང༌། རྟག་པ་ཡིན་པར་བཤད་པས་བསྟན་བཅོས་དང་འགལ་བ་མེད་དོ། །ཞེས་གསུངས་སོ། །སློབ་དཔོན་ལྟར་ན། རྟག་གནས་དང་ཞེས་པ་མི་འཐད་པར་སྟོན་པ་ནི། ཡེ་ཤེས་ཆོས་སྐུ་ཆོས་ཅན། ཁྱབ་པ་མིན་པར་ཐལ། རྣལ་འབྱོར་པ་སོ་སོའི་རྒྱུད་ལ་ཡོད་པའི་ཕྱིར་རྟག་པ་མིན་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཞེས་སོགས་སོ། །ལན་ལ། དེ་ཆོས་ཅན། སེམས་ལྡན་ཐམས་ཅད་ཀྱི་རྒྱུད་ལ་ཁྱོད་ཡོད་པ་མིན་ཡང༌། ཁྱབ་པ་ཞེས་བརྗོད་དེ། འཕྲིན་ལས་འཇུག་རུང་དུ་དེ་སེམས་ཅན་ཡོད་པའི་ཕྱིར། ཆོས་ཅན། སྐད་ཅིག་མ་ཡིན་ཡང༌། རྟག་པ་ཞེས་བརྗོད་དེ། རིགས་འདྲ་རྒྱུན་ཆད་མི་སྲིད་པར་འཇུག་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལྟར་ཞེས་སོ། །གཞུང་འདི་གསུམ་ལ་ཡུམ་གྱི་མདོ་མེད་དོ། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་ལ། རང་བཞིན་མདོར་བསྟན་པ་དང༌། ཡོན་ཏན་རྒྱས་པར་བཤད་པ་གཉིས། དང་པོ་ལ་འབྲེལ་ནི། ཡེ་ཤེས་ཆོས་སྐུ་དེ་ཉིད་ཀྱི་ཐོག་མར་ལོངས་སྐུའི་སྣང་བ་བསྐྱེད་པས་དེ་འཆད་དོ། །ཞེས་སྟོན་པ་ནི། དེ་ལྟར་སྐུ་གཉིས་པ་བསྟན་ནས་ཞེས་སོ། །དངོས་ལ་མདོ་ནི། རབ་འབྱོར་གཞན་ཡང་ཡུམ་འདི་ལ་བསླབས་ཤིང་ཆོས་དེ་དག་ཐོབ་ནས། བླ་མེད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་པ་བྱང་སེམས་ཆེན་པོ་རྣམས་ལ་བསྟན་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་བདེ་བ་དང༌། ཚིམ་པ་དང༌། རབ་ཏུ་དགའ་བ་སྟོན་པར་མཛད་པར་འགྱུར་རོ། །ཞེས་སོ། །དེ་བསྡུད་པ་ནི། མཚན་ནི་ཞེས་སོགས་སོ། །དོན་ནི། འོག་མིན་ཁོ་ནར་བཞུགས་པའི་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཆོས་ཅན། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། ཞེས་སྔ་མ་རྣམས་བཞེད། ངེས་པ་ལྔ་ལྡན་གྱི་ཐ་སྙད་རྒྱ་འགྲེལ་རྣམས་ལས་གསལ་པོར་བཤད་པ་མེད་ལ། འོན་ཀྱང་བསྡུས་དོན་སྒྲོན་མ་ལས། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་ནི། །དེས་ན་ཇི་ལྟར་འདོད་པ་རུ། །ལོངས་སྤྱོད་བྱེད་པས་ལོངས་སྤྱོད་སྐུ། །འཁོར་གྱི་ངེས་པས་ས་བཅུ་པ། །འབའ་ཞིག་ཡིན་ཞེས་སེང་བཟང་གསུང༌། །ཤཱནྟི་མཐོང་ལམ་ཡན་ཆད་ཀྱི། །བྱང་ཆུབ་སེམས་དཔའ་ཡིན་ཞེས་ཟེར། །གནས་ནི་འོག་མིན་ཆོས་དེ་ནི། །ཐེག་པ་ཆེན་པོ་ཁོ་ནའི་ཆོས། །སྟོན་པ་མཚན་དང་དཔེ་བྱད་ཀྱིས། །བརྒྱན་པའི་གཟུགས་སྐུ་ཁོ་ན་ཡིན། །ཞེས་གསུངས་ལ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། མྱ་ངན་ལས་འདའ་བར་བཤད་པ་ནི་སྤྲུལ་པའི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་དེ་མེད་པས་སྐད་ཅིག་མ་ཡིན་ཀྱང༌། རྒྱུན་གྱི་རྟག་པ་ཡིན་ནོ་ཞེས་འཆད། རྒྱ་གར་སྔ་རབས་པ་ཁ་ཅིག་ན་རེ་བརྒྱ་བྱིན་བཞིན་དུ། ལོངས་སྐུ་སྐྱེ་བ་དང་འགག་པ་ནི། སངས་རྒྱས་མིན་པ་གཞན་གྱིས་མི་ཤེས་པས་རྟག་པར་བཞག་གོ །ཞེས་གསུང་བས། ངེས་པ་ལྔའི་རྣམ་གཞག་བོད་མཁས་པ་རྣམས་ཀྱིས་མཛད་དོ། །ཡོན་ཏན་རྒྱས་པར་བཤད་པ་ལ་མཚན་དང་དཔེ་བྱད་གཉིས། དང་པོ་ལ་མདོ་ལས། མཚན་རྒྱུ་དང་བཅས་པ་ལྷུག་པར་གསུངས་པ་དེ། བསྟན་བཅོས་སུ་ཚིགས་སུ་བཅད་པར་སྡེབས་པ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་ཞེས་སོགས་ཡིན་ལ། དཔེ་བྱད་ཀྱང་མདོ་ལྷུག་པར་གསུངས་པ་རྣམས་བསྟན་བཅོས་སུ་བསྡུད་པ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང༌། །ཞེས་སོགས་སོ། །སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པས་ན་མཚན་དང༌། མཛེས་པར་བྱེད་པས་དཔེ་བྱད་ཅེས་བྱ་སྟེ། རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་པ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་མཚན་གྱིས་ལུས་ཀྱི་སྤྱི་མཛེས་པར་བྱེད་ལ། དཔེ་བྱད་ཀྱིས་ལུས་ཀྱི་བྱེ་བྲག་མཛེས་པར་བྱེད་ཅིང༌། མཚན་ནི་གཙོ་བོ་ཡིན་ལ། དཔེ་བྱད་ནི་འཁོར་ཡིན་ནོ་ཞེས་སྐལ་བཟངས་ལས་བཤད་དོ། །བསྡུས་དོན་སྒྲོན་མ་ལས་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་བཅུས་བཤད་ཀྱང་དེ། །དཔག་ཏུ་མེད་པ་ཡོད་པ་སྟེ། །རབ་གནས་མཚན་ནས་དཔག་མེད་བཤད། །གདུལ་བྱའི་ངོར་ནི་འདི་ཙམ་གྱིས། །སྐྱེས་བུ་ཆེན་པོར་མཚོན་པས་ན། །མཚན་གྱི་མཚན་ཉིད་དག་ཏུ་བཤད། །ངོ་བོ་སྤྱིར་ནི་གཟུགས་ཡིན་ཀྱང༌། །ཕལ་དུ་དབང་པོ་ལྔ་ལ་འཇོག །སེམས་ཀྱི་རྣམ་དག་མཚོན་པས་ན། །དཔེ་བྱད་ཟེར་ཏེ་ཡང་ན་ནི། །མཚན་གྱིས་བརྒྱན་པར་བྱེད་པས་ན། དཔེ་བྱད་དུ་ཡང་འདོད་པ་ཡོད། །ཅེས་བཤད་དོ། །མཚན་དང་དཔེ་བྱད་འདི་རྣམས་བྱང་སེམས་ཆེན་པོ་རྣམས་དང༌། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལའང་ཡོད་མོད་ཀྱི། འདིར་ནི་དེ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། མཛོད་ལས། ཐུབ་མཚན་ཡུལ་ན་གནས་པ་དང༌། །གསལ་ལ་རྫོགས་པས་འཕགས་པ་ཡིན། །ཞེས་བཤད་པ་ལྟར་རོ། །བདེན་སྨྲའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོ་ལ་འཁོར་ལོས་བསྒྱུར་བའི་བསོད་ནམས་བརྒྱ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ། བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་འགྲུབ། དཔེ་བྱད་བརྒྱ་འགྱུར་ཐམས་ཅད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས་མཚན་གཅིག་འགྲུབ། མཚན་སོ་གཉིས་པོ་ཐམས་ཅད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས། དབུའི་གཙུག་ཏོར་འགྲུབ། དེ་བྱེ་བ་ཕྲག་འབུམ་གྱིས་གསུང་ཆོས་ཀྱི་དུང་འགྲུབ་བོ། །ཞེས་གསུང༌། གསུམ་པ་སྤྲུལ་པའི་སྐུ་ལ་འབྲེལ་ནི། ལོངས་སྐུ་ལས་སྤྲུལ་སྐུའི་སྣང་བ་འབྱུང་བའི་ཕྱིར། ལོངས་སྐུའི་འོག་ཏུ་སྤྲུལ་སྐུ་འཆད་ཅེས་སྟོན་པ་ནི། དེ་ལྟར་སྐུ་གསུམ་དུ་བསྟན་པ་ནས། ཞེས་སོགས་སོགས་སོ། །དངོས་ལ། མདོ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་ཚད་མེད། མཐའ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་འཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་དོ། །ཞེས་སོ། །དེ་བསྡུད་པ་ནི། གང་གིས་སྲིད་པ་ཇི་སྲིད་པར། །ཞེས་སོགས་ཏེ། གླིང་བཞི་བྱེ་བ་ཕྲག་བརྒྱར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཆོས་ཅན། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་ཏེ། ངེས་པ་ལྔ་མིན་གྱི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་པའི་ཕྱིར། ཞེས་པའི་དོན་ནོ། །ཇི་སྐད་དུ། ཇོ་བོས་ངེས་པ་བཞི་དང་བྲལ་བས་ན། ཇི་ལྟ་བ་དང་ཇི་ལྟ་རུ། །དེ་ལྟ་བ་དང་དེ་ལྟ་རུ། །སྟོན་པ་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་བཤད་དོ། །བརྟེན་པ་འཕྲིན་ལས་ལ། འབྲེལ་དང༌། འབྲེལ་པ་ཅན་དངོས་སོ། །དང་པོ་ལ། གསེར་གླིང་པ། གཞུང་སྔ་མ་འཕྲིན་ལས་ཀྱི་མཚམས་སྦྱོར་དུ་བཞེད་པ་ལྟར་ན། བཤད་ཟིན་གྱི་མཚམས་སྦྱར་དང༌། བཤད་པ་ལ་འཇུག་པའི་མཚམས་སྦྱར་གཉིས་སུ་བྱེད་ལ། ཆོས་བཤེས་ལྟར་ན་གཞུང་སྔ་མ་དོན་བསྡུར་འཆད་ལ། གང་ལྟར་ནའང༌། སྐུ་ལྷག་མ་གསུམ་ཆོས་ཅན། ཀུན་རྫོབ་ཏུ་རྣམ་པར་བཏགས་ནས་བཞག་པ་ཡིན་ཏེ། ཡེ་ཤེས་དང༌། མཚན་དཔེ་དངོས་དང༌། མཚན་དཔེའི་གཟུགས་བརྙན་ལ་བརྟགས་པའི་ཕྱིར། གདགས་གཞི་གསུམ་པོ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། རང་བཞིན་གྱི་ཁྱད་པར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད། རྒྱུའི་ཁྱད་པར་སྦྱོར་སྒོམ་པ་ལས་བྱུང་བ། ཡུལ་གྱི་ཁྱད་པར་སངས་རྒྱས་ལ་སོགས་པའི་ཡུལ་ཉིད་དུ་སྣང་བའི་ཕྱིར། ཞེས་སྟོན་པ་ནི། ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཞེས་སོགས་སོ། །གཉིས་པ་ལ། ལུས་རྣམ་བཞག་ཏུ། ཆོས་སྐུ་དང་ཕྲིན་ལས་འབྲེལ་ཆགས་སུ་བཤད་པ་ལྟར་འདིར་མ་བཤད་པས། མཛད་པ་ཐམས་ཅད་ཆོས་སྐུའི་མཛད་པར་མི་རྟོགས་པའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་དེ་མེད་དེ། ཡེ་ཤེས་ཁོ་ནས་གཟུགས་སྐུའི་སྣང་བ་བསྐྱེད་པའི་སྒོ་ནས། ཕྲིན་ལས་བསྒྲུབ་པའི་ཕྱིར་ཞེས་སྟོན་པ་ནི། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ཞེས་སོགས་སོ། །འགྲེལ་བ་དངོས་ལ་མདོ་ནི། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་འཇིག་རྟེན་ལ་རྣམ་པར་གཟིགས་ནས། ཤར་དང་ལྷོ་དང་ནུབ་དང་བྱང་དང༌། བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང་སྟེང་གི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། བྱང་སེམས་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་དག་ཏུ་འདོང་ཞིང༌། དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས་ལྷ་དང་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ཤིང༌། རིམ་གྱིས་ཐེག་པ་གསུམ་ལ་འགོད་པ་མཐོང་ཞེས་སོགས། དེ་བསྡུད་པ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདི། །ཞེས་སོགས་སོ། །འཕགས་པ་དང་ཤཱནྟི་པ་ལྟར་ན། སྤྲུལ་སྐུ་རྒྱུན་མི་ཆད་པ་བཞིན། སྤྲུལ་སྐུ་འདིའི་འཕྲིན་ལས་ཡང༌། །ཞེས་བཞེད། སློབ་དཔོན། ཆོས་ཀྱི་སྐུ་བཞིན་དུ། ཞེས་བཞེད། དེའི་དོན་འགྲེལ་པས་འཆད་པ་ལ། རྐང་པ་ཕྱི་མ་རྣམས་ཀྱི་དོན་བཤད་པ། དང་པོ་དང་པོ་གཉིས་ཀྱི་དོན་བཤད་པའོ། །དང་པོ་ལ། ལམ་གྱི་རྟེན་ལ་འགོད། ལམ་ལ་འགོད། ལམ་གྱི་འབྲས་བུ་ལ་འགོད། དང་པོ་ནི། འགྲོ་རྣམས་ཞི་ལ་འགོད་པ་རྩ་འགྲེལ་ལོ། །གཉིས་པ་ལ། ཚོགས་ལམ་ལ། སྦྱོར་ལམ་ལ། མཐོང་ལམ་ལ། སྒོམ་ལམ་ལ། འགོད་པ་དང་བཞི་ལས། དང་པོ་ལ། སྦྱོར་བ་རྣམ་དག་ལ་འགོད་པ་ནི། བསྡུ་རྣམ་བཞི་ལ་འགོད་པ་སྟེ། དང་པོར་འདིའི་སྒོ་ནས་གཞན་དོན་བྱེད་དགོས་པའི་ཕྱིར། མདོ་སྡེ་རྒྱན་ལས། དང་པོ་སྣོད་གྱུར་དངོས་པོ་སྟེ། །གཉིས་པ་ཡི་ནི་མོས་པར་བྱེད། །གསུམ་པ་ཡི་ནི་སྒྲུབ་པ་སྟེ། །བཞི་པ་རྣམ་པར་སྦྱོར་བའོ། །ཞེས་དང༌། སློབ་དཔོན་རྟ་དབྱངས་ཀྱིས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་གཏམ་བྱས་ཏེ། །དོན་མཐུན་པ་ཡི་བག་ཕབ་ནས། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལྟ་བ་རྣམ་དག་ལ། འགོད་པ་ནི། མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རྣམ་པར་བྱང་བ་རྟོགས་པ་དང༌། །རྩ་འགྲེལ་ལོ། །གསུམ་པ་སྤྱོད་པ་རྣམ་པར་དག་པ་ལ་འགོད་པ་ལ། གཞན་དོན་རང་དོན་གཉིས་དོན་གྱི་སྤྱོད་པ་ལ་འགོད་པ་གསུམ་ནི། རིམ་པ་ལྟར། སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང༌། ཞེས་དང༌། ཕ་རོལ་ཕྱིན་དྲུག་དང༌། ཞེས་དང༌། སངས་རྒྱས་ལམ་དང་ཞེས་པས་བསྟན་ནོ། །གཉིས་པ་སྦྱོར་ལམ་ལ་འགོད་པ་ནི། རང་བཞིན་གྱིས་སྟོང་པ་ཉིད་དང༌། རྩ་འགྲེལ་ལོ། །མཐོང་ལམ་ལ་འགོད་པ་ནི། གཉིས་ཟད་དང༌། རྩ་འགྲེལ་ལོ། །སྒོམ་ལམ་ལ་འགོད་པ་ལ། ས་གཉིས་པ་ནས་དྲུག་པའི་ནི། བརྡའ་དང་རྩ་འགྲེལ་ལོ། །ས་དྲུག་པ་ནི། དམིགས་པ་མེད་པ་དང་རྩ་འགྲེལ་ལོ། །ས་བདུན་པ་ལ་དགོད་པ་ནི། ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །རྩ་འགྲེལ་ལོ། །ས་བརྒྱད་པ་ནི། བྱང་ཆུབ་སེམས་པའི་ལམ་དང་ནི། མངོན་པར་ཞེན་པ་སྤངས་པ་དང༌། །རྩ་འགྲེལ་ལོ། །ས་དགུ་པ་ལ་འགོད་པ་ནི། བྱང་ཆུབ་ཐོབ་དང༌། རྩ་འགྲེལ་ལོ། །ས་བཅུ་པ་ལ་འགོད་པ་ལ། ས་བཅུ་ཐོབ་མ་ཐག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་ལ་འགོད་པ་གསུམ་མོ། །དང་པོ་ནི། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང༌། ཞེས་སོ། །གཉིས་པ་ནི། ངེས་པ་དང༌། སེམས་ཅན་དོན་ནི་ཟད་མེད་དང༌། །སངས་རྒྱས་བརྟེན་སོགས་ཡོན་ཏན་དང༌། །ཞེས་སོ། །གསུམ་པ་ལ། ནུས་པ་དང༌། སྤངས་པ་དང༌། རྟོགས་པ་དང༌། རྒྱུ་ཚོགས་དག་པ་ལ་འགོད་པ་བཞི་ནི་ལྷག་མ་རྣམས་ཀྱིས་སྟོན་ནོ། །ལམ་གྱི་འབྲས་བུ་ལ་འགོད་པ་ན། མྱ་ངན་འདས་ལ་འགོད་པ་རྩ་འགྲེལ་ལོ། །དུས་ནི་དེ་ལྟར་ན་ཞེས་སོགས་སོ། །འོ་ན་སངས་རྒྱས་གྲངས་མེད་པ་གཅིག་བྱོན་ནས། སེམས་ཅན་དེ་སྙེད་ཅིག་མི་གནས་པའི་མྱང་འདས་ལ་འགོད་ན། མཛད་པ་རྒྱུན་ཆད་མི་སྲིད་པའི་རྒྱུ་མཚན་ཅི་ཞེ་ན། སེམས་ཅན་གྱི་ཁམས་ཟད་པ་མི་སྲིད་པའི་ཕྱིར་ཏེ་ཇི་སྐད་དུ། དགེ་སློང་དག་ཁྱེད་ཀྱི་ལྷའི་མིག་དག་པས་སྟོང་གསུམ་གྱི་འཇིག་རྟེན་ཇི་སྙེད་ཅིག་གནས་པ་མཐོང་བ་ཆེས་ཉུང་ངོ༌། །ངས་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན། སེམས་ཅན་གནས་པ་རྣམས་མཐོང་བ་ནི་ཆེས་མང་ངོ༌། །ཞེས་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་སེམས་ཅན་ལས། མ་གཏོགས་པའི་སེམས་ཅན་ཆེས་ཤིན་ཏུ་མང་བར་གསུངས་སོ། །འོ་ན་དང་པོ་སེམས་བསྐྱེད་དང༌། ཕྲིན་ལས་ཀྱི་གོ་རིམ་འདིར་བསྟན་ནས་གཞན་གྱི་གོ་རིམ་མི་སྟོན་པའི་རྒྱུ་མཚན་ཅི། མེད་པའམ་འོན་ཏེ་ཡོད་ཀྱང་སྟོན་མི་ནུས་པ་ཡིན་ཞེ་ན། དེའི་ལན་སྟོན་པ་ནི། དང་པོ་དང་ཐ་མའི་ལས་བསྟན་པའི་རིམ་པས་ཞེས་སོ། །འདིར་ཐ་མ་ཕྲིན་ལས་ལ་འདོད་པ་ནི། རང་ཚིག་འགལ་བ་དང༌། ཡི་གེའི་དོན་མིན་པའི་ཉེས་པར་འགྱུར་ཏེ། དོན་བདུན་བཅུར་ངེས་པ་དང༌། དོན་བདུན་བཅུའི་ཐ་མ་འཕྲིན་ལས་སུ་འདོད་པ་འགལ་བའི་ཕྱིར་དང༌། ཐ་མའི་ཞེས་དྲུག་སྒྲ་གསུངས་པའི་ཕྱིར། དེས་ན་ཐ་མ་ནི་ཆོས་སྐུ་ཡིན་ལ། དེའི་ཕྲིན་ལས་ཞེས་པའམ། ཡང་ན་སེམས་བསྐྱེད་པ་ཐ་མ་ཆོས་ཀྱི་སྐུ་དང་ལྡན་པའི་སེམས་བསྐྱེད་ཀྱི་ལས་ནི་འཕྲིན་ལས་ལ་བྱའོ། །དེ་ལྟར་ན། ལུང་གི་སྙེ་མ་ལས། ཆོས་དབྱིངས་དྲི་མེད་ཡེ་ཤེས་རང་བཞིན་ཆོས། །ཟབ་པའི་ཚུལ་སྟོན་ལོངས་སྤྱོད་རྫོགས་པའི་སྐུ། །སྣ་ཚོགས་ཚུལ་སྟོན་སྤྲུལ་པའི་སྐུ་ཐོབ་ནས། །མཛད་པ་ལྷུན་གྲུབ་རྒྱུན་ཆད་མེད་པར་བསྔོ། །ཞེས་འབྱུང་བ་ལྟར། ཆོས་ཀྱི་སྐུ། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་དེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བར་མངོན་པར་སྐྱེས་པ་ཡིས། །མི་ཕམ་རྒྱལ་བ་མིན་ནོ་ཞེས། །དམོད་པའི་བཟླས་བརྗོད་བཟློག་པའི་དོན། །ཆོས་སྐུར་མངོན་པར་སངས་རྒྱས་ན། །གཟུགས་སྐུ་ཕྲིན་ལས་ལྷུན་གྲུབ་ཅེས། །མ་ཕམ་རྒྱལ་བའི་གཞུང་གིས་སྟོན། །གསུམ་པ་ནི། བསླབ་པའི་འབྲས་བུའི་ལེའུའི་སྦས་དོན་ཆོས་སྐུ་གསལ་བར་སྟོན་པའི་སྐབས་ཏེ་བརྒྱད་པའོ།།  །།གཉིས་པ་བར་མ་ལ་དགའ་བ་ལ་མངོན་རྟོགས་དྲུག་ཏུ་ཕྱེ་བ་ལ། འབྲེལ་ནི། དངོས་པོ་དྲུག་ཏུ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྦས་དོན་མངོན་རྟོགས་ཀྱི་རྐང་གྲངས་བར་མར་བསྟན་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར། ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །བསྟན་པ་དེ་གང་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་དྲུག་གིས་ཡང་དག་བཤད། །མཚན་ཉིད་དེའི་སྦྱོར་བ་དང༌། །ཞེས་སོ། །ཤཱནྟི་པ་དང༌། རཏྣ་ཀིརྟི་ལྟར་ན། མཁྱེན་གསུམ་ནི་སྦྱོར་བའི་གཞིར་མཚོན་པར་བྱེད་པས་ན་མཚན་ཉིད་དོ། །མཚན་ཉིད་དེའི་སྦྱོར་བ་ནི། །རྣམ་རྫོགས་སྦྱོར་བའོ། །སྦྱོར་བ་དེའི་རབ་ནི་རྩེ་མོའི་སྦྱོར་བའོ། །སྦྱོར་བ་དེའི་གོ་རིམ་ནི་མཐར་གྱིས་སྦྱོར་བའོ། །ཞེས་སོ། །སངས་རྒྱས་ཡེ་ཤེས་ལྟར་ན། རྣམ་མཁྱེན་དང༌། ལམ་ཤེས་ནི་བླང་བྱའི་མཚན་ཉིད་དེ། གཞི་ཤེས་ནི་དོར་བྱའི་མཚན་ཉིད་དོ། །གསེར་གླིང་པ་ལྟར་ན། མཁྱེན་པ་གསུམ་ནི་ཆོས་ཅན། མཚན་ཉིད་ཡིན་ཏེ། གཟུགས་ལ་སོགས་པའི་ཡུལ་ཀུན་བསྡུས་པས། དེ་མཚོན་བྱེད་ཡིན་པའི་ཕྱིར། འཕགས་པ་ལྟར་ན་མཁྱེན་པ་གསུམ་ནི་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བའོ། །ཞེས་བཞེད། སློབ་དཔོན་ལྟར་ན། མཁྱེན་གསུམ་ཆོས་ཅན། ལས་གསུམ་གྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ཏེ། ཆོས་སུམ་ཅུས་མངོན་པར་མཚོན་པར་བྱ་བ་ཡིན་པའི་ཕྱིར། མཁྱེན་གསུམ་དེའི་སྦྱོར་བ་དང༌། མཁྱེན་གསུམ་དེའི་རབ་དང༌། ཞེས་སོགས་བཞེད། དེ་ལྟར་ན། མཁྱེན་པ་གསུམ་ནི་མཚན་ཉིད་དེ། རང་བཞིན་ཡིན་ལ། གཞན་ནི་སྐབས་སོ། །ཞེས་བཞེད། མདོར་ན། སྔར་ནི། མཁྱེན་པ་གསུམ་དངོས་པོ་སོ་སོར་བཤད་ལ། འདིར་གཅིག་ཏུ་བསྡུས་ནས་བསྟན་པ་འདི་ཙམ་ཞིག་བསྡུས་དོན་སྔ་ཕྱི་གཉིས་ཀྱི་ཁྱད་པར་ཡིན་ལ། བསྡུས་དོན་བར་པ་འདིས་ནི། སྔར་བཤད་པའི་དངོས་བརྒྱད་ཙམ་གྱི་ལྡོག་པ་ནས་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་ཡང་བསྟན་པ་ཡིན་ནོ། །གསུམ་པ་ལ་འབྲེལ་ནི། བརྒྱད་པོ་དངོས་པོ་གསུམ་དུ་བསྡུས་ནས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྦས་དོན་མངོན་རྟོགས་ཀྱི་རྐང་གྲངས་བསྡུས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་བཟུང་བའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །གསུམ་དུ་བསྟན་པ་དེ་གང་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་གསུམ་གྱིས་ཡང་དག་བཤད། །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས། འཕགས་པ་ལྟར་ན་ཡུལ་དང་རྒྱུ་དང༌། འབྲས་བུ་གསུམ་མོ། །སློབ་དཔོན་ཤཱནྟི་པ། ཨ་བྷྱ་ཡ། རནྟ་ཀིརྟི་ལྟར་ན། རྒྱུ་དང༌། སྦྱོར་བ་དང་འབྲས་བུ་གསུམ་མོ། །མདོར་ན། སྔར་སྦྱོར་བ་བཞི་དངོས་པོ་སོ་སོར་བཤད་ལ། འདིར་དངོས་པོ་གཅིག་ཏུ་བསྡུས་ནས། བསྟན་པ་ནི། སྔ་མ་གཉིས་དང༌། འདིའི་ཁྱད་པར་ཡིན་ལ། བསྡུས་དོན་ཕྱི་མ་འདིས་ནི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ལ་བརྒྱད་པོ་དེ་ཙམ་དུ་གྲངས་ངེས་པའི་རྒྱུ་མཚན་ཡང་བསྟན་པ་ཡིན་ནོ། །གསུམ་པ་བཤད་པ་ཡོངས་སུ་རྫོགས་པར་བྱ་བ་ནི། ལ་ལ་ཞེས་སོགས་སོ། །བདག་གི་བློ་ལ་འདི་ལ་ལྟར་སྣང་སྟེ། དེ་ཡང་གཞུང་འདི་དག་གིས་འགྲེལ་པ་འདི་རྒལ་ལན་གཏན་ལ་འབེབས་ཏེ། དེ་ལ་ཁ་ཅིག་འདི་སྙམ་དུ། ཀུན་གྱི་རྒྱན་དུ་འགྱུར་བར་ནི། རྣམ་པར་དབྱེ་ཞེས་པ་མི་འཐད་དེ། དེ་ལྟར་དབྱེ་མི་ནུས་པའི་ཕྱིར་ཏེ། ཡུམ་གསུམ་གྱི་བརྗོད་བྱ་ལ་རྒྱས་བསྡུས་ཀྱི་དབྱེ་བ་ཡོད་པའི་ཕྱིར། ཅི་སྟེ་མེད་ན། རྒྱས་འབྲིང་བསྡུས་པའི་ཁྱད་པར་མི་འཐད་དོ་ཞེ་ན། ཡུམ་གསུམ་ཆོས་ཅན། བརྗོད་བྱའི་དོན་མངོན་རྟོགས་ཀྱི་རིམ་པ་ལ་རྒྱས་བསྡུས་ཀྱི་ཁྱད་པར་མེད་པར་ཐལ། ཁྱོད་ཀྱི་བརྗོད་བྱ་མངོན་རྟོགས་ཀྱི་རིམ་པ་དེ། བརྒྱད་པོ་དེར་འདུས་པའི་ཕྱིར། ཞེས་སྟོན་པ་ནི། ལ་ལ་ཞེས་སོགས་ཤླཽ་ཀ་གཅིག་སྟེ། འགྲེལ་ཆེན་ལས། གཞུང་དེའི་ཚད་ཀྱི་ངེས་པ་ནི། ཡུམ་འདི་ཡི་ནི་ཚད་ཡིན་ཞེས་པ་དང་དོན་གཅིག་པར་སྣང་བའི་ཕྱིར་རོ། །ཅི་སྟེ། སྔ་མ་ལ་རྟགས་མ་གྲུབ་ན། ཡུམ་བསྡུས་པ་ཆོས་ཅན་ཁྱོད་ཀྱི་རྒྱས་འབྲིང་གཉིས་ཀྱི་བརྗོད་བྱའི་དོན་མ་ལུས་པ་མ་བསྡུས་པར་ཐལ། དེའི་ཕྱིར་རོ་ཞེས་སྟོན་པ་ནི། དེ་ལྟ་མིན་ན་ཐམས་ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །ཞེས་སོ། །ཡང་ན་བསྟན་བཅོས་འདི་ཆོས་ཅན། ཡུམ་གསུམ་ཆར་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་མ་བསྡུས་པར་ཐལ། མངོན་པར་རྟོགས་པ་བརྒྱད་དུ་མ་འདུས་པའི་ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡོད། ཁྱོད་ཀྱིས་དེ་བས་ལྷག་པ་མ་བསྡུས་པའི་ཕྱིར། །ཞེས་སོ། །ཡང་ན་བསྡུས་དོན་གསུམ་པོ་ལ་མི་འདྲ་བའི་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ལ་ལ་ཞེས་སོ། །འོ་ན་ཡུམ་གསུམ་དང་བསྡུས་དོན་གསུམ་སོ་སོར་སྦྱར་བར་བྱ་བ་ཡིན་ནམ། ཞེ་ན་མིན་ཏེ། མཁས་པ་རྣམས་ཀྱི་ཡུམ་ཀུན་ལའང༌། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །ཞེས་སོ། །ཡུམ་གསུམ་ཆོས་ཅན། དོན་ལ་རྒྱས་བསྡུས་ཀྱི་ཁྱད་པར་མེད་ཀྱང༌། རྒྱས་འབྲིང་གསུམ་དུ་མི་འཐད་པ་མ་ཡིན་ཏེ། ཚིག་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལ་བསྡུས་སོགས་རབ་དབྱེ་བས། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་སོ། །འོ་ན་ཡུམ་གསུམ་ཆར་གྱི་མདོ་ཚིག་དང་དངོས་སུ་སྦྱར་བར་རིགས་སོ། །ཞེ་ན་ཉེས་པ་མེད་དེ། དེ་ལྟར་སྦྱོར་བ་གོ་སླ་བའི་ཕྱིར། གསུམ་ཅར་གྱི་དོན་ཙམ་དང་སྦྱར་བ་ཡིན་ནོ། །ཞེས་སྟོན་པ་ནི། འཕགས་པ་རྣམ་པར་གྲོལ་སྡེ་ཡིས། །ཞེས་སོགས་སོ། །གོ་བར་སླ་ཡང་སློབ་དཔོན་རང་ཉིད་དང༌། མཁས་པ་གཞན་གྱིས། མདོ་སོ་སོའི་ཚིག་དང་སྦྱར་ཟིན་པའི་ཕྱིར། སྙམ་དུ་དགོངས་པའོ། །འོ་ན་ཁྱོད་ཀྱི་ཡུམ་འདི་སུ་ཞིག་ལ་ཐོས་ཞེ་ན། མཁན་པོ་ཡང་དག་ཞེས་སོགས་སོ། །འདིར་ཁ་ཅིག བླ་མ་བཟང་པོ་ནི་འཕགས་པ་གྲོལ་སྡེ་ཡིན་ལ། རྣམ་སྣང་མཛད་ནི། སངས་རྒྱས་རྣམ་པར་སྣང་མཛད་ལ་སྣང་བ་ཐོབ་པར་ཐོས་སྟོན་པ་ཡིན་ཏེ། སློབ་དཔོན་འདིས་ནི་དེ་དོན་མངོན་སུམ་དུ་གཟིགས་པའི་ཕྱིར་རོ། །ཞེས་སོགས་གསུང་ངོ༌། །གསུང་རབ་ཀྱི་ཐོག་མཐའ་བར་གསུམ་དུ་དགེ་བ་ལས་ཐ་མ་དགེ་བ་སྟོན་པ་ནི། དེ་སྡེབས་པ་ལས་བྱུང་བ་ཡི། །ཞེས་སོགས་སོ། །མདོར་ན། ཀུན་གྱི་རྒྱན་ཞེས་པ་ལ་འཕྲོས་པས་ནི། ལ་ལ་ཞེས་སོགས་སོ། །རྣམ་པར་དབྱེ་ཞེས་པ་ལ་འཕྲོས་ནས། འཕགས་པ་རྣམ་པར་ཞེས་སོགས་སོ། །དེ་ལྟར་མཁས་པས་སྣང་ཞེས་པ་ལས་འཕྲོས་པའི་དོན་ནི། མཁན་པོ་ཞེས་སོགས་སོ། །མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། །ཞེས་པ་ལ་འཕྲོས་པའི་དོན་ནི། དེ་སྡེབས་པ་ལས་ཞེས་སོགས་སོ། །རྣམ་པ་ཀུན་དུ་བདག་གིས་ནི། །སྤྱོད་ཡུལ་མིན་ལ་འཕྲོས་པའི་དོན་ནི། ཤེས་རབ་མི་གསལ་བསྟན་བཅོས་ཀུན། །ཞེས་སོགས་སོ། །ཀྱེ་མ་ཞེས་སོགས་ནི། འཕགས་པ་རྣམ་གྲོལ་སྡེའི་གསུངས་ཏེ། འཇུག་ཤིས་པ་བསྡུད་པའི་ཆེད་དུ་སློབ་དཔོན་གྱིས་ཀྱང་གསུངས་པ་ཡིན་ནོ། །འདིར་འཕགས་བློའི་སྤྱོད་ཡུལ་བདག་ཉིད་ཆེ། །ཞེས་པས། སློབ་དཔོན་སོ་སྐྱེར་བསྟན་ཏེ། བསྟན་བཅོས་ཀྱི་དོན་སློབ་དཔོན་གྱི་བློ་ལས་ཕྱི་རོལ་དུ་གྱུར་པར་བཤད་ཅིང༌། འཕགས་བློའི་སྤྱོད་ཡུལ་དུ་བཤད་པའི་ཕྱིར། སྙམ་དུ་སེམས་པ་ནི་ཤིན་ཏུ་འཁྲུལ་ཏེ། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡི་དོན་མཐོང་བར་གསུངས་ཤིང༌། བསྟན་བཅོས་འདིའི་དོན་མཐོང་བ་དེ་འཕགས་པར་ཡང་གསུངས་པའི་ཕྱིར་རོ། །དེས་ན་ཚིག་གསལ་ལས། བདག་ཅི་ཤེས་རབ་མི་གསལ་ཅིང༌། །བསྟན་བཅོས་ཀུན་ལས་ཐག་རིང་ལ། །བསྟན་བཅོས་དོན་ཅི་བདག་ཉིད་ཆེ། །བློ་འཕགས་སྐྱེ་བོའི་སྤྱོད་ཡུལ་མིན། །ཞེས་བཤད་པ་བྱས་སོ། །རྩོམ་པ་པོའི་མཚན་སྨོས་པ་ནི། ཤེས་རབ་ཀྱི་ཞེས་སོགས་སོ། །བསྟན་བཅོས་ཇི་ལྟར་བསྒྱུར་བའི་ཚུལ་ནི། རྒྱ་གར་གྱི་མཁན་པོ་ཞེས་སོགས་ཏེ། དེ་ཡང་བིདྱ་ནི་རིག་པ་སྟེ། བྱིངས་མདོ་ལས། བི་ཏ་ཤེས་པ་ལའོ་ཞེས་བཤད། ཨ་ཡ་ནི་རྟོག་པ་སྟེ། རིག་ཅིང་རྟོག་པའོ། །ཀ་ར་ནི་བྱེད་པ་སྟེ། བྱིངས་མདོ་ལས། ཀ་ར་བྱེད་པ་ལའོ། །ཞེས་སོ། །པྲ་བྷ་ཝ་ནི་འོད་ཟེར་རམ་འབྱུང་གནས་ཏེ། པཎྜི་ཏ་དེ་བསྟན་བཅོས་འདི་རྒྱ་དཔེ་ལ། བྱིངས་ལས་མིང་དུ་བསྒྲུབ་པ་དང༌། མིང་ལས་མིང་གཞན་དུ་བསྒྲུབ་པ་དང༌། ཉེར་བསྒྱུར་གྱི་དབང་གིས་གཞན་དུ་བསྒྱུར་བ་སོགས་དག་པར་མཛད་ཅིང༌། ལོ་ཀ་ཙཀྵུ་ནི། འཇིག་རྟེན་གྱི་མིག་སྟེ། ཟུར་ཆག་ཏུ་བྱས་ནས་ལོ་ཙྪ་བ། བནྡྷེ་ནི་བཅིངས་པ་སྟེ། བསླབ་པས་བསྡམས་པའི་ཕྱིར་རོ། །དོན་འགྱུར་དུ་བྱས་ན། བཙུན་པ་ཀ་བ་བློ་ལྡན་གྱི་སྲས་ཤནྟ་རཀྵི་ཏ་ལས་རབ་ཏུ་བྱུང་བ། དཔལ་བརྩེགས་བསྲུངས་བར་གྲགས་པ་དེས། བོད་ཀྱི་སྐད་དུ་བསྒྱུར་ཅིང༌། བསྟན་པ་ཕྱི་དར་གྱི་དུས་སུ། གོ་མི་ནི་དགེ་བསྙེན་ཏེ། དགེ་བསྙེན་འཆི་མེད་ལ་རྒྱལ་བས་ལུང་བསྟན་པའི་ལོ་ཙྪ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་བསྟན་བཅོས་འདི་ལེགས་སྦྱར་གྱི་སྐད་དུ། མཐའ་ཆོད་པར་གསན་ཅིང་ཞུས་ཆེན་མཛད་དེ་འཆད་ཉན་གྱི་གཏན་ལ་ཕབ་པའོ།།  །།སྣང་བས་འབྱོར་པའི་དཔལ་སྟེར་ཞིང༌། །སྟོང་པས་མངོན་ཞེན་འགོག་བྱེད་པའི། །དབྱེར་མེད་ཟུང་འཇུག་ཤེར་ཕྱིན་མཚོ། །སྟོན་མཛད་ཀུན་མཁྱེན་འགྲོ་བའི་མགོན། །རྒྱལ་བའི་ཅོད་པཎ་རབ་མཛེས་པ། །གང་གི་དབུ་ལ་ལེགས་བླངས་ནས། །མངོན་རྟོགས་ཡིད་བཞིན་རིན་ཆེན་གཏེར། །ལེན་མཛད་མི་ཕམ་ཆོས་ཀྱི་རྗེ། །འཇིག་རྟེན་འདས་པའི་ཡེ་ཤེས་ཀྱི། །མཐོང་བས་སྤངས་བྱའི་སྒྲིབ་པ་ལས། །རྣམ་གྲོལ་སྡེ་སྣོད་མ་ལུས་པའི། །ཚིག་དོན་ཐུགས་ཆུད་འཕགས་པའི་ཞབས། །བདག་ལྟའི་ནགས་སུ་རིང་གོམས་པའི། །དངོས་སྨྲའི་གླང་ཆེན་སྨྱོན་པ་ཡི། །ཀླད་པ་རྣམ་པར་འགེམས་མཁས་པ། །སྨྲ་བའི་སེང་གེ་བཟང་པོའི་ཞབས། །ཤཱཀྱའི་གསུང་རབ་མ་ལུས་པ། །མངོན་པར་རྣམ་སངས་རྒྱས་པའི་དཔལ། །གྲགས་པའི་རྒྱལ་མཚན་སྲིད་རྩེའི་བར། །བསྒྲེང་མཁས་ཀུན་མཁྱེན་ཆོས་ཀྱི་རྗེ། །དེས་གསུངས་ཡུམ་དང་མངོན་རྟོགས་རྒྱན། །དེ་འགྲེལ་གསུམ་དང་རྣམ་བཤད་ཀྱི། །ལམ་གྱི་འགྲོས་དང་དཀའ་བའི་གནས། །མ་ལུས་རྣམ་པར་འགྲེལ་པ་འདི། །བཤད་སྲོལ་མི་འདྲའི་ཆུ་བོ་སྟོང་འབབ་ཅིང༌། །གཞུང་ལུགས་བརྒྱ་ཡི་སྙིང་པོ་རིན་ཆེན་གཏེར། །འབུམ་ཕྲག་ལེགས་བཤད་ཆུ་ཀླུང་མཐར་འགྱེད་པའི། །ཤེར་ཕྱིན་གསུང་རབ་བསྡུས་པའི་རྒྱ་མཚོ་ཡིན། །ལུང་རིགས་གཟི་འོད་སྟོང་གིས་མངོན་འབར་བའི། །རང་ཕྱོགས་གྲུབ་མཐའི་སྣང་བྱེད་བདག་པོ་དང༌། །མ་བརྟགས་ཉམས་དགའི་གྲུབ་མཐའ་སྣ་ཚོགས་ཀྱི། །རང་གཟུགས་གསལ་བར་འཆར་བའི་མེ་ལོང་ཡིན། །བློ་གསལ་དབུས་སུ་མང་པོར་འཆད་པ་དང༌། །རྒྱ་འགྲེལ་མི་འདྲ་དེ་ཉིད་བལྟ་བ་དང༌། །རབ་འབྱམས་མཁས་པས་བརྩད་ཅིང་བྲིས་པའི་ཚེ། །གྲགས་པའི་འབྲུག་སྟོང་སྒྲོག་པའི་དཔལ་ཡིན་ནོ། །དེ་སྐད་བརྗོད་འདི་ལེ་ལོ་ཡི། །རྒྱ་མཚོར་བྱིང་ཀྱང་དབང་མེད་དུ། །བསྐུར་བར་བྱེད་པའི་ནན་ཚིག་ངོར། །མཆོག་ལྡན་ལེགས་པའི་བློ་ཡིས་སོ། །ཚུལ་འདི་བློ་གྲོས་ཤིང་རྟའི་ཁྲི་སྟེངས་སུ། །མང་ཐོས་འོད་སྟོང་སྤྲོ་བའི་དཔལ་ཡོན་ཅན། །ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། །རིག་གནས་ཤེས་བྱའི་ཁྱོན་ཀུན་བལྟ་བཞིན་དུ། །རྒྱལ་བའི་ཡུམ་དྲུག་ཤིང་རྟའི་སྲོལ་འབྱེད་གཉིས། །ཡུམ་དང་རྒྱན་གཞུང་སྦྱར་བའི་འགྲེལ་པ་བདུན། །དོན་གསལ་འགྲེལ་དང་དེ་འགྲེལ་རྣམ་པ་བཞི། །གནོད་འཇོམས་གཉིས་དང་ཡུམ་གསུམ་མཐུན་པར་བསྟན། །དེ་ལས་གཞན་པའི་རྒྱ་འགྲེལ་རྣམ་པ་གསུམ། །ལེགས་པར་བརྟགས་ཤིང་པཎ་ཆེན་མར་མེ་མཛད། །རྔོག་ལོ་འབྲེ་ཨར་འདུལ་དཀར་འོད་ཟེར་མགོན། །བཅོམ་ལྡན་རལ་གྲི་ཀུན་མཁྱེན་བུ་སྟོན་དང༌། །གངས་ཅན་མཁས་པའི་དབང་པོ་སངས་རྒྱས་དཔལ། །རྣམས་ཀྱིས་ཕྱེ་བའི་ལེགས་བཤད་རྒྱ་མཚོ་དང༌། །དིང་སང་གྲགས་པའི་རྣམ་བཤད་མང་མཐོང་ཞིང༌། །ཨ་དུ་ལ་དང་གོ་མི་འཆི་མེད་དང༌། །འབུམ་ཕྲག་གསུམ་པ་བདེ་བར་གཤེགས་པའི་དཔལ། །ཀུན་གྱི་བཤད་སྲོལ་དག་པར་མཐོང་ཐོས་ཏེ། །གཞན་ཕན་བློ་ཡིས་ལེགས་བཤད་ཡི་གེར་བཀོད། །དེ་ཕྱིར་འདི་ལ་ཉེས་པའི་ཆ། །སྲིད་པ་མེད་སྙམ་བྱེད་མོད་ཀྱི། །མུ་མཐའ་མེད་པ་རྒྱལ་བའི་བཀའ། །ཕྱོགས་གཅིག་འཇུག་པ་བྱིས་པའི་བློ། །དེ་བས་ཉེས་པར་བཤད་སྲིད་ན། །ཆོས་དོན་གཟིགས་པ་རྣམས་ཀྱིས་ནི། །བཟོད་པར་རིགས་སོ་འདི་བྱས་པའི། །དགེ་བ་རྣམ་པར་དཀར་སྐྱེས་པ། །དེ་ཡང་བྱང་ཆུབ་སྙིང་པོའི་བར། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །ཀུན་གྱི་དེ་ཉིད་འབྱེད་པ་ལའང༌། །སྙིང་སྟོབས་ཆེན་པོའི་དོན་དུ་བསྔོའོ། །འདི་ནི་ཧ་ཅང་གྲགས་པ་མིན། །གཞན་ལ་ཟུར་ཟའི་ཕྱིར་མིན་ཏེ། །བདག་དང་སྐལ་མཉམ་གཞན་ལ་ཡང༌། །རྣམ་ཀུན་དོན་ཡོད་བྱ་ཕྱིར་རོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང༌། མངོན་པར་རྟོགས་པའི་རྒྱན་ཞེས་ཡོངས་སུ་གྲགས་པ་མན་ངག་གི་བསྟན་བཅོས་དང༌། དེའི་འགྲེལ་པ་ཉི་ཁྲི་སྣང་བ་དང༌། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་དང༌། འགྲེལ་པ་དོན་གསལ་བ། འགྲེལ་པ་དང་བཅས་པའི་སྔ་ཕྱིའི་འབྲེལ་རྣམ་པར་བཙལ་ཞིང༌། དངོས་བསྟན་གྱི་དཀའ་བའི་གནས་ལ་ལེགས་པར་བཤད་པའི་དཔུང་ཚོགས་རྣམ་པར་བཀོད་པ་བཞེད་ཚུལ་རྒྱ་མཚོའི་རྦ་རླབས་ཀྱི་འཕྲེང་བ་ཞེས་བྱ་བ་འདི་ནི། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་ཐོས་པ་འཛིན་པ། ཤཱཀྱའི་བཙུན་པ་མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། དངོས་པོའི་ལོ། ས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོ་ལ། དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ། ལེགས་པར་བཤད་པའི་སྒྲ་དབྱངས་སྒྲོགས་པའི་དགའ་ཚལ་དུ་ལེགས་པར་སྦྱར་བ་འདིས། ཀུན་མཁྱེན་རྒྱལ་བའི་བསྟན་པ་ཀུན་རིང་དུ་གནས་པར་བྱས་ཏེ། དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེང་བ་ལ་མཁས་པར་གྱུར་ཅིག།  །།མངྒལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*