སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཀྱི་འབེལ་གཏམ་གསེར་གྱི་ཐུར་མ། ཁ ༽

ཐེག་པ་ཆེན་པོ་ཞེས་སོགས་སོ། །གཉིས་པ་ནི། ཉེ་བར་ལེན་པའི། ཞེས་སོགས་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་དེ། སངས་རྒྱས་ཀྱི་སྙིང་པོའི་དགོངས་གཞིར་འཇོག་པའི་རྒྱུ་མཚན་ནི། དེ་མཐར་མི་གནས་པའི་མྱང་འདས་སུ་སྙེག་པའམ། འགྲོ་བའི་རྒྱུ་མཚན་གྱིས་ཡིན་ལ། དེ་དེར་སྙེག་པའི་ཤེས་བྱེད་ཀྱང༌། མྱང་འདས་ནི་སེམས་ཀྱི་རང་བཞིན་དུ་འཇུག་ལ། སྡུག་བསྔལ་ནི་དེར་མི་འཇུག་པའི་ཕྱིར། ཞེས་པའོ། །དེའི་ཤེས་བྱེད། ཆོས་འཕགས་ཀྱི་ལེའུར་གསལ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཤེས་པ་ལ་སྣང་བའི་དེ་བཞིན་གཤེགས་པའི་སྐུ་དེ། སྣང་མཁན་རང་གི་ཤེས་པའི་ངོ་བོར་བཤད་འདུག་པས་སོ། །ཞེས་འཆད་པ་ནི། འདི་དོན་རྒྱས་པར། ཞེས་སོགས་སོ། །འདིར་དྲི་བ་འདི་འཇུག་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མར། སྡུག་ལ་སྐྱོ་སོགས་སྙིང་པོ་ཡི། །བྱེད་ལས་ཡིན་པར་བཤད་མོད་ཀྱི། །སྒྲུབ་བྱེད་ཡིན་པར་གང་ལས་ཤེས། །སྙིང་པོ་དངོས་ཀྱི་སྒྲུབ་བྱེད་དུ། །བཤད་ན་ཁྱབ་པ་འགལ་བར་འགྱུར། །རིགས་ཡོད་པ་ནི་རྒྱུད་བླ་མར། །བསྒྲུབ་བྱར་མཛད་པའི་སྐབས་ཡོད་མིན། །སྙིང་པོའི་སྒྲུབ་བྱེད་དོན་གསུམ་དང༌། །དཔེ་དགུ་ལས་གཞན་བཤད་པ་མེད། །ཅེས་པའི་དོགས་པ་བྱུང་གྱུར་ན། །དེ་ཡི་ལན་ལྡོན་ཤེས་པ་ཉུང༌། །ཁམས་དེ་སངས་རྒྱས་སྙིང་པོ་ཡི། །དགོངས་གཞིར་འཆད་པའི་སྒྲུབ་བྱེད་དུ། །མྱ་ངན་འདས་པ་དོན་གཉེར་བ། །ཁམས་ཀྱི་བྱེད་ལས་ཡིན་པར་བཤད། མེ་ཡི་རང་བཞིན་ཚ་བ་ལྟར། །ཁམས་ཀྱི་རང་བཞིན་མི་གནས་པའི། །མྱ་ངན་འདས་པ་ཡིན་པས་ན། །ཁམས་དེ་སྙིང་པོའི་དགོངས་གཞིར་བཤད། །ཅེས་པའོ། །གཉིས་པ་ལ། སྙིང་པོའི་དགོངས་གཞི་མེད་དགག་ལ་བཤད་པའི་དོགས་སྤོང་དང༌། དེའི་དགོངས་གཞི་མ་ཡིན་པར་དགག་པའི་ཆ་ལ་བཤད་པའི་དོགས་སྤོང་ངོ༌། །དང་པོ་ནི། ཤེས་བྱ་མཐའ་དག་ལ་སྙིང་པོའི་དགོངས་གཞིས་ཁྱབ་ཀྱང༌། དེ་ཐམས་ཅད་སྙིང་པོ་ཅན་དུ་མི་འཆད་ལ། སེམས་ཅན་ཁོ་ན་སྙིང་པོ་ཅན་དུ་སྟོན་པའི་ཤེས་བྱེད་ནི། ཤེས་བྱ་ཐམས་ཅད་དེར་བསྟན་པ་ལ་དགོས་པ་མེད་པ་དང༌། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དྲི་མས་དག་པ་ན་དེ་བཞིན་གཤེགས་པར་འགྱུར་ལ། བེམས་པོ་སོགས་གཞན་ལ་དེ་ལྟར་འགྱུར་བ་མེད་པ་ལ་བསམས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་དྲི་མ་དང་བཅས་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ཁོ་ན་སངས་རྒྱས་ཀྱི་སྙིང་པོའི་དགོངས་གཞིར་འཆད་པ། རྒྱུད་བླ་མའི་བསྟན་བཅོས་ཀྱི་ལུགས་ཡིན་པ་དེ་ལྟ་ན། གོང་དུ་དྲངས་མ་ཐག་པའི་ལུང་གིས། ཤེས་བྱ་ཐམས་ཅད་ལ་རང་བཞིན་ཆོས་སྐུས་ཁྱབ་པར་བཤད་པ་དང་འགལ་ལོ། །ཞེ་ན། གཟུང་འཛིན་རྫས་གཞན་དུ་ཁས་ལེན་པ་ལྟར་ན། དོགས་པའི་གནས་དེ་སྤོང་བར་མི་ནུས་ཀྱང༌། འདིར་ནི་ཐེག་པ་ཆེན་པོའི་གཞུང་ལུགས་གནས་སྐབས་སུ། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་དང་མཐུན་པར་འཆད་པ་དག་ལ་ནི། ཤེས་བྱ་ཐམས་ཅད་ལ་རང་བཞིན་ཆོས་སྐུས་ཁྱབ་པ་དང༌། བེམས་པོའི་ཆོས་ཉིད་སངས་རྒྱས་ཀྱི་སྙིང་པོར་མི་འཆད་པ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། དོན་དུ་སྣང་བ་ཇི་སྙེད་པ་ནི་སྣང་མཁན་རང་གི་ཤེས་པའི་ངོ་བོ་ཡིན་ལ། ངོ་བོ་དེ་ལའང་ཀུན་རྫོབ་དྲི་མའི་ཆ་དང༌། དོན་དམ་ཡེ་ཤེས་ཀྱི་ཆ་གཉིས་ལས། དང་པོ་ནི། འཁོར་བའི་ཆོས་ཡིན་ལ། གཉིས་པ་ནི། རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ཀྱི་སྐུའི་ངོ་བོར་གནས་པ་ཡིན་ཞིང༌། གཉིས་སྣང་གི་ཆ་ཇི་སྙེད་པ་ཡང་ཡེ་ཤེས་དེ་ཉིད་ལས། ནམ་མཁའ་ལ་སྤྲིན་དང༌། ཆུ་ལས་རླབས་ཀྱི་ཚུལ་དུ་འབྱུང་བར་ཁས་ལེན་པའི་ཕྱིར་རོ། །འོ་ན་སྣང་མཁན་དེ་ཉིད་སངས་རྒྱས་པའི་ཚེ་དེ་ལ། སྣང་བ་ཇི་སྙེད་པ་སངས་རྒྱས་པར་ཁས་ལེན་ནམ་ཞེ་ན། དེ་ལྟར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་པའི་ལུང་གིས་གྲུབ་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་ལ་ནི། འཁོར་བའི་ཆོས་གང་ཡང་རང་སྣང་གི་ཚུལ་གྱིས་སྣང་བ་མེད་པའི་ཕྱིར། དེ་ལྟ་ནའང༌། སེམས་ཅན་གཅིག་གི་སེམས་ཀྱི་ཆོས་ཉིད་དྲི་མས་རྣམ་པར་དག་པ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་དྲི་མས་རྣམ་པར་དག་པ་ཉིད་དུ་ཐལ་བའི་ཉེས་པ་ནི་ཡོད་པ་མ་ཡིན་ཏེ། སེམས་ཅན་སོ་སོའི་རྒྱུད་གཞན་དུ་གྲུབ་པའི་ཕྱིར། དེ་བས་ན། དོན་དུ་སྣང་བའི་རྣམ་པ་འདི་སྣང་མཁན་རང་གི་སེམས་ཡིན་ཞིང༌། དེ་ལས་རྫས་གཞན་དུ་གྱུར་པའི་དོན་མ་གྲུབ་པར་འཆད་པ་དང་འདི་མཚུངས་པ་མ་ཡིན་ཏེ། གཞན་སེམས་ཤེས་པའི་མངོན་ཤེས་ལ། གཞན་སེམས་ཀྱི་གཞུང་རྣམ་སྣང་མཁན་རང་གི་སེམས་ཀྱིས་བསྡུས་པ་ཞིག་ཤར་བ་དེའི་ཚེ་ན་ཡང༌། གཞན་སེམས་ཀྱི་ངོ་བོ་སྣང་མཁན་གྱི་ཤེས་པ་ལས་རྫས་གཞན་ཞིག་ཡོད་པར། ཉི་ཤུ་པའི་རབ་བྱེད་དང༌། རྒྱུད་གཞན་གྲུབ་པ་ལས་གསུངས་པའི་ཕྱིར་རོ།།  །།དྲི་བ་ཉེར་བཞི་པ་ནི། གོས་ཧྲུལ་ནང་ན་རིན་ཆེན་གྱི། །དཔེས་བསྟན་དགོངས་པ་ཅན་ཡིན་ན། །སེམས་ཅན་རྣམས་ལ་རང་བཞིན་གྱི། །གནས་རིགས་མེད་པར་མི་འགྱུར་རམ། །ཞེས་པའོ། །འདི་ལ་གསུམ་སྟེ། དྲི་བའི་བསམ་པ་བཤད། དངོས་ལན་གདབ། འཕྲོས་དོན་བསམ་པའོ། །དང་པོ་ནི། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་གསུམ་གྱིས། སངས་རྒྱས་ཀྱི་སྙིང་པོའི་རྣམ་གཞག གངས་ཅན་གྱི་མཁས་པ་ལ་གྲགས་པ་གསུམ་པོ་དེའི་ནང་ནས། རྔོག་ལོ་ཆེན་པོའི་བཞེད་པ་དེ་ཉིད། སྤྱིར་གཞུང་ལུགས་ཀྱི་བབས་དང་མཐུན་ཞིང༌། ཁྱད་པར་ས་སྐྱ་པཎྜི་ཏའི་དགོངས་པ་ཡིན་པར་འཆད་ཀྱིན་འདུག་པའི་རྒྱུ་མཚན་གྱིས་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མར། ཞེས་སོགས་ཀྱི་གཞུང་དོན། རྒྱུད་བླའི་བསྟན་བཅོས་ཀྱི་དངོས་བསྟན་ལ། སེམས་ཅན་ཐམས་ཅད་མཚན་དཔེ་དང་སྟོབས་སོགས་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཤད་ཡོད་དོ། །སྙམ་དུ་འཁྲུལ་གྱིན་འདུག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་དང་པོ་ནི། རྔོག་ལོ་ཆེན་པོའི་བཞེད་པ་དེ་རྒྱུད་བླ་མའི་བསྟན་བཅོས་ཀྱི་དགོངས་པར་སོང་ན། ཇི་སྐད་དུ། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པའི་གཞུང་དེས་བསྟན་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་དེ་གང་ཡིན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་དངོས་དང་ལྡན་པ་དེའོ་སྙམ་ན། འོ་ན་དེ་ཐམས་ཅད་རང་བཞིན་རྣམ་དག་གི་ཆོས་ཉིད་དང་ལྡན་པ་དེ། དེ་སྐབས་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱར་འགྱུར་ཏེ། གཞུང་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ལུས་ཅན་ཀུན་སྙིང་པོ་ཅན་ཡིན་པ་དེར་ཁས་བླངས་པ་གང་ཞིག རང་བཞིན་རྣམ་དག་གི་ཆོས་ཉིད་དེ་སངས་རྒྱས་ཀྱི་སྙིང་པོ་དངོས་སུ་འཆད་པ་ཁྱེད་ཀྱི་འདོད་པ་ཡིན་པའི་ཕྱིར་རོ། །དེ་འདོད་ན། བསྒྲུབ་བྱ་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་གསུམ་པོ་དེ། གྲུབ་ཟིན་སྒྲུབ་པའམ། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པ་གང་རུང་ལས་མ་འདས་ཏེ། སེམས་ཅན་ཐམས་ཅད་རང་བཞིན་རྣམ་དག་གི་ཆོས་ཉིད་དང་ལྡན་པར་སྒྲུབ་པ་ལ། ཆོས་སྐུ་འཕྲོ་བ་སོགས་གསུམ་རྟགས་སུ་བཀོད་པ་ཡིན་ལ། གསུམ་ཀའི་དོན་ཡང༌། རང་བཞིན་རྣམ་དག་གི་ཆོས་ཉིད་ཅན་ཡིན་པའི་ཕྱིར། ཞེས་པ་ལས་མ་འདས་པས་སོ། །སྤྱིར་ཡང༌། སེམས་ཅན་གྱི་རྒྱུད་ལ་དྲི་བཅས་དེ་བཞིན་ཉིད་ཡོད་པ་ནི་སྒྲུབ་བྱེད་དུ་བཤད་པ་ཤ་སྟག་ཡོད་པ་ཡིན་གྱི། དེ་བསྒྲུབ་བྱར་བྱས་ནས་སྒྲུབ་དགོས་པ་ནི་རྒྱུད་བླ་རྩ་འགྲེལ་ན་མེད་དོ། །བྱེ་བྲག་ཏུ་བསྟན་བཅོས་མཛད་པ་འདིའི་དགོངས་པ་ཡང༌། སེམས་ཅན་གྱི་ཆོས་ཉིད་སྙིང་པོ་དངོས་སུ་བཤད་ནས། སེམས་ཅན་ཐམས་ཅད་དེ་དང་ལྡན་པ་ནི་བསྒྲུབ་བྱའི་ཆོས་སུ་བྱས་ནས། དེ་ལ་སྒྲུབ་བྱེད་གསུམ་འགོད་པར་རྒྱུད་བླའི་བསྟན་བཅོས་ཀྱི་དགོངས་པར་མཛད་པ་མ་ཡིན་ཏེ། ཇི་སྐད་དུ། དེས་ན་དེ་བཞིན་གཤེགས་པ་ཡི། །སྙིང་པོ་སྤྲོས་བྲལ་ཡིན་པའི་ཕྱིར། །སེམས་ཅན་རྣམས་ལས་སངས་རྒྱས་དང༌། །འཁོར་བ་གཉིས་ཀ་འབྱུང་བ་འཐད། །ཅེས། སེམས་ཅན་རྣམས་སངས་རྒྱས་འབྱུང་རུང་དུ་སྒྲུབ་པ་ལ། སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་ཡིན་པ་གཏན་ཚིགས་སུ་བཀོད་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་དགོས་པ་ནི། སྐྱོན་ལྔ་སྤང་བའི་ཆེད་ཡིན་པར་གསུངས་ལ། དྲི་བཅས་དེ་བཞིན་ཉིད་ཀྱི་སྙིང་པོ་ཅན་དུ་གསུངས་པས། དགོས་པ་ལྔ་པོ་དེ་མི་འགྲུབ་པའི་ཕྱིར། གལ་ཏེ་དགོས་པ་ལྔ་པོ་དེ། སེམས་ཅན་ལ་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་བཞུགས་པར་བཤད་པའི་དགོས་པའོ། །སྙམ་ན། དེ་སྐད་དུ་སྨྲ་བར་རིགས་པ་དེའི་ཕྱིར། སྙིང་པོ་གསུངས་པའི་དགོས་པ་གང་ལ་ཡོད་པ་དེ་ཉིད་སྙིང་པོར་ཁས་ལེན་པར་བྱོས་ལ། དགོས་པ་དེ་དང་མ་ལྡན་པ་སྙིང་པོར་ཁས་ལེན་པར་མི་རིགས་སོ། །གལ་ཏེ་སྙིང་པོ་དངོས་ལ། འབྲས་བུ་དང༌། རང་བཞིན་དང༌། རྒྱུ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བའི་དབྱེ་བས་གསུམ་དུ་འབྱེད་དོ། །ཅེ་ན། འོ་ན། རང་བཞིན་སྙིང་པོ་དངོས་སུ་འདོད་པ་དེའི་ཚེ། རྒྱུ་ཡང་སྙིང་པོ་དངོས་སུ་ཐལ་བར་འགྱུར་ཏེ། གཉིས་ཀ་ཡང་སྙིང་པོའི་སྒྲུབ་བྱེད་དུ་བཤད་པ་ལ་ཁྱད་པར་མེད་ཅིང༌། འབྲས་བུའི་གཏན་ཚིགས་སུ་ནི་མི་རུང་བའི་ཕྱིར། འདོད་མི་ནུས་པའི་ཤེས་བྱེད་ནི། སྙིང་པོ་ཅན་ཡིན་པའི་གཏན་ཚིགས་སུ་བཀོད་པའི་རིགས་དེ་ལ། རང་བཞིན་དུ་གནས་པའི་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་སུ་ཕྱེ་བ་ཡིན་པ་ལས། ཕྱི་མ་ནི་སྙིང་པོར་མི་རིགས་ཤིང༌། འདོད་མཁན་ཡང་མི་སྣང་བས་སོ། །མ་དྲིས་པའི་སྐྱོན་གཉིས་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ། སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་ཀྱི་སྙིང་པོ་རེ་རེ་ཡོད་པར་བཤད་པ་དེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་བསྟན་བཅོས་འདིས་འགྲེལ་པ་ཡིན། ཞེས་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུད་བླའི་བསྟན་བཅོས་ཀྱི་རང་རྐང་ལ། སྟོབས་སོགས་ཡོན་ཏན་ཀུན་རྫོགས་ཀྱི་སྙིང་པོ་སེམས་ཅན་ལ་མེད་པར་བཤད་པ་ཤ་སྟག་ཏུ་སྣང་བ་ཡིན་གྱི། ཡོད་པར་བཤད་པ་གཅིག་ཀྱང་མི་སྣང་བའི་ཕྱིར་དང༌། བཀའ་ཐ་མའི་མདོ་མང་པོ་ནས་དེ་ལྟར་བསྟན་པ་དེ། རྒྱུད་བླ་མའི་བསྟན་བཅོས་ཀྱིས་དགོངས་པ་ཅན་དུ་བཀྲལ་ཟིན་པའི་ཕྱིར་དང༌། དེ་ལྟར་བཀྲལ་ཟིན་པ་དེ། སླར་ཡང་བསྟན་བཅོས་འདིས་དགོངས་པ་ཅན་དུ་འགྲེལ་ན། དགག་པ་གཉིས་ཀྱིས་རྣལ་མ་གོ་བར་འགྱུར་བའི་ཕྱིར་དང༌། སྤྱིར་ཡང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཤིག ཐུན་མོང་མ་ཡིན་པའི་བསྟན་བཅོས་གཞན་གྱིས་དགོངས་པ་ཅན་དུ་འགྲེལ་བ་མི་སྲིད་པའི་ཕྱིར་དང༌། བསྟན་བཅོས་གཅིག་གིས་དྲང་ངེས་ཕྱེ་ཟིན་པ་དེ། བསྟན་བཅོས་གཞན་ཞིག་གིས་སླར་ཡང་དགོངས་པ་ཅན་དུ་འགྲེལ་དགོས་ན། ཧ་ཅང་ཐལ་བའི་ཕྱིར་རོ། །མ་དྲིས་པའི་སྐྱོན་གསུམ་པ་ནི། ཁྱད་པར། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་སྐུ་བཞུགས་པ་དཔེར་བྱས་ནས། སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་ཡོད་པར་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་ན། སེམས་ཅན་ལ་རང་བཞིན་དུ་གནས་པའི་རིགས་ཡོད་པར་གསུངས་པ་དེ། དགོངས་གཞི་དགོས་པ་དགོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འཆད་རིགས་པར་འགྱུར་ཏེ། རྒྱུད་བླ་མའི་བསྟན་བཅོས་སུ། དཔེ་དགུས་མཚོན་པའི་དོན་དགུ་ངོས་འཛིན་པ་ན། བདུན་པ་གོས་ཧྲུལ་གྱི་ནང་ན་དེ་བཞིན་གཤེགས་པའི་སྐུ་བཞུགས་པའི་དཔེས་བསྟན་པ་དེ་ནི། རང་བཞིན་དུ་གནས་པའི་རིགས་ཀྱིས། ངོ་བོ་ཉིད་སྐུ་སྐྱེད་པའི་ནུས་པ་ལ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། འདི་ཡི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་དང༌། རིགས་དེ་རྣམ་གཉིས་ཞེས་བྱ་སྟེ། །ཐོགས་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་དང༌། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་གསུངས་སོ། །ཡང་འདི་སྙམ་དུ། རྒྱུད་བླའི་བསྟན་བཅོས་སུ་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་གཙང་བདེ་རྟག་བདག་གི་ངོ་བོར་གྱུར་པ་དང༌། རྟག་བརྟན་ཞི་བ་གཡུང་དྲུང་གི་ངོ་བོར་གྱུར་པའི་སྙིང་པོ་ཡོད་པར་གསུངས་པ་དེ་དགོངས་པ་ཅན་ཡིན་ནོ། །ཞེས་བྱ་བའི་དོན་དུ་འཆད་ན། དེ་ཡང་རིགས་པ་མ་ཡིན་ཏེ། བསྟན་བཅོས་དེར། སེམས་ཅན་ལ་ནི་དྲི་བཅས་དེ་བཞིན་ཉིད་ཡོད་པར་བཤད་ཀྱི། དྲི་མེད་དེ་བཞིན་ཉིད་ཡོད་པར་མ་བཤད་ལ། རྟག་བརྟན་ལ་སོགས་པའི་ཆོས་བརྒྱད་པོ་དེ་དག་ནི། དྲི་མེད་དེ་བཞིན་ཉིད་ཀྱི་ཁྱད་པར་དུ་བཤད་པ་ཡིན་གྱི། དྲི་བཅས་ལ་དེ་ལྟ་བུའི་ཁྱད་པར་གྱི་ཆོས་བཤད་པ་མེད་པའི་ཕྱིར་རོ། །འོན་ཀྱང༌། རྒྱུད་བླར་དྲི་བཅས་དེ་བཞིན་ཉིད་རང་གི་ངོ་བོས་མི་སྟོང་པར་བཤད་ཅིང༌། མདོ་སྡེའི་རྒྱན་དུ་བདག་དམ་པར་བཤད་ལ། དེ་ལྟ་ནའང༌། དེ་ལྟར་གསུངས་པ་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་ན། མུ་སྟེགས་ཀྱི་བདག་དང་མཚུངས་པའི་ཉེས་པ་དང༌། བདེན་པའི་དངོས་པོར་ཐལ་བའི་ཉེས་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་དང་འགལ་བའི་ཉེས་པ་སོགས་འཇུག་པ་མ་ཡིན་ཏེ། བཀའ་འཁོར་ལོ་དང་པོ་དང་བར་པ་མ་སྐོར་བ་དང༌། དེའི་སྣོད་དུ་མ་གྱུར་པའི་གདུལ་བྱ་ལ་དེ་འདྲ་དེ་བདག་ཏུ་བསྟན་ན། ཉེས་པ་དེ་དག་འཇུག་ཀྱང༌། དེའི་སྣོད་དུ་གྱུར་ཟིན་པའི་གདུལ་བྱ་ལ་དེ་ལྟར་བསྟན་པ་ལ། ཉེས་པ་དེ་དག་འཇུག་པའི་གོ་སྐབས་ཡོད་པ་མ་ཡིན་པའི་ཕྱིར། ཇི་སྐད་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་དང༌། བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཏུ་འགྱུར། །ཞེས། མུ་སྟེགས་ཀྱིས་བཏགས་པའི་བདག་དེས་སྟོང་པའི་དེ་བཞིན་ཉིད་ལ་བདག་ཏུ་བཤད་པའི་ཕྱིར་དང༌། ཇི་སྐད་དུ། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས། བཀའ་འཁོར་ལོ་དང་པོ་དང་བར་པ་མ་སྐོར་བའི་གོང་དུ། སྙིང་པོ་མི་སྟོན་པར་བཤད་པའི་ཕྱིར་རོ། །འོ་ན་བཀའ་ཐ་མའི་མདོ་ལས་དེ་ལྟར་གསུངས་པ་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་ཡང༌། ཉེས་པ་དེ་དག་འཇུག་པར་འགྱུར་ཏེ། རྒྱུ་མཚན་དེ་དག་མཚུངས་པས་སོ། །ཤེ་ན། མི་མཚུངས་ཏེ། བྱམས་པའི་བསྟན་བཅོས་སུ་ནི། འཁོར་ལོ་ཕྱི་མ་གཉིས་ཀའི་དོན་ཚང་བར་བཤད་ནས། དེ་ནས་བསྟན་པའི་ངེས་དོན་མཐར་ཐུག་དེ་རྟག་བརྟན་སོགས་དང༌། དེའི་དོན་ཡང༌། ཇི་སྐད་དུ། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤང་ཕྱིར་གཙང་བ་ཡིན། །ཞེས་སོགས་གཙང་བདེ་རྟག་བདག་གི་དོན་མུ་སྟེགས་ཀྱིས་བརྟགས་པ་དང་མི་མཐུན་པ་ཁོ་ན་བཤད་ལ། སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་དགོས་པའི་མདོ་དེ་དང་དེར་ནི། འཁོར་ལོ་བར་པ་དང་མཐུན་པ་ཉིད་དུ་མི་འཆད་པར། མུ་སྟེགས་དྲང་བའི་ཕྱིར་དུ། མུ་སྟེགས་དེ་དང་མཐུན་པ་ཁོ་ནར་འཆད་པའི་ཕྱིར་རོ། །དེས་ན་འཁོར་ལོ་ཐ་མར་སྙིང་པོ་བསྟན་པས་ནི། འཁོར་ལོ་དང་པོ་དང་བར་པ་ཐོས་པའི་ཆོས་འདི་པ་དག་བདག་ཏུ་དོགས་པ་སྐྱེད་པའི་གཞི་མེད་ཅིང༌། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་དག བདག་བསྟན་པར་འཁྲུལ་ནས་རིམ་གྱིས་དྲང་བའི་དགོས་པ་ཡོད་དོ། །དེས་ན། ཇི་སྐད་དུ། དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་བཤད་པ་དེ་ནི། ཆོས་འདི་ལས་ཕྱི་རོལ་དུ་མ་གྱུར་པ་ཡིན་ཀྱང༌། བཀའ་འཁོར་ལོ་དང་པོ་མ་ཐོས་པ་དག་གི་དབང་དུ་བྱས་པའོ། །གཉིས་པ་དངོས་ལན་གདབ་པ་ནི། གོང་དུ་རིགས་དང་ཆོས་དབྱིངས་གཉིས་ཀ་སྙིང་པོ་དངོས་ཡིན་པ་དེ་ཚིག་གིས་ཟིན་པར་བཀག་ནས། ཤུགས་ལ་ཆོས་སྐུ་ཁོ་ན་སྙིང་པོར་བསྟན་པ་ལ། འོ་ན་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གསུངས་པའི་མདོའི་དོན། ཆོས་ཀྱི་སྐུས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་དོན་དུ་སོང་བས། དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་པར་བྱེད་དམ་ཞེ་ན། དེའི་ལན་ནི། འོན་ཀྱང་མདོ་སྡེ་འགའ་ཞིག་ཏུ། །གོས་ཧྲུལ་ནང་ན་རིན་ཆེན་ལྟར། །སེམས་ཅན་རྣམས་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །ཐེག་པ་ཆེན་པོ་རྒྱུད་བླ་མར། །དགོངས་པ་ཅན་དུ་བཤད་ཅེས་བྱ། །དེ་ཡི་དགོངས་གཞི་སྟོང་ཉིད་ཡིན། །དགོས་པ་སྐྱོན་ལྔ་སྤངས་ཕྱིར་གསུངས། །དངོས་ལ་གནོད་བྱེད་ཚད་མ་ནི། །ཞེས་སོགས་སྦྱར་རོ། །ཡང་ན། རྒྱུད་བླ་མ་ཞེས་པ་ཐ་མའི་མདོ་ལ་འཆད་དགོས་ཏེ། ཇི་སྐད་དུ། སླར་ཡང་བླ་མའི་རྒྱུད་འདིར་ནི། །ཞེས་གསུངས་པ་བཞིན་ནོ། །ཡང་ན། གོས་ཧྲུལ་ཞེས་སོགས་རྐང་པ་གསུམ་ཐོག་མར་བཏོན་ནས། འོན་ཀྱང་མདོ་སྡེ་འགའ་ཞིག་དང༌། །ཐེག་པ་ཆེན་པོ། །ཞེས་སྦྱར་ན་གོ་བ་རྙེད་སླ་བར་འགྱུར་ཏེ། མྱ་ངན་ལས་འདས་པའི་མདོ་སྡེ་དང༌། རྒྱུད་བླ་མའི་བསྟན་བཅོས་གཉིས་ཀ་ལས། སེམས་ཅན་ལ་སྙིང་པོས་ཁྱབ་པ་དྲང་དོན་དུ་བཤད་པའི་ཕྱིར། གཞུང་དེའི་ངག་དོན་བསྡུས་ན། སེམས་ཅན་ཐམས་ཅད་ལ་ཆོས་སྐུ་རྟག་བརྟན་ཞི་བ་གཡུང་དྲུང་གི་རང་བཞིན་ཅན་གྱིས་ཁྱབ་པར་གསུངས་པའི་དགོངས་གཞི་ནི། རང་བཞིན་ཆོས་སྐུ་ལ་དགོངས་པ་ཡིན་ནོ། །དེ་ཡང༌། ཆོས་སྐུའི་མིང་ཅན་ལ་གཉིས་ཏེ། རང་བཞིན་ཆོས་སྐུ་དང༌། འབྲས་བུ་ཆོས་སྐུའོ། །དང་པོ་ནི་ཆོས་སྐུ་གོ་ཆོད་པོ་མ་ཡིན་ཏེ། ཆོས་ཀྱི་སྐུའི་དོན་ནི། ཇི་སྐད་དུ། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཞེས་འབྱུང་བ་ལྟར། སྟོབས་ལ་སོགས་པའི་ཆོས་རྣམས་ཀྱི་ལུས་སུ་གྱུར་པ་ལ་བྱ་ལ། རང་བཞིན་ཆོས་སྐུ་ནི་ཡོན་ཏན་དེ་དག་དབྱེར་མེད་པའི་ཚུལ་གྱིས་འབྱུང་དུ་རུང་བ་ལ་དེའི་མིང་གིས་བཏགས་པའི་ཕྱིར་འོ་ན་དེ་ལ་སེམས་ཅན་གྱི་སྙིང་པོ་མི་ཟེར་བའི་རྒྱུ་མཚན་ཅི་ཡིན། ཞེ་ན། དེ་ལ་སེམས་ཅན་གྱི་ཁམས་ཞེས་བྱ་ཡང༌། སྙིང་པོ་ཞེས་ནི་མི་བྱ་སྟེ། དེ་ལས་སེམས་ཅན་རྣམས་འབྱུང་ཡང༌། ཆོས་དབྱིངས་དེ་འཁོར་བའི་ཆོས་ཀྱི་ངོ་བོར་སྐྱེ་མི་སྲིད་པའི་ཕྱིར། རྒྱུད་ལས་ཀྱང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས། སྔ་མ་སངས་རྒྱས་གོ་ཆོད་པོ་མ་ཡིན་པར་གསུངས་སོ། །དགོས་པ་ནི། སེམས་ཅན་ཐམས་ཅད་ཆོས་ཀྱི་སྐུ་རྟག་བརྟན་དེ་ལྟ་བུའི་སྙིང་པོ་ཅན་ཡིན་ན། འཁོར་ལོ་བར་པ་དང་འགལ་ལོ་སྙམ་ན། སྒྲ་ཇི་བཞིན་པར་བཟུང་ན་འགལ་མོད། སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པའི་དགོས་པ་ནི། སྐྱོན་ལྔ་སྤང་བའི་ཕྱིར་དུའོ། །དངོས་ལ་གནོད་བྱེད་ནི། རང་བཞིན་ཆོས་ཀྱི་སྐུའི་ཡེ་ཤེས་ཞེས་བྱ་བ། ཆོས་ཀྱི་སྐུ་གོ་ཆོད་པོ་ཞིག་སེམས་ཅན་ཐམས་ཅད་ལ་ཡོད་ན། མུ་སྟེགས་ཀྱིས་བརྟགས་པའི་བདག་དང་མཚུངས་པ་ཡིན་ཏེ། གྲངས་ཅན་གྱིས། སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དཀྱིལ་ན། བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་རང་ཆས་སུ་གནས་སོ། །ཞེས་འདོད་པ་དང་མཚུངས་པའི་ཕྱིར། དེར་མ་ཟད། བདེན་དངོས་ཁས་བླངས་པའི་ཉེས་པར་ཡང་འགྱུར་ཏེ། སྙིང་པོ་དེ་ཆོས་ཀྱི་སྐུའི་ཡེ་ཤེས་དང༌། རྟག་བརྟན་ཞི་བ་གཡུང་དྲུང་གི་གཞི་མཐུན་དུ་ཁས་བླངས་པའི་ཕྱིར། ངེས་དོན་གྱི་མདོ་སྡེ་དང་ཡང་འགལ་ཏེ། འཁོར་ལོ་བར་པར་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་བཤད་ལ། ཆོས་ཀྱི་སྐུ་དེ་ནི། ཇི་སྐད་དུ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར། རང་གི་ངོ་བོས་མི་སྟོང་པར་འཆད་པའི་ཕྱིར། ཞེས་པའོ། །དེ་ལ་འདི་སྐད་ཅེས། སྙིང་པོ་གཙང་བདེ་རྟག་བདག་དང༌། །རྟག་བརྟན་ཞི་བ་གཡུང་དྲུང་དང༌། །སྟོབས་སོགས་ཡོན་ཏན་དབྱེར་མེད་པས། །ཀུན་ལ་ཁྱབ་པ་དྲང་དོན་དུ། །རྒྱུད་བླའི་གཞུང་གིས་གསལ་བར་བསྟན། །དབྱེར་མེད་གཙང་སོགས་སངས་རྒྱས་ཀྱི། །ཤིན་ཏུ་རྣམ་དག་ལས་གཞན་དུ། །མེད་ཅེས་གསུངས་པ་ཡིན་ཕྱིར་རོ། །བསྟན་བཅོས་འདི་དང་རྒྱུད་བླ་མར། །སྙིང་པོས་ཀུན་ལ་ཁྱབ་པ་ལ། །དངོས་ལ་གནོད་བྱེད་སྟོན་པའི་ཚུལ། །མི་འདྲའི་ཁྱད་པར་གཉིས་གསུངས་པ། །ཆོས་ཀུན་ངོ་བོས་སྟོང་པ་དང༌། །སྟོབས་སོགས་ཡོན་ཏན་དབྱེར་མེད་པ། །མ་ཚང་ཞེས་དེ་རང་སྟོང་དང༌། །གཞན་སྟོང་འཆད་པའི་ལུགས་ཡིན་ནོ། །གསུམ་པ་འཕྲོས་པའི་དོན་ལ། རྒྱུད་བླ་མར་ལུས་ཅན་ཀུན་སྙིང་པོ་ཅན་དུ་གསུངས་པའི་དོན་བཤད། དེ་ཉིད་དག་ལྗོན་སྐོར་གསུམ་དང་འགལ་ན་ཧ་ཅང་ཐལ་བའོ། །དང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་དེ། གང་ལ་དགོངས་ནས་གསུངས་པ་ཡིན་ཞེ་ན། ལུས་ཅན་ཀུན་ཆོས་ཅན། རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ། རྟག་ཏུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འཕྲོ་བའི་ཕྱིར། འཕྲོ་བའི་དོན་གང་ཞེ་ན། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། ཞེས་པ་སྟེ། ཆོས་ཀྱི་སྐུ་ནི་དག་པ་གཉིས་ཀྱི་ཚོགས་དོན་ཡིན་ལ། དེའི་ཕྱོགས་གཅིག་རང་བཞིན་རྣམ་དག་གི་ཆ་ནི་སེམས་ཅན་གྱི་དེ་བཞིན་ཉིད་དང་དབྱེར་མེད་པའི་ཕྱིར། ཞེས་པའོ། །འོ་ན་དེ་བཞིན་ཉིད་དེས་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ལུས་ཅན་ཁོ་ན་སྙིང་པོ་ཅན་དུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལྟ་ན་ཡང༌། ལུས་ཅན་ཁོ་ན་སྙིང་པོ་ཅན་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ལུས་ཅན་ཁོ་ན་ལ་སངས་རྒྱས་ཀྱི་རིགས་ཡོད། གཞན་ལ་མེད་པའི་ཕྱིར། ཞེས་འཆད་པ་ནི། རིགས་ཡོད་ཕྱིར་ན་ཞེས་པའོ། །དོན་དེ་ཡང་ཇི་སྐད་དུ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང༌། ཞེས་སོགས་གསུངས་པ་དེ་ཉིད་དོ། །དེ་ལ་འདི་སྐད་ཅེས། རང་བཞིན་རྣམ་དག་དབྱེར་མེད་ཕྱིར། །ཆོས་སྐུའི་ཕྱོགས་གཅིག་ཀུན་ལ་འཕྲོ། །འོན་ཀྱང་ལུས་ཅན་ཁོ་ན་ལ། །རིགས་ཡོད་ཕྱིར་ན་སྙིང་པོ་ཅན། །ཞེས་བྱའོ། །གཉིས་པ་ནི། ལ་ལ་དག་ན་རེ། བསྟན་བཅོས་འདིའི་དགོངས་པ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་པར་བཤད་ན། དག་ལྗོན་སྐོར་གསུམ་དང་འགལ་བར་འགྱུར་རོ། །ཞེས་ཟེར། དེ་སྐད་ཅེས་ཟེར་བ་དེ་དག་ལ། ལུང་དང་རིགས་པ་མང་པོའི་བྱེད་པ་འཇུག་པའི་ཡུལ་ཡོད་པ་མ་ཡིན་པས། རེ་ཤིག་འདི་སྐད་ཅེས། འོ་ན། རྗེ་བཙུན་དམ་པ་ཨ་ནནྟ་བྷ་དྲཱའི་ཞལ་མངའ་ནས་ཀྱང༌། ལུང་དེ་དག་དང་འགལ་བ་མཛད་པར་འགྱུར་ཏེ། དེས་ཀྱང་སྙིང་པོའི་རྣམ་གཞག བཀའ་འཁོར་ལོ་བར་པའི་དགོངས་པ་གོང་དུ་རྒྱས་པར་བཤད་པ་དེ་ཉིད་བཞེད་པའི་ཕྱིར། ཇི་ལྟར་ཞེ་ན། དེས་དགྱེས་པ་རྡོ་རྗེའི་བསྟོད་པ་ཉི་ཤུ་པའི་རྣམ་བཤད་མཛད་པ་ལས། ཆོས་ཀྱི་སྐུའམ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་དེ། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དམ། རྒྱུའམ། ཁྱབ་བྱེད་དུ་ཡང་དག་པར་གནས་པ་ཡིན་ཏེ། རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་ལྟར་རོ། །དེ་བཞིན་ཉིད་དམ། ཆོས་ཀྱི་སྐུའི་དོན་ཡང༌། སྣང་གྲགས་ཀྱི་དངོས་པོ་ཐམས་ཅད་རང་བཞིན་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ། རྣམ་པར་དཔྱད་པའི་སྟོང་པ་ཉིད་མེད་དགག་ཙམ་ཡིན་ལ། དེ་དང་སངས་རྒྱས་ཀྱི་ཆོས་སྐུ་གཉིས་སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་ཡོད་མེད་ཙམ་ལ་ཡིན་པ། གཞན་ཁྱད་པར་མེད་པ་ཡིན་ཏེ། དབུ་མ་བདེན་གཉིས་ལས། འདི་ལྟར་སྣང་བའི་དངོས་པོ་ནི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཞེས་སོ། །དེས་ན་འདིའི་གནད་མ་གོ་བར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་འཇིག་རྟེན་ཁམས་འདིར་གཞན་ཡོད་མིན། ཞེས་སོགས་ཀྱི་ལུང་ལ་བརྟེན་ནས། ལས་ཉོན་གྱི་འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་དང༌། ཚོགས་གཉིས་མཐར་ཕྱིན་གྱི་སངས་རྒྱས་གཉིས། གློ་བུར་གྱི་དྲི་མས་དག་མ་དག་མ་གཏོགས། ཁྱད་པར་ཅུང་ཟད་ཀྱང་མེད་ཅིང༌། སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་རྣམས་ཀྱང་ཡོད་པར་སྨྲ་བ་ནི། ཐུབ་པའི་དབང་པོའི་བསྟན་པ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། རྒྱུད་བླར། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རིགས་ཡོད་པར་བཤད་ཀྱི། སངས་རྒྱས་དངོས་ཡོད་པར་མ་བཤད་ལ། སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་ཡོད་པ་དང༌། གློ་བུར་གྱི་དྲི་མས་མ་དག་པའང་འགལ་ཏེ། རྒྱུད་བླར། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །ཞེས་དང༌། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུའང༌། གང་གི་ཚེ་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མ་ཡིན་ཏེ། སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཉིད་ཡིན་པ་དེའི་ཚེ་བདུད་མེད་དེ། སེམས་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཞེས་དང༌། བདུད་ཅེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བའི་དོན་ནི། འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཤེས་རབ་དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་སོགས་དང་འགལ་བའི་ཕྱིར་རོ། །འོ་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས། ཞེས་སོགས་ཀྱི་དོན་གང་ཡིན་ཞེ་ན། མདོ་སྡེའི་རྒྱན་དུ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །ཞེས་པ་ལྟར། ཁམས་རང་བཞིན་དུ་གནས་པའི་རིགས་ལ་ཁྱད་པར་མེད་པར་སྟོན་པའི་ལུང་ཡིན་གྱི། སོ་སོ་སྐྱེ་བོ་ལ་ཡོན་ཏན་དང་བཅས་པའི་སངས་རྒྱས་ཡོད་པར་འཆད་པ་ནི་མ་ཡིན་ཏེ། དུས་འཁོར་འགྲེལ་ཆེན་ཉིད་དུ། རྡོ་རྗེ་སེམས་དཔའ་སྟོབས་བཅུ་པར་གྱུར་པ་སྒྲིབ་པ་དང་བཅས་པ། ཤེས་རབ་ཡོངས་སུ་དག་པ་ནི་འགའ་ཡང་མེད་དོ། །འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་མནན་པར་གྱུར་པ་ན། བདག་ཀྱང་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ་ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ། སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་བ་འདིའི་སངས་རྒྱས་ཉིད་ནི་སྔོན་མེད་པ་ཤིན་ཏུ་རྨད་བྱུང་ཆེན་པོ་སྟེ། སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་མེད་པའི་ཕྱིར་དང༌། དེ་བཞིན་གཤེགས་པས་ལུང་བསྟན་པ་མེད་པའི་ཕྱིར། ཞེས་སོགས་དུ་མ་གསུངས་པ་རྣམས་དང་འགལ་བའི་སྐྱོན་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །གང་དག་རྗེ་བཙུན་འདིའི་ཆོས་ལ་དད་པས་རྗེས་སུ་འབྲང་བ་དེ་དག་གིས་ནི། ཇེ་རེ་ཤིག་ཁོ་ནར་གསུང་འདི་ལ་བལྟ་བ་དང༌། ཅུང་ཟད་རྟོག་པར་བྱས་ནས། དེའི་འོག་ཏུ་ཡང་གཞན་དག་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ནས། རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་དག་ལ་འཐིང་སླད་དུ་བྱ་བ་དག་སྟོན་པར་བྱོས་ལ། སྨྲ་བ་པོ་རང་གིས་རང་ཉིད་ལ་གཤུང་བར་གྱུར་ཀྱང༌། ཕ་རོལ་ཁྱད་དུ་བསོད་པའི་ཚིག་གི་མདའ་བོ་ཆེས། ལྷ་དགའ་བར་བྱེད་པའི་ཚོགས་ཤིན་ཏུ་ཆེ་བ་དག་ཡིད་མགུ་བར་གྱིས་ཤིག།  །།དྲི་བ་ཉེར་ལྔ་པ་ནི། །བསྔོ་བའི་ཚེ་ན་ཆུ་སྦྲེང་བ། །རང་ལུགས་མིན་ན་འདུལ་བ་ལས། །ལག་ཆུ་ཟེད་པར་གསུངས་དེ་ཅི། །ཞེས་པ་འདི་ལ་འདྲི་བའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ། བསམ་ཡས་པ་དང༌། སྤོས་ཁང་པ་གཉིས་ཀས། བསྔོ་བའི་ཚེ་ན་ཡོན་གནས་དང་སྦྱིན་བདག་གཉིས། ཕན་ཚུན་དུ་གཅིག་གི་ལག་པར་གཅིག་ཤོས་ཀྱིས་རིལ་བ་སྤྱི་ལུགས་ནས། ཆུ་སྦྲེང་བའི་ལག་ལེན་བྱེད་ལ། དེ་ལྟར་བྱེད་པ་དེ་ནི་ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས་འབྱུང་བ་དེས་འཁྲུལ་གཞི་བྱས་པ་ཡིན་ནོ། །ཞེས་གསུངས་པ་དེའོ། །མ་དྲིས་པའི་སྐྱོན་ནི། རིག་བྱེད་པའི་ལུགས་ལ་ཡང་ཕན་ཚུན་དུ་ཆུ་སྦྲིང་བ་མ་ཡིན་གྱི། ཡོན་འབུལ་བའི་ཚེ་ཡོན་གནས་རྐྱང་པའི་ལག་ཏུ་སྦྱིན་བདག་གིས་ཆུ་སྦྲིང་བར་བཤད་པ་དེ་མ་གོ་བར་སྣང་བ་དང༌། བོད་ཀྱི་འདུལ་འཛིན་སྔ་མ་ཁ་ཅིག་གི་ལག་ལེན་ལ། སྟན་ལ་འདུག་ཅིང༌། ཟན་མ་ཟོས་པའི་གོང་རོལ་དུ་སྔ་ཆབ་བྲིམ་པ་ཞེས་བྱ་བའི་ལག་ལེན་ཞིག་བྱེད་ལ། དེ་ཡང་ཡོན་གནས་ལ་ཡིན་གྱི། སྦྱིན་བདག་ལ་མ་ཡིན་པ་དེ་མ་ཤེས་པར་སྣང་བ་དང༌། དེ་ལྟར་བྱེད་པའི་འཁྲུལ་གཞི་ཡང་འདུལ་བ་ནས་འབྱུང་བ་ཡིན་གྱི། སྔོན་གྱི་སྐྱེས་རབས་ལ་བརྟེན་པ་མ་ཡིན་པ་དང༌། དེ་ལྟ་བུའི་ལག་ལེན་བྱེད་པའི་རྒྱུ་མཚན་ཡང༌། བསམ་པ་ཐག་པ་ནས་སྟེར་བ་མཚོན་བྱེད་དུ་བྱེད་པ་ཡིན་པར་འཇིག་རྟེན་ན་གྲགས་སོ། །ཞེས་འདུལ་བ་ལས་གསུངས་པ་དེ་དག་མ་གོ་བར། རང་བཟོའི་བཤད་པ་མང་དུ་བྱས་པའི་ཉེས་དམིགས་ཡོད་དོ། །འདུལ་བ་ལས་ཇི་སྐད་དུ་གསུངས་ཤེ་ན། མདོ་རྩ་བར། ཟན་གྱི་ཕྱིར་སོན་པ་ཉིད་ན། ལག་ཆུ་གྲངས་པའི་ཚེ་གལ་ཏེ་དུས་ཡོད་ནའོ། །ཞེས་དང༌། བཙུན་པ་བདག་གི་ཁྱིམ་དུ་ཞུགས་ཤིག སྟན་ལ་འདུག་ཤིག ལག་ཆུ་ཟེད་ཅིག བསོད་སྙོམས་ལོང་ཤིག རྗེས་སུ་ཡི་རང་བར་བྱོས་ཤིག ཅེས་བསོད་སྙོམས་ལེན་པའི་དུས་སུ། ལག་ཆུ་ཟེད་པའི་བཤད་པ་ཞིག་བྱུང་བ་དང༌། གོས་སློང་བའི་ལྟུང་བྱེད་ཀྱི་གླེང་གཞིར་ཁྱིམ་བདག་ཞིག་གིས། རས་ཡུག་ཆེན་པོ་ལ་འོས་པ་ཟུང་ཅིག་གྱོན་ནས་རྒྱལ་བྱེད་ཚལ་བལྟར་ཕྱིན་པ་ན། ཉེར་དགས་བསམས་པ། འདིའི་རས་ཟུང་འདི་མ་ཕྲལ་ན། ཉེར་དགའི་མིང་མི་འཛིན་ནོ་སྙམ་ནས། ཁྱིམ་བདག་ཚུལ་ཤོག ཆོས་བསྟན་པར་བྱའོ། །ཉེར་དགས་ཆོས་བསྟན་པ་དེས་ཐོས་ནས། དེ་དེ་ལ་དད་པར་གྱུར་ཏེ། འཕགས་པ། ཡོན་ན་བཟའ་ཕྲུགས་ཅིག་འབུལ་ལོ། །བཞིན་བཟང་ཨ་རོ་ག བཅོམ་ལྡན་འདས་ཀྱིས། སང་དག་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱེད་ཅག་བཤེས་པ་མ་ཡིན་ནོ། །ཞེས་གསུངས་པས། གྱོན་པ་འདི་ཉིད་ཕུལ་ཅིག འཕགས་པ། བདག་སྒྲེན་མོར་མཆིའམ། ཁྱིམ་བདག ཁྱོད་ལ་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་མ་ཉམས་པ་དེས་ཆོག་མོད། རས་གོས་ཀྱིས་ཅི་ཞིག་བྱ། ཞེས་ཟེར་ནས། དེའི་བླ་གོས་དང་སྨད་གཡོགས་དང་གཉིས་ཀ་ཚན་པོ་ཆེའི་ལག་པས་བླངས་ནས། བཞིན་སྒྱུར་བར་བྱེད་དོ། །དེ་ནས་ཁྱིམ་བདག་དེ་ངོར་ཐུང་རྐྱང་པས་ཁྱིམ་དུ་ཞུགས་པ་མགོན་མེད་ཟས་སྦྱིན་གྱིས་ཚོར་ནས། རྒྱལ་བྱེད་ཚལ་དུ་སོང་བ་དང༌། ཉེར་དགས་སྨྲས་པ། ཁྱིམ་བདག་ཨ་རོ་ག དེས་སྨྲས་པ། ཨ་རོ་མ་ག་ཡང་རུང༌། ཉེ་དགས་སྨྲས་པ། ཁྱོད་ནི་སྔར་ཁོ་བོ་ལ་དུ་བ་འཐུལ་ན། ད་ནི་མེ་འབར་རོ། །ཁོ་བོ་མེ་འབར་དུ་ཇི་ལྟར་མི་རུང༌། རབ་ཏུ་བྱུང་བ་གཞན་དག་ནི་འདོད་པ་སྤོང་བར་བྱེད་ན། ཉེར་དགའ་ནི་འདོད་པ་སྤེལ་བར་བྱེད་དོ། །ཁོ་བོས་ཅི་ཞིག་བྱས། རྒྱལ་བྱེད་ཚལ་བལྟར་འོངས་པའི་ཁྱིམ་བདག་གི་གོས་ཕྲོགས་པར་མ་བྱས་སམ། དེས་སྨྲས་པ། འཇིག་རྟེན་ན་ལྷ་ནི་སྦྱིན་པར་བྱེད་ལ། ཡི་དྭགས་ནི་ཟློག་པར་བྱེད་དོ། །མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ཅི་དེས་ཁྱོད་ལ་རིལ་བའི་བྷིང་ག་ར་ཐོགས་ཏེ་ཕུལ་ལམ། ཉེར་དགས་སྨྲས་པ། འོ་ན་བསླབ་པ་འཆར་ཅུག་ཅིག །ཞེས་སྨྲས་པར་བཤད་དོ། །གཉིས་པ་དངོས་ལན་གདབ་པ་ནི། བསྔོ་བའི་ཚེ་ན་ཞེས་པ། ཡོན་འབུལ་བའི་དུས་ལ་ཟེར་ལ། དེའི་ཚེ་ན་སྦྱིན་པ་པོས་ཡོན་གནས་ལ་ཆུ་སྦྲེངས་ཏེ། ལག་པ་འཁྲུར་གཞུག་པ་ནི། རིག་བྱེད་ཀྱི་གཞུང་ལུགས་ནས་འབྱུང་བ་དེ་ཉིད། རྒྱ་གར་དུ་འཇིག་རྟེན་པ་རྣམས་ཀྱི་ཐ་སྙད་དུ་བྱས་པ་ཡིན་གྱི། སངས་རྒྱས་ཀྱི་ཆོས་ལས་གསུང་པ་མ་ཡིན་ནོ། །དེའི་ཕྱིར་ཡོན་གནས་དང་སྦྱིན་པ་པོ་གཉིས་ཀ་སངས་རྒྱས་པར་ནང་མཐུན་པ་དེའི་ཚེ་ན། དགེ་འདུན་རྣམས་བྱུག་རིས་ལ་འཁོད་མ་ཐག་ཏུ། བསམ་པ་ཐག་པས་སྟེར་བ་མཚོན་བྱེད་དུ། སྔ་ཆབ་བྲིམ་པ་ཞེས་བྱ་བའི་ལག་ལེན་བྱེད་པ་མི་འཐད་དེ། དེ་ལྟར་བྱེད་པ་སངས་རྒྱས་ཀྱི་གསུང་རབ་ལས་མི་འབྱུང་བའི་ཕྱིར། ཞེས་པའོ། །འདིར་བསྔོ་བ་ནི་སྦྱིན་པ་པོ་ཉིད་ཀྱིས་བྱེད་དགོས་པ་ཡིན་ཏེ། དེས་མ་བྱས་ན། ཡོན་གནས་རྐྱང་པ་ཙམ་གྱིས་བསྔོས་པས་དེའི་དགོས་པ་མི་འགྲུབ་པའི་ཕྱིར། དཔེར་ན། ཡོན་གནས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པས། སྦྱིན་པ་པོའི་སེམས་སྐྱེད་ཀྱི་གོ་མི་ཆོད་པ་བཞིན་ནོ། །བསྔོ་བ་དེའི་མཐུན་འགྱུར་ནི་ཡོན་གནས་ཀྱིས་བྱ་དགོས་པ་ཡིན་ཏེ། དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས། བསྔོ་བ་དེ་མྱུར་དུ་འགྲུབ་སླ་བའི་ཕྱིར། ཡོན་བཤད་པ་ནི་ཡོན་གནས་ཀྱིས་བྱ་དགོས་པ་ཡིན་ཏེ། དེ་མ་བཤད་ན། སྦྱིན་པ་པོ་མི་མཁས་པས་འབྲས་བུ་ཕྱིན་ཅི་ལོག་གི་དོན་དུ་བསྔོ་བའམ། བསོད་ནམས་ཆ་མཐུན་ཙམ་གྱི་རྒྱུར་བསྔོ་བའམ། དམན་པའི་མྱང་འདས་ཀྱི་རྒྱུ་ཙམ་དུ་བསྔོ་བའམ། ཚེ་འདིའི་བདེ་སྐྱིད་ཙམ་གྱི་དོན་དུ་བསྔོ་སྲིད་པས། ཡོན་བཤད་པའི་སྒོ་ནས་བསྔོ་བའི་ཚུལ་ལ་མཁས་པར་བྱ་དགོས་པའི་ཕྱིར། སྦྱིན་པ་པོས་བསྔོ་བའི་ཚིག་རྣམས་འདོན་པར་མི་ནུས་ན། ཡོན་གནས་སམ། དེ་ལས་གཞན་གང་ཡང་རུང་བ་ཞིག་གིས། རྗེས་བཟློས་བྱེད་དུ་བཅུག་པའི་སྒོ་ནས་བསྔོ་དགོས་པ་ཡིན་ཏེ། དཔེར་ན། སྡོམ་པ་གསུམ་འབོགས་པའི་ཆོ་ག་བཞིན་ནོ།།  །།དྲི་བ་ཉེར་དྲུག་པ་ནི། ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི། །ལས་ཀུན་མི་དགེ་བ་ཡིན་ན། །ཟག་བཅས་དགེ་བ་གཏི་མུག་གི །ཀུན་སློང་དག་ལས་འབྱུང་དེ་ཅི། །དགེ་རྩ་གསུམ་གྱིས་ཀུན་བསླང་བའི། །ལས་ཀུན་དགེ་བ་ཡིན་ན་ནི། །རྒྱུ་ནི་ཀུན་སློང་དགེ་བ་ཡིས། །བསླང་ཡང་དུས་ཀྱི་ཀུན་སློང་ནི། །ཉོན་མོངས་ཅན་དང་མཚུངས་ལྡན་པའི། །མི་དགེ་བ་དེ་ཅི་ཞིག་ཡིན། །དེ་འདྲ་མེད་ན་དེད་དཔོན་གྱིས། །ཚོང་པ་གཡོན་ཅན་བསད་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་ནི། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་པོ་ཀུན་གྱིས། ཞིབ་ཆ་གང་ཡང་མེད་པར། ཀུན་སློང་དུག་གསུམ་གང་རུང་གིས་ཀུན་ནས་བསླང་བའི་ལས་ཐམས་ཅད་མི་དགེ་བ་དང༌། ཀུན་སློང་དགེ་རྩ་གསུམ་པོ་གང་རུང་གིས་ཀུན་ནས་བསླང་བའི་ལས་ཐམས་ཅད་དགེ་བའི་ལས་སུ་འཆད་པར་སྣང་བའི་རྒྱུ་མཚན་གྱིས་སོ། །མི་དྲིས་པའི་སྐྱོན་ནི། ཀུན་སློང་དུག་གསུམ་གང་རུང་གིས་ཀུན་ནས་བསླང་པའི་བསོད་ནམས་ཀྱི་ལས་དང༌། མི་གཡོ་བའི་ལས་མེད་པར་འགྱུར་ལ། དེ་ལྟ་ན། ཟག་པ་དང་བཅས་པའི་དགེ་བའི་ལས་ཀྱིས། རྣམ་སྨིན་བདེ་འགྲོ་འཕེན་པ་མེད་པར་འགྱུར་བ་དང༌། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བར་གསུངས་པ་དེ། ངན་འགྲོ་ཁོ་ནའི་རྟེན་འབྲེལ་གྱི་དབང་དུ་བྱས་པར་འགྱུར་བ་དང༌། སྲེད་ལེན་གང་རུང་གིས་ཀུན་ནས་བསླང་བའི་ལས་དགེ་བ་མི་སྲིད་པར་ཁས་ལེན་དགོས་པ་དེའི་ཚེ། འགྲུབ་བྱེད་ཀྱི་ལས་དགེ་བ་མི་སྲིད་པ་ཉིད་དུ་འགྱུར་བ་དང༌། ཐེག་པ་ཆེན་པོའི་ཆོས་མངོན་པ་ལས། ལས་དཀར་ནག་ཏུ་གྱུར་པས། རྣམ་པར་སྨིན་པ་དཀར་ནག་ཏུ་འགྱུར་བ། ཞེས་བྱ་བ་ཞིག་གསུངས་པ་དེ་ཡང་མི་འཐད་པར་འགྱུར་ཏེ། ལས་དེའི་ཀུན་སློང་དཀར་པོ་ཞིག་ཡོད་ན། ལས་དེ་དཀར་པོ་ཡིན་པས་ཁྱབ་པ་དང༌། ལས་དེའི་ཀུན་སློང་ནག་པོ་ཡོད་ན། ལས་དེ་ནག་པོ་ཡིན་པས་ཁྱབ་པའི་ཕྱིར། ཞེས་བྱ་བའི་རྒོལ་བ་འདི་འཇུག་གོ །གཉིས་པ་དངོས་ལན་གདབ་པ་ནི། དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པ་དེ་ནི། རྟེན་གྱི་གང་ཟག་འདོད་ཁམས་པ་དང༌། ཀུན་སློང་གི་ཁྱད་པར་གཉིས་ཀྱི་ནང་ནས། དུས་ཀྱི་ཀུན་སློང་ལ་དགོངས་པ་ཡིན་ཏེ། རྟེན་དེ་ལ་དུས་ཀྱི་ཀུན་སློང་དེ་གསུམ་གང་རུང་གིས་ཀུན་ནས་བསླང་བའི་ལས་ཡིན་ན། མི་དགེ་བ་ཡིན་པས་ཁྱབ་པའི་ཕྱིར། དེ་ལྟ་མ་ཡིན་པར་རྒྱུའི་ཀུན་སློང་ཙམ་གྱིས་གོ་ཆོད་པ་དང༌། རྟེན་གྱི་ཁྱད་པར་མ་བཟུང་ན། ཁམས་གོང་མའི་རྟེན་ལ་མི་དགེ་བ་མངོན་གྱུར་དུ་ལྡན་པས་ལྡན་པ་ཡོད་པར་འགྱུར་ཏེ། མ་རིག་པ་དང་འདོད་ཆགས་དུས་ཀྱི་ཀུན་སློང་དུ་ཡོད་པའི་ལས་གང་ཡིན་མི་དགེ་བར་འཇོག་པའི་ཕྱིར། ཡང་རྒྱུའི་ཀུན་སློང་ཆགས་སྡང་རྨོངས་གསུམ་གང་རུང་གིས་བྱས་ཀྱང༌། དུས་ཀྱི་ཀུན་སློང་དགེ་བའི་རྩ་བ་གསུམ་དང་མཚུངས་ལྡན་དུ་བྱུང་བའི་དགེ་བ་མི་སྲིད་པར་འགྱུར་ཏེ། རྒྱུའི་ཀུན་སློང་ཁོ་ན་དབང་བཙན་པའི་ཕྱིར། འདོད་ན་གསོད་པའི་ཕྱིར་སྦྱིན་པ་གཏོང་བ་སོགས་མི་སྲིད་པར་འགྱུར་རོ། །ཡང་རིན་ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ཀྱང་དགེ་བའོ། །ཞེས་གསུངས་པ་ཡང༌། དུས་ཀྱི་ཀུན་སློང་ལ་དགོངས་པ་ཡིན་ཏེ། དེ་ལ་དེས་ཁྱབ་པའི་ཕྱིར་དང༌། རྒྱུའི་ཀུན་སློང་ཙམ་གྱིས་ཆོག་ན་སྙིང་རྗེས་ཀུན་ནས་བསླང་བའི་སྲོག་གཅོད་ཀྱི་ལས་མི་སྲིད་པར་ཐལ་བའི་ཕྱིར། ཀུན་སློང་གཉིས་པོའི་ཁྱད་པར་ནི། ལས་དེ་ཐོག་མར་ཀུན་ནས་སློང་བྱེད་དང༌། དེའི་འོག་ཏུ་ལས་དེ་དང་ལྷན་ཅིག་ཏུ་མཚུངས་པར་ལྡན་པའོ། །འདི་ནི་ཐེག་པ་ཆེན་པོ་པ་དག་གི་ལུགས་ཡིན་ལ། བྱེ་སྨྲ་ལྟར་ན། ཇི་སྐད་དུ། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་དང༌། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཞེས་གསུངས་ལ། ལུགས་འདི་ལ་ནི་རྒྱུའི་ཀུན་སློང་གཙོ་ཆེ་བར་བཤད་དོ། །དེའི་དོན་ཡང༌། ལུས་ངག་གི་དགེ་བ་དང་མི་དགེ་བ་བདུན་པོ་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་དབང་དུ་བྱས་པ་ཡིན་ལ། རྣམ་པར་རིག་བྱེད་དང་སེམས་པའི་ལས་ལ་ནི་དུས་ཀྱི་ཀུན་སློང་ཉིད་གཙོ་ཆེ་བར་གཞག་པས་ཏེ། ཇི་སྐད་དུ། འདོད་པ་ན་ཡང་བསྒྲིགས་པ་མེད། །གང་ཕྱིར་ཀུན་སློང་མེད། །ཅེས་གསུངས་པ་ལྟར་རོ།།  །།དྲི་བ་ཉེར་བདུན་པ་ནི། མི་མཁས་པ་ཡི་བྱམས་སྙིང་རྗེས། །ངན་སོང་རྒྱུ་རུ་བཞེད་གྱུར་ན། །འཕེན་བྱེད་རྒྱུའམ་རྫོགས་བྱེད་ཀྱི། །རྒྱུ་ཞེས་བརྟགས་ན་ཇི་ལྟར་འགྱུར། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ་བསམ་ཡས་པ་སོགས་ཕལ་ཆེ་བས། ཐབས་ལ་མི་མཁས་པའི་བྱམས་པ་དང༌། སྙིང་རྗེའི་མཚན་གཞི་ནི། མདོ་སྡེ་མཛངས་བླུན་དུ། དགེ་སློང་ཞིག་གིས། དགེ་འདུན་གྱི་རྫས་རང་གི་ཉེ་དུ་ལ་བྱིན་པས། དགེ་སློང་དེ་ཤིང་ལྗོན་པ་ལྟ་བུའི་དམྱལ་བར་སྐྱེས་ཤིང༌། ཉེ་དུ་རྣམས་ལྗོན་པ་དེ་ལ་ཟ་བའི་སྲིན་བུར་སྐྱེས་སོ། །ཞེས་གསུངས་པ་ལྟ་བུ་དང་སྣོད་མ་ཡིན་པ་ལ་སྟོང་པ་ཉིད་ཀྱིས་ཆོས་བཤད་པས། དེ་དེས་སྐྲག་ཅིང་དངངས་ཏེ། ཐེག་པ་ཆེན་པོའི་ཆོས་སྤངས་ནས་དམྱལ་བར་སྐྱེ་བ་ཉིད་དུ་གསུངས་པ་ལྟ་བུའོ། །ཞེས་འཆད་པར་བྱེད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་ནི། ངན་སོང་འགྲུབ་བྱེད་ཀྱི་རྐྱེན་ནི། ཐབས་ལ་མཁས་པའི་བྱམས་པས་ཀྱང་བྱེད་སྲིད་ལ། འཕེན་བྱེད་ཀྱི་རྒྱུ་ནི། བྱམས་པ་དང་སྙིང་རྗེ་མཚན་ཉིད་པས་བྱེད་པ་མི་སྲིད་དེ། བྱམས་པ་དང་སྙིང་རྗེ་མཚན་ཉིད་པ་ཡིན་ན། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་འདོད་དང༌། སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་ཡིན་དགོས་ལ། དེ་ཡིན་ན་མི་དགེ་བར་འགལ་ཞིང༌། ངན་སོང་འཕེན་བྱེད་ཀྱི་རྒྱུ་ཡིན་ན། མི་དགེ་བ་ཡིན་དགོས་པའི་ཕྱིར་སྙམ་པའི་དོགས་པ་དང༌། རྣམ་བཤད་མཛད་པས། དཔེར་སྨོས་པ་དེ་དག་ནི། བྱམས་པ་དང་སྙིང་རྗེའི་དབང་གིས་ངན་སོང་དུ་སྐྱེས་པ་མ་ཡིན་གྱི། དགེ་འདུན་གྱི་རྫས་ཆུད་གསན་པ་དང༌། ཐེག་པ་ཆེན་པོའི་ཆོས་སྤངས་པའི་དབང་གིས་ངན་སོང་དུ་སྐྱེས་པ་ཡིན་པར་གསལ་བའི་ཕྱིར། དེ་དག་དེའི་དཔེར་མི་རུང་བ་ཉིད་དུ་ཐལ་བའི་ཉེས་པ་ཡོད་དོ། །གཉིས་པ་དངོས་ལན་གདབ་པ་ནི། དགོངས་གཅིག་ལས། བྱམས་པ་དང་སྙིང་རྗེ་ནི་དགེ་བའི་མཚན་ཉིད་འཛིན་པས། མི་དགེ་བར་འགྱུར་མི་སྲིད་པའི་ཕྱིར། གཤིས་ཀྱི་དགེ་བ་ཡིན་ནོ། །ཞེས་གསུངས། དེ་མི་འཐད་དེ། ཇི་སྐད་དུ། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་དང༌། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་གདུག་པ་ཅན་ལ་བྱམས་པ་དང༌། སྣོད་མིན་ལ་བརྩེ་བའི་དབང་གིས། གསང་བ་སྟོན་པ་ནི་རྩ་བའི་ལྟུང་བར་བཤད་པས། ངན་སོང་གི་རྒྱུར་འཆད་སླ་བའི་ཕྱིར། འདི་ཡང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཀྱིས་ཞིབ་མོར་བརྟགས་ན། བྱམས་པ་དང་སྙིང་རྗེ་མཚན་ཉིད་པར་གཞག་དཀའ་བ་ཡིན་ཏེ། མི་མཁས་པ་ཡི་བྱམས་སྙིང་རྗེ། །ཞེས་པའི་མཚན་ཉིད་ཅན་དུ་སྣང་བའི་ཕྱིར་དང༌། བཤད་མ་ཐག་པ་དེའི་ལོག་ཕྱོགས་ལ་བྱམས་པ་དང་སྙིང་རྗེ་མཚན་ཉིད་པ་འབྱུང་བའི་ཕྱིར་དང༌། བཤད་མ་ཐག་པའི་བྱམས་སྙིང་རྗེ་དེ་ནི། ཆགས་སྡང་རྨོངས་གསུམ་གང་རུང་དང་མཚུངས་པར་ལྡན་པ་ཡིན་ལ། བྱམས་བརྩེ་མཚན་ཉིད་པ་ནི། རྣམ་འཚེ་དང་གནོད་སེམས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་བཤད་པའི་ཕྱིར། དེས་ན་བྱམས་བརྩེ་གཉིས་བཤིས་ཀྱི་དགེ་བ་མ་ཡིན་ཏེ། དེས་རྒྱུའི་ཀུན་སློང་བྱས་པ་ལས་བྱུང་བའི་ལུས་ངག་ཡིད་གསུམ་གྱི་ལས་མི་དགེ་བ་སྲིད་པའི་ཕྱིར། ཞེས་པའི་དོན་དུ་བཤད་ན་ལེགས་སོ།།  །།དྲི་བ་ཉེར་བརྒྱད་པ་ནི། དགེ་བསྙེན་དགེ་ཚུལ་སྡོམ་བརྩོན་ལའང༌། །ཞེས་པར་ལྟུང་བ་ཐམས་ཅད་ལ། །སྡིག་པས་ཁྱབ་པར་གསུངས་པ་དང༌། །རྗེ་བཙུན་ཆེན་པོས་བཅས་ལྟུང་དག །ལུང་མ་སྟན་དུ་བཤད་པ་ཅི། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། འདིའི་ཐད་དུ་རྣམ་བཤད་མཛད་པ་པོ་ཀུན་གྱིས། སྡིག་པ་དང་ལྟུང་བའི་ཁྱད་པར་ཞིབ་ཏུ་མ་ཕྱེ་བར་བཤད་པ་ཤ་སྟག་སྣང་ཞིང༌། དེ་ཡང༌། ལྟུང་བ་གང་ཡིན་ལ་སྡིག་པས་ཁྱབ་པ་ལྟ་བུར་བཤད་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བསྟན་བཅོས་མཛད་པ་པོ་འདི་ཉིད་ཀྱིས། སེམས་སྐྱེད་ཆེན་མོའི་ནང་དུ། བཅས་ལྟུང་དང༌། དགེ་བའི་གཞི་མཐུན་བཤད་པ་དང༌། རྗེ་བཙུན་ཆེན་པོས་ནི། འཁྲུལ་སྤོང་ལས། ལུས་ངག་གི་ལས་ཐམས་ཅད་ལུང་མ་བསྟན་ནོ། །ཞེས་བཅས་རྐྱང་གི་ལྟུང་བ་མཐའ་དག་ལ། ལུང་མ་བསྟན་གྱིས་ཁྱབ་པ་ལྟ་བུའི་བཤད་པ་ཡང་མཛད་མོད། དོན་ལ་གནས་པ་ནི། བཅས་རྐྱང་གི་ལྟུང་བ་ལ་སྡིག་པས་མ་ཁྱབ་སྟེ། སྡིག་པ་ལ་ནི་ཀུན་སློང་ཉོན་མོངས་པ་ཅན་ངེས་པར་དགོས་ལ། བཅས་རྐྱང་གི་ལྟུང་བ་ལ་དེ་མི་དགོས་པར། སེམས་ལུང་མ་བསྟན་གྱི་ཀུན་སློང་བྱེད་པ་ཡང་སྲིད་པའི་ཕྱིར། དེ་སྐད་དུ་ཡང༌། མཛོད་འགྲེལ་ལས། ཇི་ལྟར་ན་མྱོས་པར་འགྱུར་བ་འཐུངས་པ་བཅས་པའི་ཁ་ན་མ་ཐོ་བར་ཤེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་ཡིན་ན། ཆང་ནི་ཇི་སྲིད་མྱོས་པར་མི་འགྱུར་བར། གཉེན་པོའི་བློ་ཁོ་ནས་བཏུང་བར་ནུས་སོ། །ཞེས་དང༌། གང་མྱོས་པར་མི་འགྱུར་བར། དྲོད་རིང་ནས་འཐུང་པ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །ཞེས་གསུངས་པ་དང༌། བཅས་རྐྱང་གི་ལྟུང་བ་རྣམས་ཀྱི་ཡན་ལག་གི་རྩི་བ་རྣམ་པར་གཞག་པ་ལ་བལྟས་པས་ཀྱང་ཤེས་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། འདིར་བཅས་རང་དང་སྡིག་ལྟུང་ལ་ཁྱད་པར་མ་ཕྱེ་བ་ལྟ་བུར་བཤད་པ་དེ་ནི། ཕྱོགས་སྔ་མའི་འདོད་པ་གཞིར་གཞག་པ་ཡིན་ཏེ། ཇི་སྐད་དུ། དགོངས་གཅིག་ལས། རྡོ་རྗེའི་གསུང༌། སྤྱིར་བཀག་པ་ཐམས་ཅད་ཡེ་བཀག གནང་བ་ཐམས་ཅད་ཡེ་གནང་ཡིན། བྱ་བ་འདི་བཞུགས། ཞེས་དང༌། ཞལ་སྔ་ནས། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་པའི་ཕྱིར་དང༌། བཅས་པ་ཐམས་ཅད་འགྲོ་བ་སྤྱི་ལ་བཅས་པའི་གནད་ཀྱིས། སྡིག་ལྟུང་ཡང་ཐ་དད་མེད་ཅིང་གཅིག་པ་ཡིན་ཏེ། སྡིག་པས་ཀྱང་ངན་སོང་དུ་འགྲོ། ལྟུང་བས་ཀྱང་ངན་སོང་དུ་འགྲོ་བས་ཁྱད་པར་མེད་དེ། ལུང་རྣམ་འབྱེད་ལས། ལྟུང་བ་ལྟུང་བ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པས་ན་ལྟུང་བའོ། །ཞེས་གསུངས་སོ། །ཞེས་འབྱུང་བ་ཡིན་ནོ།།  །།དྲི་བ་ཉེར་དགུ་པ་ནི། ཉན་ཐོས་གྱེས་པ་བཅོ་བརྒྱད་ལ། །འདུལ་བ་བཅོ་བརྒྱད་ཡོད་ཅེས་པའི། །ལུངས་ཁུངས་གསལ་པོ་གང་ན་ཡོད། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་དུ། འདུལ་བའི་དབྱེ་བའང་བཅོ་བརྒྱད་ཡོད། །ཅེས་པའི་ཐད་དུ། རྣམ་བཤད་མཛད་པ་བསམ་ཡས་པས། འདིར་འདུལ་བ་འཛིན་པ་ཆེན་པོ་འགའ་ཞིག སྡེ་པ་ཐ་དད་པར་ཀླག་པའི་འཁོར་ལོ་ལས། གནས་བརྟན་པའི་སྡེ་པ་གསུམ་དང༌། ཀུན་གྱིས་བཀུར་བའི་སྡེ་པ་གསུམ་ལྟ་བ་མཐུན་པར་བཤད་པས། གྱེས་པ་བཅོ་བརྒྱད་ལ་འདུལ་བའི་དབྱེ་བ་བཅོ་བརྒྱད་མི་རིགས་སོ། །ཞེས་གསུང་ཡང༌། འདི་དག་གི་དབྱེ་བ་སྟོན་པའི་གཞུང་ན་མི་འདྲ་བར་སྣང་བས། འདི་ཁོ་ན་བདེན་ལ། གཞན་ནི་མི་རིགས་སོ་ཞེས་དཔྱད་དཀའ་བས། ཆོས་རྗེའི་གསུང་རབ་ལ་ནོར་བའི་གོ་སྐབས་ག་ལ་ཡོད་ཅེས་པ་ཙམ་ཞིག་འབྱུང་ལ། རྣམ་བཤད་བྱེད་པ་གཞན་ལ་ནི་རྟོག་དཔྱོད་མཛད་པ་འགའ་ཡང་མི་སྣང་ངོ༌། །མ་དྲིས་པའི་ཉེས་པ་ནི། འདུལ་བ་མི་འདྲ་བཅོ་བརྒྱད་ཡོད། །ཅེས་པའི་གསུང་འདི་ཙམ་ལ་དད་པས་རྗེས་སུ་འབྲངས་ནས། སྡེ་པ་བཅོ་བརྒྱད་པོ་ལ་རྩ་བའི་ལུང་སོ་སོར་ཐར་པ་གཉིས་དང༌། བཤད་པའི་ལུང་སྡེ་བཞི་དང༌། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱང་མི་འདྲ་བ་བཅོ་བརྒྱད་ཡོད་པར། ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཞིག་གོ་སྙམ་པ་མ་གཏོགས། བསྟན་བཅོས་མཛད་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བཤད་པའོ། །སྙམ་པའི་ཐེ་ཙོམ་ཙམ་ཡང་མི་སྣང་ཞིང༌། གཞན་དག་གིས་དཔྱོད་པ་བཏང་བ་ན། རྒྱུད་འཁྲུག་པར་བྱེད་པ་དག་སྣང་བའོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། སྡེ་པ་བཅོ་བརྒྱད་ལ་འདུལ་བ་བཅོ་བརྒྱད་དུ་ཡོད་པའི་ལུང་དང༌། རིགས་པའི་སྒྲུབ་བྱེད་དོ། །དང་པོ་ནི། མཁྱེན་རབ་ཀྱི་དབང་ཕྱུག་བུ་སྟོན་རིན་པོ་ཆེའི་གསུང་ལས། སྡེ་པ་བཅོ་བརྒྱད་པོ་དེ་རྣམས་ལ། འདུལ་བ་དང་མདོ་སྡེའི་ལུང་ཡང་ཐ་དད་དུ་ཡོད་པར་མངོན་ཏེ། འཕགས་པ་ཐོགས་མེད་ཀྱིས། ཐེག་བསྡུས་སུ། ཀུན་གཞི་སྒྲུབ་བྱེད་ཀྱི་ལུང༌། སྡེ་པ་ཐ་དད་ནས་མི་འདྲ་བ་དྲངས་པའི་ཕྱིར་དང༌། ཤར་གྱི་རི་བོའི་སྡེ་པའི་ལུང་དང༌། ནུབ་ཀྱི་རི་བོའི་སྡེ་པའི་ལུང་ནས། སྡེ་སྣོད་བདུན་དུ་བཤད་ཅེས། ཟླ་གྲགས་དང༌། ལང་ཀར་གཤེགས་པའི་འགྲེལ་པ་ནས་བཤད་པའི་ཕྱིར་དང༌། འཕགས་པ་དགེ་འདུན་ཕལ་ཆེན་སྡེ་པའི། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པའི་དགེ་སློང་མའི་རྣམ་འབྱེད་ཀྱི་ལུང་བདག་གིས་མཐོང་བ་ན་ཡང༌། གཞི་ཐམས་ཅད་ཡོད་སྨྲའི་ལུང་དང་མི་འདྲ་བར། བུད་མེད་རབ་བྱུང་བསྙེན་རྫོགས་ཀྱི་ཆོ་ག ཐམས་ཅད་ཡོད་སྨྲའི་རྣམ་འབྱེད་ན་ཡོད་པའི་སྡོམ་གྱིས་མ་བསྡུས་པ་དུ་མ་ཞིག་སྣང་བའི་ཕྱིར་རོ། །ཞེས་གསུང་ངོ༌། །གཉིས་པ་རིགས་པའི་སྒྲུབ་བྱེད་ནི། སྡེ་པ་བཅོ་བརྒྱད་དུ་གྱེས་པ་ནི་ཆོས་ལུགས་མི་འདྲ་བའི་དབང་གིས་ཡིན་གྱི། ལོངས་སྤྱོད་ཀྱི་དབང་གིས་མ་ཡིན་ལ། ཆོས་ཀྱང་བཀའི་དབང་གིས་ཡིན་གྱི། བསྟན་བཅོས་ཀྱི་དབང་གིས་ནི་མ་ཡིན་ཏེ། དེ་ལྟར་དུ་སུས་ཀྱང་བཤད་པ་མི་སྣང་བའི་ཕྱིར། བཀའ་ཡང་འདུལ་བ་ཉིད་གཙོ་ཆེ་བ་ཡིན་ཏེ། དགེ་སློང་གི་དགེ་འདུན་གྱི་སྡེ་ཚན་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པའི་རྣམ་པར་དབྱེ་བ་ནི། འདུལ་བ་ལས་འབྱུང་བའི་ལས་ཀྱི་རྣམ་པར་གཞག་པ་ལ་རག་ལས་པའི་ཕྱིར་དང༌། མདོ་སྡེ་དང་མངོན་པའི་དོན་ལ་མི་མཐུན་པ་དུ་མ་བྱུང་ཡང༌། འདུལ་བའི་ལས་མཚམས་ཀྱིས་སོ་སོར་མ་ཕྱེ་ན། དགེ་འདུན་གྱི་སྡེ་ཚན་ཐ་དད་དུ་གཞག་པར་མི་ནུས་པའི་ཕྱིར། སྡེ་པ་ཐ་དད་པར་ཀླག་པའི་འཁོར་ལོ་ཞེས་བྱ་བའི་བསྟན་བཅོས་ལས། ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། །ཞེས་དང༌། དགེ་སློང་གི་ལོ་དྲི་བ་ལས་ཀྱང༌། ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །གྱུར་ཀྱང་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་ངེས་པ་ཡིན། །ཞེས། བསྟན་པ་བཅོ་བརྒྱད་དུ་གྱེས་པར་བཤད་པ་དང༌། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བསྟན་པའི་མདོ་ལས་ཀྱང༌། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་རྨི་ལམ་དུ། མི་བཅོ་བརྒྱད་ཀྱིས་རས་ཡུག་བཅོ་བརྒྱད་འདྲེན་པ་མཐོང་བ་དེ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་གྱུར་ཀྱང༌། རྣམ་པར་གྲོལ་བའི་རས་ནི་འགྱེས་པར་མི་འགྱུར་རོ། །ཞེས། བསྟན་པ་བཅོ་བརྒྱད་དུ་གྱེས་པར་བཤད་ལ། འདུལ་བ་མི་འདྲ་བ་བཅོ་བརྒྱད་དུ་གྱེས་པ་མ་ཡིན་ན། བསྟན་པ་མི་འདྲ་བ་བཅོ་བརྒྱད་དུ་གྱེས་པའི་མཚན་གཞི་བཟུང་བར་དཀའ་བའི་ཕྱིར་དང༌། འོད་ལྡན་ལས། དགྲ་བཅོམ་པ་རྣམས་ཀྱིས། ཐ་མལ་པ་དང༌། ཟུར་བཅག་དང༌། བར་མར་འདོན་པའི་ཚིག་ལ་མངོན་པར་ཞེན་པ་གདུལ་བའི་དབང་གི་ཕྱིར། རིམ་གྱིས་གཞུང་གཞན་དང་གཞན་དུ་སྦྱར་ཏེ། རྒྱ་ཆེན་པོའི་སྐད་དུ་སྦྱར་བའི་མདོ་སྡེ་ལ་སོགས་པ་ལྟ་བུའོ། །དེ་ལྟར་བསྟན་པ་རྣམ་པ་བཅོ་བརྒྱད་ཀྱི་བར་དུ་གྱུར་པ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན་ལ་བརྟགས་པ་ན། འདུལ་བ་དང་མདོ་སྡེའི་གཞུང་གཞན་དང་གཞན་དུ་སྦྱར་བའི་དབང་གིས། བསྟན་པ་མི་འདྲ་བ་བཅོ་བརྒྱད་དུ་གྱེས་པར་བཤད་པའི་ཕྱིར་དང༌། གྱེས་པ་བཅུ་བདུན་པོ་ཐམས་ཅད། འདུལ་བ་ལ་གནང༌། མདོ་སྡེ་ལ་འཇུག ཆོས་ཉིད་དང་མི་འགལ་བའི་རྟགས་ཀྱིས། སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབས་པ་དང༌། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་བཏོན་ནས། བཅུ་བདུན་པོ་སངས་རྒྱས་ཀྱི་བཀར་བསྒྲུབས་སོ། །ཞེས་པ་ནི། འོད་ལྡན་ལ་སོགས་པའི་དགོངས་པས་འགྲུབ་ལ། དེའི་ཚེ་ན། བཀར་སྒྲུབ་རྒྱུ་བཅུ་བདུན་མེད་ན་ནི་སྒྲུབ་མི་དགོས་ཤིང༌། ཡོད་ན་འདུལ་བ་མི་འདྲ་བ་བཅོ་བརྒྱད་ཡོད་པ་ལས་འོས་མེད་པའི་ཕྱིར་རོ། །ཞར་ལ། སྡེ་པ་བཅོ་བརྒྱད་དུ་གྱེས་པ་དེ། བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་འཛིན་པ་ཞིག་གིས། དགེ་འདུན་གྱི་དབྱེན་བྱས་ནས། ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་འཁྲུག་ལོང་དུ་གྱུར་པའི་བཤད་པ་ཞིག སློབ་དཔོན་བྷ་བྱས་མཛད་དོ། །ཞེས་ཀུན་གྱིས་འཆད་ལ། དེ་ལྟ་ཡིན་པ་དེའི་ཚེ་ན། འཁྲུག་ལོང་དེ་ནི་ཆོས་རྣམ་པར་གཏན་ལ་འབེབས་པའི་རྩོད་པ་ཉིད་དུ་རིགས་ཏེ། དམ་པའི་ཆོས་ལས་འབྱུང་བའི་རྩོད་པ་ཞིག་ཡིན་ལ། ཚུལ་ཁྲིམས་གཏན་ལ་འབེབས་པའི་རྩོད་པར་ནི་མ་བཤད་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ། འདུལ་བ་ནས་གསུངས་པའི་ཞི་བྱེད་ཀྱིས་ཞི་བར་མ་བྱས་ན་ནི། བཀའ་བསྡུ་གསུམ་པའི་ཚེ། གྱེས་པ་བཅོ་བརྒྱད་པོ་མཐུན་པའི་དོན་མི་གནས་ལ། ཞི་བར་བྱས་ན་ནི། ཆོས་ཕྱོགས་སུ་ཞི་བ་ལས་འོས་མེད་པས། སྡེ་པ་གཅིག་ཆོས་ཕྱོགས་པ་ཁོ་ན་དང༌། གཞན་བཅུ་བདུན་པོ་ཆོས་མ་ཡིན་པ་སྨྲ་བ་དག་ཏུ་ཐལ་བར་འགྱུར་རོ། །ཞེས་རྒོལ་ན་ལན་གདབ་པར་དཀའ་བ་ཡིན་མོད། འོན་ཀྱང་དེའི་ལན་ནི། བཅོ་བརྒྱད་པོ་ཐམས་ཅད་ཆོས་སྨྲ་བར་བསྒྲུབས་པས། རྩོད་པ་ཞི་བར་བྱས་པ་ཡིན་ནོ། །ཞེས་ལན་འདེབས་པ་ལས་འོས་གཞན་མེད་ལ། དེའི་ཚེ་ན། འཁྲུལ་པ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། ཇི་སྐད་དུ། ཁ་ཅིག་མིར་ཆགས་བསད་པ་ལ། །ཕམ་པ་ལ་ལ་ཕམ་པ་མེད། །ཅེས་གསུངས་པ་ལྟར། ལྟུང་བ་ཡིན་མིན་འགལ་བ་ལྟག་སྤྲོད་དུ་མ་སྣང་བའི་ཕྱིར། ཞེས་རྒོལ་བ་དང༌། འདུལ་བ་ནས་གསུངས་པའི་རྩོད་པ་ཞི་བྱེད་ཀྱི་ནང་དུ་མ་འདུས་པའི་རྩོད་པ་ཞི་བྱེད་ཀྱི་ཆོས་གཞན་ཞིག་གིས། གྱེས་པ་བཅོ་བརྒྱད་ཀྱི་རྩོད་པ་ཞི་བར་བྱས་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ཡང་དེ་ལྟ་ན་ནི། འདུལ་བར་མ་བཤད་པའི་རྩོད་པ་ཞི་བྱེད་ཀྱིས། དགེ་འདུན་བྱེ་བ་འདུམས་ནུས་པར་མི་འགྱུར་རོ། །ཞེས་རྒོལ་ན་ལན་གདབ་པར་དཀའ་བ་དང༌། ཡང་བཅོ་བརྒྱད་པོ་གྱེས་པ་དེ། དགེ་འདུན་གྱི་དབྱེན་དུ་གྱུར་ནས་གྱེས་པར་བཤད་པ་དེ། ལས་ཀྱི་དབྱེན་དང༌། འཁོར་ལོའི་དབྱེན་གཉིས་ལས་གང་ཡིན། དེ་གཉིས་སུ་མ་གཏོགས་པའི་དབྱེན་ནི་འདུལ་བ་ལས་གསུངས་པ་མེད་དོ། །གཉིས་པོ་གང་ལྟར་ནའང༌། སྡེ་པ་གཅིག་མ་གཏོགས་གཞན་ལྷག་མ་ཐམས་ཅད་ཆོས་མ་ཡིན་པར་སྨྲ་བ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་རྒོལ་ན། ལན་འདེབས་དཀའ་བ་ཡིན་ནོ། །དེ་དག་ལ་འདི་སྐད་ཅེས། ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །ལྟུང་བ་འགལ་བ་ལྟག་སྤྲོད་ལ། །ཡེ་བཀག་མི་རུང་དགག་བྱ་དང༌། །དགོས་པ་གང་གཙོ་བརྟག་དགོས་མོད། །སོ་སོར་ཐར་པ་གཞིར་གཞག་གི །རྩ་ལྟུང་འགལ་བ་ལྟག་སྤྲོད་ལ། །གཉིས་ཀ་སངས་རྒྱས་བཀར་སྒྲུབ་པའི། །མི་འཁྲུལ་ཚད་མ་དེ་གང་ཡིན། །ཞེས་བྱ་བ་འདི་ནི། སྡེ་པ་བཅོ་བརྒྱད་ཀྱི་འདུལ་མདོ་འཆད་པ་པོ་ཀུན་ལ་འདྲི་བར་བྱ་ཡི། ལན་ལེགས་པར་ཐོབ་ཅིག།  །།དྲི་བ་སུམ་ཅུ་པ་ནི། འདུལ་བ་ཡི་གེར་བྲིས་པ་ནི། །བཀའ་བསྡུ་གསུམ་པ་ཡིན་ཞེས་གྲགས། །དུས་དེར་འདུལ་བ་བཅོ་བརྒྱད་པོ། །ཐམས་ཅད་ཡི་གེར་བྲིས་སམ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། སྡེ་པ་བཅོ་བརྒྱད་ཀྱི་འདུལ་བ་མི་འདྲ་བ་བཅོ་བརྒྱད་ཀྱི་གླེགས་བམ་གྱི་ཡི་གེ་སོ་སོར་བཞུགས་པ་ལྟ་བུར་འཆད་པའི་ཚུལ་ལས་བརྩམས་ཏེའོ། །མ་དྲིས་པའི་སྐྱོན་ནི། འོ་ན་འདུལ་བ་བཅོ་བརྒྱད་པོ་དེ་བཀའ་བསྡུ་གསུམ་པ་མ་བྱས་པའི་གོང་ནས། གླེགས་བམ་སོ་སོར་གནས་པ་ཡིན་ནམ། བསྡུ་བ་གསུམ་པའི་ཚེ་ཡིན། དང་པོ་མི་འཐད་དེ། སངས་རྒྱས་ཀྱི་གསུང་རབ་གླེགས་བམ་དུ་འདྲི་བ་དེ་བཀའ་བསྡུ་བ་པོའི་ལས་སུ་བཤད་པའི་ཕྱིར། གཉིས་པ་མི་འཐད་དེ། བཀའ་བསྡུ་གསུམ་པ་མཛད་པ་པོ་དེས་འདུལ་བ་མི་འདྲ་བ་བཅོ་བརྒྱད་པོ་དེ། ལེགས་སྦྱར་ལ་སོགས་པའི་སྐད་རིས་མི་འདྲ་བ་ཐ་དད་དུ་འདྲི་དགོས་ན། སྤྲུལ་པ་བསྟན་ནས་འདྲི་བའི་བཤད་པ་ཡོད་ན་མ་གཏོགས། རང་རྒྱུད་དུ་བྲི་བར་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འགྲེལ་ཆེན་དྲི་མེད་འོད་ལས། འཕགས་པའི་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་རྣམས་ཀྱིས། ཐེག་པ་གསུམ་གླེགས་བམ་དུ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མཱ་ག་དྷའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིནྡྷཱུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །སྔགས་ཀྱིས་ཚུལ་ལ། རྒྱུད་དང་རྒྱུད་གཞན་དག་ན་ལེགས་པར་སྦྱར་བའི་སྐད་དང༌། ཐ་མལ་པའི་སྐད་དང༌། ཟུར་བཅག་གི་སྐད་དང༌། ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་རྣམས་ཀྱིས་བྲིས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་ལན་གདབ་པ་ནི། བསྡུ་བ་གསུམ་པ་མ་མཛད་པའི་གོང་དུ། འདུལ་བ་མི་འདྲ་བ་བཅོ་བརྒྱད་པོ་ཡུལ་གྱི་སྐད་རིས་མི་འདྲ་བའི་དབང་གིས་སོ་སོ་ཐ་དད་པར་གྱུར་ཀྱང༌། གླེགས་བམ་དུ་བཀོད་ཟིན་པ་ནི་མ་ཡིན་ཏེ། སློབ་དཔོན་དགྲ་བཅོམ་པ་སོ་སོའི་ཐུགས་ལ་མ་བརྗེད་པར་གནས་པ་ཡིན་ལ། ཇི་སྲིད་མི་བརྗེད་པའི་གཟུངས་ཐོབ་པའི་དགེ་སློང་དག་ཡོད་པ་དེ་སྲིད་དུ། འདུལ་བ་ཡི་གེར་འདྲི་བ་མ་གནང་བའི་ཕྱིར། དེ་སྐད་དུ་ཡང༌། མདོ་རྩ་བ་ལས། དྲན་པ་དང་འཛིན་པར་མི་ནུས་པས་འདུལ་བའོ། །དེ་ནི་བྲི་བར་མི་བྱ་བ་ཉིད་ཡིན་ནོ། །འདི་ལ་སོ་སོར་ཐར་པ་ནི་དེ་དང་འདྲའོ། །ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས། སྔོན་གྱི་དུས་ན་རིག་བྱེད་དང༌། གླུ་དང༌། གྲུབ་པའི་མཐའ་དང༌། སྔོན་རབས་ཀྱི་ཆོས་རྣམས་གླེགས་བམ་ལ་བྲིས་པར་མ་གྱུར་པ་ན། སྡོམ་བརྩོན་རྣམས་ཀྱི་ཁ་ལ་གནས་སོ། །ཞེས་གསུངས་པ་ལྟར་རོ། །བསྡུ་བ་གསུམ་པའི་ཚེ་ན། བཅོ་བརྒྱད་པོ་ཐམས་ཅད་བཀར་བསྒྲུབས་ནས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཁོ་ན་ལེགས་སྦྱར་གྱི་སྐད་དུ་བྲིས་ནས་གླེགས་བམ་དུ་བཀོད་པ་ཡིན་ཏེ། ཐམས་ཅད་ཡོད་སྨྲའི་འདུལ་བ་ཁོ་ན་སྡེ་པ་གཞན་གྱི་འདུལ་བ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། འོད་ལྡན་ལས། ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ནི་གཞི་དང་འདྲ་བ་ཡིན་ཏེ། ལེགས་པར་སྦྱར་བའི་སྐད་དུ་ཐ་སྙད་སྦྱོར་བའི་ཕྱིར་རོ། །འདི་ལྟར། ཡ་རབས་དག་ནི་ལེགས་པར་སྦྱར་བའི་སྐད་དུ་ཐ་སྙད་བརྗོད་པ་ཡིན་ཞེས་ཟེར་བས། སྒྲའི་མཚན་ཉིད་ལ་བརྩོན་པར་བྱེད་པ་འདི་ཡང་ཡ་རབས་སུ་ཤེས་པར་བྱ་བའི་ཕྱིར་རོ། །ཡ་རབས་ནི་འཇིག་རྟེན་ན་གཞི་དང་འདྲ་བ་ཡིན་ཏེ། དེ་ལས་འཇིག་རྟེན་གྱི་ཆོས་ལུགས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན། ཐམས་ཅད་ཡོད་པར་སྨྲ་བ་ནི་གཞི་ཞེས་བྱའོ། །སྡེ་པ་གཞན་དག་ནི་མ་ཡིན་ཏེ། ཐ་མལ་པ་དང༌། ཟུར་བཅག་དང༌། འབྲིང་དུ་འདོན་པའི་ཚིག་གི་ཐ་སྙད་བརྗོད་པའི་ཕྱིར། འདི་སྐད་དུ། སྔོན་ནི་ཐམས་ཅད་ཡོད་པར་སྨྲ་བ་འདི་གཅིག་པུ་ཡོད་པ་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དེ་ལ་བརྟེན་ནས་སྡེ་པ་གཞན་དག་བྱུང་བ་དེ་དག་གི་གཞིར་གྱུར་པའི་ཕྱིར། གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱའོ། །ཞེས་གསུངས་སོ། །དེ་བས་ན། བསྡུ་བ་གསུམ་པ་བྱུང་ཕྱིན་ཆད་སྡེ་པ་སོ་སོ་ན་ཡོད་ཀྱང༌། འདུལ་བ་གཅིག་ཏུ་བསྡུས་པ་ཡིན་ནམ་སྙམ་སྟེ། གོང་དུ་བཀོད་པའི་རྟོག་དཔྱོད་ཞིབ་མོ་དེ་དག་ལ་བརྟགས་ནས་དཔྱད་པར་བྱའོ།།  །།དྲི་བ་སོ་གཅིག་པ་ནི། བྱིན་ལེན་མ་བྱས་ཟ་བ་ཡི། །ལྟུང་བ་དགེ་སློང་བསླབ་སྦྱིན་ལའང༌། །འབྱུང་ཞིང་དེས་ཀྱང་དགེ་སློང་ལ། །བྱིན་ལེན་རུང་བར་བཤད་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། བྱིན་ལེན་མ་བྱས་ཟབ་ཡི། །ལྟུང་བ་མི་སྐྱ་ལ་འབྱུང་ན། །ཞེས་སོགས་ཀྱི་དོན་ལ། རྣམ་བཤད་མཛད་པ་ཀུན་གྱིས་ཞིབ་ཆ་གང་ཡང་མེད་པར་གཞུང་གི་སྒྲ་ཇི་བཞིན་པ་དེ་ཉིད་སོར་གཞག་པས། བསྟན་བཅོས་ཀྱི་སྐྱེ་མཆེད་གཙང་བར་མ་ཐོན་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བྱིན་ལེན་མ་བྱས་པར་ཟ་བའི་ཉེས་པ་འབྱུང་བའི་རྟེན་ཡིན་པ་ཙམ་གྱིས་དགེ་སློང་དུ་འགྱུར་ན། དགེ་སློབ་མ་ཡང་དགེ་སློང་དུ་ཐལ་བར་འགྱུར་རོ་སྙམ་པའི་དོགས་པ་དང༌། དགེ་སློང་གིས་དགེ་སློང་ལ་བྱིན་ལེན་རུང་བ་མེད་ན། དགེ་སློང་བསླབ་སྦྱིན་དེ་དགེ་སློང་མ་ཡིན་པའམ་དེས་དགེ་སློང་རྣམ་དག་ལ་བྱིན་ལེན་སྟབས་ན་མི་འཐོབ་པ་གང་རུང་དུ་འགྱུར་རོ། །དེ་ལ་འདོད་མི་ནུས་པའི་ཤེས་བྱེད་དུ། མདོ་རྩ་བ་ལས། ཇི་སྐད་དུ། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ༌། །ཞེས་གསུངས་སོ། །གཉིས་པ་དངོས་ལན་གདབ་པ་ལ། ཕྱོགས་སྔ་མ་ནི། དགོངས་གཅིག་ལས། སྡིག་པ་དང་ལྟུང་བ་ནི། ཟན་དང་བཤོས་ཀྱི་སྒྲེ་བཟློག་དང་མཚུངས། ཡ་རབས་ལ་འདྲེན་ན་བཤོས་ཟེར། ཕལ་པ་ལ་འདྲེན་ན་ཟན་ཟེར་བ་བཞིན་དུ། བཅས་པའི་རྟེན་ཅན་གྱིས་མི་དགེ་བ་བྱས་ན་ལྟུང་བར་མིང་འདོགས། དེ་མ་ཡིན་པས་མི་དགེ་བ་བྱས་ན་སྡིག་པར་མིང་འདོགས་ཏེ། མིང་གི་རྣམ་གྲངས་ཡིན། དེ་ལྟར་ན། ཁྱིམ་པ་དང་རབ་ཏུ་བྱུང་བ་གང་གིས་མི་དགེ་བ་བྱས་ཀྱང་དོན་ལ་ཁྱད་པར་མེད་དོ། །ཞེས་བཤད། དེ་སུན་འབྱིན་པ་ནི། ཁྱིམ་པ་རྣམས་ཆོས་ཅན། དགེ་སློང་རྣམ་དག་ཏུ་ཐལ། དགེ་སློང་རྣམ་དག་ལ་བཅས་པ་གང་ཡོད་ཀྱི་ལྟུང་བ་སྐྱེ་བའི་རྟེན་དུ་རུང་བའི་ཕྱིར། ཞེས་དང༌། དེ་ཆོས་ཅན། དགེ་སློང་རྣམ་དག་ལ་བྱིན་ལེན་སྟོབ་པ་པོའི་གང་ཟག་ཏུ་མི་རུང་བར་ཐལ། གཏན་ཚིགས་སྔ་མ་དེ་ཉིད་ཀྱི་ཕྱིར། ཞེས་པའོ།།  །།དྲི་བ་སོ་གཉིས་པ་ནི། སྡུག་བསྔལ་ཀུན་གྱི་བྱེད་པ་པོ། །རྫོགས་པའི་སངས་རྒྱས་མ་ཡིན་ཡང༌། །བདེ་བའི་བྱེད་པོ་རྫོགས་སངས་རྒྱས། །ཡིན་པར་བཤད་ན་སྐྱོན་ཅི་ཡོད། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་དུ། དེས་ན་བདེ་དང་སྡུག་བསྔལ་གྱི། །བྱེད་པོ་སངས་རྒྱས་མ་ཡིན་ཡང༌། །ཞེས་པ་ལ། རྣམ་བཤད་མཛད་པ་པོ་ཀུན་གྱིས། དཔྱིས་ཕྱིན་པའི་བཤད་པ་མི་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་ནི། སྐབས་འདིའི་ཕྱོགས་སྔ་མའི་བསམ་པ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སངས་རྒྱས་ཀྱི་བཅས་པ་ལ་མི་ལྟོས་པར། རྟེན་གྱི་གང་ཟག་སུས་བྱས་ཀྱང་ཁ་ན་མ་ཐོ་བར་འགྱུར་བ་བཞིན་དུ། བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱང༌། སངས་རྒྱས་ཀྱིས་བཅས་པའི་སྒོ་ནས་བརྡ་སྤྲད་པ་ཙམ་མ་གཏོགས། རྟེན་གྱི་གང་ཟག་ཁྱིམ་པ་སོགས་སུས་སྤྱད་ཀྱང་ཉེས་པར་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན། སངས་རྒྱས་རྒྱུ་དགེ་སྡིག་གི་བྱེད་པོ་དང༌། འབྲས་བུ་བདེ་སྡུག་གི་བྱེད་པ་པོ་ཉིད་དུ་ཐལ་བའི་ཕྱིར་ཏེ། སངས་རྒྱས་ཀྱིས་བཅས་པ་མ་མཛད་གོང་དུ། བྱ་བ་དེ་དང་དེ་སྡིག་པའི་ལས་སུ་མི་འགྱུར་ལ། དེ་མཛད་ནས་དེར་འགྱུར་བའི་ཕྱིར། ཞེས་བྱ་བ་འདི་ལ་རྒལ་ཞིང་བརྟག་པ་བྱ་དགོས་རྒྱུ་ཡིན་པ་ལ། གཤིས་ལ་དགེ་སྡིག་ཡོད་མེད་ཙམ་ཞིག་དཔྱད་གཞིར་གཞག་པས། ཕྱོགས་སྔ་མའི་བསམ་པ་མ་ལོངས་པ་དང༌། ཇི་སྐད་དུ། བདེ་སྡུག་ཀུན་གྱི་བྱེད་པ་པོ། །སངས་རྒྱས་ཡིན་པར་འགྱུར་ཞེ་ན། །ཞེས་པའི་དོན། མུ་སྟེགས་དབང་ཕྱུག་པ་དག ལས་བྱེད་པ་པོ་དེ་ཉིད་ཀྱིས། ལས་དེའི་རྣམ་སྨིན་གྱི་འབྲས་བུ་མྱོང་བ་མ་ཡིན་གྱི། དབང་ཕྱུག་གི་འདོད་པའི་དབང་གིས་བདེ་སྡུག་མྱོང་བར་འདོད་པ་དང་མཚུངས་སོ་སྙམ་དུ་བཟུང་ནས། ངོ་བོ་ཉིད་རྒྱུར་སྨྲ་བའི་མཚུངས་པ་བརྗོད་པ་ནི་ཇི་ལྟ་བ་བཞིན་དུ་མཚུངས་པ་མ་ཡིན་ཏེ། ཕྱོགས་སྔ་མས། བཤིས་ལ་དགེ་སྡིག་ཡོད། ཅེས་པའི་དོན། བྱེད་པ་པོས་མ་བྱས་པའི་དགེ་སྡིག་ཡོད་པར་འཆད་པའི་དོན་མ་ཡིན་གྱི། དགེ་སློང་ལ་སྡིག་ལྟུང་གང་བྱུང་ཐམས་ཅད་ཁྱིམ་པ་ལ་ཡང་འབྱུང་དུ་རུང་ངོ༌། །ཞེས་པའི་དོན་དུ་འཆད་པར་སྣང་བའི་ཕྱིར་དང༌། འདུལ་བ་ལས། ལས་དང་པོ་པ་ལ་ལྟུང་བ་མེད་ཅེས་གསུངས་མོད། དེ་ལྟ་ནའང༌། བཅས་མ་བཅས་ལས་སྡིག་པར་འགྱུར་མི་འགྱུར་གྱི་ཁྱད་པར་ཡོད་ན། དགེ་སྡིག་གཉིས་ཀ་སངས་རྒྱས་ཀྱི་དགོངས་པའི་དབང་གིས་གཞག་པར་འགྱུར་རོ། །ཞེས་པའི་ཉེས་པ་འདི་སྤང་དཀའ་བའི་ཕྱིར་དང༌། དེའི་ཤེས་བྱེད་ཀྱང༌། ཁྱིམ་པས་ཕྱི་དྲོའི་ཁ་ཟས་ཟོས་པའི་ལས་དེ་མི་དགེ་བ་མ་ཡིན་ཞིང༌། དེའི་རྣམ་སྨིན་ངན་སོང་མི་འབྱིན་ལ། དགེ་སློང་གིས་རྐྱེན་དགོས་ལ་མ་ལྟོས་པར། ཕྱི་དྲོའི་ཁ་ཟས་ཟོས་པས་རྣམ་སྨིན་ངན་སོང་འབྱིན་པའི་ཁྱད་པར་དེ། སངས་རྒྱས་ཀྱི་བཅས་པའི་དབང་གིས་གཞག་པ་དེ་ལྟ་ན། དབང་ཕྱུག་པ་དག དབང་ཕྱུག་འགྲོ་བའི་བདེ་སྡུག་བྱེད་པ་པོར་འདོད་པ་དང་མཚུངས་སོ། །ཞེས་ཟེར་བ་འདི་ལ། ལན་ཇི་བཞིན་མ་བཏབ་པར་སྣང་བའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། ལན་དངོས་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་སྐྱེད་བྱེད་ཀྱི་ཁ་ན་མ་ཐོ་བ་ལ་གཉིས་ཏེ། རང་བཞིན་གྱི་དང༌། བཅས་པའིའོ། །དང་པོ་ནི། རྟེན་གྱི་གང་ཟག་ཁྱིམ་པ་དང་རབ་ཏུ་བྱུང་བ་སུས་སྤྱད་ཀྱང་འབྲས་བུ་སྡུག་བསྔལ་སྐྱེད་པར་བྱེད་དོ། །གཉིས་པ་དེ་ལ་གཉིས་ཏེ། རང་བཞིན་དང་འབྲེལ་བའི་བཅས་ལྟུང་དང༌། བཅས་པ་རྐྱང་པ་ཅན་གྱི་ལྟུང་བའོ། །གཉིས་པོའི་ཁྱད་པར་ནི། ཀུན་སློང་ཉོན་མོངས་པ་ཅན་ཁོ་ནས་ངེས་པར་བྱེད་དགོས་པ་དང༌། མ་སྒྲིབས་ལ་ལུང་དུ་མ་བསྟན་པས་ཀྱང་བྱེད་སྲིད་པའོ། །རང་བཞིན་དང་འབྲེལ་བའི་བཅས་ལྟུང་གི་བྱ་བ་དེ། ཁྱིམ་པ་ལྟ་བུ་བཅས་པའི་རྟེན་ཅན་མ་ཡིན་པས་སྤྱད་པ་ན་ལྟུང་བར་མི་འགྱུར་ཡང༌། ཉེས་པ་དེའི་འབྲས་བུ་སྡུག་བསྔལ་གང་དང་གང་བཤད་པ་དེ། རྟེན་དེའི་རྒྱུད་ལ་ཡང་འབྱུང་དུ་རུང་བ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཏེ། སྡུག་བསྔལ་གྱི་རྒྱུ་ནི་ཉོན་མོངས་པ་དང༌། དེས་ཀུན་ནས་བསླང་བའི་ལས་གཉིས་ལས་གཞན་མེད་ལ། དེ་ནི་དེ་ལ་ཡང་ཚང་བའི་ཕྱིར་དང༌། ཟག་བཅས་ཀྱི་ལས་དགེ་བས་རྣམ་སྨིན་སྡུག་བསྔལ་འབྱིན་པ་ཡང༌། ཀུན་སློང་ཉོན་མོངས་པ་ཁོ་ནའི་དབང་གིས་ཡིན་ན། བཅས་ལྟུང་མི་དགེ་བས་དེ་འབྱིན་པ། ཀུན་སློང་ཉོན་མོངས་པ་ཁོ་ནའི་དབང་གིས་ཡིན་པ་ལྟ་ཅི་སྨོས་པའི་ཕྱིར། དཔེར་ན་ཁྱིམ་པས་ཞེ་སྡང་གི་དབང་གིས་མི་བསད་པ་ན། སྲོག་གཅོད་ཀྱི་ཕམ་པ་མི་འབྱུང་ཡང༌། སྤྱིར་སྲོག་གཅོད་ཕམ་པའི་རྣམ་སྨིན་དང༌། རྒྱུ་མཐུན་དང༌། བདག་པོའི་འབྲས་བུར་གང་བཤད་པ་དེ་ཉིད། རྒྱུད་དེ་ལ་ཡང་འབྱུང་བ་བཞིན་ནོ། །གཉིས་པ་རང་བཞིན་དང་མ་འབྲེལ་བའི་བཅས་རྐྱང་གི་ལྟུང་བ་ལ་ཡང་གཉིས་ཏེ། ཀུན་སློང་ཉོན་མོངས་པ་ཅན་གྱིས་བྱས་པ་ཞེ་སྡང་གིས་ཀུན་ནས་བསླང་ནས་ས་བརྐོས་པ་ལྟ་བུ་དང༌། ཀུན་སློང་མ་སྒྲིབས་ལུང་མ་བསྟན་གྱིས་བྱས་པའམ། དགེ་བས་བྱས་པ་དཀོན་མཆོག་མཆོད་པའི་དོན་དུ་ས་བརྐོས་པ་དང༌། མེ་ཏོག་བཅད་པ་ལྟ་བུ་གཉིས་ལས། དང་པོ་ནི་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་དུ་ངེས་ཏེ། འདོད་པའི་ཉོན་མོངས་པས་ཀུན་ནས་བསླང་བའི་ལུས་ངག་གང་རུང་གི་ལས་སུ་དམིགས་པའི་ཕྱིར། དེའི་ཕྱིར། དེ་འདྲ་དེ་བཅས་པའི་རྟེན་ཅན་མ་ཡིན་པས་བྱས་པ་ན་ལྟུང་བ་མི་འབྱུང་ཡང༌། སྤྱིར་ལྟུང་བ་དེས་རྣམ་སྨིན་སྡུག་བསྔལ་གང་འབྱིན་པ་དེ། རྟེན་དེ་ལ་ཡང་འབྱིན་པ་ཡིན་ཏེ། དེ་འབྱིན་པའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཀུན་སློང་དགེ་བའམ། མ་སྒྲིབས་པ་ཁོ་ནས་ཀུན་ནས་བསླང་བའི་བཅས་རྐྱང་གི་དཔེར་བརྗོད་བཤད་མ་ཐག་པ་དེ་ལྟ་བུ། བཅས་པའི་རྟེན་ཅན་མ་ཡིན་པས་སྤྱད་པ་ལ་ནི་ལྟུང་བར་མ་ཟད། ཉེས་པར་འགྱུར་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པས་ཀུན་ནས་བསླང་བ་མ་ཡིན་པའི་ཕྱིར་དང༌། བཅས་པ་མེད་པའི་ཕྱིར། དེ་འདྲ་དེ་དགེ་སློང་གིས་སྤྱད་པ་ན། བཅས་པ་དང་འགལ་བའི་རྒྱུ་མཚན་གྱིས་ལྟུང་བར་འགྱུར་ཡང༌། རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་སྡུག་བསྔལ་སྐྱེད་བྱེད་མ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར། དེའི་ཤེས་བྱེད་ཀྱང་སྡུག་བསྔལ་གྱི་རྒྱུ་ནི་ཉོན་མོངས་པ་དང༌། དེས་ཀུན་ནས་བསླང་བའི་ལས་གཉིས་ལས་གཞན་མེད་དོ། །འོ་ན་བཅས་རྐྱང་དང༌། དེའི་འགལ་ཟླར་གྱུར་པའི་ལྟུང་བ་གཉིས་ཀ་འབྲས་བུ་བདེ་སྡུག་གང་རུང་གི་བྱེད་པ་པོ་མ་ཡིན་ན། བཅས་རྐྱང་དེ་དག་བསྲུངས་པས་ཕན་ཡོན་དང༌། བཅས་པ་མཛད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། སྤྱི་ཁྱབ་ནས་ལུས་ངག་གི་བཅས་པ་རྐྱང་པ་དེ་དང་དེ་དག་བསྲུངས་པས། དེ་དང་དེའི་ཀུན་སློང་དུ་དགོས་པའི་ཉོན་མོངས་པ་དེ་དང་དེ་དག་དང་དུ་མི་ལེན་པའི་ཚུལ་གྱིས་འགོག་པར་འགྱུར་བ་ཡིན་ཏེ། འབྲས་བུ་ལ་ཉེས་དམིགས་སུ་མཐོང་བ་ནི། དེའི་རྒྱུ་སྤོང་བའི་ཐབས་དམ་པ་ཡིན་པའི་ཕྱིར། དཔེར་ན། སྡུག་བསྔལ་གྱི་ཉེས་དམིགས་མཐོང་བ་ཙམ་གྱིས། ཀུན་འབྱུང་རང་ཤུགས་ཀྱིས་འགགས་པའི་བརྟགས་མིན་གྱི་འགོག་པ་འཐོབ་པ་བཞིན་ནོ། །འོ་ན་བཅས་རྐྱང་འགའ་ཞིག་བསྲུངས་པ་ལ་དགོས་པ་མེད་པར་འགྱུར་ཏེ། དེའི་ཀུན་སློང་དུ་ཉོན་མོངས་པ་དགོས་པའི་ངེས་པ་མེད་པའི་ཕྱིར། ཞེ་ན། ཉེས་པ་མེད་དེ། དེའི་ཀུན་སློང་གི་སྤྱི་བཀག་པས། བྱེ་བྲག་ཉོན་མོངས་པ་ཅན་ཁེགས་པར་འགྱུར་བའི་ཕྱིར་དང༌། བཅས་ལྟུང་རང་གི་ངོ་བོ་ལུང་མ་བསྟན་ཞིག་ཀྱང༌། ཕྱིར་མ་བཅོས་ན་རྣམ་སྨིན་སྡུག་བསྔལ་སྐྱེད་བྱེད་དུ་འགྱུར་སྲིད་པ་ཡིན་ཏེ། ཇི་སྐད་དུ། བསླབ་པ་ཐམས་ཅད་འདས་གྱུར་ན། །རྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །ཞེས་དང༌། གསོ་སྦྱོང་གི་ཚེ་ཅང་མི་སྨྲ་བས་འདའ་བར་བྱེད་ན། རྫུན་དུ་སྨྲ་བའི་ལྟུང་བྱེད་དང༌། ཉེས་བྱས་གང་རུང་དུ་འགྱུར་བའི་ཕྱིར་རོ། །འོ་ན་ལྟུང་བ་དེའི་ཀུན་སློང་དགེ་བས་བྱས་བའི་ཚེ་ན་ཡང༌། ལྟུང་བ་དེ་བསྲུང་བའི་དགོས་པ་དེའི་ཀུན་སློང་དེ་བསྲུང་བའི་ཕྱིར་དུ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་ཚེ་ན། རྐྱེན་དགོས་ཁྱད་པར་ཅན་ཡོད་ན། དུས་བྱིན་གྱིས་བརླབས་ཏེ་རྗེས་སུ་གནང་བ་མཛད་པའི་ཕྱིར། ཀུན་སློང་དགེ་བས་ཀུན་ནས་བསླང་བའི་བཅས་རྐྱང་གི་ལྟུང་བ་ནི། བཅས་མཚམས་ལས་མི་འདའ་བའི་ཕྱིར་བསྲུང་བ་ཡིན་གྱི། ཀུན་སློང་གི་ཉེས་པ་འགོག་པའི་ཕྱིར་དུ་སྤང་དགོས་པ་ནི་མ་ཡིན་ཏེ། དཔེར་ན། རབ་བྱུང་གི་སྡོམ་ལྡན་ལ་ཕྱི་དྲོའི་ཁ་ཟས་བཀག་པས། དེའི་ཀུན་སློང་ཉོན་མོངས་པ་ཅན་སྤྱིར་ཁེགས་པ་ཡིན་ཀྱང༌། ནད་པ་ལྟ་བུ་ཀུན་སློང་དགེ་བའི་བློས་ཀུན་ནས་བསླང་སྟེ་ཟར་རུང་བ་ལ་ནི། དུས་བྱིན་གྱིས་བརླབས་ནས་ཟ་བར་གནང་བ་བཞིན་ནོ། །དེའི་ཚེ་ན་ཀུན་སློང་ཉོན་མོངས་པ་ཅན་གྱིས་མ་བྱས་པས། ཁ་ན་མ་ཐོ་བར་མི་འགྱུར་ཞིང༌། དུས་བྱིན་གྱིས་བརླབས་པས་ལྟུང་བ་ཁེགས་པའི་ཕྱིར། དེས་ན་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླང་བའི་བཅས་རྐྱང་རྣམས་ལ་དུས་དྲན་གྱི་སྒོ་ནས་གནང་བ་མེད་དོ། །དོན་འདི་ལ་ངེས་པ་མ་རྙེད་ན། ནད་པ་བཅས་པ་མཐའ་དག་གིས་སྐྱང་བར་གསུངས་པའི་དོན་ལ་གོ་བ་རྙེད་པར་མི་འགྱུར་རོ། །དེ་དག་ལ་འདི་སྐད་ཅེས། དང་པོ་ལྟུང་བ་མེད་པ་ལ། །ཐུབ་པས་ལྟུང་བ་འཆའ་ན་ནི། །སྡུག་བསྔལ་ཀུན་གྱི་བྱེད་པ་པོ། །སངས་རྒྱས་ཡིན་པར་འགྱུར་ཞེ་ན། །འདི་ཡི་ལན་ལ་མགོ་སྒྲེ་བ། །ཁྱེད་ཀྱང་མུ་སྟེགས་འགའ་ཞིག་ལྟར། །ངོ་བོ་ཉིད་རྒྱུར་སྨྲ་བར་འགྱུར། །ཁྱིམ་པ་རང་གིས་མ་བྱས་ཀྱང༌། །དགེ་སློང་གི་ནི་བྱ་བ་རྣམས། །མ་བྱས་སྡིག་པར་འགྱུར་ཕྱིར་རོ། །གཉིས་པ་དངོས་པོའི་ལན་ལ་ནི། །བཅས་ལྟུང་ལས་བྱུང་སྡུག་བསྔལ་དང༌། །དེ་བསྲུངས་པ་ལས་བྱུང་བ་ཡི། །བདེ་བའི་བྱེད་པོ་རྫོགས་སངས་རྒྱས། །མིན་ཀྱང་བསླབ་པ་འཆའ་བ་ཡི། །བྱེད་པོ་སངས་རྒྱས་ཡིན་པར་གསུངས། །བཅས་པ་དགེ་དང་བཅས་འགལ་ཙམ། །སྡིག་པ་མིན་ཡང་ཚུལ་ཁྲིམས་ལ། །གུས་པའི་རྒྱུ་རུ་གསུངས་པར་ཟད། །ལུས་དང་ངག་གིས་བཅས་པ་རྣམས། །བསྲུངས་པས་དེ་ཡི་ཀུན་སློང་གི །ཉོན་མོངས་གསུམ་པོ་འགག་པར་འགྱུར། །དེ་ནས་སྡུག་བསྔལ་འགགས་པ་ཡི། །བྱང་ཆུབ་ཐོབ་པའི་སྐལ་ལྡན་འགྱུར། །རྫོགས་སངས་རྒྱས་རྣམས་མ་བྱོན་ཀྱང༌། །སྡིག་པའི་ལས་རྣམས་བྱེད་པོ་དང༌། །དེ་ཡི་འབྲས་བུ་མྱོང་བ་པོ། །རྒྱ་མཚོ་ཇི་བཞིན་ངང་གིས་གང༌། །རྫོགས་སངས་རྒྱས་ཀྱིས་དམ་པའི་ཆོས། །སྟོན་པ་མེད་ན་དགེ་བའི་ལས། །བྱེད་པོས་དབེན་ཕྱིར་དེ་འབྲས་མེད། །དེ་ཕྱིར་ཕན་དང་བདེ་བ་ཡི། །ལམ་སྟོན་བྱེད་པོ་རྫོགས་སངས་རྒྱས། །ཡིན་ཕྱིར་བདེ་བའི་བྱེད་པ་པོ། །རྫོགས་སངས་རྒྱས་ཡིན་སྡིག་པའི་མིན། །དེ་ལྟ་ན་ཡང་སེམས་ཅན་ལ། །སངས་རྒྱས་ལེགས་མཛད་སྨིན་མིན་ཕྱིར། །དབང་ཕྱུག་བདེ་བའི་བྱེད་པ་པོར། །འདོད་དང་མཚུངས་པ་མ་ཡིན་ནོ། །ཞེས་བཏོན་ན། ཡེ་བཀག་དང་ཡེ་གནང་འགོག་པའི་སྐབས་ཀྱི་གཞུང་གི་དོན་མ་ལུས་པ་དཔྱིས་ཕྱིན་པ་ཉིད་དུ་འཆད་ཤེས་པར་འགྱུར་རོ། །གཉིས་པ་འཕྲོས་དོན་ལ། གལ་ཏེ་འོ་ན། སྤྱིར་འདུ་བྱེད་ཀྱི་སྡུག་བསྔལ་དང༌། བྱེ་བྲག་ཏུ་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་དང༌། དེས་ཀུན་ནས་བསླང་བའི་ལས་ཁོ་ནར་ངེས་པ་དང༌། རྒྱུ་གཉིས་པོ་དེ་བཅས་པ་ཡོད་མེད་ཀྱི་རྟེན་གྱི་གང་ཟག་སུས་བྱེད་ཀྱང༌། དེའི་འབྲས་བུ་སྡུག་བསྔལ་འབྱུང་དུ་རུང་བ་དེ་ལྟ་ན། རྒོལ་བ་གཉིས་འཇུག་པ་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞིག་གིས། ཀུན་སློང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས། སྨོན་པ་སེམས་སྐྱེད་བཏང་བ་ཅིག་སྲིད་པ་དེའི་ཚེ་ན། དེས་ངན་སོང་དུ་སྐྱེ་བའི་རྒྱུ་ཉོན་མོངས་པ་ཅན་གྱི་ལས་བསགས་པར་འགྱུར་ཏེ། དེས་རྣམ་སྨིན་གྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བར་བཤད་པའི་ཕྱིར། དེ་ལྟར་བཤད་པ་ཡིན་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོ་འགྱུར་རམ། །ཞེས་གསུངས་སོ། །རྩ་བར་འདོད་མི་ནུས་པའི་ཤེས་བྱེད་ནི། སྨོན་སེམས་གཏོང་བྱེད་ཀྱི་ཀུན་སློང་དུ་ཉོན་མོངས་པ་ཅན་དགོས་པ་མ་ཡིན་ཏེ། ཉན་ཐོས་དགྲ་བཅོམ་རྟེན་ལ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་དེ་གཏོང་བ་སྲིད་པའི་ཕྱིར། རྒོལ་བ་གཉིས་པ་ནི། འདུལ་བ་ནས་གསུངས་པའི་ཕམ་པ་བཞི་པོ་གང་རུང༌། ཡན་ལག་གི་རྩི་བ་ཡོངས་སུ་རྫོགས་པར་ཚང་བ་ཞིག་བྱང་ཆུབ་སེམས་དཔས་གཞན་དོན་དུ་སྤྱད་ན། རྣམ་སྨིན་ངན་སོང་གི་ཕུང་པོ་འབྱུང་དུ་རུང་བར་འགྱུར་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་སྙམ་ན། དེ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་དང༌། གཉིས་པའི་ལན་ནོ། །དང་པོ་ལ། བྱང་ཆུབ་ཀྱི་སེམས་གཏོང་བའི་ཀུན་སློང་ནི་གཉིས་ཏེ། ཉོན་མོངས་པ་ཅན་གྱི་དང༌། དེ་མ་ཡིན་པའི་སེམས་ཀྱིས་གཏོང་བའོ། །དང་པོ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྐྱེས་པའི་འོག་ཏུ་དེ་གཉིས་པོའི་འགལ་ཟླ་མངོན་དུ་གྱུར་པའི་སྒོ་ནས་གཏོང་བ་ལྟ་བུ་ཡིན་ལ། དེ་ཡང་ཇི་སྐད་དུ། སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་སྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །དངོས་པོ་ཕལ་པ་ཅུང་ཟད་ལའང༌། །ཡིད་ཀྱིས་སྦྱིན་པར་གང་བསམས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་འགྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །ཞེས་སོགས་དང༌། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟ་བུ་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །གང་གཞན་འགའ་ཞིག་འདི་ཡི་ནི། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལ་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་གསུངས་སོ། །གཉིས་པ་ནི། ཉན་ཐོས་ཀྱི་ཆོས་མཆོག་ཡན་ཆོད་ལ་གནས་པས། ལན་གཅིག་ཐེག་པ་ཆེན་པོའི་ཐར་པ་ཆ་མཐུན་ཙམ་རྒྱུད་ལ་བསྐྱེད་ནས། སླར་ཡང་དམན་པའི་ལམ་དུ་ལོག་པ་ལ་ནི། སྤྱིར་འཁོར་བའི་སྡུག་བསྔལ་འཕེན་འགྲུབ་ཀྱི་རྒྱུ་ཚོགས་དང༌། བྱེ་བྲག་ངན་སོང་གི་རྒྱུ་ཚོགས་གྲངས་ཚང་བ་མ་ཡིན་ཏེ། ཇི་སྐད་དུ། མི་གང་བྱང་ཆུབ་སེམས་བཏང་ཡང༌། །དེ་དག་ཐར་པར་མཛད་པ་ནི། །ལས་ཚུལ་བསམ་ཀྱིས་མི་ཁྱབ་སྟེ། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེས་གསུངས་སོ། །གཞུང་འདིའི་དོན། སྨོན་སེམས་བཏང་བའི་འོག་ཏུ་ལན་གཅིག་ངན་སོང་དུ་སྐྱེས་ནས། དེ་ནས་ཐར་པ་ལ་སྦྱོར་བ་ནི་དགོངས་པ་མ་ཡིན་ཏེ། དེ་ཙམ་ལ་བསམ་གྱིས་མི་ཁྱབ་སྟེ། ཞེས་སོགས་སུ་འཆད་དགོས་པ་ལ་མ་ཐུག་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ལྟར་ལྟུང་བ་སྟོབས་ལྡན་དང༌། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འགྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིངས་ཐོགས། །ཞེས་གསལ་བར་གསུངས་པ་དེ་ཉིད་ཀྱིས་ཆོག་པས། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེས་གསུངས་དགོས་པ་ལ་ཐུག་པའི་ཕྱིར་རོ། །རྒོལ་བ་གཉིས་པའི་ལན་ནི། བྱང་ཆུབ་སེམས་དཔས། གཞན་དོན་དུ་དགེ་སློང་གི་སྡོམ་པ་ལ་ལྟོས་པའི་ཕམ་པ་བཞི་སྤྱད་པ་གཅིག་སྲིད་པ་དེ་ཡང༌། བཟོད་པ་མ་ཐོབ་གོང་དུ་ཡིན་ན་ངན་སོང་འཕེན་འགྲུབ་ཀྱི་རྒྱུར་འགྱུར་བ་ཡིན་ཏེ། དེའི་རྒྱུར་འགྱུར་བ་ལ་ཡན་ལག་གི་རྩི་བ་རྣམ་པར་གཞག་པ་ཇི་ཙམ་དགོས་པ་དེ་དག་ཚང་བའི་ཕྱིར་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ནུས་པའི་ཁྱད་པར། སྐྱེ་མེད་ཀྱི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་དེ་མེད་ན། སྙིང་རྗེ་དང་སྨོན་སེམས་ཙམ་གྱིས་ལས་དེའི་ནུས་པ་ལ་གེགས་བྱ་བར་མི་ནུས་པའི་ཕྱིར། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་ནི་གཞན་དོན་དུ་ཕམ་པ་བཞི་སྤྱོད་པ་མི་སྲིད་དེ། དེ་ནས་རང་བཞིན་གྱི་ཁ་ན་མ་ཐོ་བས་གོས་པ་མི་སྲིད་པའི་ཕྱིར་རོ། །འདིར་སྨྲས་པ། མཁས་པའི་གཞུང་ལུགས་གཏིང་ཟབ་ཅིང༌། །ཞལ་གསལ་བ་ཡིས་སྒྲུབ་པ་དང༌། །རྟོགས་དཀའི་སུན་འབྱིན་ལྷུར་མཛད་པ། །དཔྱོད་ལྡན་བསྟན་བཅོས་རྩོམ་པའི་ལུགས། །ཚིག་གསལ་བ་ཡིས་ཡིད་འཁུལ་ནས། །ཐོས་པའི་གྲུ་དང་བྲལ་རྣམས་ཀྱང༌། །ཆོས་འདིའི་དྲུང་དུ་སྤྲིན་བཞིན་བསྟིབས། །བརྡ་དོན་མཇལ་བ་འགའ་ཡོད་དམ། །ལུང་མང་གྲུ་ཆེན་མ་བཟུང་ཞིང༌། །རིགས་པའི་ཆུ་བརྒྱ་མ་རྒལ་བར། །ཆོས་འདིའི་ཡིད་བཞིན་མཚོ་ཆེན་ནས། །ངེས་དོན་རིན་ཆེན་ལེན་དེ་སུ། །སྨིག་རྒྱུའི་ཐང་ལས་ཆུ་ཆེན་དང༌། །ཕོངས་པའི་ཁྱིམ་ལས་དགོས་འདོད་ལྷར། །མཁས་པ་མིན་ལས་ལེགས་བཤད་ཀྱང༌། །ཚོལ་བས་ངལ་བར་མ་གྱུར་ཏམ། །སྡོམ་གསུམ་བསྟན་བཅོས་འཛམ་གླིང་གི །རྒྱན་དྲུག་གཞུང་དང་མི་འགལ་ཞིང༌། །སྡེ་སྣོད་རྣམ་གསུམ་དགོངས་པ་བཞིན། །ཤེས་འདོད་ཡོད་དམ་འདི་ལྟོས་ཤིག །དེ་ལྟར་ན་དངོས་བསྟན་གྱི་དྲིས་ལན་སོ་གཉིས། འཕྲོས་པའི་དྲིས་ལན་བརྒྱད་དེ་བཞི་བཅུ་ཐམ་པའོ། །ཞེས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ཀྱི་སོ་སོར་ཐར་པའི་སྐབས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ། ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས་ཀྱི་རིམ་པར་ཕྱེ་བ་དང་པོའོ།།  །།སེམས་ཅན་ཀུན་ལ་ཕན་པ་དང༌། །བདེ་བ་འབའ་ཞིག་ངེས་དགོངས་ནས། །འཁོར་བའི་གནས་སུ་རྟག་བཞུགས་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ལྟར་མཆོད་པར་བརྗོད་ནས། ལེའུ་གཉིས་པའི་སྐབས་སུ། དྲི་བ་དང་པོ་ནི། ཐེག་པ་ཆེན་པོའི་སེམས་སྐྱེད་ལ། །དབུ་མ་སེམས་ཙམ་ལུགས་གཉིས་སུ། །ངེས་ཤིང་ལེན་པའི་ཆོ་ག་དང༌། །ལྟུང་བ་ཕྱིར་བཅོས་ལ་སོགས་པ། །སོ་སོར་ངེས་ན་རྒྱུད་སྡེ་ལས། །གསུངས་པའི་སེམས་སྐྱེད་ཆོ་ག་དེ། །གཉིས་པོ་གང་གི་ལུགས་དང་མཐུན། །ཞེས་པའོ། །འདི་ལ་གཉིས་ཏེ། དྲི་བའི་བསམ་པ་བསླང་བ་དང༌། དངོས་ལན་གདབ་པའོ། །དང་པོ་ལ་གཉིས་ཏེ། འདྲི་བའི་རྒྱུ་མཚན་དང༌། མ་དྲིས་ན་སྐྱོན་ཡོད་པའོ། །དང་པོ་ནི། སྤྱིར་རྗེ་བཙུན་ས་སྐྱ་པའི་གསུང་གིས། །ལུགས་གཉིས་ཀྱི་སེམས་སྐྱེད་སོ་སོར་ཕྱེ་ནས་ལེན་པའི་ཆོ་ག་དང༌། ལྟུང་བ་དང་ཕྱིར་བཅོས་སོགས་མི་འདྲ་བར་ཡོད་པའི་ཚུལ་རྒྱས་པར་གསུངས་ཀྱང༌། ལུགས་གཉིས་ལ་བརྟེན་པའི་སེམས་སྐྱེད་ཀྱི་སྡོམ་པའི་ངོ་བོ་ལ་མི་འདྲ་བའི་ཁྱད་པར་གང་ཡོད་གསལ་བར་མ་གསུངས་ཤིང༌། དེ་མ་གསུངས་པའི་རྒྱུ་མཚན་གྱིས། གསང་སྔགས་ཀྱི་རྒྱུད་སྡེ་སོ་སོ་ནས་སེམས་སྐྱེད་ཀྱི་སྡོམ་པ་ལེན་པའི་ཆོ་ག་གསུངས་པ་རྣམས་དང༌། དཀྱིལ་ཆོག་གི་རྒྱ་གཞུང་སོ་སོ་ནས་སེམས་སྐྱེད་ཀྱི་སྡོམ་པ་ལེན་པའི་ཆོ་ག་གསུངས་པ་རྣམས། ལུགས་གཉིས་པོ་གང་རུང་གི་དབང་དུ་བྱས་པ་ཡིན་ནམ། ཕུང་པོ་གསུམ་པར་འདོད་པ་ཡིན། དང་པོ་ལྟར་ན། སྔགས་ལུགས་ཀྱི་ཆོ་གས་བླངས་པའི་སེམས་སྐྱེད་ཀྱི་སྡོམ་ལྡན་དེས་རྩ་བའི་ལྟུང་བ་ལུགས་གཉིས་པོ་གང་དང་མཐུན་པར་བསྲུང་དང༌། ཉམས་ན་ཕྱིར་བཅོས་ཀྱི་ཚུལ་གང་དང་མཐུན་པར་བྱེད། གཉིས་པ་ལྟར་ན། འོ་ན་སྔགས་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་དེའི་འགལ་ཟླར་གྱུར་པའི་རྩ་བའི་ལྟུང་བ་དང༌། བསླབ་པར་བྱ་བའི་ཉེས་བྱས་དང༌། ཉམས་ན་ཕྱིར་བཅོས་པའི་ཚུལ་སོགས། ལུགས་གཉིས་དང་མི་མཐུན་པ་ཇི་ལྟར་ཡོད་ཀྱི་ཚུལ་རྣམས་མ་དཔྱད་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་དང༌། ལུགས་གཉིས་པོའི་སེམས་སྐྱེད་ཀྱི་སྡོམ་པ་གཉིས་ཀྱི་ངོས་འཛིན་གསལ་པོ་གཅིག་མ་བྱུང་ན། རྗེ་བཙུན་ས་སྐྱ་པའི་ལུགས་དེ་ལ། བོད་ཕྱི་རབས་པ་གཞན་དག་གིས་ཉེས་པ་བརྗོད་པ་དེ་དག་སྤང་བར་དཀའ་ཞིང༌། ལུགས་འདི་ལ་དད་པས་རྗེས་སུ་འབྲང་བ་དག་ཀྱང༌། གཞན་གྱིས་བརྟགས་པའི་ཀླན་ཀ་དེ་དག་སྤོང་བའི་བརྩོལ་བ་ལྟ་ག་ལ་ཡོད། ཀླན་ཀ་དེ་དག་ལ་རྣ་བ་དགབ་པའི་སྒོ་ནས། ཐོས་པའི་སྤྱོད་ཡུལ་དུ་མ་གྱུར་པ་ཁོ་ན་སྐྱབས་གནས་སུ་འཛིན་པ་དག་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་སྐྱོན་ནི། ཇི་སྐད་དུ། དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་གསུངས་པས། གཉིས་པོའི་ཁྱད་པར་ལྟ་བས་འབྱེད་པར་ཐལ་ལོ་སྙམ་པ་དང༌། དེ་ཡང་དེ་ལྟ་ན། སེམས་སྐྱེད་གཉིས་པོ་སོ་སོའི་ཡན་ལག་ཏུ་དབུ་སེམས་ཀྱི་ལྟ་བ་རྟོགས་དགོས་པར་ཐལ་ལོ་སྙམ་པ་དང༌། ཡང༌། བྱང་ས་ནས་གསུངས་པའི་སེམས་སྐྱེད་ཀྱི་སྡོམ་པ་དང་ལྡན་པའི་ལས་དང་པོ་པ་དེ་ཆོས་ཅན། ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་དཀོན་མཆོག་གསུམ་གྱི་དཀོར་བརྐུས་པའི་ཁ་ན་མ་ཐོ་བ་དེ། རང་རྒྱུད་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་དེ་ལ་ལྟོས་པའི་རྩ་ལྟུང་དུ་ཐལ། ཁྱོད་སེམས་སྐྱེད་སྡོམ་ལྡན་གྱི་ལས་དང་པོ་པ་ཡིན་པའི་ཕྱིར། ཞེས་སོགས་སྡོམ་པ་གཉིས་པོ་གཅིག་གི་རྩ་ལྟུང་གང་ཡིན་པ་དེ། གཅིག་ཤོས་ལ་ལྟོས་པའི་རྩ་ལྟུང་དུ་ཡང་ཐལ་ལོ་སྙམ་པ་དང༌། ཡང༌། ཚད་ལྡན་གྱི་དཀྱིལ་ཆོག་མང་པོར། རྡོ་རྗེ་གུར་ལས་འབྱུང་བའི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པའི་བར་རྐང་པ་བཞི་པོ་འདི་ལན་གསུམ་བརྗོད་པ་དེ་སེམས་སྐྱེད་ཀྱི་སྡོམ་པ་འབོགས་པའི་ཆོ་གར་གསུངས་ན། དེ་འདྲ་དེ་ལུགས་གཉིས་པོ་གང་དང་མཐུན། དབུ་མའི་ལུགས་དང་མཐུན་ན། འདི་ལ་དེའི་ཆོ་གའི་ཡན་ལག་ཏུ་བཤད་པའི་ཡན་ལག་བདུན་པ་སྔོན་དུ་འགྲོ་བ་སོགས་སྦྱོར་བའི་ཁྱད་པར་དང༌། སྨོན་འཇུག་གི་སྡོམ་པ་གཉིས་སྟབས་གཅིག་ཏུ་ལེན་པ་དངོས་གཞིའི་ཁྱད་པར་མ་ཚང་བ་དང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པ་རྫོགས་བྱང་དོན་གཉེར་གྱི་བློ་ལ་འཆད་པ་ལས་འོས་གཞན་མི་སྣང་བས། དེར་འཇུག་པའི་སྡོམ་པ་མ་ཚང་ངོ་སྙམ་པའི་དོགས་པ་སྐྱེ་ཞིང༌། ལུགས་གཉིས་པ་དང་མཐུན་པར་ཁས་ལེན་ན། ལུགས་དེའི་ཆོ་གའི་ཡན་ལག་དུ་དགོས་པའི་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་སློབ་པ་སྔོན་དུ་འགྲོ་བ་ལ་སོགས་པའི་ཁྱད་པར་རྣམས་འདི་ལ་མ་ཚང་ངོ་སྙམ་པའི་དོགས་པའོ། །ཡང༌། རྣམ་སྣང་མངོན་བྱང་དང་དམ་ཚིག་གསུམ་བཀོད་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པའི་ཚུལ་ཞིག་གསུངས་པ་དེ་ནི། ལུགས་གཉིས་ཀ་དང་མི་མཐུན་ཏེ། དེ་ཉིད་ལས། ཇི་སྐད་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་དབུལ་གྱི། དེ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ། བདག་བཞེས་སུ་གསོལ། ཞེས་ལན་གསུམ་བརྗོད་པར་གསུངས་ལ། དེ་འདྲ་དེ་ལ་ནི་དབུ་སེམས་ཀྱི་ཆོ་ག་གཉིས་ཀྱི་ཁྱད་པར་གང་ཡང་མ་ཚང་ངོ༌། །ཞེས་པའི་དོགས་པ་འདི་དག་སྐྱེས་ཏེ། ཐེ་ཚོམ་གྱི་ལམ་དུ་འཇུག་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ། རེ་ཤིག་རྣམ་པར་དཔྱོད་པ་དང་པོའི་ལན་ནི། སེམས་སྐྱེད་གཉིས་པོའི་ཁྱད་པར་ལྟ་བས་འབྱེད་ཅེས་བྱ་བའི་དོན་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། དབུ་སེམས་གཉིས་ལ་ལྟ་བ་གོང་འོག་གི་ཁྱད་པར་ཡོད་པས། གྲུབ་མཐའ་མི་མཐུན་པ་སོ་སོ་བ་གཉིས་ཡིན་ལ། དེའི་རྒྱུ་མཚན་གྱིས་ལྟ་བ་དང་ཟུང་དུ་སྦྲེལ་རྒྱུའི་སྤྱོད་པ་སེམས་སྐྱེད་ཀྱི་སྡོམ་པའི་ཉམས་ལེན་ལ་ཡང་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དང་པོར་ལེན་པའི་ཆོ་ག་མི་འདྲ་ཞིང༌། དེས་ཐོབ་པའི་སྡོམ་པའི་ངོ་བོ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་ལ། དེའི་སྟོབས་ཀྱིས་བཅས་པ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་བྱུང་ཞིང༌། དེ་ལས་རྩ་བའི་ལྟུང་བ་ལ་ལྕི་ཡང་དང༌། གྲངས་མང་ཉུང་གི་ཁྱད་པར་བྱུང་བ་ཡིན་ནོ། །དེ་དག་ལས་ལེན་པའི་ཆོ་ག་མི་འདྲ་བའི་ཁྱད་པར་ནི། གོང་མའི་གསུང་རབ་དག་ཏུ་གསལ་བར་གྲགས་ཟིན་པ་དེ་ཡིན་ལ། དེར་མ་བཤད་པ་ངོ་བོའི་ཁྱད་པར་ནི། དབུ་མའི་ལུགས་ཀྱི་ཆོ་གས་བླངས་ན། སྤྱིར་བཏང་དུ་སྨོན་འཇུག་གཉིས་པོ་ཆབས་གཅིག་ཏུ་བསྡོམས་པའི་སྡོམ་པའི་ངོ་བོར་སྐྱེ་ལ། ལེན་པ་པོ་ཇི་ལྟར་དམན་ཡང༌། སྨོན་པའི་སེམས་སྐྱེད་པ་ཙམ་ཞིག་ངེས་པར་སྐྱེ་བ་ལ་དགོངས་ནས། རྟེན་གྱི་གང་ཟག་རྒྱ་ཆེ་བ་ཉིད་དུ་རྣམ་པར་གཞག་གོ །ལུགས་འདི་ལ་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཕྱོགས་གཅིག་ཏུ་ལེན་པར་བྱེད་ཅིང༌། དེ་དང་དུས་མཚུངས་པར་དེ་གཉིས་ཀའི་སྡོམ་པ་ལེན་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་སྐྱེད་བགྱི་ཞིང༌། །ཞེས་པའི་སེམས་སྐྱེད་ལེན་པ་དང༌། དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་དེ་གཉིས་ཀའི་སྡོམ་པ་ལེན་པའི་ཆོ་ག་བསྟན་པར་གསལ་བ་དང༌། བསླབ་བཏུས་ལས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཇི་ལྟར་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་རྟོགས་པ་བརྗོད་པ་ལས། སྤྱོད་པ་ལྡན་པར་སེམས་བསྐྱེད་པ་དེ་བཞིན་དུ། སེམས་བསྐྱེད་པར་བྱའོ། །ཞེས་པའི་ཚིག་གིས་སྡོམ་པ་ལེན་པར་གསུངས་ལ། འཇམ་དཔལ་གྱིས་སེམས་བསྐྱེད་པའི་ཚུལ་ཡང༌། འཇམ་དཔལ་གྱི་ཞིང་བཀོད་ལས། དེས་སྔོན་གྱི་དུས་སུ་སྨོན་འཇུག་གཉིས་ཀ་ཆབས་གཅིག་ཏུ་བླངས་པར་བཤད་དོ། །སྤྱིར་ནི། དབུ་མའི་ལུགས་ཀྱི་སེམས་བསྐྱེད་ལ་སྨོན་འཇུག་གཉིས་ཀ་ཆབས་གཅིག་ཏུ་ལེན་དགོས་པར་ངེས་པ་མ་ཡིན་ཏེ། ཇི་ཙམ་བསྲུང་ནུས་པ་དེ་ཙམ་ཞིག་བླངས་ནས། དེ་ལ་བསླབས་པས་ཆོག་པར། བསླབ་བཏུས་ལས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ལ་ཡང༌། བསླབ་པ་གཅིག་བསྒྲུབ་པ་ན་བསླབ་པ་གཞན་བསྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ། དེ་སྐད་དུ། བློས་གྲོས་མི་ཟད་པའི་མདོ་ལས། སྦྱིན་པའི་དུས་ན་ཚུལ་ཁྲིམས་ལ་བརྟུལ་བ། བཏང་སྙོམས་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །ཞེས་དང༌། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྤྱན་སྔར། བསླབ་པ་འདིའི་ནང་ནས་བསླབ་པ་གང་ཡང་རུང་བ་སྒྲུབ་པར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ། །ཞེས་དང༌། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་ཡང་སྦྱར་ཏེ་བླངས་ནས་སྡོམ་པ་བཟུང་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་ལུགས་འདིར་སེམས་བསྐྱེད་དང༌། དེའི་སྡོམ་པའི་ཁྱད་པར་གང་ཞིག གང་ཞེ་ན། རྫོགས་པའི་བྱང་ཆུབ་དང༌། དེའི་རྒྱུ་གཞན་དོན་དུ་འཇུག་པ་གཉིས་དོན་དུ་གཉེར་བ་ནི་སྨོན་འཇུག་གི་སེམས་སོ། །སྨོན་འཇུག་དེ་གཉིས་ཀྱི་བསླབ་པ་བཟུང་ནས། དེ་ལ་སློབ་པའི་སེམས་པ་ས་བོན་དང་བཅས་པ་ནི་སྡོམ་པ་གཉིས་པོའི་ངོ་བོའོ། །གཉིས་པ་སེམས་ཙམ་པའི་ལུགས་ནི། བྱང་ས་ལས། སེམས་སྐྱེད་དང་དེའི་སྡོམ་པ་གཉིས་སུ་ཕྱེ་ནས། དང་པོ་ནི་བྱང་ཆུབ་དོན་གཉེར་གྱི་སེམས་སྐྱེད་དོ། །གཉིས་པ་ནི་འཇུག་པའི་སྡོམ་པ་ཁོ་ན་སྟེ། དེ་ལ་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་བསྡུད་དང༌། སེམས་ཅན་དོན་བྱེད་ཀྱི་དབྱེ་བས་ལྡོག་ཆ་གསུམ་དུ་འགྱུར་རོ། །རྣམ་པར་དཔྱོད་པ་གཉིས་པའི་ལན་ནི། དབུ་མའི་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པའི་ལྟུང་བ་གང་ཡིན་ཅིག་ཤོས་ཀྱི་ལྟུང་བར་ཡང་ཐལ་བ་མ་ཡིན་ཏེ། དབུ་མའི་ལུགས་ལ་ནི། སྨོན་པ་སེམས་སྐྱེད་ཀྱི་སྡོམ་པ་ཡང་བླངས་པས། སྡོམ་པ་དང་བཅས་པ་གཉིས་ཀ་རྒྱ་ཆེ་ལ། ཅིག་ཤོས་ནི་འཇུག་སྡོམ་ཁོ་ནར་ངེས་པས་རྒྱ་ཆུང་བའི་ཕྱིར་དང༌། དབུ་མའི་ལུགས་ཀྱི་འཇུག་སྡོམ་ལའང༌། སྲོག་གཅོད་ཙམ་སྤོང་བ་དང༌། སྦྱིན་པ་ཙམ་སྒྲུབ་པ་དང༌། སེམས་ཅན་ཉི་ཚེ་བའི་དོན་བྱེད་པ་ལྟ་བུ། ཉི་ཚེ་བའི་ཚུལ་ཁྲིམས་ཀྱང་གོང་དུ་ལུང་དྲངས་ཟིན་པ་ལྟར་བཤད་ལ། སེམས་ཙམ་ལུགས་ལ་དེ་ལྟ་བུའི་བཤད་པ་མེད་དེ། བྱང་ས་ནས་གསུངས་པའི་ལྟུང་བ་གང་ཡིན་གཅིག་ཤོས་ལ་ལྟོས་པའི་ལྟུང་བར་མ་ངེས་པའི་ཕྱིར། དེ་ལྟ་ན་ཡང༌། དབུ་མའི་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་ཡོངས་སུ་རྫོགས་པར་མ་ནོས་ཤིང་ཐོབ་པ་དེས་ནི། བྱང་ས་ནས་འབྱུང་བའི་ལྟུང་བ་ཐམས་ཅད་ངེས་པར་བསྲུང་དགོས་པ་ཡིན་ཏེ། དབུ་མའི་ལུགས་ཀྱི་ཆོ་གས་བླངས་པའི་སེམས་སྐྱེད་ཀྱི་སྡོམ་པ་ཡོངས་རྫོགས་དེའི་ནང་དུ། གཅིག་ཤོས་ཀྱི་སྡོམ་པ་དེ་འདུས་པའི་ཕྱིར། འོ་ན་བྱང་ས་ནས་འབྱུང་བའི་ཕམ་པ་ལྟ་བུའི་ཆོས་བཞི་པོ་དེས། དབུ་མའི་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་གཏོང་བ་ཡིན་ནམ་ཞེ་ན། སྡོམ་པ་དེ་ལ་སྨོན་འཇུག་གི་ལྡོག་པའི་ཆར་ཕྱེ་བ་གཉིས་ལས། འཇུག་པའི་ཆ་ནི་གཏོང་བ་ཡིན་ཏེ། བྱང་ས་ལས། དེས་དེ་གཏོང་བར་བཤད་ཅིང༌། དོན་དེ་ཉིད་བསླབ་བཏུས་སུའང་ཞལ་གྱིས་བཞེས་པར་འོག་ནས་འཆད་པའི་ཕྱིར་རོ། །དེ་ལྟ་ན་ཡང༌། ཕམ་པ་ལྟ་བུའི་ཆོས་བཞི་པོ་དེས། ལུགས་དེའི་སེམས་སྐྱེད་ཀྱི་སྡོམ་པ་རྫོགས་པར་གཏོང་བ་ནི་མ་ཡིན་ཏེ། དེ་དག་སྨོན་པའི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་ནི་མ་ཡིན་པའི་ཕྱིར་རོ། །ཡང་དེ་བཞིན་དུ། བསླབ་བཏུས་ནས་རྩ་བའི་ལྟུང་བར་བཤད་པ་བཅུ་བཞི་པོ་དེ་དག་ཀྱང༌། བྱང་ས་ནས་གསུངས་པའི་ཆོ་གས་བླངས་པའི་སེམས་སྐྱེད་ཀྱི་སྡོམ་པ་དེ་ལ་ལྟོས་པའི་རྩ་བའི་ལྟུང་བར་འཇོག་པ་ཡང་མ་ཡིན་ཏེ། བྱང་སའི་ལུགས་འདི་ལ་རྩ་བའི་ལྟུང་བ་བཅུ་དགུ་པོ་དེ་དག་ལས་བཞི་མ་གཏོགས། གཞན་གྱི་བཤད་པ་མེད་པའི་ཕྱིར་དང༌། རྩ་ལྟུང་བཞི་ཁོ་ནའི་གྲངས་ངེས་མཛད་པའི་ཕྱིར། བཅུ་དགུ་པོ་གང་རུང་ཡིན་ན། དེ་ལ་ལྟོས་པའི་རྩ་ལྟུང་མ་ཡིན་པས་ཁྱབ་པ་ཡང་མ་ཡིན་ཏེ། ཕམ་པ་ལྟ་བུའི་ཆོས་བཞི་པོ་དེ་བཅུ་དགུ་པོའི་ནང་དུ་འདུ་བའི་ཕྱིར་རོ། །བྱང་ས་ནས་གསུངས་པའི་ཕམ་པ་དང་པོ་ནི། བསླབ་བཏུས་ལས་ཀྱང༌། རྙེད་པ་དང་ནི་བཀུར་སྟི་དང༌། །ཚིག་བཅད་རྒྱུ་ཡིས་གཞན་སྨོད་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །ཞེས་པས་བསྡུས་ལ། ཕམ་པ་གཉིས་པ་ནི། ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །ཞེས་པས་བསྡུས་ཤིང༌། ཕམ་པ་ལྟ་བུའི་ཆོས་གསུམ་པ་ནི། སྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་རྡེག་པ་དང༌། །ཞེས་པས་བསྡུས་ལ། ཕམ་པ་བཞི་པ་ཡང༌། ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། །ཞེས་པས་བསྡུས་པར་གསལ་བའི་ཕྱིར་རོ། །བྱང་སའི་ཆོ་གས་བླངས་པའི་སྡོམ་ལྡན་གྱིས། བསླབ་བཏུས་ནས་གསུངས་པའི་རྩ་བའི་ལྟུང་བ་ཐུན་མོང་མ་ཡིན་པ་དེ་དག ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་སྤྱད་ན། རྩ་བའི་ལྟུང་བར་མ་བཤད་ཀྱང༌། སྡོམ་པའི་གཏོང་རྒྱུར་ནི་འགྱུར་བ་ཡིན་ཏེ། རྗེ་བཙུན་ཆེན་པོས་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ལས། དེ་མ་ཡིན་པའི་སྡོམ་པ་གཏོང་བའི་རྒྱུ་གཞན་ཡོད་དམ་སྙམ་ན། ནམ་མཁའི་སྙིང་པོའི་མདོ་ལས་རྩ་བའི་ལྟུང་བ་ཉི་ཤུ་གསུངས་སོ། །དེ་བཞི་པོར་འདུའམ་སྙམ་ན། འགའ་ཞིག་གིས་བཞིར་བསྡུས་པར་སྣང་ཡང་མི་འདུ་སྟེ། མདོ་ཐ་དད་པའི་དགོངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། དཔེར་ན། བྱང་ཆུབ་ཀྱི་སེམས་གཏོང་བ་རྩ་ལྟུང་མ་ཡིན་ཀྱང་སྡོམ་པའི་གཏོང་རྒྱུར་འཆད་པ་བཞིན་ནོ། །ཡང༌། གཞན་དག་གིས་འཕངས་པའི་ཧ་ཅང་ཐལ་བའི་ཀླན་ཀ་དེ་ལ་ཁྱབ་པ་མ་ངེས་པའི་དོན་ཡང༌། འདི་ལྟར། བྱང་ས་ནས་གསུངས་པའི་སེམས་སྐྱེད་ཀྱི་སྡོམ་ལྡན་ལས་དང་པོ་པ་དེ་ལ། སྨོན་སེམས་བཏང་བ་རྩ་ལྟུང་དུ་ཐལ་བས་མ་ངེས་པ་དང༌། བསླབ་བཏུས་ནས་གསུངས་པའི་སྨོན་པ་རྐྱང་པའི་སྡོམ་ལྡན་དང༌། འདུས་པའི་དབང་དུ་བྱས་པའི་སྣ་གཅིག་གཅོད་པའི་སྡོམ་ལྡན་གྱིས་མ་ངེས་པས། ཉེས་པ་དེ་སྤང་བར་སླ་བ་ཡིན་ལ། བསྟན་བཅོས་འདིའི་ལུགས་ལྟར་ན། མིར་ཆགས་པ་བསད་པ་ལ་ཕམ་པ་མི་འབྱུང་བའི་འདོད་པའི་ཉན་ཐོས་སྡེ་པ་དེ་པའི་ལུགས་ཀྱི་དགེ་སློང་དེ་ཆོས་ཅན། མིར་ཆགས་བསད་པའི་ཕམ་པ་དེ་ཁྱོད་ལ་ལྟོས་པའི་རྩ་ལྟུང་ཡིན་པར་ཐལ། ཁྱོད་བཅས་ལྡན་དགེ་སློང་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་ཐལ་བས་ཀྱང་བཟློག་པར་ནུས་སོ། །རྣམ་པར་དཔྱོད་པ་གསུམ་པའི་དངོས་ལན་ནི། སྤྱིར་སྔགས་ནས་གསུངས་པའི་སེམས་སྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་དེ་དང་དེ་ལ། དབུ་སེམས་ཀྱི་ལུགས་གཉིས་ཀྱི་ཆོ་གའི་ཡན་ལག་ཅི་རིགས་པ་མ་ཚང་ཡང༌། དངོས་གཞིའི་སྡོམ་པ་དེ་སྨོན་འཇུག་གི་སྡོམ་པ་གཉིས་ཚོགས་ཀྱི་ཚུལ་དུ་བླངས་པ་ཞིག་ཡིན་པར་འདུག་ན། དེ་འདྲ་དེ་དབུ་མའི་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པར་གཞག་ནས། དེའི་ལུགས་ཀྱི་སྤང་བྱ་དང་བསླབ་བྱ་ལ་ངེས་པར་སློབ་བོ། །ཡང་དེ་འདྲ་སེམས་སྐྱེད་སྔོན་དུ་བཏང་ནས། འཇུག་པའི་སྡོམ་པ་རྐྱང་པ་ཞིག་བླངས་པར་འདུག་ན། དེ་འདྲ་དེ་སེམས་ཙམ་ལུགས་ཀྱི་སྡོམ་པར་གཞག་ནས། དེའི་གཞུང་ལུགས་ནས་འབྱུང་བའི་སྤང་བྱ་དང་བསླབ་བྱ་ལ་ངེས་པར་སློབ་བོ། །བྱེ་བྲག་དབང་བསྐུར་གྱི་སྔོན་དུ། དཀོན་མཆོག་གསུམ་ལ། ཞེས་སོགས་ཀྱི་རྐང་པ་བཞིས་སེམས་སྐྱེད་ཀྱི་སྡོམ་པ་ལེན་པར་ཚད་ལྡན་གྱི་རྒྱ་གཞུང་དྲུག་ཙམ་ལས་བཤད་པ་ལྟར་ན། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པས་སྨོན་འཇུག་གི་སེམས་སྐྱེད་གཉིས་ཀ་བཟུང་བར་འཆད་དགོས་ལ། རྐང་པ་གཅིག་པུ་དེས་སྨོན་འཇུག་གཉིས་ཀའི་སྡོམ་པ་བཟུང་བར་འཆད་པ་ནི་ཅུང་ཞིག་དཀའ་བ་ཡིན་ཏེ། གཞན་དོན་གྱི་སྤྱོད་པ་ལ་སློབ་པའི་ཚིག་དོན་གཉིས་ཀ་དངོས་སུ་མི་སྣང་བའི་ཕྱིར། དེས་ན་འཇུག་སྡོམ་ནི། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །ཞེས་སོགས་ལྷག་མ་རྣམས་ཀྱིས་འཛིན་པར་བཤད་ན་ལེགས་པ་ལྟར། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས། དབང་གི་ཆུ་བོ་ལས། ཤླཽ་ཀ་ཡོངས་སུ་གྲགས་པ་གསུམ་པོ་དེ། ལན་གསུམ་གྱི་སྒོ་ནས་སྨོན་འཇུག་གི་སྡོམ་པ་འཛིན་པར་བཤད་དོ། །ཚིགས་བཅད་གསུམ་པོ་འདི་གོ་རིམ་བཞིན་དུ། སྐྱབས་འགྲོ་དང༌། སྡིག་བཤགས་དང༌། ཡི་རང་གསུམ་གྱིས་མཚོན་པའི་ཡན་ལག་བདུན་པ་སྔོན་དུ་བཏང་ནས། ཐོག་མར་སྨོན་སེམས་དང༌། དེ་ནས་འཇུག་པ་སེམས་སྐྱེད་དང༌། དེ་ནས་གཉིས་ཀའི་སྡོམ་པ་འཛིན་པ་དང༌། རྐང་པ་ཐ་མས་དེ་ཐམས་ཅད་ཀྱི་དོན་བསྡུས་ནས་བསྟན་པས་ན། དབུ་མའི་ལུགས་ཀྱི་ཆོ་གས་བླངས་པར་ངེས་སོ་ཞེས་བྱ་བ་འདི་གྲུབ་བོ། །རྣམ་པར་དཔྱོད་པ་བཞི་པའི་ལན་ནི། རྣམ་སྣང་མངོན་བྱང་དང༌། དམ་ཚིགས་གསུམ་བཀོད་ལས་སེམས་སྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་གསུངས་པ་དེ་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཆོ་ག་གསུངས་པ་ཡིན་ལ། འདིར་ཐེག་པ་ཆེན་པོའི་སེམས་སྐྱེད་ཀྱི་ཆོ་ག་ལ་དབུ་སེམས་ཀྱི་ལུགས་གཉིས་སུ་ངེས་པ་ལྟ་བུར་བཤད་པ་དེ་ནི། ཀུན་རྫོབ་སེམས་སྐྱེད་ཁོ་ནའི་དབང་དུ་བྱས་པ་ཡིན་པས། ཧ་ཅང་ཐལ་བ་མེད་དོ། །དེ་ལྟ་ནའང༌། སྔགས་ཀྱི་བཀའ་དང་བསྟན་བཅོས་དུ་མར། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པ་དང་ལྷན་ཅིག་ཏུ་འཇུག་པ་སེམས་སྐྱེད་ཀྱི་སྡོམ་པ་འཛིན་པ་ཞིག་སྐབས་དུ་མར་བཤད་སྣང་བ་དེ་ནི། ལུགས་གཉིས་པོ་གང་གི་ཁོངས་སུ་ཡང་གཏོགས་པ་མ་ཡིན་ཏེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཡིན་པའི་ཕྱིར། དེ་ལྟར་བཤད་པ་དེ་ཁོ་ནར་མ་ཟད། སྔགས་ཀྱི་ཐེག་པར་ནི། སྨོན་འཇུག་གི་སྡོམ་པ་གང་རུང་མ་ཡིན་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་གསུམ་པ་ཞིག་དང༌། དེ་ལ་ལྟོས་པའི་དམ་ཚིག་གི་ངོ་བོ་དང༌། དེ་དང་འགལ་བའི་རྩ་བའི་ལྟུང་བ་ཡང་རྣམ་པར་གཞག་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། དེ་ལ་རེ་ཤིག སློབ་དཔོན་དམ་ཚིག་གསུམ་རྣམ་པར་དབྱེ་བ་ལ་མཁས་ཤིང༌། བདག་ཀྱང་དམ་ཚིག་གསུམ་ལ་གནས་པ་ཡིན་ནོ། །གསུམ་གང་ཞེ་ན། སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་མཐོང་བའོ། །འདི་ལ་ཆོས་ཀྱི་དབྱིངས་རྟོགས་པའི་རང་རིག་པའི་རྣམ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཡིན་ནོ། །གང་ལུས་དང་ངག་དང་ཡིད་འཇུག་པ་དེ་ནི་སྤྲུལ་པའི་མཚན་ཉིད་ཡིན་ནོ། །གསང་བའི་བདག་པོ། དེ་ནི་དམ་ཚིག་གསུམ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་རྟོགས་ན། མུ་སྟེགས་ཅན་གཞན་དག་གིས་ལྟ་ཅི་སྨོས། ཞེས་དང༌། གསང་བའི་བདག་པོ། དམ་ཚིག་འདི་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔས་ཆོས་ལྔ་རིང་དུ་སྤང་བར་བྱའོ། །ལྔ་གང་ཞེ་ན། སེར་སྣ་དང༌། སེམས་ཅན་ལ་གནོད་པ་དང༌། ཐེ་ཚོམ་དང༌། ལེ་ལོ་དང༌། གསང་སྔགས་ལ་སོགས་པ་ལ་མ་གུས་པ་སྟེ། ཞེས་གསུངས་སོ། །གོང་དུ་དྲངས་པའི་ཆོ་གས་ཐོབ་པའི་སྡོམ་པ་དེ་སྡོམ་པ་མཚན་ཉིད་པར་མི་བཞེད་པ་ཡང་མ་ཡིན་ཏེ། དེ་གཉིས་ལས། ཇི་སྐད་དུ། གསང་བའི་བདག་པོ། འདི་ནི་དམ་ཚིག་ཆེན་པོ་འདི་ལ་འཇུག་པ་ཞེས་བྱ་བའི་སྡོམ་པ་ཡིན་ཏེ། སྡོམ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ནི། ཚུལ་ཁྲིམས་ཤིན་ཏུ་བསྡམས་ཤིང༌། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བླ་ན་མེད་པ་ལ་གནས་པ་ཡིན་ནོ། །ཞེས་གསུངས་སོ། །དོན་དེ་ཉིད་བསྟན་བཅོས་མཛད་པ་པོ་འདི་ཉིད་ཀྱི་དགོངས་པ་ཡིན་ཏེ། ཐུབ་པའི་དགོངས་པ་གསལ་བ་ལས། གསང་སྔགས་ཀྱི་ཆོ་ག་དང༌། ཕ་རོལ་ཏུ་ཕྱིན་པའི་སེམས་སྐྱེད་བསྲེས་པས་མི་འདྲེ། ཕ་རོལ་ཏུ་ཕྱིན་པའི་སྨོན་འཇུག་ལ་ཆོ་ག་མདོ་བསྟན་བཅོས་ཀུན་ནས་བཤད། དོན་དམ་སེམས་སྐྱེད་ལ་ཆོ་ག་མདོ་བསྟན་བཅོས་ཀུན་ནས་བཤད་པ་མེད། ཅེས་དང༌། གསང་སྔགས་ལས། དོན་དམ་སེམས་སྐྱེད་ཁ་དོག་དང་དབྱིབས་སུ་སྒོམ་པར་བཤད་པའང་ཡོད། ཅེས་སོགས་རྒྱས་པར་གསུངས་སོ། །འདིའི་སྤྲོས་པ་ལྷག་མ་ནི། འོག་ཏུ་དོན་དམ་སེམས་སྐྱེད་ཀྱི་ཆོ་ག་ལ་དཔྱད་པའི་སྐབས་སུ་བཤད་པར་བྱའོ། །དེ་དག་ལ་འདི་སྐད་ཅེས། དབུ་སེམས་གཉིས་ལ་ལྟ་བ་ཡི། །ཁྱད་པར་ཡོད་པ་ཇི་བཞིན་དུ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང༌། །སྨོན་འཇུག་གཉིས་ཀས་བསྡུས་པ་དང༌། །འཇུག་སྡོམ་རྐྱང་པའི་ཁྱད་པར་གྱིས། །རྟེན་དང་ལེན་པའི་ཆོ་ག་དང༌། །ལྟུང་བ་དང་ནི་བསླབ་བྱ་དང༌། །ཕྱིར་བཅོས་སོགས་ཀྱི་ཁྱད་པར་ཡང༌། །རྒྱ་ཆེ་བ་དང་ཆུང་བ་ཉིད། །གསང་སྔགས་གཞུང་དུ་ཀུན་རྫོབ་དང༌། །དོན་དམ་སེམས་སྐྱེད་གཉིས་ཀ་ལ། །ལེན་པའི་ཆོ་ག་རྒྱས་པར་གསུངས། །ཀུན་རྫོབ་བྱང་ཆུབ་སེམས་སྐྱེད་དང༌། །དེ་ཡི་སྡོམ་པ་རིམ་བཞིན་དུ། །ལེན་པའི་ཆོ་ག་ཞིག་སྣང་ན། །སེམས་ཙམ་ལུགས་དང་མཐུན་ཞེས་བྱ། །སྨོན་པའི་སྡོམ་པ་ཙམ་ཞིག་གམ། །ཡང་ན་སྨོན་འཇུག་གཉིས་ཀ་ཡི། །སྡོམ་པ་ལྷན་ཅིག་ལེན་བྱེད་པ། །དབུ་མའི་ལུགས་དང་མཐུན་ཞེས་བྱ། །དོན་དམ་བྱང་ཆུབ་སེམས་བསྐྱེད་ནས། །དེ་ཡི་སྡོམ་པའང་ལེན་བྱེད་པ། །སྔགས་ཀྱི་ཐུན་མོང་མིན་པའི་ལུགས། །ཡིན་པར་ཀླུ་སྒྲུབ་ཞབས་ཀྱིས་བཤད།།  །།དྲི་བ་གཉིས་པ་ནི། ལྟ་བས་ཆོ་གའི་ཁྱད་འབྱེད་ན། །དབུ་མའི་ལྟ་བ་དང་ལྡན་པ། །དེ་ལ་བྱང་སའི་ཆོ་ག་ཡི། །སེམས་སྐྱེད་སྡོམ་པ་མི་སྐྱེའམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་གི་དངོས་བསྟན་ལ་དེ་གཉིས་ཀྱི་ཆོ་ག་དེ་ཐ་དད་དུ་འབད་པའི་རྒྱུ་མཚན། ལྟ་བ་ཐ་དད་ལ་རག་ལས་པ་ལྟ་བུར་བཤད་ཅིང༌། རྣམ་བཤད་མཛད་པ་པོ་རྣམས་ཀྱིས་ཀྱང༌། བཤད་པ་ཟུར་དོད་པར་མ་མཛད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་ནི། གཉིས་པོའི་ཁྱད་པར་ལྟ་བས་འབྱེད་པ་དེ་ལྟ་ན། ཆོ་ག་དེ་དང་དེས་སེམས་སྐྱེད་འབོགས་པའི་ཚེ། ལེན་པ་པོ་ལ་ལྟ་བ་ལོགས་པ་དགོས་པ་ཡིན་ནམ། འབོགས་པ་པོ་ལ་དགོས་པ་ཡིན་ནམ། དེ་གཉིས་གང་ཡང་མ་ཡིན་པར། སྡོམ་པའི་རྒྱུད་པ་དབུ་སེམས་ཀྱི་སློབ་དཔོན་སོ་སོ་བ་ལ་བརྒྱུད་པའི་རྒྱུ་མཚན་གྱིས་ཡིན། དང་པོ་ལྟར་ན། དབུ་མའི་ལྟ་བ་དང་ལྡན་པ་ལ་བྱང་ས་ནས་བཤད་པའི་འཇུག་སྡོམ་མི་སྐྱེ་བར་འགྱུར་ཞིང༌། སེམས་ཙམ་གྱི་ལྟ་བ་ཅན་ལ་སྤྱོད་འཇུག་ནས་གསུངས་པའི་སེམས་སྐྱེད་ཀྱི་སྡོམ་པ་དེ་མི་སྐྱེ་བར་ཧ་ཅང་ཐལ་ལོ། །གཉིས་པ་ལྟར་ན། རྗེ་བཙུན་བྱམས་པ་དང༌། འཕགས་པ་ཐོགས་མེད་དང༌། ཇོ་བོ་ཨ་ཏི་ཤ་རྣམས། སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་འབོགས་པ་པོར་མི་རུང་བར་འགྱུར་ཞིང༌། ཇོ་བོའི་བླ་མ་དྷརྨཱ་རཀྵི་ཏ་ལྟ་བུ་དབུ་མ་ལུགས་ཀྱི་སྡོམ་པ་འབོགས་པ་པོ་ཉིད་དུ་མི་རུང་བར་འགྱུར་བ་དང༌། ལྟ་བ་དེ་གཉིས་གང་དང་ཡང་མི་ལྡན་པའི་དགེ་བའི་བཤེས་གཉེན་དག་གིས། ལུགས་གཉིས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་འབོགས་པ་པོ་ཉིད་དུ་མི་རུང་བར་འགྱུར་རོ། །གསུམ་པ་ལྟར་ན་ཡང༌། སེམས་ཙམ་ལུགས་ཀྱི་སྡོམ་པའི་རྒྱུད་པ་ལ། དབུ་མའི་ལུགས་ཀྱི་ལྟ་བ་རྒྱུད་ལ་འཁྲུངས་པའི་སློབ་དཔོན་མང་དུ་སྣང་བ་དང་འགལ་བར་འགྱུར་རོ་སྙམ་པའི་དོགས་པ་འདི་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། བརྟག་པ་གསུམ་པོ་དེ་དག་གང་དུ་ཡང་ཁས་མི་ལེན་གྱི། འོ་ན་ཅི་ཞེ་ན། བསྟན་བཅོས་མཛད་པ་པོ་འདིས་ནི། རྣམ་རྫུན་གྱི་ལྟ་བ་ཡང་སེམས་ཙམ་པའི་ལྟ་བར་བཞེད་པས། བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བའི་བསྟན་བཅོས་འདིས་ནི། སེམས་ཙམ་རྣམ་རྫུན་གྱི་ལྟ་བ་གང་ཡིན་པ་དེ་ཉིད། མཐར་ཐུག་གི་ལྟ་བར་སྟོན་པའི་ཕྱིར་ན། སེམས་ཙམ་གྱི་བསྟན་བཅོས་ཡིན་ལ། དེ་ནས་བཤད་པའི་སེམས་སྐྱེད་ཀྱི་ཆོ་ག་དེ་ལ་ནི་སེམས་ཙམ་གྱི་ལུགས་ཞེས་བྱ་སྟེ། ཆོ་ག་དེའི་བཤད་པའི་སྲོལ་ཐོག་མར་འབྱེད་པ་ནི་སེམས་ཙམ་གྱི་བསྟན་བཅོས་ཁོ་ན་ཡིན་པའི་ཕྱིར། དེ་བཞིན་དུ། ཛེ་ཏཱ་རིའི་ཡི་དམ་བླང་བའི་ཆོ་ག་ལས་འབྱུང་བའི་སེམས་སྐྱེད་ཀྱི་ལུགས་འདི་ལ་ནི་དབུ་མའི་ལུགས་ཞེས་བྱ་སྟེ། འདིའི་བཤད་པའི་སྲོལ་ཐོག་མར་འབྱེད་པའི་བསྟན་བཅོས་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གསུངས་པ་དེ་ཉིད་ཡིན་པའི་ཕྱིར་རོ། །ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་སེམས་སྐྱེད་ཀྱི་ཆོ་ག་ནི་དབུ་མའི་ལུགས་སུ་འཆད་པ་དོན་གྱིས་ཐོབ་པ་ལྟ་བུར་སྣང་ཡང༌། བསྟན་བཅོས་མཛད་པ་འདིས་ལུགས་གཉིས་ཀྱི་རྣམ་པར་གཞག་པ་སོ་སོར་ཕྱེ་བ་དེའི་ཁོངས་སུ་མི་གཏོགས་ཏེ། དེ་ལ་འདིར་མི་འདྲ་བའི་ཁྱད་པར་ཇི་སྐད་བཤད་པ་དེ་དག་མ་ཚང་བ་དང༌། སྔགས་ལུགས་ཀྱི་དོན་དམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་སྐྱེད་པ་དང༌། འཇུག་སྡོམ་འབྲེལ་ཆགས་སུ་ལེན་པ་ཞིག་བཤད་སྣང་བས་སོ། །དྲི་བ་གསུམ་པ་ནི། བསླབ་བཏུས་ལས་གསུངས་རྩ་བ་ཡི། །ལྟུང་བར་བྱང་ས་ལས་བཤད་པའི། །རྩ་བའི་ལྟུང་བ་འདུས་སོ་ཞེས། །བསླབ་བཏུས་ཉིད་ལས་གསུངས་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། ལྟུང་བ་དང་ནི་ཕྱིར་བཅོས་དང༌། །བསླབ་པར་བྱ་བའང་སོ་སོར་ཡོད། །ཅེས་པའི་སྒྲ་ཇི་བཞིན་པ་འདི་ལ་འཁྲུལ་ནས། དབུ་མའི་ལུགས་ཀྱི་ཆོ་གས་བླངས་པའི་སེམས་སྐྱེད་ཀྱི་སྡོམ་པ་དང་ལྡན་པ་དེས། བྱང་ས་ནས་གསུངས་པའི་རྩ་བའི་ལྟུང་བ་རྣམས་བསྲུང་མི་དགོས་སམ་སྙམ་པ་དང༌། བྱང་ས་ནས་གསུངས་པའི་སྡོམ་ལྡན་དེ་ལ། བསླབ་བཏུས་ནས་གསུངས་པའི་རྩ་བའི་ལྟུང་བར་བཤད་པ་བཅུ་དགུ་པོ་ཐམས་ཅད་སྡོམ་པ་གཏོང་བའི་རྒྱུར་མི་འགྱུར་རམ་སྙམ་པའི་དོགས་པ་དེ་ནི། གཞུང་འདིའི་རྣམ་བཤད་མཛད་པ་ཕལ་ཆེ་བ་ལ་སྣང་ཞིང༌། རྣམ་བཤད་མཛད་པ་ཀུ་མཱ་ར་ལ་སོགས་པ་ལ་ལ་དག་གིས། ལུགས་གཉིས་ཀྱི་རྩ་བའི་ལྟུང་བ་རྣམས་ཕན་ཚུན་དུ་གཉིས་ཀས་གཉིས་ཀ་བསྡུས་པའི་བཤད་པ་རང་ལུགས་ཡིན་པ་ལྟ་བུར་གཞག་འདུག་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་ན་གཞུང་ཆུད་འཛའ་བའི་ཉེས་དམིགས་ནི། ལུགས་དེ་གཉིས་ཀྱི་ལྟུང་བ་ལ་གཞི་མཐུན་མི་སྲིད་ན་བསླབ་བཏུས་དང་དངོས་སུ་འགལ་བ་དང༌། བསླབ་བཏུས་ནས་གསུངས་པའི་རྩ་ལྟུང་ཐམས་ཅད་བྱང་སའི་ལྟུང་བར་བསྡུས་ན་བྱང་ས་ཉིད་དང་དངོས་སུ་འགལ་བ་དང༌། རྩ་བའི་ལྟུང་བ་ཕན་ཚུན་ཁྱབ་མཉམ་དུ་འཆད་པ་དེ་ལྟ་ན། ལུགས་གཉིས་པོ་ཕན་ཚུན་དུ་བསྲེས་ནས་འབྱེད་པ་འཇིགས་མེད་འབྱུང་གནས་ལ་སོགས་པའི་བཞེད་པ་དེར་སོང་བ་དང༌། སེམས་ཙམ་ལུགས་ཀྱི་ཆོ་གའི་དངོས་གཞི་ལ། དབུ་མ་ལུགས་ཀྱི་སྦྱོར་བའི་ཆོ་ག་རྣམས་སྦྱར་ནས་ལག་ལེན་བྱེད་པ་བོད་གཞན་གྱི་འདོད་པ་དེར་སོང་བས་བསྟན་བཅོས་འདིས་གང་བཞག་པའི་ཕྱོགས་སྔ་མ་དེ་ཁས་བླངས་པ་ཡིན་ནོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། ལན་དངོས་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། དབུ་མ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་དང༌། རྩ་བའི་ལྟུང་བ་དང༌། བསླབ་བྱ་སོགས་ཀྱི་ནང་དུ་གཅིག་ཤོས་ཀྱི་དེ་དང་དེ་དག་འདུས་པ་ཡིན་ཏེ། རྒྱ་ཆེ་བས་རྒྱ་ཆུང་བ་བསྡུས་པའི་རིགས་པ་ལས་དང༌། དྲིས་ལན་གོང་མའི་སྐབས་སུ། བྱང་སར་བཤད་པའི་ཕམ་པ་ལྟ་བུའི་ཆོས་བཞི་པོ། བསླབ་བཏུས་ཀྱི་རྩ་ལྟུང་སྟོན་པའི་གཞུང་སོ་སོ་དང་སྦྱོར་བའི་ཚུལ་བཤད་ཟིན་པ་དེ་ཉིད། བསླབ་བཏུས་ཀྱི་དགོངས་པ་ཡིན་པར་དེ་ཉིད་ཀྱི་ལུང་གིས་གྲུབ་པས་སོ། །ཇི་ལྟར་ཞེ་ན། དེ་ཉིད་ལས། ཇི་སྐད་དུ། རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་བཟུང་བ་དང༌། འགའ་ཞིག་གི་ལུགས་གནས་པར་བྱ་བའི་ཕྱིར་བསྡུ་བའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །ཞེས་གསུངས་ལ། དེར་འགའ་ཞིག་གི་ལུགས་ཤེས་པ། འཕགས་པ་ཐོགས་མེད་ཀྱི་ལུགས་ལ་བྱ་བར། སྔོན་གྱི་བསླབ་བཏུས་འཆད་པ་པོ་ཀུན་གྱིས་འཆད་ཀྱིན་སྣང་བ་ལྟར་རིགས་པའི་ཕྱིར་རོ། །དེ་ལྟར་བཤད་པ་འདི་ཡང༌། དབུ་མའི་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་ཡོངས་སུ་རྫོགས་པའི་དབང་དུ་བྱས་པ་ཡིན་གྱི། ཐམས་ཅད་ལ་མ་ཡིན་ཏེ། ལུགས་དེ་ལ་སྨོན་པའི་སྡོམ་པ་རྐྱང་པ་བླངས་ནས་བསྲུང་བ་དང༌། འཇུག་པའི་སྡོམ་པ་བླངས་ནས་ཀྱང༌། ཉེས་སྤྱོད་ཀྱི་སྣ་གཅིག་སྡོམ་པ་སོགས་ཡོད་པར་མདོ་སྡེ་ལས་རྒྱས་པར་གསུངས་པ་རྣམས་བསླབ་བཏུས་སུ་དྲངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ན་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུས། རྒྱ་ཆུང་བ་ལྟེང་ཀའི་ཆུ་ལྟ་བུ་བསྡུས་པའི་རྒྱུ་མཚན་གྱིས། ལུགས་གཉིས་ཀྱི་ལྟུང་བ་ལ་གཞི་མཐུན་སྲིད་ཀྱང༌། རྒྱ་ཆུང་བའི་ནང་དུ་རྒྱ་ཆེ་བ་རྣམས་མ་བསྡུས་པའི་རྒྱུ་མཚན་གྱིས། ལུགས་གཉིས་པོ་སོ་སོ་ཐ་དད་པ་ཁོ་ནར་ངེས་སོ། །ཞེས་བྱ་བ་ནི་བསྟན་བཅོས་མཛད་པ་པོ་འདིའི་བཞེད་པ་ཡིན་པ་ལ། སྤོས་ཁང་པའི་རྣམ་བཤད་ལས། ཐུབ་པ་དགོངས་རྒྱན་དུ། འདིར་གསུངས་པའི་རྩ་ལྟུང་རྣམས། བྱང་སར་གསུངས་པའི་རྩ་ལྟུང་བཞིར་བསྡུད་པའི་ཚུལ་གསལ་པོར་བཤད་པ་ལྟར། སྔོན་གྱི་སློབ་དཔོན་མང་པོ་ཡང་བཞེད་དོ། །ཞེས་ལུགས་དེ་སྐྱོན་མེད་ཡིན་པ་ལྟ་བུར་བཤད་པ་དང༌། ཀུ་མཱ་རའི་རྣམ་བཤད་ལས། ཨ་བྷྱ་ཀ་རས་བྱང་སར་གསུངས་པའི་རྩ་ལྟུང་བཞི་པོ་ཉིད་ཀྱིས། ནམ་སྙིང་དང་ཐབས་ལ་མཁས་པའི་མདོ་ནས་གསུངས་པའི་རྩ་ལྟུང་རྣམས་བསྡུས་པར་བཞེད་དེ། དགོངས་རྒྱན་དུ། གང་ཟག་འབྲིང་དང་ཆུང་ངུའི་བྱེ་བྲག་གིས། ལྔ་དང༌། བརྒྱད་དང༌། བཞིའོ། །ཞེས་ལྟུང་བའི་རབ་ཏུ་དབྱེ་བ་རྒྱས་པར་བསྟན་ལ། གང་ཟག་གཅིག་ལ་ཡང་གཞན་ལྟུང་བ་དེ་རྣམས་ཀྱང་ངོ༌། །ཞེས་རྒྱལ་རིགས་ལ་ལྔ་གསུང་པ་གང་ཟག་འབྲིང་དང༌། ལས་དང་པོ་པ་ལ་བརྒྱད་གསུངས་པ་གང་ཟག་ཆུང་ངུ་དང༌། བྱང་སར་བཞི་གསུངས་པ་གང་ཟག་ཆེན་པོའི་དབང་དུ་བྱས་ལ། འོན་ཀྱང་གང་ཟག་དེ་དག་རེ་རེ་ལ་ཡང་ལྟུང་བ་གཞན་རྣམས་ཀྱང་འཇོག་པར་བཞེད་དོ། །དེ་ལྟ་ན། གང་ཟག་གསུམ་པོ་རེ་རེ་ལ་ལྟུང་བ་བཅུ་བདུན་བཅུ་བདུན་དུ་འགྱུར་ཏེ། བྱང་སའི་དང་པོ་ནམ་སྙིང་གི་མདོར་གསུངས་པས། དེ་དང་བཅས་པའི་བཅུ་བཞི། བྱང་སའི་ལྷག་མ་གསུམ་གྱི་བར་པ་གཉིས་དང༌། ཐ་མའི་དམ་ཆོས་ལྟར་སྣང་སྟོན་པ་སྟེ། རྩ་བའི་ལྟུང་བ་བཅུ་བདུན་ཡོད་པའི་ཕྱིར། འོ་ན། བྱང་སར་གསུངས་པའི་བཞི་པོ་ཉིད་ཀྱིས་གཞན་རྣམས་བསྡུས་པས། བཞིར་མ་བསྡུས་པའི་རྩ་ལྟུང་གཞན་ཡོད་པར་མི་འགྱུར་རོ། །བསྡུས་ཚུལ་ལ། སྡུད་བྱེད་ནི་བདག་ལ་བསྟོད་པ་སོགས་བརྒྱད་དོ། །བསྡུ་བྱ་ནི་ཐེག་པ་ཆེན་པོ་སྤོང་བ་དང༌། རྙེད་བཀུར་གྱི་ཕྱིར་དུ་བདག་ལ་བསྟོད་ཅིང༌། གཞན་ལ་སྨོད་པ་ནི་སྡུད་བྱེད་དང་གཅིག་པས། དེ་དག་མ་གཏོགས་པའི་ནམ་སྙིང་གི་མདོ་ནས་འབྱུང་བ་རྣམས་དང༌། ཐབས་ལ་མཁས་པའི་མདོ་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་འདོར་བ་སྟེ། རྩ་ལྟུང་བཅུ་བཞིའོ། །ཇི་ལྟར་བསྡུས་པའི་ཚུལ་ནི། སོ་སོར་ཐར་པ་སྤོང་བ་དང༌། ཉན་ཐོས་ཀྱི་ཐེག་པས་འདོད་ཆགས་ལ་སོགས་པ་མི་སྤོང་བའི་འཛིན་པ་དང༌། ཟབ་མོའི་དོན་ལ་བཟོད་པ་ཐོབ་ཅེས་རྫུན་དུ་སྨྲ་བ་དང་གསུམ་ནི། བདག་བསྟོད་གཞན་སྨོད་དུ་འདུས་ཏེ། ཐེག་ཆེན་བྱང་སེམས་རང་གི་ཡིན་པས། དེ་ལ་བསྟོད་ཅིང༌། ཐེག་དམན་ལ་སྨད་པ་དང༌། རྫུན་དུ་སྨྲ་བས་ནི། གང་ཟག་རང་ལ་བསྟོད་ཅིང༌། གཞན་ལ་སྨད་པས་སོ། །དཀོན་མཆོག་གསུམ་གྱི་དཀོར་དང༌། ཆོས་གོས་འཕྲོག་པ་དང༌། དགེ་སྦྱོང་ཆད་པས་གཅོད་དུ་འཇུག་པ་སོགས་གསུམ་དང༌། ཡང་དག་འཇོག་གི་ལོངས་སྤྱོད་ཁ་བཏོན་པ་ལ་སྟེར་བ་རྣམས་ནི། སེར་སྣས་ནོར་མི་སྟེར་བར་འདུ། དགེ་འདུན་གྱི་དབྱེན་བྱེད་པ་དང༌། ཞི་གནས་འདོར་དུ་འཇུག་པ་ནི། སེར་སྣས་ཆོས་མི་སྟེར་བར་དུ། ཚུལ་ཁྲིམས་འཆལ་པ་ལ་རྡེག་པ་སོགས་དང༌། མཚམས་མེད་གཞན་བཞི་དང༌། གྲོང་འཇོམས་པ་རྣམས་ནི་སེམས་ཅན་ལ་རྡེག་པས་བསྡུས་སོ། །ཉན་རང་གི་ཆོས་སྤང་བ་དང༌། བློ་མ་སྦྱངས་པ་ལ་སྟོང་པ་ཉིད་རྗོད་པ་དང༌། བྱང་ཆུབ་ཀྱི་སེམས་སྤོང་བ་ནི། ཐེག་པ་ཆེན་པོ་སྤོང་བས་བསྡུས་སོ། །ལོག་པར་ལྟ་བ་བཟུང་ནས། མི་དགེ་བ་བཅུ་ལ་རང་གཞན་འགོད་པ་དང༌། རྫོགས་པའི་བྱང་ཆུབ་ལ་ཞུགས་པ་བཟློག་ནས་ཐེག་དམན་ལ་སྦྱར་བ་ནི། དམ་ཆོས་ལྟར་སྣང་སྟོན་པའི་ནང་དུ་འདུས་པར་གསུངས་སོ། །ལུང་དེའི་དོན་བྱང་སར་གསུངས་པ་བཞི་པོས། ནམ་སྙིང་གི་མདོར་གསུངས་པ་རྣམས་ཡིན་པའི་ཚུལ་གྱིས་བསྡུས་པ་ནི་མ་ཡིན་གྱི། ལྟུང་བ་རིས་མཐུན་པའི་ཚུལ་གྱིས་བསྡུས་པར་བཞེད་པ་ཡིན་ནོ། །ཞེས་གསུང་བར་སྣང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། སྤྱིར་འཇིགས་མེད་འབྱུང་གནས་ཀྱི་ལུགས་དེ་མི་འཐད། བྱེ་བྲག་ཏུ་འཆད་ལུགས་དེ་འདྲ་དེ་བསྟན་བཅོས་འདིའི་ལུགས་མ་ཡིན་པའོ། །དང་པོ་ནི། བཞི་པོས་དབུ་མ་ལུགས་ཀྱི་རྩ་ལྟུང་ཐམས་ཅད་བསྡུས་པ་མི་འཐད་པ་དང༌། བྱེ་བྲག་ཏུ་ནམ་སྙིང་གི་མདོ་ནས་གསུངས་པ་རྣམས་བསྡུས་པ་མི་འཐད་པ་ཡིན་ནོ། །དང་པོའི་ཤེས་བྱེད་ཀྱང༌། དེ་ལྟ་ཡིན་པ་འོ་ན། སྨོན་སེམས་བཏང་བ་དེ་བྱང་སའི་ལུགས་ཀྱི་རྩ་ལྟུང་དུ་ཐལ་བར་འགྱུར་ལ། དེ་ལ་འདོད་མི་ནུས་པ་ནི། བྱང་ས་ལས། སྨོན་སེམས་བཏང་བ་དེ་སྡོམ་པའི་བཏོང་རྒྱུ་ཡིན་ཀྱང༌། རྩ་བའི་ལྟུང་བ་མ་ཡིན་པར་བཤད་པའི་ཕྱིར། སྨོན་སེམས་བཏང་བ་འཇུག་སྡོམ་གྱི་རྩ་ལྟུང་ཡིན་ན། སྨོན་པའི་སེམས་དེ་འཇུག་སྡོམ་ལེན་པའི་དུས་སུ་བླངས་པར་ཡང་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པའི་ཤེས་བྱེད་ཀྱང༌། བཞི་པོས་ནམ་སྙིང་གི་མདོ་ནས་གསུངས་པ་མཐའ་དག་བསྡུས་ན། བསླབ་བཏུས་ཉིད་དང་འགལ་བ་ཡིན་ཏེ། དེ་ཉིད་ལས། ནམ་སྙིང་གི་མདོ་ལས་གསུངས་པ་བཅུ་བཞི་དང༌། ཐབས་ལ་མཁས་པའི་མདོ་ནས་གསུངས་པ་བྱང་ཆུབ་ཀྱི་སེམས་གཏོང་བ་ཞེས་བྱ་བའི་རྩ་བའི་ལྟུང་བ་གཅིག་སྟེ། བཅོ་ལྔ་པོ་སྔར་བཤད་ཟིན་པའི་འོག་ཏུ་བྱང་སའི་ལུགས་ཀྱི་རྩ་བའི་ལྟུང་བ་གསུམ་པོ་དེ་བཤད་ལ། དེ་ཡང་འགའ་ཞིག་གི་ལུགས་གནས་པའི་ཕྱིར་དུ། ཚིགས་སུ་བཅད་པ་ཞེས་བྱ་བ་དེའི་དོན་དུ་སྣང་བས་སོ། །མདོར་ན་བསླབ་བཏུས་ནས་འབྱུང་བའི་རྩ་བའི་ལྟུང་བ་ནི་གཉིས་སུ་འདུ་སྟེ། མདོ་ནས་འབྱུང་བ་དང༌། འགའ་ཞིག་གི་ལུགས་ལ་གནས་པའོ། །དང་པོ་ལ། ནམ་སྙིང་གི་མདོ་ནས་འབྱུང་བ་བཅུ་བཞི་དང༌། ཐབས་ལ་མཁས་པའི་མདོ་ནས་འབྱུང་བ་གཅིག་གོ །གཉིས་པ་ལ་བཞི་ཡོད་ཀྱང་གཅིག་ནམ་མཁའི་སྙིང་པོའི་མདོའི་ནང་ནས་འབྱུང་བ་དེ་ཉིད་དུ་འདུས་པས། ལྷག་མ་གསུམ་བཤད་པ་ཡིན་ནོ། །གཉིས་པ་ནི། འཇིགས་མེད་ཀྱི་ལུགས་དེ་འདིར་བཏང་སྙོམས་སུ་བཞག་ཏུ་མི་རུང་སྟེ། ལུགས་དེ་ནི་གཞུང་འདིར། དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་པའི་དགག་བྱའི་གཙོ་བོ་ཡིན་པའི་ཕྱིར་དང༌། གངས་ཅན་པ་ཕྱི་མ་དག་གིས། འཇིགས་མེད་ཀྱི་གཞུང་དེ་ཚད་ལྡན་གྱི་ཁུངས་སུ་བྱས་ནས། རྗེ་བཙུན་ས་སྐྱ་པའི་ལུགས་འདི་ལ་བསྟིངས་པར་བྱེད་པའི་ཚིག་མང་དུ་སྨྲས་པའི་ཕྱིར་རོ། །ཞར་ལ་འདི་ཡང་ཤེས་དགོས་ཏེ། ཇི་སྐད་དུ། ཇི་ལྟར་ནས་ཀྱི་ས་བོན་ནི། །གྲང་དྲོ་གང་དུའང་སྨིན་པ་ལྟར། །དེ་བཞིན་དབུ་མའི་སེམས་སྐྱེད་ཀྱང༌། །སྡིག་པ་ཡོད་མེད་ཀུན་ལ་སྐྱེ། །ཞེས་སྡོམ་མིན་ཅན་ལའང་སེམས་སྐྱེད་ཀྱི་སྡོམ་པ་སྐྱེ་བར་བཤད་པ་དེ་ནི། སྨོན་པ་རྐྱང་པའི་སྡོམ་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར། ཁྱོད་ནི་བྱ་བ་མང༌། བྱེད་པ་མང་བས། ཉིན་མཚན་དུ། སྦྱིན་པ་ནས་ཤེས་རབ་ཀྱི་བར་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་བསྒོམས་ཤིག གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་རྒྱལ་བ་ཐམས་ཅད་ལ་ཕུལ་ཅིག ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ། ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག རྒྱལ་པོ་ཆེན་པོ། ཁྱོད་དེ་ལྟར་བྱེད་ན། རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང༌། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །བྱང་ས་ནས་གསུངས་པའི་ཕམ་པ་ལྟ་བུའི་ཆོས་བཞི་པོས། སྨོན་པ་རྐྱང་པའི་སྡོམ་པ་འདི་གཏོང་བ་ཡང་མ་ཡིན་ཏེ། ཇི་སྐད་དུ། བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཡང་རྣམ་པར་བཟློག་གོ །དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་སྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །ཞེས་གསུངས་སོ། །འོ་ན་འདི་ཙམ་ཞིག སེམས་ཙམ་ལུགས་ཀྱི་སྡོམ་པའི་རྟེན་དུ་ཡང་དགོས་པ་མ་ཡིན་ནམ་ཞེ་ན། དེ་དགོས་མོད། དེ་འདྲ་དེ་སེམས་ཙམ་ལུགས་ཀྱི་ཆོ་གས་ཐོབ་པའི་སྡོམ་པ་མ་ཡིན་པའི་ཕྱིར་ན། སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་དེ་སྡོམ་མིན་ཅན་ལ་སྐྱེ་བར་ཐལ་བའི་ཉེས་པ་མེད་དོ། །ཡང་ཇི་སྐད་དུ། དཔེར་ན་འབྲས་ཀྱི་ས་བོན་ནི། །གྲང་བའི་ཡུལ་དུ་མི་སྐྱེ་བ། །དེ་བཞིན་སེམས་ཙམ་པ་ཡི་ཡང༌། །སེམས་སྐྱེད་སྡིག་ཅན་ལ་མི་སྐྱེ། །ཞེས་བཤད་པ་དེ་ནི་འཇུག་པའི་སྡོམ་པ་ཁོ་ན་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། ལམ་སྒྲོན་ལས། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་པ་དང༌། བྱང་ས་ཉིད་ལས། སྡོམ་པ་འདི་ལེན་པའི་སྔོན་རོལ་དུ་བར་ཆད་འདྲི་བ་ན། རིགས་ཀྱི་བུའམ། ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད། བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་སྨྲོས་ཤིག དེས་ཀྱང་ལགས་སོ་ཞེས་ཁས་ལོང་ཤིག ཅེས་གསུངས་པ་ཡིན་ནོ།།  །།དྲི་བ་བཞི་པ་ནི། དབུ་མ་ལུགས་ཀྱི་སེམས་སྐྱེད་ཀྱི། །རྟེན་དུ་སོ་ཐར་མི་དགོས་ན། །ཡན་ལག་བདུན་པ་སྔོན་འགྲོ་བར། །གསུངས་པའི་དགོངས་པ་གང་ཞིག་ཡིན། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། ལུགས་གཉིས་ཀྱི་ཆོ་གའི་ཁྱད་པར། སོ་སོར་ཐར་པ་རྟེན་དུ་དགོས་མི་དགོས་ཀྱིས་འབྱེད་པ་ལ་རྩོད་པ་མི་འདུག་ཀྱང༌། རྟེན་སོ་སོར་ཐར་པ་དེ་སོ་སོར་ཐར་པ་རིགས་བདུན་གང་རུང་ལ་བྱེད་ན་ནི། རྗེ་བཙུན་ཆེན་པོའི་གསུང་རབ་དང་མི་མཐུན་པ་དང༌། ཐེག་ཆེན་གྱི་སོ་སོར་ཐར་པ་ལ་བྱེད་ན་ནི། དབུ་མ་ལུགས་ཀྱི་སྦྱོར་ཆོག་ལ་ཡན་ལག་བདུན་པ་སྔོན་དུ་འགྲོ་དགོས་པར་བཤད་ལ། བདུན་པོའི་ནང་གི་བསྔོ་བ་དེ་ནི་རྫོགས་བྱང་དུ་བསྔོ་བ་ཡིན་ཞིང༌། དེ་ཡང་སྨོན་པ་སེམས་སྐྱེད་དང་དོན་གཅིག་པས། སྨོན་སེམས་ཀྱི་དུས་སུ་ནི་ཐེག་ཆེན་གྱི་སོ་སོར་ཐར་པའི་སྡོམ་པ་སྐྱེ་ཞིང་འཐོབ་པ་ནི། རྗེ་བཙུན་གྲགས་པའི་ཞབས་ཀྱི་བཞེད་པ་ལ་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་སྐྱོན་ནི། དབུ་མའི་ལུགས་ཀྱི་འཇུག་སྡོམ་གནས་པའི་རྟེན་དུ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ངེས་པར་དགོས་པ་མ་ཡིན་ནོ་སྙམ་པ་འདི། དུས་ཕྱིས་བསྟན་བཅོས་འདི་ལ་འབེལ་གཏམ་བྱེད་པ་པོ་དག་ལ་ངེས་པར་སྐྱེ་བ་ཡིན་ཏེ། སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སོ་ཐར་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་མིང་ཅན་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་སོ་ཐར་ལ་འཆད་པ་དག་སྣང་བ་དང༌། གཞུང་ཉིད་དུ། དབུ་མ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པའི་རྟེན་དུ་སོ་ཐར་མི་དགོས་པར་ཡང་བཤད་པས་སོ། །དེ་ཡང་དེ་ལྟར་འདོད་ན་ནི། ཤིན་ཏུ་མི་རིགས་ཏེ། འཇུག་པ་སེམས་སྐྱེད་ཀྱི་སྡོམ་པའི་དངོས་གཞི་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་གཞག་དགོས་པའི་ཕྱིར་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་བྱང་སེམས་ཀྱི་སྡོམ་པ་ལ་འཆད་དགོས་པའི་ཕྱིར། གཉིས་པ་དངོས་ལན་གདབ་པ་ནི། དབུ་མ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་ནི་གཉིས་ཏེ། སྨོན་པ་རྐྱང་པའི་སྡོམ་པ་དང༌། གཉིས་ཀ་བསྡོམས་པའི་སྡོམ་པའོ། །དང་པོའི་རྟེན་དུ་ནི་སོ་ཐར་རིས་བདུན་ལྟ་ཞོག ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཙམ་ཡང་དགོས་པ་མ་ཡིན་ཏེ། གོང་དུ་རྒྱལ་པོ་ལ་གདམས་པའི་མདོའི་ལུང་དྲངས་པ་ལས། རྒྱལ་པོ་དང་ཤན་པ་ལྟ་བུ་སྡོམ་མིན་ཅན་ལ་ཡང༌། སྨོན་པའི་སྡོམ་པ་སྐྱེ་བར་བཤད་པ་ལས་ཤེས་སོ། །གཉིས་པ་དེའི་རྟེན་དུ་ནི་སོ་ཐར་རིས་བདུན་པོ་གང་རུང་ངེས་པར་དགོས་པ་མ་ཡིན་ཡང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི་ངེས་པར་དགོས་ཏེ། དེ་མེད་ན་འཇུག་སྡོམ་གནས་པའི་གོ་སྐབས་མེད་པའི་ཕྱིར། དཔེར་ན་མཁར་གཞོང་ལ་མ་རྟེན་པར། རྒྱ་ཤུག་མི་གནས་པ་བཞིན་ནོ། །རྟེན་དེ་ཡང་སྡོམ་པའི་སྔོན་དུ་ལེན་དགོས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འཇུག་པའི་སྡོམ་པ་ལེན་པའི་ཆོ་ག་དེ་ཉིད་ཀྱིས་དེ་ཐོབ་པ་ཡིན་པའི་ཕྱིར་རོ། །སེམས་ཙམ་གྱི་ལུགས་ལ་ནི། འཇུག་སྡོམ་གྱི་རྟེན་སོ་སོར་ཐར་པ་དེ་ཉན་ཐོས་ཀྱི་འདུལ་བའི་ལུགས་སམ། བྱང་སེམས་ཀྱི་འདུལ་བའི་ལུགས་གང་ལ་བྱ་ཡང་འདྲ་སྟེ། འཇུག་སྡོམ་གྱི་སྔོན་དུ་ལེན་པ་ཡིན་ལ། དེ་ཡང་རྗེ་བཙུན་ཆེན་པོའི་གསུང་ལྟར་ན་ནི། འཇུག་སྡོམ་གྱི་སྔོན་དུ་སྨོན་སེམས་ལེན་པའི་དུས་དེ་ཉིད་དུ་སྨོན་སེམས་ཀྱི་ཆོ་གས་འཐོབ་པར་བཤད་ལ། བསྟན་བཅོས་འདི་ལས་ནི། ཐོག་མར་སོ་སོར་ཐར་པ་ལོང༌། །ཞེས་གསུངས་པས། སྨོན་སེམས་དང་འཇུག་སྡོམ་གྱི་བར་དུ་སོ་ཐར་རིགས་བདུན་གང་རུང་ལེན་པའམ། ཡང་ན། སྨོན་སེམས་ཀྱི་སྔ་རོལ་དུ་བདུན་པོ་གང་རུང་ལེན་པ་ལས་མ་འདས་སོ། །འདི་ཡང་འདོད་པའི་རྟེན་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས་སེམས་སྐྱེད་ཀྱི་ཆོ་ག་གསུངས་པ་དེ་ཉིད། སྤྱིར་འདོད་ཁམས་པ་དང༌། བྱེ་བྲག་འཛམ་བུ་གླིང་པའི་དབང་དུ་བྱས་པའི་ཆོ་ག་ཡིན་པས་སོ། །རྗེ་བཙུན་གྱིས། སྨོན་སེམས་ཀྱི་དུས་སུ་བྱང་སེམས་ཀྱི་སོ་ཐར་ཐོབ་པར་བཤད་པ་ཡང༌། སྨོན་པ་དང་ལྷན་ཅིག་དུ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་བླངས་པ་ལ་དགོངས་པ་ཡིན་ཏེ། རྗེ་བཙུན་ཉིད་ཀྱིས་མཛད་པའི་ཆོ་ག་ལས་དེ་ལྟར་གསལ་བའི་ཕྱིར།།  །།དྲི་བ་ལྔ་པ་ནི། རྗེ་བཙུན་ཆེན་པོས་རྒྱུན་གཤགས་ཀྱི། །དུས་སུ་ཉེས་སྤྱོད་སྡོམ་པ་ཡི། །ཚུལ་ཁྲིམས་སྐྱེ་ཞིང་དེ་ཉིད་ཀྱང༌། །སོ་སོར་ཐར་པར་བཤད་ཇི་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་དྲི་བའི་བསམ་པ་བསླང་བ་ལ་གཉིས་ལས། དང་པོ་འདྲི་བའི་རྒྱུ་མཚན་ནི། དྲིས་ལན་གོང་མའི་སྐབས་སུ་དངོས་ལན་འདེབས་པ་ན། སེམས་སྐྱེད་ཀྱི་སྡོམ་པ་ལུགས་གཉིས་པོའི་རྟེན་དུ། སོ་ཐར་གྱི་སྡོམ་པ་དགོས་མི་དགོས་བཤད་པའི་སོ་ཐར་དེ། རིས་བདུན་གང་རུང་ལ་བྱེད་པ་ཡིན་པས། དབུ་མའི་ལུགས་ཀྱི་རྟེན་དུ་རིས་བདུན་གང་རུང་ངེས་པར་དགོས་པ་མ་ཡིན་ནོ། །ཞེས་ཟེར་བ་ལས་འོས་མི་འདུག་པས། འོ་ན། རྗེ་བཙུན་ཆེན་པོས་སྡོམ་པ་ཉི་ཤུ་པའི་རྣམ་བཤད་དུ། སེམས་ཙམ་ལུགས་ཀྱི་བྱང་སེམས་སྡོམ་པའི་རྟེན་དུ་གྱུར་པའི་སོ་ཐར་ངོས་འཛིན་པ་ན། འདི་སྐད་ཅེས་གསུངས་ཏེ། བྱང་སེམས་ཀྱི་སོ་ཐར་བླང་བའི་ཆོ་ག་གཞན་ཞིག་ཡོད་དམ། སོ་ཐར་གྱི་སྡོམ་པ་བླང་བའི་ཆོ་ག་ཉིད་ཡིན་ཞེ་ན། སྔར་སོ་སོར་ཐར་པ་ཐོབ་ན། ཕྱིས་བྱང་སེམས་ཀྱི་སྡོམ་པ་ཐོབ་པའི་དུས་སུ། སྔར་གྱི་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་གནས་གྱུར་ལ། སྔར་མ་ཐོབ་ན། བྱང་སེམས་ཀྱི་སྨོན་པ་སེམས་སྐྱེད་ཀྱི་དུས་ཉིད་དུ་བྱང་སེམས་ཀྱི་སོ་ཐར་ཐོབ་པ་ཡིན་ནོ། །ཞེས་གསུངས་སོ། །མ་དྲིས་པའི་ཉེས་པ་ནི། སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པའི་རྟེན་དུ། སོ་ཐར་རིས་བདུན་གང་རུང་ངེས་པར་དགོས་ན། རྗེ་བཙུན་ཆེན་པོས། དེའི་རྟེན་གྱི་སོ་ཐར་དེ་སྨོན་སེམས་ཀྱི་ཆོ་གས་ཐོབ་པར་བཤད་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། རྗེ་བཙུན་གྱིས་དེ་ལྟར་གསུངས་པ་དེ་ནི། བྱང་སེམས་ཀྱི་འཇུག་པའི་སྡོམ་པ་སྐྱེ་བ་དང་གནས་པའི་རྟེན་ལ་དགོངས་པ་ཡིན་གྱི། སྨོན་སེམས་སྐྱེ་བ་དང་གནས་པའི་རྟེན་དུ་དགོངས་པ་མ་ཡིན་ལ། བསྟན་བཅོས་མཛད་པ་འདིས་ནི། སོ་ཐར་རིས་བདུན་པོ་སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་འཆད་ཀྱི། གནས་པའི་རྟེན་དུ་མི་འཆད་པས། དགོངས་པ་འགལ་བ་མ་ཡིན་ནོ།།  །།དྲི་བ་དྲུག་པ་ནི། སོ་སོར་ཐར་པ་རིས་བདུན་པོ། །སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི། །རྟེན་དུ་དགོས་ན་རྗེ་བཙུན་གྱིས། །དེ་དག་དེ་ཡི་རྟེན་མིན་པར། །གསུངས་པའི་དགོངས་པ་གང་དུ་བཙལ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། རྗེ་བཙུན་གྱིས། སྡོམ་པ་ཉི་ཤུ་པའི་རྣམ་བཤད་དུ་བཤད་པ་དང༌། བསྟན་བཅོས་མཛད་པ་པོ་འདིས། སེམས་སྐྱེད་པའི་ཆོ་གར་བཤད་པ་གཉིས་འགལ་བ་ལྟ་བུར་བཤད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། སེམས་ཙམ་ལུགས་ཀྱི་སྡོམ་པའི་རྟེན་དུ་སོ་ཐར་རིས་བདུན་གང་རུང་ངེས་པར་དགོས་པ་དེའི་ཚེ། རྗེ་བཙུན་གྱིས། སྡོམ་པ་ཉི་ཤུ་པའི་རྣམ་བཤད་ལས། སྡོམ་པ་ཡང་དག་པར་བླང་བ་འདི་ལ། སོ་སོར་ཐར་པ་རིས་བདུན་པོ་གང་རུང་རྟེན་དུ་དགོས་སམ་མི་དགོས་ཤེ་ན། འདི་ལ་ཁ་ཅིག འཐོབ་པའི་རྟེན་དུ་དགོས་ཀྱི། གནས་པའི་རྟེན་དུ་མི་དགོས་ཟེར། ཁ་ཅིག་ནི། སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་མི་དགོས་ཟེར། གཉིས་ཀ་ལྟར་ཡང་རིགས་པ་མ་ཡིན་ཏེ། འཐོབ་པ་དང་གནས་པ་གཉིས་ཀའི་རྟེན་མ་ཡིན་ནོ། །དེ་ལ་དང་པོ་འཐོབ་པའི་རྟེན་མ་ཡིན་ཏེ། སོ་སོར་ཐར་པ་ནི། གླིང་གསུམ་གྱི་སྐྱེས་པ་དང༌། བུད་མེད་མ་ཡིན་པ་ལ་མི་སྐྱེ་ལ། བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་ཐམས་ཅད་ལ་ཡང་སྐྱེ་སྟེ། མདོ་ལས། ལྷའི་བུ་ལ་སོགས་པ་སོ་སོར་ཐར་པའི་སྣོད་མ་ཡིན་པའང༌། གང་དག་བྱང་ཆུབ་ཏུ་སེམས་མ་སྐྱེད་པ་དེ་དག་ནི་སྐྱེད་པར་བྱའོ། །ཞེས་གསུངས་པ་དང༌། བདུད་སྡིག་ཏོ་ཅན་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱང་ཆུབ་ཀྱི་སེམས་སྐྱེད་པ་ན། བཅོམ་ལྡན་འདས་ཀྱིས་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ། ཆོས་གནང་བ་ཐོབ་ཅེས་བྱ་བར་འཚང་རྒྱ་བར་ལུང་བསྟན་ཏོ། །ཞེས་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་པའི་ཕྱིར་དང༌། སོ་ཐར་མ་བླངས་པས་སེམས་ཅན་གྱི་དོན་དུ་བྱང་ཆུབ་འདོད་པའི་བསམ་པ་སྐྱེས་པ་ལ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཡོད་པའི་ཕྱིར་རོ། །བྱང་ཆུབ་སེམས་པའི་སྡོམ་པ་གནས་པའི་རྟེན་དུའང་མི་རུང་སྟེ། སོ་ཐར་ཤི་འཕོས་པས་གཏོང༌། འདི་མི་གཏོང་ལ། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཀྱང༌། ཡིད་ཀྱི་གསུམ་མ་གཏོགས་པའི་ལུས་ངག་གི་བདུན་གཞན་དོན་དུ་སྤྱད་ཀྱང༌། ལྟུང་བའི་གཟུགས་བརྙན་དུ་གསུངས་ལ། སྲོག་གཅོད་ལ་སོགས་པ་ལྟུང་བའི་དངོས་གཞི་ཡན་ལག་ཚང་བར་སྤྱད་ཀྱང༌། བྱང་ཆུབ་སེམས་དཔའི་སྡོམ་པ་མི་འཆོར་བའི་ཕྱིར་དང༌། བསླབ་པ་ཀུན་ལས་བཏུས་ལས་ཀྱང༌། སོ་ཐར་གྱི་སྡོམ་པ་སྔོན་དུ་སོང་བའི་རབ་ཏུ་བྱུང་བའི་ཕྱོགས་ལ་དགོངས་ཏེ། ཅི་སྟེ་སེམས་ཅན་གྱི་དོན་དུ་འགྱུར་བར་མཐོང་ན་བསླབ་པ་འབུལ་ལོ། །ཞེས་སོ་ཐར་གྱི་སྡོམ་པ་འབུལ་ཡང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པར་གསུངས་པ་དང༌། ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང༌། ཉན་ཐོས་ཀྱི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པའི་བསམ་པ་ཡང་གཞན། སྦྱོར་བ་ཡང་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་པ་ནས། འདིར་བྱང་སེམས་ཀྱི་སོ་ཐར་ནི། སྡོམ་པ་འཐོབ་པ་དང་གནས་པ་གཉིས་ཀའི་རྟེན་དུ་རུང་གི སྔ་མ་ནི་དེ་ལྟར་མ་ཡིན་པས། རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །ཞེས་གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་ལྡན་པར་གསུངས་པ་ནི། བྱང་སེམས་ཀྱི་སོ་སོར་ཐར་པའོ། །ཞེས་གསུངས་པ་རྣམས་དང་འགལ་ལོ་སྙམ་པའི་དོགས་པ་འདི། རྟོག་དཔྱོད་དང་ལྡན་པ་དག་ལ་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ལས། དང་པོ་ལ་དངོས་ནི། ལུགས་གཉིས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་ལ། རྟེན་དུ་སོ་སོར་ཐར་པ་དགོས་མི་དགོས་ཀྱི་སྒོ་ནས་འབྱེད་པ་ནི། རྗེ་བཙུན་གྲགས་པའི་གསུང་རབ་ན་མི་གསལ་ཞིང༌། ཆོས་རྗེའི་གསུང་རབ་མཐའ་དག་ན་གསལ་བར་བཞུགས་པ་ཡིན་པ་ལས། ཆོས་ཀྱི་རྗེས། རྗེ་བཙུན་གྱི་དགོངས་པ་མི་མཐུན་པར་འཆད་པའི་གོ་སྐབས་མེད་པ་དེའི་ཚེ། འདི་ལྟར་བཤད་དགོས་ཏེ། རྗེ་བཙུན་གྱིས་ནི། སེམས་སྐྱེད་དང་འཇུག་སྡོམ་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་གྱི་དབང་དུ་བྱས་ནས། རིས་བདུན་པོ་དེ་དེའི་རྟེན་དུ་ངེས་པར་དགོས་སོ་ཞེས་ཟེར་བ་འགོག་པ་ཡིན་ལ། ཆོས་ཀྱི་རྗེས་ནི། སེམས་ཙམ་ལུགས་ཀྱི་འཇུག་སྡོམ་སྔར་མེད་སྐྱེ་བའི་རྟེན་དུ། རིས་བདུན་པོ་གང་རུང་དགོས་ཞེས་འཆད་པ་ཡིན་གྱི། གནས་པའི་རྟེན་དུ་ངེས་པར་དགོས་ཞེས་གསུང་བ་མ་ཡིན་པ་དང༌། རྗེ་བཙུན་གྱིས། རིས་བདུན་པོ་སེམས་སྐྱེད་སྐྱེ་བའི་རྟེན་དུ་ངེས་པར་དགོས་པ་མ་ཡིན་ཞེས་གསུངས་པ་དེ་ཡང༌། སྤྱིར་སེམས་སྐྱེད་ཙམ་ལ་དགོངས་པ་ཡིན་གྱི། འཇུག་སྡོམ་ལ་དགོངས་ནས་བཤད་པ་མ་ཡིན་ཏེ། སྨོན་སེམས་ཀྱི་རྟེན་དུ་སོ་ཐར་མི་དགོས་ཤིང༌། འཇུག་སེམས་ཀྱི་རྟེན་དུ་སོ་ཐར་དགོས་པ་ནི། རྗེ་བཙུན་ཉིད་ཀྱི་གཞུང་ན་གསལ་བའི་ཕྱིར་རོ། །དེ་ལྟར་བཤད་པ་འོ་ན། རྗེ་བཙུན་གྱིས་ནི། འཇུག་སྡོམ་སྐྱེ་བ་དང་གནས་པའི་རྟེན་དུ་ངེས་པར་དགོས་པའི་སོ་ཐར་དེ། རིས་བདུན་པོ་གང་རུང་དུ་མི་གཏོགས་པའི་གཞན་ལ་གནོད་པ་གཞི་བཅས་སྤོང་བའི་ཚུལ་ཁྲིམས་ཤིག་ལ་བཞེད་ལ། ཆོས་ཀྱི་རྗེས་ནི། རིས་བདུན་གང་རུང་དུ་ངེས་པར་བཞེད་པ་དེ་ཉིད་ལས་གང་བཟུང༌། གཉིས་ཀ་ལྟར་ཡང་མི་འགལ་ན་ནི། འགལ་བ་ལ་མི་འཁྲུལ་པར་འགྱུར་ཏེ། རྗེ་བཙུན་གྱི་གསུང་ལྟར་ན་ནི། སྨོན་སེམས་གང་ལ་སྐྱེ་བ་དེ་ལ་ཐེག་ཆེན་གྱི་སོ་ཐར་སྐྱེ་ཞིང༌། དེ་ཉིད་འཇུག་སྡོམ་གྱི་རྟེན་དུ་རུང་བའི་ཕྱིར་དང༌། ལུགས་ཕྱི་མ་ལྟར་ན། མི་མ་ཡིན་པའི་འགྲོ་བ་པ་དང༌། བྱང་གི་སྒྲ་མི་སྙན་པ་ནི། སེམས་ཙམ་ལུགས་ཀྱི་འཇུག་སྡོམ་གྱི་རྟེན་དུ་མི་རུང་བར་འཆད་དགོས་པའི་ཕྱིར། ཞེ་ན། སོ་ཐར་ཙམ་དང༌། དེའི་སྡོམ་པ་ངོ་བོ་ཁྱབ་མི་མཉམ་ཀྱང༌། རྟེན་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཆེར་མེད་པའི་ཚུལ་འདི་ལྟར། རྗེ་བཙུན་གྱིས་དེའི་རྟེན་དུ་བཤད་པའི་བྱང་སེམས་ཀྱི་སོ་ཐར་དེ་ཡང༌། མི་མ་ཡིན་པའི་འགྲོ་བ་པ་དང༌། བྱང་གི་སྒྲ་མི་སྙན་པ་ལ་ཡོད་པ་མ་ཡིན་ཏེ། དེ་འདྲ་དེའི་ངོས་འཛིན་ཡང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་བྱ་བའི་མིང་ཅན། མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་སྨོན་སེམས་ཀྱིས་ཟིན་པ་ཞིག་ལ་ཟེར་བ་ཡིན་ལ། དེ་ལ་ཡང༌། སྤྱིར་སྡོམ་པས་བསྡུས་པ་དང༌། བར་མས་བསྡུས་པ་གཉིས་ཡོད་ཅིང༌། དང་པོ་ལ། སོ་ཐར་གྱི་དང༌། ཉེས་སྤྱོད་སྡོམ་པ་དང༌། བསམ་གཏན་དང༌། ཟག་མེད་ཀྱི་བསྡུས་པ་བཞི་ལས། ཕྱི་མ་གཉིས་ལ་ནི་སོ་སོར་ཐར་པ་ཞེས་ཟེར་བའི་གོ་སྐབས་མེད་ཅིང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་ཐར་དུ་འཇོག་པ་ཡང་འདོད་པའི་རྟེན་ཁོ་ནའི་དབང་དུ་བྱས་ལ། བར་མས་བསྡུས་པ་དེ་ཡང་སོ་སོར་ཐར་པ་མ་ཡིན་ཏེ། ཇི་སྲིད་སོ་ཐར་གྱི་སྡོམ་པ་ལེན་པའི་སྦྱོར་བའི་རིག་བྱེད་སྐད་ཅིག་དང་པོ་མ་སྐྱེས་པ་དེ་སྲིད་དུ། སོ་སོར་ཐར་པ་ཙམ་དུ་ཡང་མི་འཇོག་པར་ཆོས་མངོན་པ་ལས་བཤད་པའི་ཕྱིར་རོ། །དེས་ན་རྗེ་བཙུན་ཆེན་པོས། བྱང་སེམས་ཀྱི་སོ་ཐར་འཇུག་སྡོམ་གནས་པའི་རྟེན་དུ་བཤད་པ་དང༌། སྨོན་སེམས་བླངས་པའི་དུས་སུ། བྱང་སེམས་ཀྱི་སོ་ཐར་ཐོབ་པར་བཤད་པ་དེ་ཡང༌། སོ་ཐར་སྡོམ་པའི་རྟེན་དུ་རུང་བའི་འགྲོ་བ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། ལྷའི་རྟེན་ལ་སོ་ཐར་སྐྱེ་བ་དང༌། གནས་པ་གཉིས་ཀ་མེད་པའི་ཕྱིར་རོ། །གལ་ཏེ་སོ་ཐར་ཙམ་དང་དེའི་སྡོམ་པ་གཉིས་ཀྱི་རྟེན་ལ་རྒྱ་ཆེ་ཆུང་གི་ཁྱད་པར་མེད་པ་དེ་ལྟ་ན། འཇུག་སྡོམ་གནས་པའི་རྟེན་དུ་རུང་མི་རུང་གི་ཁྱད་པར་བཤད་པ་ཅི་ཞེ་ན། ཇི་སྲིད་འཚོ་དང་བྱང་ཆུབ་བར་དུ་བླངས་པའི་ཁྱད་པར་ལས་སོ། །འོ་ན་བྱང་ཆུབ་བར་དུ་བླངས་པས་སྐྱེ་བའི་སོ་སོར་ཐར་པ་ཞིག་ཁས་ལེན་ནམ་ཞེ་ན། དེ་ལྟར་ཁས་མི་ལེན་མོད། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་ཐར་སྡོམ་པའི་རྟེན་རུང་གི་རྒྱུད་ལ་ཇི་སྲིད་ཡོད་པ་དེ་སྲིད་དུ་སོ་སོར་ཐར་པའི་མིང་གིས་འདོགས་ལ། རྟེན་འཕོས་པའི་ཚེ་ནི་ཉེས་སྤྱོད་སྡོམ་པ་ཞེས་བྱ་བའི་མིང་ཅན་ཁོ་ནའོ། །གཉིས་པ་དེ་ལས་འཕྲོས་པའི་དོན་བཤད་པ་ནི། དེང་སང་འབེལ་བའི་གཏམ་གླེང་བ་འགའ་ཞིག་གི་བསམ་པ་ལ། རིས་བདུན་གང་རུང་དུ་མ་གཏོགས་པའི་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ནི། མི་མ་ཡིན་པ་དང༌། བྱང་གི་སྒྲ་མི་སྙན་པའི་རྟེན་ལ་ཡང་ཡོད་དོ་སྙམ་དུ་སེམས་པ་དེ་ནི་མ་ཤེས་པ་ཡིན་ཏེ། དམྱལ་བ་པ་དང༌། བྱང་གི་སྒྲ་མི་སྙན་པ་ལ་མི་དགེ་བ་བཅུ་སྤོང་བའི་སེམས་པ་མངོན་གྱུར་པ་མེད་པའི་ཕྱིར་དང༌། འདོད་པའི་ལྷ་དང༌། དུད་འགྲོ་དང༌། ཡི་དྭགས་ལ་དེ་སྤོང་བའི་སེམས་པ་བར་མས་བསྡུས་པ་ཡོད་ཀྱང་སྡོམ་པས་བསྡུས་པ་མེད་པས། སོ་སོར་ཐར་པར་མི་འཇོག་པའི་ཕྱིར་དང༌། གཟུགས་ཀྱི་ཁམས་ན་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ཡོད་ཀྱང༌། བསམ་གཏན་གྱིས་བསྡུས་པས། སོ་སོར་ཐར་པ་མི་རུང་བའི་ཕྱིར་དང༌། སྤྱིར་ཡང་སོ་སོར་ཐར་པ་ནི་ཟག་བཅས་དང༌། འདོད་པའི་སས་བསྡུས་སུ་འཇོག་པ་ནི། ཆོས་མངོན་པ་བ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར། འོ་ན་རྟེན་དེ་དང་དག་ལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱང་མེད་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ངོ་བོར་གྱུར་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡང་ཡོད། བར་མ་དགེ་བ་ཡང་ཡོད་པའི་ཕྱིར། འོ་ན་སོ་ཐར་ཙམ་དང༌། རིས་བདུན་གང་རུང་གིས་བསྡུས་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བཤད་པ། རིས་བདུན་གྱི་བཅས་པའི་ཚུལ་ཁྲིམས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ལ། སོ་ཐར་ཙམ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ལས་ལོག་པས་ཁྱད་པར་དུ་བྱས་པའོ། །དེ་ལའང་སྡོམ་པས་བསྡུས་མ་བསྡུས་གཉིས་ལས། དང་པོ་ནི། རིས་བརྒྱད་གང་རུང་གིས་བསྡུས་པ་སོ་ཐར་སྡོམ་པའི་ངོ་བོར་གྱུར་པ་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོར་གྱུར་པ་དང་གཉིས་སོ། །འོ་ན་གཉིས་པོ་དེའི་ཁྱད་པར་ཅི་ཞེ་ན། ལུས་ངག་གི་སྤང་བྱ་བདུན་པོ་ཉིད་གཙོ་བོར་སྤོང་བ་དང༌། ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོར་སྤོང་བའི་ཆ་ནས་བཤད་པ་ཡིན་ཏེ། ཐེག་པ་ཐུན་མོང་གི་སོ་ཐར་དང༌། བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་སོ་ཐར་གྱི་ཁྱད་པར་ནི་དེ་ཉིད་དུ་ངེས་པའི་ཕྱིར། དེ་ལྟར་ན། བྱང་ཆུབ་སེམས་དཔའི་སོ་ཐར་ཡིན་ན་སྡོམ་པ་ཡིན་དགོས་ཏེ། དེ་ཡིན་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། སེམས་སྐྱེད་ཀྱི་སྡོམ་པ་ཡིན་དགོས་པས་སོ། །དེ་ལྟར་ནའང༌། སོ་སོར་ཐར་པའི་སྡོམ་པ་ཡིན་དགོས་པ་ནི་མ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པ་ལ་ཡིད་ཀྱི་མི་དགེ་བ་གསུམ་སྤོང་བའི་སྡོམ་པ་མེད་པའི་ཕྱིར་རོ། །སྡོམ་པ་དེ་གཉིས་གང་རུང་གིས་མ་བསྡུས་པའི་མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་ནི། འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་ཡིན་པའི་ཆ་ནས་སོ་སོར་ཐར་པའི་མིང་གིས་བཏགས་པ་སྲིད་ཀྱང༌། དངོས་མ་ཡིན་ཏེ། སྡོམ་པས་མ་བསྡུས་པའི་ཕྱིར། ཕྱི་རོལ་པའི་ཚུལ་ཁྲིམས་བཞིན་ནོ། །མདོར་ན། ཁམས་གོང་མ་ལ་སོགས་པ་སོ་ཐར་སྡོམ་པའི་རྟེན་མ་ཡིན་པ་རྣམས་ལ། སེམས་ཙམ་ལུགས་ཀྱི་སེམས་སྐྱེད་ཀྱི་སྡོམ་པ་འདི་སྐྱེ་བའི་རྟེན་མེད་དེ། དེའི་རྟེན་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བའི་ཕྱོགས་གཉིས་པོ་གང་རུང་གིས་ཁྱབ་པར། བྱང་ས་ཉིད་ལས་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ། བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་སློབ་པར་འདོད་ཅིང༌། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས། ཞེས། སྡོམ་པ་ལེན་པའི་རྟེན་གྱི་གང་ཟག་ངོས་བཟུང་བའི་ཕྱིར་རོ། །ཞེས་ཁས་ལེན་དགོས་པའམ། ཡང་ན། འཇུག་སྡོམ་གྱི་རྟེན་དུ་སོ་སོར་ཐར་པ་ངེས་པར་དགོས་པ་ཉིད་དུ་བཤད་པ་དེ་ནི། མིའི་རྟེན་ལ་སྡོམ་པ་དེ་ལེན་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དབུ་སེམས་ཀྱི་སློབ་དཔོན་སོ་སོས་མཛད་པའི་ཆོ་གས་ཟུར་ལས་དེ་ལྟར་གསལ་བའི་ཕྱིར། ལྷ་ལྟ་བུ་འགྲོ་བ་གཞན་གྱི་རྟེན་ལ་ནི་སྨོན་པའི་སེམས་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་རྟེན་དུ་རུང་བ་ཙམ་གྱིས་འཇུག་སྡོམ་གྱི་རྟེན་དུ་རུང་བར་ལྟའོ། །ཞེས་ཁས་བླངས་ན་ཡང་ལུགས་གཉིས་ཀ་དང་མི་འགལ་བར་སེམས་སོ། །འོ་ན་འདོད་པའི་རྟེན་གཞིར་བྱས་པ་ལའང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཡིན་ཐམས་ཅད་སོ་ཐར་དུ་འཇོག་ན་ནི། མི་མ་ཡིན་པ་དང་སྒྲ་མི་སྙན་པ་ལའང་སོ་ཐར་གྱི་རྟེན་དུ་རུང་བར་འགྱུར་རོ་སྙམ་ན། སྐྱོན་མེད་དེ། དེ་དག་ལ་མི་དགེ་བ་བཅུ་སྤོང་གི་སེམས་པ་བྱང་ཆུབ་ཀྱི་བར་དུ་བླངས་བས་སྐྱེ་སྲིད་ཀྱང༌། བར་མ་ཙམ་ལས་མ་འདས་པས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་མི་རུང་བའི་ཕྱིར་རོ། །ཡང་སྐབས་འདིར། དྲི་བ་འདི་ལྟ་བུ་ཞིག་འཇུག་སྟེ། རྗེ་བཙུན་གྱིས་ནི་བྱང་ས་ཡི། །འཇུག་སྡོམ་ལེན་པའི་སྔ་རོལ་དུ། །སྨོན་སེམས་ལེན་པའི་ཆོ་ག་བཤད། །གཞུང་འདིའི་ཕྱོགས་སྔར་མི་འགྱུར་རམ། །ཞེས་པ་འདིའི་དོན་ནི། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་པའི་རྣམ་བཤད་དུ། བླ་མ་དེ་ལས་བླང་རྒྱུའི་སེམས་སྐྱེད་ལ་སྨོན་འཇུག་གཉིས་སུ་ཕྱེ་ནས། སྨོན་པ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ་གསོལ་བ་གདབ་པ། ཚོགས་བསག་པ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། གསུམ་དུ་མཛད་ཅིང༌། དངོས་གཞི་ལེན་པའི་ཆོ་ག་ནི། ཇོ་བོའི་གཞུང་ལས་འབྱུང་བ་དེ་ཉིད་དྲངས་ནས། ཇི་སྐད་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སྐྱེ་བ་འདི་དང༌། གཞན་དག་ཏུ། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང༌། བགྱིད་དུ་བཙལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བྱ་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བགྱིའོ། །ཞེས་ལན་གསུམ་དུ་དམ་བཅའ་བར་བྱའོ། །རྗེས་ཀྱི་བྱ་བ་ནི། གཏོང་བའི་རྒྱུ་དོར་བ་དང༌། མི་ཉམས་པའི་རྒྱུ་ལ་བསླབ་པའོ། །ཞེས་སོགས་བཤད་ཟིན་པའི་འོག་ཏུ། འཇུག་སྡོམ་གྱི་སྦྱོར་དངོས་རྗེས་གསུམ་བྱང་ས་ལས་ཇི་ལྟར་འབྱུང་བ་དེ་ཉིད་བཤད་དོ། །འདི་ནི་བསྟན་བཅོས་མཛད་པ་འདིའི་ཕྱོགས་སྔ་མར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ཞེ་ན། བྱང་ས་ནས་སྨོན་སེམས་ལེན་པའི་ཆོ་ག་དང༌། དེའི་བསླབ་པ་བརྗོད་པ་སོགས་མ་བཤད་བཞིན་དུ་སྦྱར་བས་སོ། །དེ་སྐད་དུ་ཡང༌། གློ་བོ་ལོ་ཙྪ་བའི་དྲིས་ལན་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་དབུ་མ་སེམས་ཙམ་གྱི་དབྱེ་བ་མི་ཤེས་པར། སེམས་ཙམ་པའི་ལུགས་ལ་དབུ་མའི་སྡིག་བཤགས་སོགས་བསྣན་ནས། ཆོ་ག་ཐམས་ཅད་དཀྲུགས་ནས་བྱེད། །ཅེས་དང༌། ཕྱག་ལོའི་དྲིས་ལན་ལས། སེམས་ཙམ་པའི་ཆོ་ག་ལ་སྡིག་བཤགས་སོགས་དང༌། ཡུལ་ཡང་སྐྱེ་བོ་ཀུན་ལ་བྱེད་ན། བྱང་ས་དང་མི་མཐུན་པས་མ་དག་པར་མཆི། ཞེས་གསུངས་ལ། དེ་ཉིད་གཞུང་ལུགས་ཀྱི་དགོངས་པ་ཡིན་ཏེ། བྱང་ས་ཉིད་དུ་ཡང༌། སྨོན་སེམས་ལ་ལེན་པའི་ཆོ་ག་མ་གསུངས་ལ། སྡོམ་པ་ཉི་ཤུ་པར་ཡང་མ་བཤད་ཅིང༌། དེའི་འགྲེལ་པ་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་མཛད་པར་ཡང་དེའི་ཆོ་ག་མ་བཤད། གནས་བརྟན་བྱང་ཆུབ་བཟང་པོས་མཛད་པའི་གཞུང་ལས་ཀྱང༌། འཇུག་སྡོམ་ཁོ་ནའི་ཆོ་ག་ལས་གཞན་མ་བཤད་པས་སོ་སྙམ་པའི་དོགས་པ་འདི་དཔྱོད་ལྡན་ལ་སྐྱེ་བར་འགྱུར་རོ། །དེའི་དངོས་ལན་ནི། གཞུང་ལས་སྨོན་སེམས་ལེན་པའི་ཆོ་ག་མ་གསུངས་མོད། གང་ཟག་ལས་དང་པོ་བ་འགའ་ཞིག བྱང་སའི་ལུགས་ཀྱི་སེམས་སྐྱེད་འདི་དོན་དུ་གཉེར་བ་བྱུང་ན། དེ་སྨོན་སེམས་དང་སོ་ཐར་གྱི་སྡོམ་པ་ཐོག་མར་འཛིན་དུ་འཇུག་དགོས་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སེམས་ཙམ་པ་ཡི་ཡང༌། །སེམས་སྐྱེད་སྡོམ་པ་དེ་འདོད་ན། །ཐོག་མར་སོ་སོར་ཐར་པ་ལོང༌། །བྱང་ཆུབ་སེམས་དཔའི་སྡེ་སྣོད་སློབས། །ཞེས་སོགས་འབྱུང་བ་ལྟར་རོ། །འོ་ན་རྗེ་བཙུན་གྱིས། སྨོན་སེམས་ཀྱི་འོག་ཏུ་སོ་ཐར་གྱི་ཆོ་ག་མ་བཤད་པ་ཅི་ཞེ་ན། དེའི་ལན་ནི་རྗེ་བཙུན་ཉིད་ཀྱིས་བཤད་ཟིན་པ་ཡིན་ཏེ། ཇི་སྐད་དུ། སྔར་མ་ཐོབ་ན་ནི་སྨོན་པ་སེམས་སྐྱེད་ཀྱི་དུས་ཉིད་དུ་བྱང་སེམས་ཀྱི་སོ་ཐར་ཐོབ་པ་ཡིན་ནོ། །ཞེས་གསུངས་སོ། །སྨོན་སེམས་ཀྱི་དུས་སུ་སོ་ཐར་ཐོབ་པའི་གོ་བ་ཡང༌། ཡན་ལག་བདུན་པ་སྔོན་དུ་སོང་ན་ནི། སྡིག་བཤགས་ཀྱི་དུས་སུ་ཕྱིན་ཆད་ལ་སྡོམ་སེམས་དགོས་པས་དེ་སྐྱེ་བར་རྟོགས་སླ་བ་ཡིན་ལ། མ་སོང་ན་ནི་སྨོན་སེམས་དང་ལྷན་ཅིག་ཏུ་བླངས་པའི་དབང་དུ་བྱས་པའོ། །འདི་ཡང་སོ་ཐར་གྱི་རྟེན་དུ་རུང་བའི་གང་ཟག་གི་སྨོན་སེམས་སྐྱེད་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན། གཟུགས་ཁམས་ཀྱི་རྟེན་ལ་སོ་ཐར་སྐྱེ་བར་ཐལ་བས་སོ། །འཇུག་སྡོམ་གྱི་ཐོག་མར་སྨོན་སེམས་ཀྱི་ཆོ་ག་མཛད་པ་འདི་ཡང༌། རྗེ་བཙུན་གྱི་རང་བཟོ་མ་ཡིན་ཏེ། ཇོ་བོ་ཨ་ཏི་ཤས་མཛད་པའི་སེམས་སྐྱེད་པ་དང༌། སྡོམ་པའི་ཆོ་ག་ཞེས་བྱ་བའི་བསྟན་བཅོས་ལས། ཐོག་མར་དཀོན་མཆོག་ལ་མཆོད་པ་དང༌། སྐྱབས་འགྲོ་ཁྱད་པར་ཅན་སྔོན་དུ་བཏང་ནས་སྨོན་སེམས་ལེན་པའི་ཆོ་ག་མཛད་ཅིང༌། དེའི་འོག་ཏུ་བར་ཆད་དྲིས་ནས། འཇུག་སྡོམ་ལེན་པའི་ཆོ་ག་བྱང་ས་ནས་ཇི་ལྟར་གསུངས་པ་བཞིན་མཛད་པས་སོ། །དེ་དག་ལ་འདི་སྐད་ཅེས། སེམས་ཙམ་ལུགས་ཀྱི་རང་རྐང་ལ། །སྨོན་སེམས་ཆོ་ག་བཤད་པ་མེད། །དབུ་མའི་ལུགས་ལ་ཀླུ་སྒྲུབ་ཞབས། །བྱང་ཆུབ་སེམས་སྐྱེད་སྔར་བླངས་ནས། །དེ་ཡི་འོག་ཏུ་སྡོམ་པ་ལེན། །ཛེ་ཏ་རི་བ་སྨོན་འཇུག་གི །སེམས་སྐྱེད་གཉིས་པོ་སྔར་བླངས་ནས། །དེ་ཡི་འོག་ཏུ་སྡོམ་པ་གཉིས། །ལྷན་ཅིག་ལེན་པ་སྤྱོད་འཇུག་གི །དགོངས་པ་ཉིད་དུ་ངེས་པར་འཆད། །སྤྱོད་འཇུག་དངོས་བསྟན་སེམས་སྐྱེད་དང༌། །སྡོམ་པ་ལྷན་ཅིག་ལེན་པར་བཤད། །དབུ་མ་ལུགས་ཀྱི་སྨོན་སེམས་དང༌། །སེམས་ཙམ་ལུགས་ཀྱི་འཇུག་སྡོམ་གཉིས། །ལེན་པའི་ཆོ་ག་རིམ་བཞིན་དུ། །སྦྱོར་མཛད་ཨ་ཏི་ཤ་ཡི་ལུགས། །གང་དེའི་སྦྱོར་བའི་ཆོ་ག་ལ། །སྡིག་པ་བཤགས་པའང་སྦྱར་བྱས་ནས། །དབུ་སེམས་བསྲེས་པས་འཁྲུལ་ལོ་ཞེས། །འཆད་པ་བསྟན་བཅོས་མཛད་འདིའི་ལུགས། །སྡོམ་པའི་ཉི་ཤུའི་རྣམ་བཤད་དུ། །རིས་བདུན་རྟེན་དུ་མི་དགོས་ཞེས། །བཤད་པ་སྨོན་སེམས་དབང་དུ་མཛད། །འཇུག་སྡོམ་རྟེན་དུ་སོ་ཐར་ཙམ། །རུང་དང་རིས་བདུན་དགོས་ཞེས་པ། །སྐྱེ་བའི་རྟེན་གྱི་དབང་བྱས་ན། །གཉིས་པོ་རུང་ཁྱབ་མཉམ་པ་ལ། །གནས་པའི་རྟེན་དུ་སྔ་མ་རྩན། །སོ་ཐར་གཉིས་པོའི་ཁྱད་པར་ནི། །ཡིད་ཀྱི་སྤང་བྱ་གསུམ་སྤོང་དང༌། །ལུས་ངག་སྤང་བྱ་བདུན་སྤོང་བ། །བྱང་ཆུབ་སྙིང་པོའི་བར་དང་ནི། །ཇི་སྲིད་འཚོ་བའི་ཁྱད་དེ་ཉིད། །གཉིས་ཀ་ཉེས་སྤྱོད་སྡོམ་པ་ཡི། །ཚུལ་ཁྲིམས་ཉིད་དུ་ཁྱད་པར་མེད། །གཅིག་ནི་སོ་ཐར་སྡོམ་པ་དང༌། །ཅིག་ཤོས་བྱང་སེམས་སྡོམ་པའོ། །ཞེས་བྱ་བ་འདི་ཡིན་ནོ།།  །།དྲི་བ་བདུན་པ་ནི། དོན་དམ་སེམས་སྐྱེད་བྱ་བ་ཡི། །ཆོ་ག་རྒྱལ་བས་མ་གསུངས་ན། །བྱང་ཆུབ་སེམས་འགྲེལ་ཞེས་བྱ་བའི། །བསྟན་བཅོས་དག་ལས་གསུངས་དེ་ཅི། །ཞེས་པ་འདི་ལ་གཉིས་ལས། །དང་པོ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། འདི་ལ་སྦྱོར་དངོས་རྗེས་གསུམ་གྱི། །ཆོ་ག་རྒྱལ་བས་གསུངས་པ་མེད། །ཅེས། སྤྱིར་རྒྱལ་བའི་གསུང་རབ་དང༌། ཚད་ལྡན་གྱི་དགོངས་འགྲོལ་དག་ལས། དོན་དམ་སེམས་སྐྱེད་ལེན་པའི་ཆོ་ག་གསུངས་པ་མེད་པ་ལྟ་བུར་བཤད་སྣང་བ་དང་རྣམ་བཤད་མཛད་པ་པོ་དག་གིས་ཀྱང་མཐུན་པར་སྒྲ་ཇི་བཞིན་པ་དེ་ཉིད་སོར་གཞག་ཅིང༌། རྗེས་ཞེས་པ་ལ་ནུས་པ་མ་བཏོན་པར་སྣང་བ་དང༌། ཁྱད་པར་བྱང་ཆུབ་སེམས་འགྲེལ་གྱི་ལུང་སྨོས་པ་ནི། སེམས་འགྲེལ་ནས་བཤད་པའི་ཆོ་ག་དེ། ཀུན་རྫོབ་སེམས་སྐྱེད་ཀྱི་ཆོ་ག་ཡིན་ནོ་ཞེས་གསུང་པ་སྔོན་གྱི་དུས་སུ་མང་པོ་བྱུང་སྣང་བ་བཞིན་དུ། དུས་འདིར་ཡང་དེ་ལྟར་ཁས་ལེན་པ་ཡོད་དམ་སྙམ་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་ན་བསྟན་བཅོས་ཆུད་འཛའ་བའི་སྐྱོན་ལ་གསུམ་སྟེ། སྤྱིར་བཀའ་དང་བསྟན་བཅོས་དག་ལས་དེའི་ཆོ་ག་ཇི་ལྟར་གསུངས་པའི་ཚུལ་དང༌། བྱེ་བྲག་ཏུ་བྱང་ཆུབ་སེམས་འགྲེལ་གྱི་ལུང་དོན་བསམ་པ། བོད་གཞན་གྱིས་བརྟགས་པའི་རྟོག་དཔྱོད་བསམ་པའོ། །དང་པོ་ལ་བཞི་སྟེ། རྣམ་སྣང་མངོན་བྱང་ལས་གསུངས་པ་དང༌། སྤང་ཀོང་ཕྱག་རྒྱ་པ་ལས་གསུངས་པ་དང༌། ཀླུ་སྒྲུབ་ཞབས་ཀྱི་རིམ་པ་ལྔ་པ་ལས་བཤད་པ་དང༌། དེས་མཛད་པའི་སེམས་སྐྱེད་ཀྱི་ཆོ་ག་ལས་གསུངས་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དང་པོ་ནི། དེ་ཉིད་ལས། བཅོམ་ལྡན་འདས། དུས་གསུམ་དུ་སྒྲིབ་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྡོམ་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་གནས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་བ་བཤད་དུ་གསོལ། ཞེས་པའོ། །ལན་ལ་གསུམ་སྟེ། སྦྱོར་བའི་ཚུལ་གྱིས་ཀུན་རྫོབ་ཀྱི་དངོས་པོ་གཏོང་བར་སེམས་སྐྱེད་པའི་སྡོམ་པ་བླང་བ། དངོས་གཞིའི་ཚུལ་གྱིས་དོན་དམ་པའི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་སྡོམ་པ་བླང་བ། རྗེས་ཀྱི་སྒོ་ནས་དེ་གཉིས་ཀའི་དམ་ཚིག་རྣམས་འཛིན་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། བཀའ་བསྩལ་པ། རིགས་ཀྱི་བུ། ལུས་དང༌། ངག་དང༌། ཡིད་ལྷན་ཅིག་ཏུ་འཇུག་ཅིང༌། ཆོས་ཐམས་ཅད་དེ་ལ་རྩོལ་བ་མེད་ཅིང༌། བྱ་བ་མེད་པའི་སྡོམ་པ་གང་ཡིན་པ་དེ་ཉོན་ཅིག དེ་གང་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་ཉིད་ཡོངས་སུ་གཏོང་བ་གང་ཡིན་པ་དེའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བདག་གི་ལུས་ཡོངས་སུ་བཏང་བ་དེས་ནི་དངོས་པོ་གསུམ་ཡོངས་སུ་བཏང་བ་ཡིན་ཏེ། དངོས་པོ་གསུམ་ཡོངས་སུ་བཏང་བ་གང་ཞེ་ན། འདི་ལྟ་སྟེ། ལུས་དང༌། ངག་དང༌། ཡིད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན། ལུས་དང༌། ངག་དང༌། ཡིད་གསུམ་གྱི་སྡོམ་པ་བསྡམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་གསུམ་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པར་མི་བྱེད་དོ། །ཞེས་གསུངས་པ་འདིས་ནི། ལུས་ངག་ཡིད་གསུམ་གཏོང་དགོས་པའི་རྒྱུ་མཚན་བཤད་ནས། དེ་བཏང་བའི་སྡོམ་པ་ནོད་པའི་ཆོ་ག་དངོས་ནི། ཇི་སྐད་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། ཞེས་ལན་གསུམ་བརྗོད་དགོས་པར་གསུངས་སོ། །འདི་སྡོམ་པ་མཚན་ཉིད་པ་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་ཉིད་ལས། ཇི་སྐད་དུ། དེ་ལ་སྡོམ་པ་གང་ཞེ་ན། བསྡམས་པ་ནི་སྡོམ་པ་སྟེ། ལུས་དང༌། ངག་དང༌། ཡིད་རྣམས་བསྡུས་ཤིང༌། ཡོངས་སུ་བསྡུས་པ་ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་གྱུར་པ་དེ་ནི་སྡོམ་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། དེ་བཞིན་གཤེགས་པ་དྲན་བྱས་ནས། །བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །དེས་ན་རྒྱལ་བའི་རིགས་དགེ་ལ། །ཐམས་ཅད་རབ་ཏུ་སྐྱེས་པར་འགྱུར། །ཞེས་གསུངས་ཤིང༌། དེ་འཛིན་དུ་གཞུག་པའི་ཚུལ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་ཞུགས་ནས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གཟུང་བ་དང༌། འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར། བདག་གིས་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་དོ། །ཞེས་ལན་གསུམ་བརྗོད་པར་གསུངས་སོ། །གསུམ་པ་ལ། སྤྱིའི་བསླབ་བྱ་དང༌། བྱེ་བྲག་སློབ་དཔོན་དུ་འོས་པའི་བསླབ་བྱ་གཉིས་ལས། དང་པོ་ནི། ཇི་སྐད་དུ། དེ་ནས་སློབ་མ་དེ་བསླང་ལ། སྔགས་པ་སྙིང་རྗེར་གྱུར་པ་ཡིས། །ཡིད་ཀྱི་ནང་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་ཁྱོད་ཀྱིས་ནི། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང༌། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱེད་ལ་བཤད། །ཇི་ལྟར་བདག་གི་སྲོག་བསྲུང་བ། །དེ་ལྟར་ཁྱེད་ཀྱི་འདི་དག་བསྲུང༌། །ཞེས་གསུངས་པ་དེས་ནི་སྡོམ་པ་དང་པོའི་དམ་ཚིག་བསྟན་ནོ། །གཉིས་པ་ནི། ཇི་སྐད་དུ། ཇི་ལྟར་མིག་མཁན་རྒྱལ་པོ་ཡི། །ཞེས་སོགས་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་སོགས་ཆོས་འཆད་པའི་རྗེས་སུ་གནང་བ་གསུངས་པ་རྣམས་ཀྱིས་ནི། དངོས་གཞིའི་སྡོམ་པ་བཤད་མ་ཐག་པ་དེའི་དམ་ཚིག་རྣམས་བསྟན་པ་ཡིན་ནོ། །གཉིས་པ་ནི། སྤང་ཀོང་ཕྱག་རྒྱ་པ་ཞེས་བྱ་བའི་མདོ་ལས་ཀྱང༌། དོན་དམ་པའི་སེམས་སྐྱེད་ཀྱི་སྡོམ་པ་ནོང་པའི་ཆོ་ག་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྟེ། བདག་ཉིད་ལུས་འབུལ་གྱི། ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སོ་སོ་ནས་རྟག་ཏུ་བཞེས་ཤིག ཇི་ལྟར་ན་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱིས་མ་ཟིན་པ། ཆོས་ཐམས་ཅད་བདག་མེད་པ་དང་མཉམ་པ། ཐོག་མ་མེད་པ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་ལྟར། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་པའི་ཆོ་ག་འདིའི་སྒོ་ནས་དོན་དམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་སྐྱེད་པར་གསུངས་པས་སོ། །གསུམ་པ་ནི། ཀླུ་སྒྲུབ་ཞབས་ཀྱིས། རིམ་པ་ལྔ་པ་ཞེས་བྱ་བའི་བསྟན་བཅོས་ལས། ཇི་སྐད་དུ། སློབ་མ་བཟང་པོ་སྐལ་ལྡན་མན་ངག་ཐོབ། །ཐལ་སྦྱར་ལག་པ་མེ་ཏོག་འཛིན་པ་ཡིས། །བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །བླ་མ་ལ་ནི་སླར་ཡང་བླང་བར་བྱ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པས་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བའོ། །དེ་ནས་རང་དང་རྗེས་མཐུན་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཡུལ་དང་མཎྜལ་སྟན་དང་ནི། །བྲན་དང་བྲན་མོ་ཆུང་མ་སྡུག །གང་ཞིག་བདག་ཀྱང་འབུལ་བྱེད་ན། །ཞེས་གསལ་བར་གསུངས་པས། འདི་ལ་ནི་རྗེས་ཀྱི་ཆོ་ག་ཡང་བཤད་དོ། །བཞི་པ་ནི། དེ་ལ་འདི་སྙམ་དུ། དེ་ལྟར་དོན་དམ་སེམས་སྐྱེད་ཆོ་གས་ལེན་པར་བཤད་པ་དེ་དག་ནི་གསང་སྔགས་ཀྱི་ལུགས་ཡིན་གྱི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་དོན་དམ་སེམས་སྐྱེད་ལེན་པའི་ཆོ་ག་བཤད་པ་མེད་དོ་ཞེས་བྱ་བ་འདི། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་ཀྱི་དགོངས་པ་ཡིན་ནོ་སྙམ་ན། དེ་ཡང་ངེས་པ་མེད་དེ། སྤང་ཀོང་གི་ལུང་དྲངས་མ་ཐག་པ་དང༌། ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་སེམས་སྐྱེད་ཀྱི་ཆོ་ག་ཕར་ཕྱིན་ཐེག་པའི་ལུགས་ཡིན་པར་ཀུན་ལ་ཡོངས་སུ་གྲགས་པ་དེ་ཉིད་ལས། ཇི་སྐད་དུ། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་དེ་དག་གིས། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གཟུང་བ་དང༌། འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་དུ་མཉམ་པ་ཉིད་ཀྱིས། རང་གི་སེམས་གཟོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་ནས། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་ཏུ་སེམས་སྐྱེད་དོ། །ཞེས་གསལ་བར་གསུངས་ཤིང༌། དེའི་དེ་མ་ཐག་ཏུ། སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །ཞེས་སོགས་སྡོམ་པ་འཛིན་པའི་ཆོ་ག་གསལ་བར་གསུངས་སོ། །ཁ་ཅིག འདི་སྨོན་སེམས་ལེན་པའི་ཆོ་ག་ཡིན་ནོ། །ཞེས་ཟེར་བ་ནི་ཧ་ཅང་ཐལ་ཆེས་པ་ཡིན་ཏེ། སྡོམ་བཟུང་གི་ཆོ་ག་དེས་བསྟན་པའི་དོན་ལ་སྨོན་པ་སེམས་སྐྱེད་ཀྱི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར་རོ། །དེར་མ་ཟད། སྔགས་ལུགས་ཀྱི་དོན་དམ་སེམས་སྐྱེད་ཆོ་གའི་སྒོ་ནས་སྐྱེ་བ་ཡོད་ན་བརྡ་ལས་བྱུང་བའི་སེམས་སྐྱེད་དུ་ཐལ་བའི་རིགས་པ་དང༌། རྒྱལ་བས་གསུངས་པ་མེད་ཅེས་བྱ་བའི་ལུང་དང་འགལ་བ་སོ་ན་གནས་པ་མ་ཡིན་ནམ། གཉིས་པ་བྱང་ཆུབ་སེམས་འགྲེལ་གྱི་ལུང་དོན་བསམ་པ་ལ། ལུང་དགོད་པ་དང༌། ལུང་གི་དོན་བཤད་པའོ། །དང་པོ་ནི། དེ་ཉིད་ལས། ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། ཇི་ལྟར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་རྒལ་བ་རྣམས་སྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུག་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས། དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་སྐྱེད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེའི་རང་བཞིན་བཤད་པར་བྱའོ། །བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དཔལ་ལྡན་རྡོ་རྗེ་བསྣམས་བཏུད་ནས། །བྱང་ཆུབ་སེམས་ཀྱི་སྒོམ་པ་ནི། །སྲིད་པ་འཇིག་དེ་བདག་གིས་བཤད། །སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་སྒྲིབས་ཤིང༌། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་པས་སྒོམ་པར་བྱ་བ་ཡིན། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། དེ་བཞིན་དུ། སྐྱེད་པར་བགྱིའོ། །ཞེས་སྦྲེལ་བས། བྱང་ཆུབ་ཏུ་སེམས་སྐྱེད་པའི་དམ་བཅའ་གཞག་པའོ། །བདག་གིས་ཀྱང་ནས་འདའ་བའི་ཕྱིར། །ཞེས་པའི་བར་གྱིས་ནི་དེའི་སྡོམ་པ་བཟུང་བ་ཡིན་ནོ། །འོ་ན་སེམས་དེ་སྐྱེད་པའི་དུས་དེར་སེམས་དེ་སྐྱེས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཀུན་རྫོབ་ཀྱི་རྣམ་པས་ཏེ། མོས་པ་ཡིད་ཀྱི་ཚུལ་གྱིས་སྨོན་པའི་རང་བཞིན་ཅན་ཏེ། སྨོན་ལམ་གྱི་རྣམ་པས་བསྐྱེད་ནས། བྱང་ཆུབ་ཀྱི་སེམས་དོན་དམ་པ་དེ་བསྒོམས་པའི་སྟོབས་ཀྱིས་སྐྱེ་བར་བྱ་བ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། བྱང་ཆུབ་སེམས་དཔའ་ཞེས་སོགས་སོ། །འདིར་ཀུན་རྫོབ་ཅེས་པ། བྱང་ཆུབ་ཀྱི་སེམས་དེའི་གཟུགས་བརྙན་དང༌། དོན་དམ་པ་ཞེས་པ། འདིར་བསྟན་གྱི་བྱང་ཆུབ་ཀྱི་སེམས་དངོས་དེ་ལ་བྱ་བ་ཡིན་ནོ། །དེ་ལྟར་དམ་བཅའི་སྒོ་ནས་སྐྱེད་པར་བྱ་རྒྱུའི་བྱང་ཆུབ་ཀྱི་སེམས་དེ་གང་ཡིན་ཞེ་ན། འབྲས་བུའི་དུས་སུ་དཔལ་ལྡན་རྡོ་རྗེ་འཛིན་པ་དངོས་དང༌། རྒྱུའི་དུས་སུ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དང༌། ལམ་གྱི་དུས་སུ་སྙིང་རྗེ་ཆེན་པོ་དང༌། དེས་མཚོན་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ཟུང་དུ་འཇུག་པའི་ཡེ་ཤེས་སོ། །ཞེས་འཆད་པ་ནི། བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །ཞེས་སོགས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་དམ་བཅའི་སྒོ་ནས་བཟུང་ཞིང༌། བསྒོམས་པའི་སྟོབས་ཀྱིས་མངོན་དུ་བྱེད་པ་ནི། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ཀྱི་ཚུལ་ལོ། །ཞེས་འཆད་པ་ནི། གསང་སྔགས་ཀྱི་སྒོར་སྤྱད་པ་ཞེས་སོ། །དེ་ལྟར་ན་འདིར་བཤད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་ལ་གྲགས་པའི་དོན་དམ་སེམས་སྐྱེད་ཅེས་བྱ་བ་དེ་དོན་གཅིག་པ་མ་ཡིན་ཏེ། འདིར་ནི་དཔལ་གསང་བ་འདུས་པ་ལས་འབྱུང་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་དེ་ཉིད་རྩ་བར་བྱས་ནས། དེ་ཇི་ལྟར་སྐྱེད་པ་དང༌། དེ་སྐྱེ་བའི་ཐབས་སུ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལེན་པའི་ཆོ་ག་དང༌། བྱང་ཆུབ་ཀྱི་སེམས་དེའི་ངོས་འཛིན་དང༌། དེ་ངོས་ཟིན་པའི་ཡན་ལག་ཏུ་བདག་གཉིས་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པ་ཡིན་ལ། ཕར་ཕྱིན་གྱི་ཐེག་པར་ནི། དོན་དམ་སེམས་སྐྱེད་ཀྱི་ངོས་འཛིན་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་བྱ་བར། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང༌། དབུ་མ་ལ་འཇུག་པ་སོགས་ལས་བཤད་པའི་ཕྱིར་རོ། །གཉིས་པནི༌། སེམས་འགྲེལ་གྱི་རྣམ་བཤད་མཛད་པ་གཞན་དག་ན་རེ། གཞུང་འདིར་ཀུན་རྫོབ་ཀྱི་རྣམ་པས། །ཞེས་གསུངས་པས། སྤྱིར་ཀུན་རྫོབ་སེམས་སྐྱེད་ལེན་པའི་ཆོ་ག་དང༌། བྱེ་བྲག་ཏུ། སྨོན་པའི་རང་བཞིན་ཅན་ཞེས་པས། སྨོན་སེམས་ཀྱི་ཆོ་ག་བསྟན་ནས། དེའི་འོག་ཏུ་དོན་དམ་བྱང་སེམས་བསྒོམས་པའི་སྟོབས་ཀྱིས་སྐྱེའོ། །ཞེས་སྟོན་པ་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་སྐྱེད་པར་བྱ་བ་ཡིན་ཏེ། ཞེས་གསུངས་སོ། །ཞེས་འཆད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། བསྟན་བཅོས་འདི་ལ་བྱང་ཆུབ་སེམས་འགྲེལ་ཞེས་མཚན་བཏགས་པ་ཡིན་པ་ལས། དེས་འགྲེལ་རྒྱུའི་བྱང་ཆུབ་ཀྱི་སེམས་དེ་གང་ཡིན་ལ་ཁྱོད་ཀྱིས་དཔྱད་པ་མ་ཞུགས་པའི་ཕྱིར་དང༌། འདིའི་དངོས་བསྟན་གྱི་ཆོ་གའི་ཚིག་ལ་སྤྱིར་ཀུན་རྫོབ་སེམས་སྐྱེད་དང༌། བྱེ་བྲག་ཏུ་སྨོན་པ་སེམས་སྐྱེད་ལེན་པའི་ཚིག་མི་སྣང་བའི་ཕྱིར་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་ཆོ་ག་ཞིག་སྣང་ཡང༌། དེ་ཙམ་གྱིས་ཀུན་རྫོབ་སེམས་སྐྱེད་ཀྱི་ཆོ་གར་འགྲུབ་ན། ཐེག་ཆེན་ལུགས་ཀྱི་སོ་ཐར་གྱི་སྡོམ་པ་ལེན་པའི་ཆོ་ག་ཡང་དེར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། བུ་སྟོན་རིན་པོ་ཆེའི་གསུང་གིས། དོན་དམ་སེམས་སྐྱེད་ཆོ་གའི་སྒོ་ནས་སྐྱེ་བ་མི་སྲིད་ན། དབང་བཞི་པའི་རྟོགས་པ་དེ་དབང་བཞི་པའི་ཆོ་ག་ལས་སྐྱེ་བ་མ་ཡིན་པར་འགྱུར་རོ། །ཞེས་གསུང་པར་གྲགས་སོ། །མདོར་ན་དོན་དམ་སེམས་སྐྱེད་ཀྱི་ཆོ་ག་བཀའ་དང་བསྟན་བཅོས་ལས་གསུངས་པ་མེད་དོ། །ཞེས་པའི་སྒྲ་ཇི་བཞིན་པ་འདི་ཉིད་ལ་མངོན་པར་ཞེན་ནས། རྒལ་ཞིང་བརྟགས་པ་བཟོད་པའི་གྲུབ་པའི་མཐའ་གཏིང་ཚུགས་པའི་བཤད་པ། གཞུང་འདིའི་རྣམ་བཤད་མཛད་པ་པོ་སྔོན་བྱོན་པ་དེ་དག་གིས་ལེགས་པར་བཤད་པ་མ་མཐོང་བས། དད་པའི་རྗེས་འབྲང་དུ་ཁས་འཆེ་བ་དག་གིས། བསྟན་བཅོས་ཆུད་གསན་པར་གྱུར་པ་མ་ཡིན་ནམ་སྙམ་དུ་བསམས་ནས། རྒལ་ཞིང་བརྟག་པའི་དྲི་བ་དེ་དག་བཀོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། གང་ཞིག་རྩད་ཅིང་མ་དྲིས་པ། །དེའི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་འབྱུང་བ་ལྟར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། ཐུབ་པའི་དགོངས་གསལ་ལས་ཇི་ལྟར་འབྱུང་བའི་ཚུལ་དང༌། དེ་ལ་དཔགས་ནས་རང་ལུགས་གོ་བདེ་བར་བཤད་པའོ། །དང་པོ་ནི། དེ་ཉིད་ལས། ཇི་སྐད་དུ། སྤྱིར་སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་སེམས་སྐྱེད། གསང་སྔགས་ཀྱི་དབང་བསྐུར་རྣམས་ཆོ་ག་ལས་སྐྱེ། བསམ་གཏན་གྱི་སྡོམ་པ། ཟག་པ་མེད་པའི་སྡོམ་པ། དོན་དམ་པའི་སེམས་སྐྱེད་རྣམས་ཆོ་ག་ལས་མི་སྐྱེ་བར་གསུངས། འོ་ན་རྣམ་སྣང་མངོན་བྱང་ལས། ཡན་ལག་བདུན་པའི་སྐབས་སུ་དོན་དམ་པའི་སེམས་སྐྱེད་ཀྱི་ཚིག་ལན་གསུམ་གསུངས་པ་དང་འགལ་ལོ་སྙམ་ན། འདིའི་ལན་ལ། མགོ་སྒྲེའི་ལན་དང༌། རྣལ་མའི་ལན་གཉིས་སོ། །དང་པོ་ནི། ཁྱེད་ཀྱང་ཕྱག་རྒྱ་ཆེན་པོ་སྒོམ་མེད་དུ་འདོད་ན། དེ་ཉིད་བསྡུས་པར། ཕྱག་རྒྱ་ཆེན་པོ་སྒོམ་པར་བཤད་པ་དང་འགལ་ལོ། །དེ་ཉིད་བསྡུས་པ་རྣལ་འབྱོར་གྱི་རྒྱུད་ཡིན། དེར་ལྷའི་སྐུ་སྒོམ་པ་ལ་ཕྱག་རྒྱ་ཆེན་པོར་བརྟགས་པ་ཡིན་གྱི། རྣལ་འབྱོར་ཆེན་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་སྙམ་ན། འོ་ན་རྣམ་སྣང་མངོན་བྱང་ཡང་སྤྱོད་པའི་རྒྱུད་ཡིན་ལ། ཡེ་ཤེས་ཀྱི་ཚོགས་སོག་པའི་སྔགས་ལ་དོན་དམ་སེམས་སྐྱེད་ཀྱི་མིང་བཏགས་པ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་དོན་དམ་སེམས་སྐྱེད་ཀྱི་ཆོ་ག་བཤད་པ་མ་ཡིན་ནོ། །རྣམ་སྣང་མངོན་བྱང་གསང་སྔགས་ཡིན་ཀྱང༌། དེ་ཉིད་ཀྱི་ལུགས་ཕ་རོལ་ཕྱིན་པ་བ་ལ་བྱས་ན་ཅི་འགལ་སྙམ་ན། དེ་ཉིད་བསྡུས་པ་ཡོ་ག་ཡིན་ཀྱང༌། ལུགས་དེ་རྣལ་འབྱོར་ཆེན་པོ་ལ་ཅི་འགལ། ཡོ་ག་དང་རྣལ་འབྱོར་ཆེན་པོ་རྒྱུད་སྡེ་ཐ་དད་པས། ཆོ་ག་དཀྲུགས་པ་མི་འཐད་དོ་ཅེ་ན། རྣམ་སྣང་མངོན་བྱང་དང་ཕ་རོལ་ཏུ་ཕྱིན་པའི་ལུགས་དཀྲུགས་པའང་ག་ལ་འཐད། གལ་ཏེ་ཐེག་པ་མི་འདྲ་བའི་ཆོ་ག་འཁྲུགས་ཀྱང༌། མོས་པའི་སྒོ་ནས་དོན་དམ་སེམས་སྐྱེད་ཀྱི་ཆོ་ག་བྱས་ཀྱང་ཅི་འགལ་སྙམ་ན། འོ་ན་རྒྱུད་སྡེ་ཐ་དད་ཀྱི་ལག་ལེན་འཁྲུགས་ཀྱང༌། ཡོ་གའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བླ་མེད་དུ་བསྒོམས་ཀྱང་ཅི་འགལ། ཕྱག་རྒྱ་ཆེན་པོ་སྒོམ་དུ་ཤོར་བ་སྐྱོན་ཅན་ཡིན་ནོ། །ཞེ་ན། དོན་དམ་སེམས་སྐྱེད་ཆོ་གར་ཤོར་བའང་སྐྱོན་ཅན་ཡིན་ནོ། །ཆོ་གར་ཤོར་བ་ཅི་སྐྱོན་སྙམ་ན། འོ་ན་སྒོམ་དུ་ཤོར་བའང་ཅི་སྐྱོན། སྒོམ་རྟོག་པ་ཡིན་ལ། ཕྱག་རྒྱ་ཆེན་པོ་མི་རྟོག་པ་ཡིན་པས་འགལ་ལོ་ཞེ་ན། འོ་ན་ཆོ་ག་ཀུན་རྫོབ་ཡིན་ལ། དོན་དམ་སེམས་སྐྱེད་དོན་དམ་ཡིན་པས་འགལ་བར་མཚུངས་སོ། །དེས་ན་གྲུབ་མཐའ་དང་རྒྱུད་སྡེའི་རིམ་པ་མི་ཤེས་པའི་བླུན་པོ་དག་གིས། མིང་མཐུན་པ་ཙམ་ལ་འཁྲུལ་གཞིར་གྱུར་ནས། དོན་གྱི་གནད་མ་ཤེས་པར་ཟད་དོ། །གཉིས་པ་དངོས་པོའི་ལན་ནི། སྤྱིར་ཆོས་ཐམས་ཅད་ལ་གྲུབ་མཐའི་རྣམ་གཞག་དང༌། ཐེག་པའི་རིམ་པ་གལ་ཆེ། མཚན་ཉིད་པ་དང༌། བཏགས་པ་པའི་བྱེ་བྲག་ཤེས་དགོས། དེའང་གྲུབ་མཐའ་ལ། ཉན་ཐོས་ཀྱི་དོན་དམ་ཐེག་ཆེན་གྱི་ཀུན་རྫོབ་ཏུ་འགྲོ་བ་ཡང་ཡོད། གསང་སྔགས་ལས་ཀྱང༌། དོན་དམ་སེམས་སྐྱེད་ཁ་དོག་དང་དབྱིབས་སུ་བསྒོམ་པར་བཤད་པ་ཡང་ཡོད། ཤཱུ་ནྱ་ཏ་དང་དངོས་པོ་ཐམས་ཅད་དང་བྲལ་བ་ལ་སོགས་པའི་ཚིག་གིས། སྟོང་པ་སྒོམ་པ་ལ་དོན་དམ་སེམས་སྐྱེད་དུ་མིང་བཏགས་པ་ཡང་ཡོད། ཟླ་བ་ལ་ཀུན་རྫོབ། རྡོ་རྗེ་ལ་དོན་དམ་དུ་མིང་བཏགས་པ་སོགས་དཔག་མེད་ཡོད་པས། དེ་དག་གི་རྒྱུ་མཚན་ལེགས་པར་ཤེས་དགོས། གསང་སྔགས་ཀྱི་ཆོ་ག་དང༌། ཕ་རོལ་ཏུ་ཕྱིན་པའི་སེམས་སྐྱེད་བསྲེས་པས་མི་འདྲེ། ཕ་རོལ་ཏུ་ཕྱིན་པའི་སྨོན་འཇུག་ལ། ཆོ་ག་མདོ་བསྟན་བཅོས་ཀུན་ནས་བཤད། དོན་དམ་སེམས་སྐྱེད་ལ་ཆོ་ག་མདོ་དང་བསྟན་བཅོས་ཀུན་ནས་བཤད་པ་མེད། ཁྱད་པར་དུ་དབུ་མའི་ལུགས། སློབ་དཔོན་ཀླུ་སྒྲུབ་དང༌། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་སོགས་ལས་མ་གསུངས། སེམས་ཙམ་པའི་སློབ་དཔོན་ཐོགས་མེད་དང༌། སྡོམ་པ་ཉི་ཤུ་པ་དང༌། ཇོ་བོ་རྗེའི་སེམས་སྐྱེད་ཀྱི་གཞུང་ལས་ཀྱང༌། དོན་དམ་སེམས་སྐྱེད་ལ་ཆོ་ག་མ་གསུངས་སོ། །ཞེས་འབྱུང་ངོ༌། །གསུང་འདིའི་ངག་དོན་བསྡུས་ན། གསང་སྔགས་ལས་དོན་དམ་སེམས་སྐྱེད་ཀྱི་ཆོ་ག་བཤད། ཕར་ཕྱིན་ཐེག་པ་ལས་མ་བཤད་ཅིང༌། སྔགས་སུ་ཆོ་ག་བཤད་པའི་དོན་དམ་སེམས་སྐྱེད་དེ། དོན་དམ་སེམས་སྐྱེད་མཚན་ཉིད་པ་མ་ཡིན། ཞེས་བྱ་བའི་དོན་ནོ། །གཉིས་པ་རང་ལན་གོ་བདེ་བར་བརྗོད་པ་ལ་གཉིས་ཏེ། མདོ་སྔགས་ཀྱི་དོན་དམ་བྱང་སེམས་ཀྱི་ཁྱད་པར་ཕྱེ་བ་དང༌། ལུགས་གཉིས་ཀ་ལ་དོན་དམ་སེམས་སྐྱེད་བསྐྱེད་པའི་ཆོ་ག་ཡོད་དུ་ཆུག་ཀྱང༌། དེའི་སྟོབས་ཀྱིས་སྐྱེས་པ་མ་ཡིན་པར་བསྟན་པའོ། །དང་པོ་ནི། བཀའ་གདམས་ཀྱི་བསྟན་རིམ་འགའ་ཞིག་དང༌། རྗེ་ཕག་མོ་གྲུ་པའི་དོན་དམ་སེམས་སྐྱེད་ཀྱི་ཆོ་ག་ཞེས་བྱ་བའི་ཡི་གེ་ལས། གོང་དུ་དྲངས་པའི་སྤང་ཀོང་ཕྱག་རྒྱ་པའི་ཆོ་གའི་ཚིག་དེ་ལ་རྟེན་པའི་སྔགས་ཆོག་ལན་གསུམ་བརྗོད་པ་དང༌། མཇུག་ཏུ་གཟེངས་བསྟོད་པ་དང༌། སྤྲོ་བ་སྐྱེད་པའི་ཚིག་སྦྱར་བའི་ཆོ་ག་མཛད་ནས། ལུགས་དེ་ཕར་ཕྱིན་ཐེག་པའི་དབང་དུ་བྱས་པར་བཞེད་དོ། །དོན་དེ་འགོག་པ་ནི་གཞུང་འདིར། དོན་དམ་སེམས་སྐྱེད་ཅེས་བྱ་བ། །བསྒོམས་པའི་སྟོབས་ཀྱིས་སྐྱེ་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྤྱིར་ཕར་ཕྱིན་ཐེག་པར་ཀུན་རྫོབ་སེམས་སྐྱེད་ཅེས་བྱ་བ། སངས་རྒྱས་ཀྱི་གཞན་དོན་གྱི་སྐུ་དམིགས་ཡུལ་དུ་བྱས་ནས། བསོད་ནམས་ཀྱི་ཚོགས་ཉམས་སུ་ལེན་པ་དང༌། དོན་དམ་པའི་སེམས་སྐྱེད་ཅེས་བྱ་བ། སངས་རྒྱས་ཀྱི་དོན་དམ་པའི་སྐུ་ལ་དམིགས་ནས། ཡེ་ཤེས་ཀྱི་ཚོགས་ཉམས་སུ་ལེན་པའོ། །དེ་ལྟ་བུའི་རྣམ་པར་གཞག་པ་དེ་སྔགས་ཀྱི་ཐེག་པར་ཡང་མི་བཞེད་པ་ནི་མ་ཡིན་མོད། ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་གཉིས་ནི། ཇི་སྐད་དུ། རྩ་བའི་རྒྱུད་ལས། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་སྐྱེད། །ཀུན་རྫོབ་ཀུནྡ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་པ་ལྟར། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཀྱང་བྱ། མཆོག་ཏུ་མི་འགྱུར་བའི་བདེ་བ་དང༌། དམིགས་པ་མེད་པའི་སྙིང་རྗེ་ཞེས་ཀྱང་བྱ་བ་དེ། ཐོག་མར་རང་གི་རྒྱུད་ལ་ཇི་ལྟར་གནས་པའི་ཚུལ་ངོས་བཟུང་སྟེ། སེམས་དེ་གསལ་བཏབ་པའི་སྒོ་ནས་དམ་བཅའ་ཙམ་གྱིས་སྐྱེད་པའི་ཆོ་ག་ནི། གོང་དུ་རྒྱས་པར་ཇི་སྐད་དྲངས་པ་དེ་དག་གོ །འོ་ན་བྱང་ཆུབ་ཀྱི་སེམས་དེ་དུས་ནམ་གྱི་ཚེ་མངོན་དུ་འགྱུར་པ་ཡིན་ཞེ་ན། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས། རང་བྱུང་གི་ཡེ་ཤེས་ནམ་མངོན་དུ་བྱས་པ་དེའི་ཚེ་ནའོ། །དེ་ཡང་མཚོན་བྱེད་དཔེའི་ཡེ་ཤེས་ཀྱི་ཚེ་ན་རྗེས་མཐུན་པ་དང༌། མཚོན་བྱ་དོན་གྱི་ཡེ་ཤེས་ཀྱི་ཚེ་ན་དེ་མཚན་ཉིད་པ་མངོན་དུ་གྱུར་པ་ཡིན་ནོ། །འོ་ན་ཕར་ཕྱིན་ཐེག་པའི་དོན་དམ་སེམས་སྐྱེད་དངོས་དེ་དང༌། འདིའི་ཁྱད་པར་ཅི་ཞེ་ན། གཉིས་ཀ་ཡང་ཐེག་ཆེན་མཐོང་ལམ་གྱི་དུས་སུ་མངོན་དུ་འགྱུར་བར་མཚུངས་ཀྱང༌། ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། འདི་ནི་ཡུལ་ཅན་དམིགས་པ་མེད་པའི་སྙིང་རྗེ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས། ཡུལ་སྤྲོས་པའི་མཐའ་བྲལ་རྟོགས་པ་ཡིན་པས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དངོས་ཡིན་ལ། གཅིག་ཤོས་ལ་དེ་མེད་པའི་ཕྱིར་རོ། །འོ་ན་བྱང་ཆུབ་ཀྱི་སེམས་དེ་བཟུང་བའི་ཆོ་ག་ལན་གསུམ་བརྗོད་པའི་མཐའ་དེ་ཉིད་དུ་མི་སྐྱེ་བར། ཇི་ལྟར་བཟུང་བའི་དོན་དེ་ཉིད་ལ་བློ་གཞག་ནས། ཡུན་རིང་དུ་བསྒོམས་པའི་སྟོབས་ཀྱིས་སྐྱེ་བ་ཡིན་ན། བརྗོད་པ་ལན་གསུམ་ལ་དགོས་པ་མེད་དོ། །ཅེ་ན། མི་འགལ་ཏེ། དཔེར་ན་རིགས་ལྔའི་སྡོམ་པ་དེ་བཟུང་བའི་ཆོ་ག་ལན་གསུམ་པའི་མཐའ་དེ་ཉིད་དུ་མི་སྐྱེ་བར། བསྒོམས་པའི་སྟོབས་ཀྱིས་བུམ་དབང་རྫོགས་པའི་མཐར་སྐྱེ་དགོས་པ་བཞིན་ནོ། །དེའི་ཕྱིར། དོན་དམ་བྱང་ཆུབ་ཀྱི་སེམས་དེ་དགོས་པ་གང་གི་ཕྱིར་དུ་སྐྱེད་པའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེ་ཡང༌། སེམས་སྐྱེད་དེ་དང་ལྷན་ཅིག་ཏུ་འཛིན་པ་དང་མི་འཛིན་པའི་ལུགས་གཉིས་ལས། ཕྱི་མ་ནི་གོང་དུ་དྲངས་པའི་ལུང་ཕལ་ཆེ་བ་རྣམས་ཀྱིས་སྟོན་ལ། ལུགས་དང་པོ་ནི་བྱང་ཆུབ་སེམས་འགྲེལ་ནས་འབྱུང་བའི་ཆོ་ག་དེས་སྟོན་པ་ཡིན་ལ། འདི་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་གསལ་བཏབ་པ་དང་ལྷན་ཅིག་ཏུ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེ་འཛིན་པའི་བཤད་པ་མེད་པའི་ཕྱིར་རོ། །དོན་དེ་ཉིད་ནི་རྡོ་རྗེ་རྩེ་མོ་ལས་ཀྱང་འབྱུང་བ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང༌། །ཞེས་པས་དོན་དེ་བསྟན་པའི་ཕྱིར་ཏེ། སྨོན་འཇུག་དང་དེའི་སྡོམ་པ་གཉིས་ནི། གོང་དུ་རྣམ་སྣང་གི་དམ་ཚིག་ཏུ་བཟུང་ཟིན་པའི་ཕྱིར། འོ་ན་ཅི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་འདིའི་དབང་དུ་བྱས་པའི་སྡོམ་པ་ནི་དེ་ཁོ་ནར་ཟད་དམ། གཞན་ཡང་ཡོད་ཅེ་ན། གཞན་ནི་ངེས་པར་ཡོད་དེ། དེ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་གསལ་བཏབ་ནས་གཟུང་བའི་སྡོམ་པ་དང༌། བཟུང་བ་དེའི་རྒྱུན་གོམས་པར་བྱས་པས་མངོན་དུ་གྱུར་པའི་གནས་སྐབས་ཀྱི་སྡོམ་པའོ། །དང་པོ་ལ་གཉིས་ཏེ། དོན་དམ་བྱང་སེམས་ཀྱི་དམ་ཚིག་ལ་འཇུག་པའི་སྡོམ་པ་དང༌། དམ་ཚིག་དེ་ལ་གནས་པའི་སྡོམ་པའོ། །དེ་གཉིས་ལེན་པའི་ཆོ་ག་ནི་རྣམ་སྣང་མངོན་བྱང་གི་ལུང་གོང་དུ་དྲངས་པའི་དོན་ཚན་གཉིས་པ་དེས་གོ་རིམ་བཞིན་དུ་བསྟན་པ་ཡིན་ལ། དམ་ཚིག་དེའི་ངོ་བོ་ནི་སེམས་རང་བཞིན་གྱི་ཆོས་སྐུར་མཐོང་བ་དེ་ཉིད་ཡིན་པར་ནི། མངོན་བྱང་གི་ལུང༌། ཇི་སྐད་དུ། དམ་ཚིག་གསུམ་གང་ཞེ་ན། ཞེས་སོགས་གོང་དུ་དྲངས་ཟིན་པ་དེ་ཉིད་ཀྱིས་སྟོན་ཞིང༌། དེ་དང་འགལ་བའི་ལྟུང་བ་ཡང༌། ཇི་སྐད་དུ། ལྔ་གང་ཞེ་ན། ཞེས་སོགས་དྲངས་ཟིན་པ་དེ་ཉིད་དོ། །གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་མངོན་དུ་གྱུར་པའི་གནས་སྐབས་ཀྱི་སྡོམ་པ་དེའི་ངོ་བོ་དང༌། ཐོབ་པའི་དུས་ཀྱང་ཇི་སྐད་དུ། རྩ་བའི་རྒྱུད་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་ཡང་དག་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་གསུངས་ཤིང༌། དེའི་འོག་ཏུ་དེ་ལ་ལྟོས་པའི་དམ་ཚིག་རྣམས་ཀྱང་གསུངས་སོ། །འོ་ན་འདིར། གང་ཞིག་གང་གིས་སྡོམ་ཞེ་ན། སྤང་བྱ་བཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམས། སྡོམ་བྱེད་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་སྟོབས་ཀྱིས་སྡོམ་ལ། འདི་ལ་བླ་མ་གོང་མས། རྫོགས་རིམ་གྱི་སྡོམ་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་དེ་ཡིན་ནོ། །གཉིས་པ་ནི། མདོར་ན་མདོ་སྔགས་ཀྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་པོ་དོན་གཅིག་གམ་མི་གཅིག་ཀྱང་རུང༌། དེ་ལེན་པར་བྱེད་པའི་ཆོ་ག་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་འབྲེལ་ཀྱང་རུང་མ་འབྲེལ་ཀྱང་རུང་སྟེ། བརྗོད་པ་ཁས་བླངས་ཀྱི་དམ་བཅའ་ལན་གསུམ་བྱས་པའི་མཐའ་དེ་ཉིད་དུ། བརྗོད་པ་དེའི་སྟོབས་ལས་བྱང་ཆུབ་ཀྱི་སེམས་འདི་སྐྱེ་བ་ནི་སྲིད་པ་མ་ཡིན་ཏེ། ཡིན་ན་བརྡ་ལས་བྱུང་བའི་སེམས་སྐྱེད་དུ་ཐལ་བའི་ཕྱིར་རོ། །དེའི་རྒྱུ་མཚན་གྱིས། འདི་ལ་སྦྱོར་དངོས་ཀྱི་ཆོ་ག་གསུངས་ཀྱང༌། རྗེས་ཀྱི་ཆོ་ག་བཤད་པ་མེད་དོ། །རིམ་པ་ལྔ་པར་བཤད་པ་དེ་ནི། དབང་གསུམ་པའི་དུས་སུ་དཔེའི་ཡེ་ཤེས་སྐྱེས་པའི་མཐའ་རྟེན་དུ་ཡོན་འབུལ་བའི་ཚིག་ཡིན་གྱི། དོན་གྱི་ཡེ་ཤེས་མངོན་དུ་བྱས་པའི་རྗེས་ཀྱི་ཆོ་ག་ནི་མ་ཡིན་པས། དེར་དེ་བཤད་པ་ལས་བྱུང་བའི་ཉེས་པ་དེ་ཡོད་པ་མ་ཡིན་ནོ། །དོན་དེ་ལ་དགོངས་ནས། གཞུང་འདི་ཉིད་དུ། འདི་ལ་སྦྱོར་དངོས་རྗེས་གསུམ་གྱི། །ཆོ་ག་རྒྱལ་བས་གསུངས་པ་མེད། །ཅེས་པར་རྗེས་ཤེས་བྱ་བའི་ཚིག་ལ་ནུས་པ་འདོན་རྒྱུ་ཡིན་པ་དང༌། ཐུབ་པའི་དགོངས་པ་གསལ་བ་ལས་ཀྱང༌། བླུན་པོ་དག་གིས་ཀྱང་ཆོས་ནས་བཤད་པའི་སྡེ་སྣོད་ཀྱི་རྣམ་གཞག་དང༌། དབང་སྐུར་ལ་སོགས་པ་ཆོ་ག་ཟབ་མོ་མ་མཐོང་བར། མ་བཤད་པའི་སྨོན་འཇུག་གི་སེམས་སྐྱེད་ལ་གསང་སྔགས་ཀྱི་ལྷ་སྒོམ་པ་དང༌། དོན་དམ་སེམས་སྐྱེད་ལ་རྗེས་བརྗོད་ཀྱི་ཆོ་ག་བྱེད་པ་སོགས། སངས་རྒྱས་ཀྱིས་མ་གསུངས་པ་བྱེད་པ་དེ་དག་བསྟན་པ་ལ་གནོད་པ་ཡིན་ཏེ། མུན་པ་མུན་ནག་ཏུ་མིག་མི་གསལ་བ་ཞུགས་པ་དང་འདྲའོ། །ཞེས་བྱམས་པས་མདོ་སྡེ་རྒྱན་ལས་གསུངས་སོ། །ཞེས་བཤད་པ་ཡིན་ནོ། །དེས་ན་དེ་འདྲ་དེ་ལ་རྗེས་ཆོག་སྦྱར་ན། བསྒྲུབ་བྱ་དེ་འཕགས་པ་ཉིད་དུ་ཁས་བླངས་པར་སོང་བས། གནས་འདི་ལ་བག་ཡོད་པར་བྱའོ། །དེ་དག་ལ་འདི་སྐད་ཅེས། དོན་དམ་བྱང་སེམས་ཞེས་བྱ་བ། །མདོ་དང་སྔགས་ཀྱི་ཁྱད་པར་ལས། །སྟོང་ཉིད་མངོན་སུམ་རྟོགས་བློ་དང༌། །སེམས་ཀྱི་རྡོ་རྗེ་དག་ལ་བཞེད། །དེ་བསྐྱེད་པ་ཡི་སྔགས་ཆོག་ཙམ། །དེ་ཐོབ་བྱེད་པའི་ཐབས་མིན་ཀྱང༌། །ངེས་པར་འབྱེད་པའི་ཆ་བཞི་དང༌། །དབང་དང་རིམ་གཉིས་གོམས་པས་འཐོབ། །ཅེས་སྦྱར་བ་ཡིན་ནོ།།  །།དྲི་བ་བརྒྱད་པ་ནི། སརྦ་ཡོ་ག་ཙིཏྟ་སོགས། །སློབ་མས་བཟླས་ཏེ་ཀུན་རྫོབ་དང༌། །དོན་དམ་སེམས་སྐྱེད་འཛིན་བཅུག་ནས། །སུ་ར་ཏེ་ས་མ་ཞེས་སོགས་ཀྱིས། །སྐྱེས་ཟིན་བརྟན་པར་བྱེད་དེ་ཅི། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། དཀྱིལ་ཆོག་ཕྱི་མ་མང་པོའི་ནང་ན། སྔགས་དང་པོ་དེ་བརྗོད་པས་བྱང་ཆུབ་ཏུ་སེམས་སྐྱེད་པ་གཟུང་ལ། སྔགས་ཕྱི་མ་དང༌། རྡོ་རྗེ་སྙིང་ཁར་གཞག་པས། བྱང་ཆུབ་ཀྱི་སེམས་དེ་བརྟན་པར་བྱེད་པ་ཡིན་ནོ། །ཞེས་གསུང་བ་དག་སྣང་ལ། དེ་ལྟ་ན་དོན་དམ་སེམས་སྐྱེད་ལ་རྗེས་ཀྱི་ཆོ་ག་བཤད་པར་འགྱུར་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བརྟག་པ་འདི་ཉེ་བར་མ་བཀོད་ན། ཐམས་ཅད་རྣལ་འབྱོར་དུ་སེམས་སྐྱེད་པར་བགྱིའོ། །ཞེས་པའི་སྔགས་འདི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་སྔགས་སུ་མི་གོ་བར་སྣང་བ་དང༌། སྔགས་འདི་སློབ་དཔོན་རྐྱང་པས་བརྗོད་ལ། སློབ་མས་ནི། སྙིང་ཁར་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ངོ་བོ་ཟླ་བ་དང་རྡོ་རྗེ་སྒོམ་པ་ཙམ་ཡིན་གྱི། སྔགས་དེའི་རྗེས་ཟློས་བྱ་མི་དགོས་པར་འཆད་པ་དང༌། ཐམས་ཅད་ཅེས་པའི་ཚིག་གིས་ཀུན་རྫོབ་དང་དོན་དམ་པའི་སེམས་གཉིས་ཀ་འཛིན་པར་འཁྲུལ་བ་དང༌། སུ་ར་ཏེ་ཞེས་སོགས་སེམས་སྐྱེད་པའི་སྔགས་དང༌། སྐྱེད་ཟིན་བརྟན་པའི་སྔགས་སུ་འཁྲུལ་པ་གཉིས་ཀ་འདུག་པ་དང༌། འདིར་དོན་དམ་པ་བྱང་ཆུབ་ཀྱི་སེམས་འཛིན་པར་བཤད་པ་དེ་དང༌། རྣམ་སྣང་མངོན་བྱང་དུ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དམ་ཚིག་གནས་པའི་སྡོམ་པ་འཛིན་པར་བཤད་པ་གཉིས་པོ་དོན་གཅིག་ཏུ་མི་གོ་བའི་ཉེས་པ་ཡོད་དོ། །འོ་ན་དེ་དང་དེའི་ཤེས་བྱེད་ཅི་ཞེ་ན། གོ་རིམ་བཞིན་དུ་བཤད་པ་ནི། དཔལ་མཆོག་ལས། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཟིན་པའི་རྗེས་སུ། སངས་རྒྱས་ཀྱི་རང་བཞིན་རྟོགས་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་སྐྱེད་པ་ནི། དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་ལན་གཅིག་བརྗོད་པས་བསྐྱེད་དུ་བཅུག་སྟེ། ཞེས་གསུངས་པ་དང༌། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། སྔགས་འདིའི་རྗེས་བཟློས་སློབ་མས་བྱེད་དགོས་པ་ཉིད་དུ་བཤད་པ་དང༌། འདི་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་ཆེན་དམ་པ་ཞེས་བཤད་པ་དང༌། རྣམ་སྣང་མངོན་བྱང་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཞེས་བཤད་པ་གཉིས་དོན་གཅིག་ལ་འདུ་བའི་ཕྱིར་དང༌། སརྦ་ཞེས་སོགས་ཀྱི་སྔགས་འདི་ནི། ཐམས་ཅད་རྣལ་འབྱོར་ཞེས་བྱ་བའི་མིང་ཅན། ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་སྐྱེད་པའི་སྔགས་ཡིན་གྱི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྔར་སྟ་གོན་གྱི་སྐབས་ལ་སོགས་པར་བསྐྱེད་ཟིན་པ་དེ་ཉིད་ཀྱིས་ཆོག་པའི་ཕྱིར་དང༌། འདིར་ཟླ་བའི་སྟེང་དུ་རྡོ་རྗེ་སྒོམ་པར་བཤད་པ་དེ་ཡང༌། ཟླ་བས་ནི་སྔར་བསྐྱེད་ཟིན་པའི་ཀུན་རྫོབ་སེམས་སྐྱེད་དེ་ཉིད་མཚོན་པ་ཡིན་གྱི། འདིར་བསྐྱེད་བྱའི་སེམས་དེ་མཚོན་པ་མ་ཡིན་པའི་ཕྱིར་དང༌། རྗེ་བཙུན་རྩེ་མོས། དབང་གི་ཆུ་བོ་ལས། ཇི་སྐད་དུ། དེ་ནས་སློབ་མའི་སྙིང་ཁར་དངོས་སུ་རྡོ་རྗེ་གཞག་སྟེ། རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ་གཅིག སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ལ། སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏཱ་ཡ་མི། ཞེས་བརྗོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ཞེས་གསུངས་པས། ཟླ་བ་སྒོམ་པ་མེད་མི་རུང་དུ་མ་བཤད་དོ། །སུ་ར་ཏེ་ཞེས་སོགས་ནི། སེམས་སྐྱེད་པའི་སྔགས་སུ་ཚད་ལྡན་སུས་ཀྱང་མི་འཆད་ཅིང༌། སྐྱེས་ཟིན་བརྟན་པའི་སྔགས་སུ་ཡང་བཤད་ན་རིགས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཇི་ལྟར་སྐྱེད་པ་དེ་ཉིད་བརྟན་པར་བཟུང་ནས་གསང་བར་གདམས་པའི་སྔགས་སུ་རིགས་པ་ཡིན་ནོ། །གཉིས་པ་དངོས་ལན་གདབ་པ་ནི། སློབ་མའི་སྙིང་ཁར་རྡོ་རྗེ་བསྒོམས་ནས། སྔགས་ཀྱི་རྗེས་བཟློས་བྱེད་དུ་འཇུག་པ་འདི་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཆོ་ག་ཡིན་ཏེ། སྔགས་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་དེ་གསལ་བཏབ་ནས་འཛིན་པའི་ཆོ་ག་ཡིན་པའི་ཕྱིར། འདིར་བཟུང་བའི་དམ་ཚིག་གི་ངོ་བོ་ནི། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད། རྡོ་རྗེ་སེམས་དཔའི་ངོ་བོར་གསལ་བཏབ་ནས་སེམས་འཛིན་པར་བྱེད་པའོ། །ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག་པའི་སྐབས་སུ། ཡེ་ཤེས་ཀྱི་རྡོ་རྗེ་ཞེས་གསུངས་པ་ཡང་འདི་ཉིད་ལ་བསམས་པ་ཡིན་ཏེ། ཇི་སྐད་དུ། དཔལ་མཆོག་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་པ་ནས། དཔལ་མཆོག་གི་དང་པོའི་སྐྱེས་བུའོ། །ཞེས་པའི་བར་དུ་གསུངས་པས་སོ། །ཆོ་ག་འདི་ཙམ་གྱིས་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པར་ནི་མི་འཇོག་སྟེ། དེ་མངོན་དུ་འགྱུར་བའི་ངེས་པ་མེད་པའི་ཕྱིར་ཏེ། དེ་མངོན་དུ་འགྱུར་བ་ནི། བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་དེ་ཉིད་ཀྱི་རིགས་རྒྱུན་གོམས་པར་བྱས་པ་ལ་ལྟོས་པའི་ཕྱིར། དུས་ནམ་གྱི་ཚེ་མངོན་དུ་འགྱུར་ཞེ་ན། གང་གི་ཚེ་ཐེག་པ་ཆེན་པོའི་མཐོང་བའི་ལམ་མངོན་དུ་བྱས་པ་དེའི་ཚེ་ནའོ། །དེ་བས་ན། ཐམས་ཅད་རྣལ་འབྱོར་དུ་སེམས་སྐྱེད་པའི་སྔགས་ཚིག་འདི་ལ་རྗེས་ཀྱི་ཆོ་ག་ནི་ཚད་ལྡན་སུས་ཀྱང་མ་བཤད་པ་བཞིན་དུ་མ་སྦྱོར་ཏེ། གཞན་དུ་ན། བརྡ་ལས་བྱུང་བའི་སེམས་སྐྱེད་དུ་ཐལ་བའི་རིགས་པ་དང༌། འདི་ལ་སྦྱོར་དངོས་རྗེས་གསུམ་གྱི། །ཆོ་ག་རྒྱལ་བས་གསུངས་པ་མེད། །ཅེས་བྱ་བའི་ལུང་དང་འགལ་བས་སོ། །དེ་ལྟ་ནའང༌། འདིར་དོན་དམ་སེམས་སྐྱེད་སྐྱེས་པ་མེད་ཀྱང༌། སེམས་དེ་བཟུང་བའི་དམ་ཚིག་གི་འགལ་ཟླ་རྣམས་ནི་ངེས་པར་བསྲུང་དགོས་ཏེ། རྒྱུད་སྡེ་འོག་མ་གཉིས་སུ་གསུངས་པའི་རྩ་ལྟུང་རྣམས་ཀྱང་འདི་ལ་ལྟོས་པའི་རྩ་ལྟུང་དུ་འཆད་དགོས་པའི་ཕྱིར་དང༌། ཇི་སྐད་དུ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། ཞེས་སོགས་གསུངས་པའི་ཕྱིར་རོ། །ཞར་ལ་སེམས་དེ་བསྐྱེད་པའི་དགོས་པ་ཅི་ཞེ་ན། དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་ཡེ་ཤེས་སེམས་དཔའ་ཕེབས་སླ་བ་དང༌། ཕེབས་ཟིན་པ་ན་འབྲས་དུས་ཀྱི་རྡོ་རྗེ་སེམས་པ་དེ་ཉིད། གཞི་དུས་ཀྱི་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་དུ་ངོ་འཕྲོད་ནས། མི་འབྲལ་བར་དུས་རྟག་དུ་བཞུགས་པའི་དགོས་པ་ཡོད་དོ།།  །།དྲི་བ་དགུ་པ་ནི། བདག་གཞན་བརྗེ་བ་མཐའ་གཅིག་ཏུ། །ནོར་ཆེན་ཆོས་ཤེས་ཕྱོགས་སྔ་མས། །ཇི་ལྟར་ཁས་བླངས་ས་བརྒྱད་པར། །བརྗེ་བ་སྒོམ་པར་འཆད་མིན་ནམ། །ཕྱོགས་སྔར་སྡུག་བསྔལ་དང་ལེན་གྱི། །བཟོད་པ་ཐོབ་དང་མ་ཐོབ་པའི། །ཞིབ་ཆ་ཕྱེ་བ་མ་ཀླགས་ན། །ལུང་རིགས་ཆུད་འཛར་མི་འགྱུར་རམ། །ཞེས་པ་འདི་ལ་གཉིས་ལས། འདྲི་བའི་རྒྱུ་མཚན་ནི། འདིའི་ཐད་ཀྱི་རྣམ་བཤད་མཛད་པ་ཀུན་གྱིས། ཕྱོགས་སྔ་མ་ལ་ཞིབ་ཆ་ཇི་ལྟར་ཡོད་ཀྱི་ཟུར་མ་ཕྱིན་པར། གཞུང་སྦྱར་བདེ་བའི་སྒྲ་ཇི་བཞིན་པ་དེ་ཉིད་ཐད་སོར་བཞག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། རྗེ་འབྲི་ཁུང་པའི་གསུང་གིས། ས་བརྒྱད་པ་ཐོབ་ནས་བདག་གཞན་བརྗེ་བ་སྒོམ་པ་ཡིན་གྱི། །དེ་མ་ཐོབ་པ་དེ་སྲིད་དུ། གཞན་གྱི་སྡུག་བསྔལ་བླངས་ཀྱང་མི་བཟོད་པས། རྫོགས་བྱང་གི་ལམ་སྒྲུབ་པའི་བར་ཆད་དུ་འགྱུར་པ་ཡིན་ཏེ། དཔེར་ན། ཤཱ་རིའི་བུས་དུས་མིན་དུ་མིག་སྦྱིན་པར་བཏང་བའི་རྐྱེན་གྱིས་ཉན་ཐོས་ཀྱི་སར་ལྷུང་བ་བཞིན་དེས་ན་སོ་སོ་སྐྱེ་བོ་དང་མ་དག་པའི་སར། བདེ་སྡུག་གང་བྱུང་ཀྱང་ལམ་དུ་འཁྱེར་བ་ཡིན། ཞེས་གསུང་པར་འདུག་པ་དེ། དག་པར་མ་ཀླགས་ན། ཕྱོགས་སྔ་མས་ལན་འདི་ལྟར་དུ་ཐེབས་པར་འགྱུར་ཏེ། ཇི་སྐད་དུ། བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །དགེ་བ་ཡིན་ནམ་སྡིག་ཡིན་བརྟག །ཅེས་སོགས་ལ། དགེ་བ་ཡིན་ཀྱང་དུས་མིན་དུ། །ཉམས་སུ་བླངས་ན་ཐབས་མི་མཁས། །དུས་མ་ཡིན་པར་ཡང་དག་མཐའ། །མངོན་དུ་བྱས་པ་ཇི་བཞིན་ནོ། །ཞེས་དང༌། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་བློ་སྦྱོང་བའི། །སྨོན་ལམ་འགའ་ཞིག་མཐའ་མི་བཙན། །གལ་ཏེ་བཙན་ན་མཛའ་བོའི་བུ། །རྒྱུན་དུ་ཀླད་ནད་ཆེན་པོར་འགྱུར། །ཞེས་པ་ལ། མཛའ་བོའི་བུ་ཡིས་སྡུག་བསྔལ་འདིས། །གཞན་གྱིས་སྡུག་བསྔལ་དག་གྱུར་ཅེས། །ལམ་དུ་བཏང་བ་ཉིད་ཡིན་གྱི། །གཞན་གྱི་སྡུག་བསྔལ་བླངས་པ་མེད། །ཅེས་དང༌། ཇི་སྐད་དུ། དུས་གསུམ་སངས་རྒྱས་སྲས་བཅས་ཀྱང༌། །བདག་གཞན་བརྗེ་བ་བསྒོམས་པའི་ཕྱིར། །རྒྱུན་དུ་སྡུག་བསྔལ་ཐོབ་པར་འགྱུར། །ཞེས་པ་ལ། མི་སྐྱེའི་ཆོས་ལ་བཟོད་ཐོབ་ནས། །སྡུག་བསྔལ་དག་གིས་གདུང་བ་མེད། །དེ་མ་ཐོབ་པར་སྡུག་བསྔལ་ན། །རྫོགས་བྱང་སྒྲུབ་པའི་གེགས་སུ་འགྱུར། །ཞེས་པ་དང༌། ཇི་སྐད་དུ། བརྗེས་པའི་སེམས་ཅན་དེ་དག་ཀུན། །སྡུག་བསྔལ་འབྱུང་བ་མི་སྲིད་འགྱུར། །ཞེས་པ་ལ། བདག་གཞན་བརྗེ་བ་ནོར་ཆོས་སུ། །ཁས་བླངས་པ་ལ་རིགས་པ་འདི། །འཇུག་ན་བདག་གཞན་བརྗེ་བའི་སེམས། །བྱང་ཆུབ་ལམ་དུ་ཁས་བླངས་སམ། །ཀླུ་སྒྲུབ་ཞབས་དང་སྤྱོད་འཇུག་གི །ལུང་གིས་མི་གནོད་བཟོད་ཐོབ་ནས། །བརྗེ་བ་སྒོམ་པ་ཉིད་ལ་དགོངས། །ཞེས་བྱ་བའི་ལན་དེ་དང་དེ་དག་ཐེབས་པས། རང་ལུགས་ཀྱི་ལུང་རིགས་དེ་དག་ཆུད་ཟ་བ་ཉིད་དུ་བྱེད་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། ཕྱོགས་སྔ་མ་ན་རེ། རྗེ་ཕག་པོ་གྲུ་པའི་གསུང་གིས། ཁོ་བོ་སྔོན་དད་པ་ནི་ཆེ། ཤེས་རབ་ནི་ཆུང་བས། རྟག་པར་གཞན་གྱི་སྡུག་བསྔལ་རྣམས་བདག་ལ་སྨིན་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པས། ད་ལྟ་རྟག་པར་ཞབས་སྙུང་པ་དེ་དེས་ལན་པ་ཡིན། ཞེས་གསུང་པས། གཞན་གྱི་སྡུག་བསྔལ་འཁུར་མི་བཟོད་པ་སོ་སོ་སྐྱེ་བོ་དང༌། མ་དག་པའི་ས་བདུན་ཚུན་ཆད་དུ་རང་གཞན་བརྗེས་ནས་དག་པར་འགྱུར་བའི་སྐབས་ཡོད་དོ། །ཞེས་གསུང་ངོ༌། །དེ་དགག་པ་ལ། རིགས་པ་དང༌། ལུང་གཉིས་ལས། དང་པོ་ལ། སོ་སོ་སྐྱེ་བོས་བརྗེ་བ་སྒོམ་པའི་སེམས་མི་དགེ་བར་ཐལ་བ་དང༌། གནས་མ་ཡིན་པའི་སྨོན་ལམ་མི་སྲིད་པར་ཐལ་བ་དང༌། ས་བརྒྱད་པ་ཡན་ཆད་དུ་གཞན་གྱི་སྡུག་བསྔལ་ཐམས་ཅད་ལེན་པར་ནུས་ན། གཞན་ལ་སྡུག་བསྔལ་འབྱུང་མི་སྲིད་པར་ཐལ་བ་དང༌། བདག་གི་བདེ་བ་གཞན་ལ་འཕོ་ནུས་ན། གཞན་འབད་མེད་དུ་གྲོལ་བར་ཐལ་བ་དང༌། རང་གྲོལ་བ་མི་སྲིད་པར་ཐལ་བ་རྣམས་འཇུག་གོ །རྒྱུན་དུ་སྡུག་བསྔལ་ཐོབ་པར་འགྱུར། །ཞེས་པའི་དོན་ཡང༌། སྡུག་བསྔལ་གྱིས་གདུང་བར་ཐལ་བའི་དོན་མ་ཡིན་གྱི། གཞན་གྱི་སྡུག་བསྔལ་རང་རྒྱུད་ལ་ཐོབ་པར་ཐལ་བའི་དོན་ཡིན་ལ། དེ་འདོད་ན། བརྗེས་པའི་སེམས་ཅན་དེ་དག་ཀུན། །ཞེས་སོགས་འཕེན་ནོ། །གཉིས་པ་ནི། རིན་ཆེན་ཕྲེང་བ་དང༌། སྤྱོད་འཇུག་གི་དོན་ཡང༌། བྱང་སེམས་སོ་སྐྱེའི་དབང་དུ་བྱས་པ་ཡིན་ཏེ། རིན་ཆེན་ཕྲེང་བར། གཞན་གྱི་སྡིག་པ་བདག་ལ་སྨིན་པར་སྨོན་ལམ་བཏབ་པ། ཐེག་ཆེན་འཕགས་པ་ནི་སྡིག་པའི་རྣམ་པར་སྨིན་པ་སྨིན་པའི་རྟེན་དུ་མི་རུང་བའི་ཕྱིར་དང༌། སྤྱོད་འཇུག་གི་ལུང་གི་དོན་ཡང༌། བདག་གཞན་བརྗེ་བ་མ་བྱས་ན། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་རུང་ཞིག་གི་རྟེན་གྱི་དབང་དུ་མཛད་པར་གསལ་བའི་ཕྱིར་རོ།།  །།དྲི་བ་བཅུ་པ་ནི། ཉན་ཐོས་རྣམས་ཀྱི་རྫོགས་བྱང་དུ། །བསྔོ་བ་བྱེད་ན་འཕགས་པ་ཡིས། །ཉན་ཐོས་ཐེག་པ་དེ་ལས་ནི། །སྤྱོད་པ་ཡོངས་བསྔོ་མ་བཤད་ཅེས། །བྱ་བའི་དགོངས་པ་གང་དུ་བཙལ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། གཞུང་གི་དངོས་བསྟན་ལ། སྟོང་པ་ཉིད་ཀྱི་ལྟ་བ་དང༌། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཉན་ཐོས་ལའང་ཡོད་མོད། དེ་ལྟ་ནའང༌། བདག་གཞན་བརྗེ་བའི་ལམ་མེད་པས། ཉན་ཐོས་ཀྱི་ལམ་གྱིས་འཚང་རྒྱ་བར་མི་ནུས་སོ། །ཞེས་བྱ་བའི་དོན་དུ་འཆད་པ་པོ་མང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་སྐྱོན་ནི། ཉན་ཐོས་ཀྱི་སྡེ་སྣོད་ལས་དགེ་རྩ་རྫོགས་བྱང་དུ་བསྔོ་བར་བཤད་པ་དེ། ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་པར་བཞེད་དམ། བྱང་ཆུབ་སེམས་དཔའི་ཐེག་པའི་དབང་དུ་བྱས་པར་བཞེད། དང་པོ་ལྟར་ན། རིན་པོ་ཆེའི་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་བྱ་བའི་ལུང་དང་མ་མཐུན་པ་དང༌། ཉན་ཐོས་ཀྱི་ཐེག་པ་པར་ངེས་པ་རྣམས་ནི། རང་གིས་བསགས་པའི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དོན་མེད་དོ། །ཞེས་བྱ་བའི་རིགས་པས་གནོད་པ་མ་ཡིན་ནམ། གཉིས་པ་ལྟར་ན། ཉན་ཐོས་ཀྱི་ལམ་དུ་བྱང་ཆུབ་སེམས་དཔའི་སེམས་སྐྱེད་ཀྱི་བསླབ་བྱར་གྱུར་པའི་བདག་གཞན་བརྗེ་བ་མ་བསྟན་ཞེས་པར་སོང་བས། ཉན་ཐོས་ཀྱི་སྡེ་སྣོད་དུ། བྱང་ཆུབ་སེམས་དཔས་བདག་ལས་གཞན་གཅེས་པར་བཟུང་བའི་སྐྱེས་པ་རབས་ཀྱི་སྡེ་ཚན་མང་དུ་གསུངས་པ་རྣམས་དང་འགལ་ཏེ། དཔེར་ན། འདུལ་བའི་ལུང་དུ་བྱང་ཆུབ་སེམས་དཔའི་སྐྱེས་རབས་མང་དུ་གསུངས་པ་བཞིན་ནོ། །གཉིས་པ་དངོས་ལན་གདབ་པ་ལ། རིན་ཆེན་ཕྲེང་བའི་ལུང་དོན་བཤད་པ་དང༌། དེ་དང་སོ་ཐར་གྱི་མདོའི་བསྔོ་བ་མི་འགལ་བའི་ཚུལ་ལོ། །དང་པོ་ནི། ལུང་དེའི་དོན་ཉན་ཐོས་ཀྱི་ཐེག་པ་པ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ཏེ། བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་པའི་ལུང་དང་འབྲེལ་པས་སོ། །དེ་ཡང༌། ཡོངས་བསྔོ་ཞེས་པ་སྨོན་སེམས་དང༌། སྤྱོད་པ་ཞེས་པས་འཇུག་སྡོམ་དང༌། སྨོན་ལམ་ཞེས་པ་གཟུགས་སྐུ་གཉིས་ལས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་སྨོན་ལམ་འདེབས་པ་རྣམས། གནས་སྐབས་ཉན་ཐོས་ཀྱི་ཐེག་པར་རིགས་ངེས་པ་རྣམས་ལ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔར་མི་འཇོག་ཅེས་བྱ་བའི་དོན་ནོ། །གཉིས་པ་ནི། སོ་ཐར་གྱི་མདོ་ལས། སོ་སོར་ཐར་པ་བཏོན་པ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་འགྲོ་བ་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་གསུངས་པ་དེ་ནི། རིན་ཆེན་ཕྲེང་བར་བཤད་མ་ཐག་པའི་བསྔོ་བ་དེ་དང་དོན་གཅིག་པ་མ་ཡིན་ཏེ། དེ་ནི་ཡན་ལག་བདུན་པའི་བཟླས་ཕྱེ་བའི་བསྔོ་བའི་མིང་ཅན། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དེ་ཡིན་ལ། འདི་ནི་འགྲོ་བ་གཞན་ཐམས་ཅད་ཀྱིས་ཐུབ་དབང་གི་གོ་འཕང་ཐོབ་པར་སྨོན་ལམ་འདེབས་པ་ཡིན་པས་སོ། །ཡང་ན། ཉན་ཐོས་ཀྱི་སྡེ་སྣོད་དུ་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་གཞག་སྟོན་པ་ན། སྟོང་པ་ཉིད་ཀྱི་ལྟ་བ་དང༌། སྨོན་པ་སེམས་སྐྱེད་ཙམ་བསྟན་ཀྱང༌། འཇུག་པ་སེམས་སྐྱེད་ཀྱི་བསླབ་བྱ་རྫོགས་པར་བསྟན་པ་མེད་པའི་རྒྱུ་མཚན་གྱིས། ཉན་ཐོས་ཀྱི་སྡེ་སྣོད་དུ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཆ་ཚང་བ་མ་བསྟན་པར་འཆད་དགོས་པ་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དུ་ཆོས་ཀྱི་བདག་མེད་བསྟན་ན། ཐེག་པ་ཆེན་པོ་བསྟན་པ་དོན་མེད་དུ་ཐལ་བའི་རྩོད་ལན་དུ། སློབ་དཔོན་ཟླ་བ་གྲགས་པས། རིན་ཆེན་ཕྲེང་བའི་ལུང་སྔ་མ་དེ་དྲངས་པས་སོ། །གཞུང་འདིའི་ཕྱོགས་སྔ་མཁན་པོ་ལྟར་ན། ཉན་ཐོས་ཀྱི་སྡེ་སྣོད་དུ་སངས་རྒྱས་ཀྱི་ལམ་ཆ་ཚང་བ་ཞིག་བསྟན་པར་ཐལ། དེར་སྟོང་ཉིད་ཀྱི་ལྟ་བ་དང་སྨོན་སེམས་ནི་བསྟན། འཇུག་སྡོམ་གྱི་བསླབ་བྱའི་གཙོ་བོ་བདག་གཞན་བརྗེ་བ་ནི། ཇི་སྲིད་ས་བརྒྱད་པ་མངོན་དུ་མ་བྱས་པ་དེ་སྲིད་དུ་སྒོམ་དུ་མི་རུང་བའི་ཕྱིར། འདོད་ན་ཐེག་པ་ཆེན་པོ་བཀར་སྒྲུབ་པའི་གསུང་གི་ཚོགས་དང་འགལ་ལོ། །ཞེས་བྱ་བའི་དོན་ཏོ།།  །།དྲི་བ་བཅུ་གཅིག་པ་ནི། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས། །བདག་གིས་བྲམ་ཟེ་འདོད་པ་ལ། །ཞེས་སོགས་བསྔོ་བ་བཤད་པ་དེ། །ཉན་ཐོས་བསྔོ་བ་ཡིན་བཞེད་དམ། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། དེ་སོགས་བསྔོ་བའང་མང་དུ་གསུངས། །འོན་ཀྱང་ཐབས་ལ་མཁས་པ་ཡི། །ཁྱད་པར་འགའ་ཞིག་མ་གསུངས་པས། །རྫོགས་པའི་སངས་རྒྱས་སྒྲུབ་མི་ནུས། །ཞེས་པའི་དངོས་བསྟན། ཉན་ཐོས་ལ་སྟོང་ཉིད་ཀྱི་ལྟ་བ་དང༌། དགེ་རྩ་རྫོགས་བྱང་དུ་བསྔོ་བ་ཡོད་པའི་ཤེས་བྱེད་དུ། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ཀྱི་ལུང་དེ་དྲངས་ནས། འོན་ཀྱང་བདག་གཞན་བརྗེ་བའི་ལམ་མེད་པའི་རྒྱུ་མཚན་གྱིས། རྫོགས་པའི་བྱང་ཆུབ་སྒྲུབ་མི་ནུས་སོ་ཞེས་བྱ་བའི་དོན་དུ་བཤད་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་ན་གཞུང་ཆུད་འཛའ་བའི་སྐྱོན་ནི། དེ་ལྟ་ན་ཇི་སྐད་དུ། བདག་གིས་བྲམ་ཟེ་འདོད་པ་ལ། །དགའ་བས་ཤིང་རྟ་འདི་བཏང་བས། །དངོས་པོ་ཐམས་ཅད་བཏང་ནས་ནི། །རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་པའི་སྨོན་ལམ་འདི་ཉན་ཐོས་ཀྱི་ཐེག་པ་པས་བཏབ་པའི་སྨོན་ལམ་དུ་འགྱུར་རོ། །དེ་འདོད་ན་བྱང་ཆུབ་སེམས་དཔའི་སྐྱེས་རབས་སུ་བཤད་པ་དང་འགལ་ལོ། །སྙམ་པའི་དོགས་པ་འདི་འབྱུང་ངོ༌། །གཉིས་པ་དངོས་ལན་ནི། སྔ་མ་བཞིན་དུ་ལྟ་བར་བྱ་སྟེ། འདི་བྱང་ཆུབ་སེམས་དཔས་བཏབ་པའི་སྨོན་ལམ་ཡིན་ཀྱང༌། དེ་གང་དུ་འབྱུང་བ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་ལ། དེའི་ཚེ་ན་འདི་ལྟར། ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་བྱང་ཆུབ་སེམས་དཔའི་ཐབས་ཀྱི་ཆ་ཚང་བར་བསྟན་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེར་སྨོན་པ་སེམས་སྐྱེད་ནི་དྲངས་མ་ཐག་པའི་ལུང་གིས་བསྟན་ལ། འཇུག་སྡོམ་གྱི་བསླབ་བྱའི་གཙོ་བོ་བདག་གཞན་བརྗེ་བ་ནི། ཇི་སྲིད་ས་བརྒྱད་པ་མངོན་དུ་མ་བྱས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་ལམ་དུ་མི་འགྱུར་བའི་ཕྱིར་རོ། །དེ་འདོད་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱོགས་རླབས་པོ་ཆེ་མ་ལུས་པ་བདེ་བླག་ཏུ་རྟོགས་པའི་ཆེད་དུ། ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ། །ཡང་སྐབས་འདིར། དྲིས་ལན་འདི་ལྟ་བུ་ཞིག་ཀྱང་འཇུག་སྟེ། ཉན་ཐོས་སྟོང་པ་ཉིད་སྒོམ་ན། །ཆོས་ཉིད་མངོན་སུམ་རྟོགས་པར་འགྱུར། །འདོད་ན་ཐུབ་པའི་དགོངས་གསལ་དང༌། །འགལ་བར་འགྱུར་བ་མ་ཡིན་ནམ། །ཆོས་ཉིད་སྟོང་ཉིད་དེ་བཞིན་ཉིད། །ཉི་ཚེ་བ་ཙམ་དེ་ཡིས་རྟོགས། །གཉིས་མེད་ཡེ་ཤེས་རང་སྟོང་དུ། །དེས་ནི་རྟོགས་པ་ཆོས་འདིའི་ལུགས། །དེས་དེ་དད་པས་རྟོགས་ནས་ནི། །བྱང་སེམས་རྣམས་ལ་སྟོན་པ་ཡོད། །འོན་ཀྱང་ཤེས་བྱའི་སྒྲིབ་པ་ཡི། །གཉེན་པོར་དེས་དེ་སྒོམ་པ་མེད། །འཛིན་པ་ཆོས་ཀྱི་བདག་བཀག་པ། །ཁོ་ན་སྟོང་ཉིད་ངོས་འཛིན་དུ། །འཆད་པ་ཟླ་བ་གྲགས་པའི་གཞུང༌། །གཞན་རྣམས་བདག་མེད་ཙམ་ལ་འཆད། །ཞེས་བྱ་བ་འདི་ཡང་ངེས་པར་སྦྱར་བ་ཡིན་ནོ། །མང་ཐོས་གླང་ཆེན་རིགས་པའི་མཆེ་བ་ཅན། །རྟོག་དཔྱོད་སྣ་ཞགས་ལག་པ་རིང་རྐྱོང་བ། །འགའ་ཞིག་ཡོད་དམ་རྒལ་ལན་གཏིང་ཟབ་པའི། །ལེགས་བཤད་ཁྲུས་ཀྱི་འཇུག་ངོགས་འདིར་ཞུགས་ཤིག །ཡིད་བཞིན་རིན་ཆེན་ཉ་པའི་ལག་དག་ཏུ། །འཁྱམས་པ་ཇི་བཞིན་མཁས་པའི་གཞུང་ལུགས་མཆོག །གསུང་རབ་དོན་ལ་བྱིས་པའི་བློ་ལྡན་གྱིས། །བརྒམ་པོར་བཅོས་པའི་ལག་པས་ཆུད་གསོན་པ། །མ་བཟོད་རྟོག་དཔྱོད་རྒལ་ལན་བརྒྱ་ཕྲག་གི །སྦྱོང་ཚུལ་རིམ་གསུམ་ལྡན་པས་དེ་སྦྱངས་ནས། །རྣམ་དཔྱོད་རྒྱལ་མཚན་རྩེ་མོར་འདི་བཀོད་ཀྱི། །ཆོས་འདོད་མང་པོའི་རེ་བ་དེ་སྐོངས་ཤིག །ཅེས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ཀྱི་བྱང་སེམས་ཀྱི་སྡོམ་པའི་སྐབས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ། ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས་ཀྱི་རིམ་པར་ཕྱེ་བ་གཉིས་པའོ།།  །། ༄། སྭསྟི། གངས་ཅན་ལྗོངས་སུ་ཆོས་ལས་གཞན། །སྨྲ་རྣམས་ཕམ་མཛད་བསྟན་བཅོས་ཀྱི། །འགྲེལ་མཛད་སྔ་མས་མ་དཔྱད་པའི། །དཀའ་བའི་གནས་རྣམས་འདིར་དཔྱད་པ། །རང་རང་འཁོར་དུ་ཚངས་པ་བཞིན། །རློམ་བྱེད་རྣམ་བཤད་གཞན་མང་པོ། །རྒྱུ་སྐར་ཚོགས་འགའ་ཉིན་བྱེད་ཀྱི། །དྲུང་དུ་ལྷགས་པ་བཞིན་མིན་ནམ། །གང་འདིའི་གླེགས་བམ་མང་པོར་ནི། །ཅིག་ཆར་འཕོ་བའི་སྒྱུ་འཕྲུལ་གྱི། །བདག་རྐྱེན་འབྱོར་ཚོགས་ས་སྐྱོང་པ། །བཀྲ་ཤིས་སྐྱེ་རྒུའི་མགོན་གྱིས་ཏེ། །དེ་ཡི་རྣམ་དཀར་གནས་སྐབས་སུ། །སྲིད་ཞིའི་དགྲ་ལས་རྣམ་རྒྱལ་ནས། །མཐར་ཐུག་ཆོས་ཀྱི་རྒྱལ་པོ་ཡི། །གོ་འཕང་མཐོན་པོ་དེར་སྤྱོན་ཤིག།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*