ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་བཞག་པ་ལས་ཉན་ཐོས་ཀྱི་འདུལ་བ། ཁ ༽

ལྟུང་བྱེད་འབའ་ཞིག་པར་བཤད་པ་དྲུག་པོ་དེ་ལས་གཞན་པའི་རྫུན་ཡིན་པ། ཀུན་སློང་ཤེས་བཞིན་དུ་སྨྲ་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །གཉིས་པ་སྐྱོན་ནས་སྨྲ་བ་ལ། གླེང་གཞི། དྲུག་སྡེས། ཉེས་པ་ངག་མ་བསྡམས་པ། དགག་བྱ་སྔ་མ་དང་འདྲ། རྒྱུ་ཚོགས་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་སྐྱོན་དུ་གྲགས་པ། ཀུན་སློང་དེ་བརྗོད་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐའ་དེ་གཉིས་ཀྱིས་གོ་བའོ། །གསུམ་པ་དགེ་སློང་གི་ཕྲ་མ་ལ། གླེང་གཞི། དགག་བྱ། ཡུལ་གསུམ་ནི་སྔ་མ་དང་འདྲ་ལ། ཀུན་སློང་ཕྲ་མ་བྱེད་པར་འདོད་པ། སྦྱོར་བ་དེར་བརྩོམ་པ། མཐའ་དོན་གོ་བའོ། །བཞི་པ་སྐྱོ་སྔོགས་བྱེད་པ་ལ། གླེང་གཞི་ནི། དྲུག་སྡེས། ཉོན་མོངས་པ་བརྩོད་པ་ལ་དགའ་བས་ཞི་ཟིན་སླར་ཡང་བསྔོགས་པའོ། །དགག་བྱ། རྩོད་པ་འཕེལ་བས་ལུས་སེམས་བདེ་བར་གནས་པ་ལ་བར་དུ་གཅོད་པའོ། །ཡན་ལག་ལ། གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན་གཉིས་ཡན་ཆད། དངོས་པོ་རྩོད་པ་བཞི་ལས་གང་ཡང་རུང་བ། ཆོས་ལྡན་གྱིས་ཞི་བར་བྱས་པ། རང་དང་གོ་བྱ་གཉིས་ཀ་ཞི་བྱེད་ཀྱི་ལས་ལ་གཏོགས་པ། ལྟ་བ་སྨྲ་བ་མ་ཡིན་པའོ། །ཀུན་སློང་སླར་དཀྲུག་པར་འདོད་པ། སྦྱོར་བ་དེར་བརྩོམ་པ། མཐར་ཐུག་དོན་གོ་བ། འདི་དག་གི་ཤུགས་ལ་དགེ་སློང་མའི་རྩོད་པ་ལ་ཉེས་བྱས་དང༌། ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བ་དང༌། ལྟ་བ་སྨྲ་བ་སྟེ་རྩོད་པའི་ཕྱོགས་སོ་སོ་ནས་རྣལ་དུ་མ་ཕེབས་པར་སྨྲ་བ་ལ་ནི་འདིའི་དངོས་གཞི་མི་འབྱུང་ངོ༌། །དེ་ལ་འདི་སྐད་ཅེས། རྩོད་པ་བཞི་ལ་བཞིར་ཤེས་ཤིང༌། །ཞི་བ་དང་ནི་མ་ཞི་ལ། །འདུ་ཤེས་དང་ནི་ཡིད་གཉིས་ཀྱིས། །ལྟུང་བྱེད་སོ་གཉིས་ཉེས་བྱས་ཀྱང༌། །རྩོལ་བ་ཡིད་གཉིས་དེ་བཞིན་ནོ། །ཞེས་བྱའོ། །ལྔ་པ་སྟོན་པ་ལ། གླེང་གཞི། མཉན་ཡོད་དུ་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས། ཁྱིམ་པ་མོ་ལ་ཆོས་བསྟན་པའོ། །དགག་བྱ་མ་དད་པ་དང༌། སྐུར་པ་འདེབས་པ་སོགས་ཁ་ཟེར་བའོ། །རྒྱུ་ཚོགས་ལ་ཡན་ལག་བཞི་ལས། དང་པོ་བཞིའི་ཡན་ལག་ལ། ཡུལ་བུད་མེད་ཐ་སྙད་བཞི་ལྡན། མཚན་དོན་བྱེད་ནུས་པ། ཁྱིམ་པ་ཡིན་པ། ཉེ་དུ་མ་ཡིན་པ། རྫུ་འཕྲུལ་དང་མི་ལྡན་པ། ཉན་འདོད་པ། དངོས་པོ་སངས་རྒྱས་སམ་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཚད་ལྡན་ཡུལ་དེས་མི་ཤེས་པ། གནས་དང་དུས་གཅིག་པ། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་དང་ཡོན་བཤད་པ་སོགས་མ་ཡིན་པའོ། །བདག་ཉིད་ནི་རིག་པའི་སྐྱེས་པ་དང་མི་ལྡན་པ། ཀུན་སློང་སྟོན་པར་འདོད་པ། མཐར་ཐུག་ཚིག་ལྔའམ་དྲུག་ལས་ལྷག་པའོ། །ཚིག་ཅེས་པ་ནི་དོན་གྱི་ཁྱད་པར་སྟོན་བྱེད་ཡིན་ལ། དཔེར་ན་འདུས་བྱས་མི་རྟག་ཅེས་པ་ལྟ་བུའོ། །དྲུག་པ་འདོན་པ་ལ། ཡུལ་མཉན་ཡོད་དུ། དྲུག་སྡེས་སེམས་ཉེ་བར་མ་ཞི་བས་བྱས་པའོ། །དགག་བྱ་ཆོས་ལ་མ་གུས་པ་དང༌། གཙུག་ལག་ཁང་དུ་ཅ་ཅོའི་སྒྲ་འབྱུང་བས་གཞན་ལ་གནོད་པ་སོགས་སོ། །ཡན་ལག་ལ། གཞི་ནི། ཡུལ་མ་རྫོགས་པ་ཐ་སྙད་ལྔ་ལྡན། བསམ་པ་ཐག་པ་ནས་འདོན་པར་འདོད་པ། དངོས་པོ་ནི་སངས་རྒྱས་ཀྱི་ཆོས། བདག་ཉིད་ནི་ཡུལ་དེ་དང་མཉམ་དུའམ་མཇུག་ཏུ་འདོན་འདོད་པ། ཚད་ནི། མིང་ཚིག་ལྟ་ཅི་སྨོས། དབྱངས་གསལ་གྱི་ཡི་གེ་ཙམ་ལའང་དེར་འགྱུར་རོ། །འདུན་པ་གནས་ངན་ལེན་བརྗོད་པ་ལ། དྲུག་སྡེས་གཞན་གྱི་སྙན་གྲགས་ལ་ཕྲག་དོག་པས་གནས་ངན་ལེན་བརྗོད་པའོ། །དགག་བྱ་ཡུལ་དེ་ལ་དངོས་སུ་གནོད་པ་དང༌། བརྒྱུད་ནས་རང་ལ་ཡང་དེ་འདྲར་འགྱུར་བའོ། །རྒྱུ་ཚོགས་ལ། ཡུལ་དགེ་སློང་ཆོས་ལྔ་ལྡན། དངོས་པོ་ཕམ་ལྷག་གང་རུང༌། ཡུལ་དེ་ལ་བྱུང་བའོ། །གོ་བྱ་མ་རྫོགས་པ་ཐ་སྙད་ལྔ་ལྡན། ཕམ་ལྷག་མི་ཤེས་པའོ། །བདག་ཉིད་ནི། གནས་ངན་ལེན་བརྗོད་པར་བསྐོས་པ་དང༌། དགེ་འདུན་ལ་མ་གསོལ་བའོ། །ཀུན་སློང་ནི་དེ་བརྗོད་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །འདི་ནི་ཕམ་ལྷག་གང་རུང་བྱུང་བ་ལ་བྱུང་བ་རང་དུ་ཤེས་ནས་བརྗོད་པའི་དབང་དུ་བྱས་ལ། གཞན་དུ་ན་གཞི་མེད་སོགས་ཅི་རིགས་པར་འགྱུར་རོ། །བརྒྱད་པ་མི་ཆོས་བླ་མ་ལ། ཡངས་པ་ཅན་དུ། ཉ་བ་ལས་རབ་ཏུ་བྱུང་བ་ལྔ་བརྒྱས་མ་བརྟགས་པར་སྨྲས་པའོ། །དགག་བྱ་ནི། རང་གི་ཡོན་ཏན་ཉམས་པར་འགྱུར་བ་སོགས་སོ། །ཡུལ་མ་རྫོགས་པ་ཐ་སྙད་ལྔ་ལྡན། བདེན་པ་མ་མཐོང་བ། དངོས་པོ་མི་ཆོས་བླ་མའི་མཚན་ཉིད་ཅན། རང་གིས་ཐོབ་པ། ཀུན་སློང་བརྗོད་པར་འདོད་པ། མཐའ་གོ་བའོ། །དགུ་པ་བཤེས་ངོར་སྨྲ་བ་ལ། གླེང་གཞི། མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས། གྱད་བུ་ནོར་ལ་མི་བཟོད་པས་སྨྲས་པའོ། །དགག་བྱ་ནི་གཞི་མེད་དང་འདྲ། ཡན་ལག་ལ། གཞི་ནི། ཡུལ་ཆོས་དྲུག་ལྡན། བསྔོ་ས་གང་ཟག་ཐ་སྙད་ལྔ་ལྡན། རང་དང་དེ་ལས་རྫས་ཐ་དད་པ། དངོས་པོ་དགེ་འདུན་ཆོས་ལྔ་ལྡན་གྱི་ཟས་མ་ཡིན་པའི་རྙེད་པ་རུང་ཚད་ལྡན། ཡང་དག་པར་བསྔོས་པ། བདག་ཉིད་ནི་མཐུན་ཞིང་རུང་བའི་ལས་དེ་ལ་གཏོགས་པ། གོ་བྱ་ཐ་སྙད་ལྔ་ལྡན། རྒྱུད་ཐ་དད་པ། ཀུན་སློང་སྐུར་བར་འདོད་པ། མཐར་ཐུག་དོན་གོ་བའོ། །བཅུ་པ་ཁྱད་དུ་གསོད་པ་ལ། གླེང་གཞི། དྲུག་སྡེས། བག་མེད་པའི་དབང་གིས་འདུལ་བར་གཏོགས་པའི་བསླབ་པ་ཁྱད་དུ་གསོད་པའི་ཚིག་སྨྲས་པའོ། །དགག་བྱ་ནི། ཆོས་སྤོང་བའོ། །ཡན་ལག་ལ། གཞི་ནི། དངོས་པོ་འདུལ་བར་གཏོགས་པའི་བསླབ་པའི་གཞི་ཡིན་པ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། གནས་དང་དུས་ནི་གསོ་སྦྱོང་གི་ཚེ་ལྟ་བུ། ཀུན་སློང་ཁྱད་དུ་གསོད་པར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་དོན་གོ་བའོ། །འོག་ནས་འབྱུང་བའི་ཁྱད་གསོད་དང་ཀུན་སློང་གི་སྒོ་ནས་སོ་སོར་འབྱེད་དགོས་སོ། །བཅུ་ཚན་གཉིས་པ་ལ། སྡོམ་ནི། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྒྲོད་པ་དང༌། །ཕྱིས་གནོན་འབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །དང་པོ་ས་བོན་དང་སྐྱེ་བ་འཇིག་པའི་ལྷུང་བྱེད་ལ། གླེང་གཞི་ནི། དྲུག་སྡེས། བག་མེད་པས་དེ་ལྟར་བྱས་པའོ། །དགག་བྱ་གཞན་གྱིས་སྨོད་པ་དང༌། རང་ཉིད་དོན་དང་བྱ་བ་མང་བ་སོགས་སོ། །རྒྱུ་ཚོགས་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དངོས་པོ་ནི་ས་བོན་དང་སྐྱེ་བ་རང་གི་ཆོས་སུ་གྲུབ་པ། མ་ཉམས་པ། རུང་བ་མ་བྱས་པའོ། །བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་སྐབས་མ་ཡིན་པ། བར་ཆད་དང་མི་ལྡན་པ། དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པ། ཀུན་སློང་ཉན་པར་འདུན་པ། སྦྱོར་བ་རང་ངམ་གཞན་གྱིས་དེར་བརྩོམ་པ། མཐར་ཐུག་ཉམས་པར་བྱས་པའོ། །འདིར་ས་བོན་ནི་ལྔ་སྟེ། རྩ་བའི་དང༌། སྡོང་བུའི་དང༌། ཐོག་བུའི་དང༌། པགས་པའི་དང༌། ས་བོན་གྱི་ས་བོན་ནོ། །དང་པོ་ནི། རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བ་བླ་སྒང་དང་བོང་བ་དཀར་པོ་སོགས་སོ། །གཉིས་པ་ནི། སྡོང་བུ་བཏབ་པ་ལས་སྡོང་བུ་ཉིད་སྐྱེ་བ་ཤིང་ཀཉྩ་ལ་སོགས་པའོ། །གསུམ་པ་ནི། ཐོག་བུ་བཏབ་པ་ལས་དེ་ཉིད་འབྱུང་བ། བུད་ཤིང་དང༌། སྨྱིག་མ་ལ་སོགས་པའོ། །བཞི་པ་ནི། ཨརྫ་ག་དང༌། པ་ཎི་ཛ་ཀ་སོགས་པའོ། །ལྔ་པ་ནི། ས་བོན་བཏབ་པ་ལས་ས་བོན་ཉིད་སྐྱེ་བ་ནས་ལ་སོགས་པའོ། །ཁ་ཅིག་ལ་ཕུག་དང་ཉུང་མ་ལྟ་བུ་ནི་ས་བོན་མ་ཡིན་ཏེ། དེ་དག་བཏབ་པས་ལ་གཞི་དང་ཉུང་གཞི་སྐྱེ་བ་ཡིན་གྱི། དེ་ཉིད་སྐྱེ་བ་མ་ཡིན་པའི་ཕྱིར། ཞེས་ཟེར་ལ། ཁ་ཅིག་ན་རེ། མཐར་རིགས་འདྲ་སྐྱེ་བས་ས་བོན་ཉིད་དོ་ཞེས་ཟེར། གཞན་དག་ནི་དེ་གཉིས་ས་བོན་ཡིན་ཀྱང༌། དེ་བཅོམ་པ་ལ་ཉེས་པ་མེད་དེ། འགྲེལ་ཆེན་ལས། དཔེར་ན་ལ་ཕུག་ལ་སོགས་པ་རྩ་བཏོན་དུ་ཕྱུང་བ་དག་ལྟ་བུ་སྟེ། དེ་ནི་བརྟག་པ་གཞན་གྱིས་རུང་བ་བྱ་མི་དགོས་སོ། །ཞེས་དང༌། རིགས་པས་ཀྱང་འགྲུབ་སྟེ། ལྕང་མ་ལ་སོགས་པའི་ཡལ་ག་བཅད་ཟིན་པ་དེ་ལ། སོ་ཤིང་སོགས་བྱ་བའི་དོན་དུ་རུང་བ་གཞན་བྱ་མི་དགོས་པ་བཞིན་ནོ། །ཞེས་ཟེར། དེ་མི་འཐད་པ་ལ། ལུང་དང་རིགས་པ་གཉིས་ལས། དང་པོ་ནི། རྣམ་འབྱེད་དུ། ས་བོན་གྱི་རིགས་ལྔ་པོ་གཏུན་དུ་བརྡུངས་ན་ཡང་ལྟུང་བྱེད་ལྔར་འགྱུར་རོ། །ཞེས་གསུངས། གཉིས་པ་ནི། དེ་ལྟར་ན་སྡོང་བུའི་ས་བོན་ལ་རུང་བ་མི་དགོས་པར་ཐལ་བས་དཔེ་ཡང་མི་འཐད་དོ། །ལ་ཕུག་ལས་ལ་ཕུག་ཉིད་མི་སྐྱེ་བར་ལ་གཞི་ལ་ལྟོས་པ་ཙམ་གྱིས་དེ་ས་བོན་མ་ཡིན་པར་འགྱུར་ན། ལ་གཞི་དང༌། ཉུང་གཞི་ཡང་ས་བོན་མ་ཡིན་པར་འགྱུར་ཏེ། ས་བོན་ལྔ་པོ་གང་དུ་ཡང་མི་རུང་བའི་ཕྱིར། འདིར་ཤེས་གཙོ་བོ་ཞེས་གསུངས་པས་ས་བོན་ལ་ས་བོན་ཉིད་དུ་འདུ་ཤེས་པ་དང༌། སྐྱེ་བཞིན་པ་ལ་སྐྱེ་བཞིན་པ་ཉིད་དུ་ཤེས་པ་དགོས་པར་བཤད་པ་དེའི་ཚེ། ལ་ཕུག་ལྟ་བུ་སྐྱེ་བཞིན་པ་བཏོན་ནས་རུང་བ་མ་བྱས་པར་བཅོམ་ན། སྐྱེ་བ་བཅད་པ་དང་ས་བོན་འཇིག་པ་གཉིས་ཀའི་ཉེས་པར་འགྱུར་ལ། འགྲེལ་ཆེན་གྱི་ལུང་དེ་ནི་ལ་ཕུག་གི་རྩ་བ་ཕྱུང་ཟིན་པ་སྐྱེ་བ་བཅད་པའི་ལྟུང་བར་མི་འགྱུར་བ་ལ་དགོངས་ཤིང༌། ལྕང་མ་བཅད་ཟིན་པ་ལའང་སྐྱེ་བ་བཅད་པར་མི་འགྱུར་མོད། ས་བོན་འཇིག་པའི་ཉེས་པ་ལ་བག་ཡོད་པར་བྱ་དགོས་སོ། །ས་བོན་ལ་ས་བོན་གཞན་ཉིད་དུ་འདུ་ཤེས་པ་ནི་དེ་དང་འདྲ་བའོ། །ཞེས་པའི་གཞུང་འདིས་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་ལྟ་བུར་འདུ་ཤེས་པའི་སྒོ་ནས་བཅོམ་ན་དངོས་གཞིར་བཤད་ལ། དེས་ན་འདི་སྐད་ཅེས། ས་བོན་ལྔ་ལ་ལྔར་ཤེས་ཤིང༌། །བརློན་པར་འདུ་ཤེས་ཡིད་གཉིས་ཀྱིས། །ལྟུང་བྱེད་ལྔ་བཅུ་སྐམ་པོ་ལ། །དེ་བཞིན་ཉེས་བྱས་ལྔ་བཅུའོ། །ས་བོན་ཡིད་གཉིས་དེ་བཞིན་ནོ། །ཞེས་འཆད་དོ། །དེས་ན་ས་བོན་དུ་འདུ་ཤེས་པ་ཙམ་གྱིས་ཆོག་གི འདུ་ཤེས་མུ་དྲུག་གི་རྣམ་གཞག་སྤྱི་དང་འདི་མི་འདྲའོ། །འདིར་རུང་བ་ལ་གསུམ་བཤད་པ་ཡིན་ཏེ། མཚོན་དང༌། མེ་དང༌། ཆུའོ། །དང་པོ་གཉིས་ནི་ས་བོན་གྱི་ཆོས་ཅན་ལ་དང༌། མེས་ནི་རྗེན་པ་ལ་དང༌། ཐ་མས་ནི་སྨན་ཕྱི་མ་གསུམ་ལའོ། །དེ་གསུམ་ལ་ནི་སྔ་དྲོ་ཡང་ཆུས་རུང་བར་བྱ་དགོས་ཏེ། ནམ་ཟ་བའི་དུས་དེར་རུང་ཆུ་འདེབས་དགོས་པའི་ཕྱིར། ཇི་སྐད་དུ། ཆུ་གྲང་མོས་མ་གཏོར་བར་བཟའ་བར་བྱ་བ་དང་བཏུང་བར་བྱ་བ་མི་རུང་བ་ཉིད་དུ་བཤད་པའི་ཕྱིར། ཁ་ཅིག་གི་གསུང་ནས། དེ་ལྟར་བཤད་པ་དེ་བྱིན་གྱིས་རློབ་པའི་དབང་དུ་བྱས་སོ། །ཞེས་གསུང་མོད། གང་ལྟར་ཡང་སྔ་དྲོ་རུང་ཆུ་དགོས་པར་གྲུབ་བོ། །གཉིས་པ་འཕྱ་བའི་ལྟུང་བྱེད་ལ། རྒྱལ་ཁབ་ཏུ། མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུའི་ནོར་ལ་མི་བཟོད་པར་སྨྲས་པའོ། །དགག་བྱ་ཡུལ་དེ་དང་དགེ་འདུན་གྱི་ལས་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། ཞལ་ཏ་ཆོས་དང་མཐུན་པར་བྱས་པའམ་བྱེད་བཞིན་པ། དེའི་མཚན་གཞི་ནི་དགེ་འདུན་གྱིས་བསྐོས་པའི་གང་ཟག་བཅུ་གཉིས་པོའོ། །དེ་ཡང་རང་ལ་གནས་མལ་སོགས་ངན་པ་སྟོབས་པ་པོ་མ་ཡིན་པའོ། །ཀུན་སློང་འཕྱ་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །བགྲང་བ་ལ་དངོས་གཞིའོ་ཞེས་པས་དགེ་འདུན་གྱི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་རང་ཉིད་ངན་པའི་གྲངས་སུ་བགྲངས་ཟིན་པ་དེའི་ཚེ་དངོས་གཞིར་འགྱུར་བའོ། །དེ་ལ་འདི་སྐད་ཅེས། བསྐོས་དང་མ་བསྐོས་བཏང་མ་བཏང༌། །འཕྱ་དང་བཞོགས་འཕྱས་གང་བྱེད་པ། །བགྲངས་ལ་ལྟུང་བྱེད་བཅུ་གཉིས་ཏེ། །མ་བགྲངས་པ་ལ་ཉེས་བྱས་དེ། །ཞེས་པའོ། །གསུམ་པ་སྒོ་བ་རྣ་ལ་བཟོན་པ་ལ། གླེང་གཞི། ཀཽ་ཤམྦིར། འདུན་པས་ལོག་ཐབས་བྱེད་པའོ། །དགག་བྱ་ཕྱིར་བཅོས་རྒྱུན་ཆད་པ་དང༌། དགེ་འདུན་གྱི་ལས་ལ་མ་གུས་པ་སོགས་སོ། །རྒྱུ་ཚོགས་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། བདག་ཉིད་ལ་ཆོས་དང་མཐུན་པར་བསྒོ་བ་པོ་ཡིན་པ། ཀུན་སློང་བསྒོ་བ་རྣ་ལ་བཟོན་པར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་དོན་གོ་བའོ། །འདི་ཡང་དགེ་འདུན་གྱིས་གསོལ་བ་འབའ་ཞིག་པས་ངན་པར་བགྲངས་པ་དེའི་ཚེ་ན་དངོས་གཞི་ཡིན་ལ། མ་བགྲངས་ན་ཉེས་བྱས་སོ། །རྣ་ལ་བཟོན་པའི་དོན། གཞུང་དུ། གཞན་བརྗོད་པས་སོ། །ཞེས་པའི་གོ་དོན། ལུང་ལས། འབྲུ་མར་གྱི་ལྷུང་བཟེད་ཀྱིས་འོངས་པ་མཐོང་ངམ་ཞེས་དྲིས་པ་ན། དེ་མ་མཐོང་གི འབྲུ་མར་གྱི་ལྷུང་བཟེད་ཐོགས་ཏེ། རྐང་གིས་འོང་བ་མཐོང་ངོ༌། །ཞེས་པ་ལྟ་བུ་ལ་འཆད་དོ། །ཞུ་བ་ལས་ནི། གང་གླེང་པ་དེ་ཁས་མི་ལེན་པར་གཞན་ཞིག་ཁས་ལེན་པ་ལྟ་བུའོ། །འདི་འདྲ་དེ་ལ་ཉེས་བྱས་སུ་འཆད་ཅིང༌། ལྟུང་བ་བྱུང་ནས་ཁས་མི་ལེན་པ་རྐྱང་པ་ལ་འདི་འབྱུང་བ་མ་ཡིན་ཏེ། ཅང་མི་སྨྲ་བ་ལ་ཉེས་བྱས་སུ་བཤད་པས་སོ། །དེས་ན་བདག་ལ་ཕམ་པས་གླེང་པའི་ཚེ་དེ་བྱུང་བ་མ་ཡིན་གྱི། རྩ་བའི་ལྟུང་བ་བྱུང་བའོ། །ཆང་འཐུང་པ་མ་ཡིན་གྱི། མྱོས་འགྱུར་འཐུང་པ་ཡིན་ནོ། །ཞེས་ཟེར་བ་ལྟ་བུ་ལ་འཆད་དགོས་སོ། །བཞི་པ་ཁྲི་དང་ཞེས་པ། གནས་མལ་གྱི་ལྟུང་བྱེད་ལ་མཉན་ཡོད་དུ། དགེ་སློང་རབ་ཏུ་མང་པོས། བག་མེད་པས། དགེ་འདུན་དང་གང་ཟག་གི་གནས་མལ་བླ་བཀབ་མེད་པར་བཞག་པའོ། །དགག་བྱ་གནས་མལ་ཆུད་འཛའ་བའོ། །རྒྱུ་ཚོགས་ལ། གཞི་ནི། དངོས་པོ་དགེ་འདུན་གྱི་གནས་མལ་རུང་ཚད་ལྡན། ཕན་ཕུན་གྱི་ཉེན་དང་བཅས་པ། རང་ངམ་བསྐོས་པས་བཏིང་བ་མ་བསྡུ་བར་ཁས་བླངས་པ་བསྡུ་བའི་སྦྱོར་བ་མ་བྱས་པ། རང་ཉིད་བར་ཆད་དང་དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པ། ཀུན་སློང་མལ་ཆ་མི་བསྡུ་བར་འདོད་པ། སྦྱོར་བ་གཞན་དུ་འགྲོ་བར་རྩོམ་པ། མཐར་ཐུག་ཕན་ཕུན་དུ་གྱུར་པའམ། གྱུར་ཀྱང་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པའོ། །ལྔ་པ་གདིང་བའི་ལྟུང་བྱེད་ལ། མཉན་ཡོད་དུ། ཡུལ་ལྷོ་ཕྱོགས་ནས་འོངས་པའི་དགེ་སློང་གཉིས་ཀྱིས། ཉོན་མོངས་པ་བག་མེད་པས། ཉེས་པ་རྩྭ་ལོའི་གདན་མ་དོར་བར་བཞག་པའོ། །དགག་བྱ་གཙུག་ལག་ཁང་ཆུད་འཛའ་བ་དང༌། དེར་སྲོག་ཆགས་སྐྱེ་བའི་ཉེས་དམིགས་ཡོད་པའོ། །རྒྱུ་ཚོགས་ལ། གཞིའི་ཡན་ལག་ནི་དགེ་འདུན་གྱི་གཙུག་ལག་ཁང་ཆུད་འཛའ་བའི་རྐྱེན་དང་བཅས་པ། དངོས་པོ་རྩྭ་ལོའི་གདིང་བ་ཚད་ལྡན། རང་ངམ་བསྡུ་བར་ཁས་བླངས་པས་བསྡུ་བའི་སྦྱོར་བ་མ་བྱས་པ། བདག་ཉིད་བར་ཆད་དང་ལྡན་པ་སོགས་མ་ཡིན་པ། སྦྱོར་བ་གཞན་དུ་འགྲོ་བར་རྩོམ་པ། མཐར་ཐུག་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པའམ། སྲོག་ཆགས་སྐྱེས་པ་ལ་སོགས་པས་ལོངས་སྤྱོད་མི་རུང་དུ་གྱུར་པའོ། །དྲུག་པ་སྐྲོད་པ་ལ། གླེང་གཞི། མཉན་ཡོད་དུ། འཆར་ཀས། གནོད་སེམས་ཀྱི་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་བསྐྲད་པའོ། །རྒྱུ་མཚན་གཞན་ལ་གནོད་པ་དང༌། འཐབ་མོའི་རྒྱུར་འགྱུར་བའོ། །ཡན་ལག་ལ། གཞི་ནི། གནས་དགེ་འདུན་གྱི་གཙུག་ལག་ཁང་གནས་ཀྱི་མཚན་ཉིད་དུ་གྲུབ་པ། ཡུལ་དགེ་སློང་ཆོས་དྲུག་ལྡན་དེར་ཞུགས་པ། ཀུན་སློང་ཕན་འདོགས་མ་གཏོགས་པའི་སྐྲོད་འདོད་པ། མཐར་ཐུག་ཉེ་འཁོར་ལས་འདས་པའོ། །འདུན་པ་ཕྱིས་གནོན་ལ། གླེང་གཞི་དང་དགག་བྱ་སྔ་མ་བཞིན་ཡིན་ལ། གཞི་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་ཆོས་དྲུག་ལྡན་གཞན་ཡོད་པ་ལ། ཀུན་སློང་རྐྱེན་དང་མི་ལྡན་པར་ཕྱིས་གནོན་བྱེད་འདོད་པ། སྦྱོར་བ་ལུས་ངག་གང་རུང་གིས་དེར་རྩོམ་པ། མཐར་ཐུག་ཡུལ་གྱིས་དེར་གོ་བའོ། །བརྒྱད་པ་ཁྲིའུ་རྩ་བ་བྱུང་བ་ལ། གླེང་གཞི། མཉན་ཡོད་དུ། ཉེར་དགས། ཉོན་མོངས་པ་མཐོ་འཚམས་པས་བྱས་པའོ། །དགག་བྱ་གཙུག་ལག་ཁང་དང་བདག་པོ་དགེ་འདུན་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི། གནས་གཙུག་ལག་ཁང་གནས་ཀྱི་མཚན་ཉིད་ཅན་དུ་གྲུབ་པ། ཐོག་རྡོལ་བའི་ཉེན་དང་བཅས་པ། དངོས་པོ་ཁྲིའམ་ཁྲིའུ་ཚད་ལྡན། རྩ་བ་ཕུར་བུ་ལྟ་བུ་ཡིན་པ། བཀན་པ་སོགས་མ་ཡིན་པ། ཀུན་སློང་ཉལ་འདུག་སོགས་བྱེད་འདོད་པ། མཐར་ཐུག་དེའི་བྱ་བ་རྫོགས་པའོ། །དགུ་པ་ཆུ་སྲོག་ཆགས་ཅན་གྱིས་འདེབས་པའི་ལྟུང་བྱེད་ལ། གླེང་གཞི། ཀཽ་ཤམྦིར། འདུན་པས། སོ་སོར་མ་བརྟགས་པར་དེས་ཆག་ཆག་བཏབ་པའོ། །དགག་བྱ་གཞན་གྱི་སྲོག་ལ་གནོད་པ་དང༌། མ་དད་པ་སོགས་སོ། །ཡན་ལག་ལ། གཞི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ། ཐ་མལ་པའི་མིག་ལ་སྣང་དུ་རུང་བ། ཆུའམ་ཤིང་ལ་སོགས་པའི་གཞི་དང་བཅས་པ། རང་གིས་ཁྲུས་དང་བཏུང་བ་ལྟ་བུའི་དོན་ལས་གཞན་ཡིན་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་དེའི་རྐྱེན་གྱིས་ཤི་བའོ། །བཅུ་པ་རིམ་པ་གསུམ་ལས་ལྷག་པར་རྩིག་པའི་ལྟུང་བྱེད་ལ། གླེང་གཞི་ཀཽ་ཤམྦིར། དྲུག་སྡེ་ལ་གཞན་གྱིས་བརྙས་པ་མ་བཟོད་པས་དེ་བྱས་པའོ། །དགག་བྱ་གནས་ཚེ་ཐུང་བ་པ་སྦྱིན་བདག་གི་ཡོ་བྱད་ཆུད་འཛའ་བའོ། །རྒྱུ་ཚོགས་ལ། གཞི་ནི། དངོས་པོ་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ། གཞན་གྱིས་བཟོ་རྩོམ་མ་བྱས་པ། བདག་ཉིད་ནི་ཆར་ཆུ་སྐྱོབ་པའི་སྦྱོར་བ་མ་བྱས་པ་དང༌། ཡོན་བདག་གིས་མ་སྐུལ་བའོ། །དུས་ནི། འཇིམ་པས་སྦྱར་བ་སོགས་མ་བྱས་ན་ཉི་མ་ཐ་དད་ལ་ཡང་སྐྱེད་པས། དེ་ལྟར་བྱས་ན་ཉི་མ་གཅིག་གིས་དུས་ཡིན་པ། ཀུན་སློང་རྩིག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་རིམ་པ་བཞི་པའི་སྣ་འབྱོར་པའོ། །བཅུ་ཚན་གསུམ་པ་ལ། སྡོམ་ནི། མ་སྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །དང་པོ་ནི། མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་མ་སྐོས་པར་དགེ་སློང་མ་ལ་སྟོན་པའོ། །རྒྱུ་མཚན། གཞན་མ་དད་པ་དང༌། དགེ་སློང་མའི་ཆོས་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་དགེ་སློང་མ་ཐ་སྙད་གསུམ་ལྡན། ལྟ་བ་མཐུན་པ། ལུས་ཐ་མལ་དུ་གནས་པ། རྫུ་འཕྲུལ་ཅན་མ་ཡིན་པ། བསམ་པ་ཐག་པ་ནས་ཉན་པར་འདོད་པ། དངོས་པོ་ལུང་གི་ཆོས་ཤླཽ་ཀ་གཅིག་ཡན་ཆད་དུ་ལོངས་པ། བདག་ཉིད་སྟོན་པར་མ་སྐོས་པའམ། བསྐོས་ཀྱང་དེའི་ཡོན་ཏན་དང་མི་ལྡན་པ། ཀུན་སློང་ཆོས་སྟོན་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །དགེ་སློང་མའི་སྟོན་པ་ཇི་ལྟ་བུ་ཞེ་ན། འདི་ལ་དྲུག་སྟེ། གང་ཟག་གང་བསྐོ་བ། བྱེད་པ་པོ་གང་གིས་བསྐོ་བ། ཆོ་ག་ཇི་ལྟར་བསྐོ་བ། དུས་ནམ་གྱི་ཚེ་བསྐོ་བ། གནས་གང་དུ་བསྐོ་བ། དེ་ལྟར་བསྐོས་པའི་དགོས་པའོ། །དང་པོ་ནི། རྫོགས་པའི་སྡོམ་ལྡན་ཕམ་ལྷག་དང་མི་ལྡན་པ། རྫོགས་ནས་ལོ་ཉི་ཤུ་ལོན་པ། ལྟ་བ་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། མཚམས་ནང་དེ་ན་ཡོད་པ། ཚོགས་སུ་མ་ལོངས་པ། གྲོང་ཁྱེར་པའི་སྐད་སྨྲ་བ། སྡེ་སྣོད་གསུམ་ནས་མའི་སོ་ཐར་གྱི་བར་གང་རུང་འདོན་ནུས་པ། འགྲོ་བ་བཞི་དང་བྲལ་བའོ། །གཉིས་པ་ནི་དགེ་འདུན་ཆོས་གསུམ་ལྡན་ནོ། །གསུམ་པ་ནི། སྦྱོར་བ་འདུ་བའི་སྐབས་སྒྲུབ། སྤྲོ་བ་དྲི། དངོས་གཞི་གསོལ་གཉིས་ཀྱི་ལས་ཚང་ལ་མ་ནོར་བ། མ་འཁྲུགས་པའོ། །དུས་ནི་ཉ་ཤིའི་གསོ་སྦྱོང་གི་ཚེའོ། །གནས་ནི་མཚམས་ནང་དུའོ། །དགོས་པ་དགེ་སློང་མའི་ཆོས་ཕུན་སུམ་ཚོགས་པ་དང༌། བསྟན་པ་སྤྱི་ལ་ཕན་པའོ། །འདིར་གདམ་ངག་དང༌། རྗེས་བསྟན་གྱི་ཁྱད་པར་ནི། ཚིག་ལེར། མདོ་སྡེ་འདུལ་བ་ཆོས་མངོན་དང༌། །འབྲེལ་བའི་དོན་ནི་རབ་སྟོན་པ། །གདམས་པ་ཡིན་པར་འདྲེན་པ་ཡིས། །རྩོད་པ་མེད་པར་གསུངས་པ་ཡིན། །གནས་བརྟན་གྱིས་ནི་བསྟན་པའི་ཚིག །འཕགས་པའི་ཚོགས་ཀྱིས་གང་བཞེད་པ། །སླར་ཡང་གདམ་པ་གཞན་འདི་ནི། །གཉིས་པར་ཡང་ནི་གསུངས་པ་ཡིན། །ཞེས་སོ། །གཉིས་པ་སྟོན་པར་བསྐོས་ཀྱང་ཉི་མ་ནུབ་ཀྱི་བར་དུ་སྟོན་པ་ལ། གླེང་གཞི་ནི། མཉན་ཡོད་དུ། ཉེར་དགས། བག་ཆགས་མ་བྱང་བའི་དབང་གིས་དེ་ལ་དེ་ལྟར་བསྟན་པའོ། །དགག་བྱ་གཞན་མ་དད་པ་དང༌། དེ་དག་ལ་གཞན་གྱིས་གནོད་པར་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་དགེ་སློང་མ་ལ། དངོས་པོ་ལུང་གི་ཆོས་སོ། །གནས་འཇིགས་པ་དང་བཅས་པ། དུས་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བ། མཚན་ཐོག་ཐག་ཆོས་སྟོན་པའི་དུས་མ་ཡིན་པ། ཀུན་སློང་དེ་ལ་དེར་ཞེན་ནས་སྟོན་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །གསུམ་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པའི་ལྟུང་བྱེད་ལ། གླེང་གཞི་ཉེར་དགས། ཕྲག་དོག་གིས་གཞན་ལ་དེ་ལྟར་ཕྱས་གདགས་པའོ། །དགག་བྱ་གཞི་མེད་དང་འདྲ། རྒྱུ་ཚོགས་ལ་གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན་ཟང་ཟིང་ཅུང་ཟད་ཙམ་གྱིས་ཕྱིར་ཆོས་སྟོན་པ་པོ་མ་ཡིན་པ། གོ་བྱ་ཐ་སྙད་གསུམ་ལྡན། ལུས་ཐ་མལ་དུ་གནས་པ། རྒྱུད་ཐ་དད་པ། ཀུན་སློང་སྐུར་པ་འདེབས་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །བཞི་པ་གོས་བྱེད་པ་ལ། གླེང་གཞི། མཉན་ཡོད་དུ། འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱིས། དགེ་སློང་མའི་གོས་ཀྱི་བཟོ་བྱས་པའོ། །དགག་བྱ་བུད་མེད་སྤྱི་སྐྱེད་ཀྱི་ཐུན་མོང་བ་རྣམས་སོ། །རྒྱུ་ཚོགས་ལ། ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན། དངོས་པོ་གོས་རུང་ཚད་ལྡན། དགེ་སློང་མ་དེ་ཉིད་དབང་བ། དེས་རང་ལ་བཅོལ་བ། སྔར་བཟོ་རྩོམ་མ་བྱས་པ། ཀུན་སློང་ནི། ཉེ་དུ་མ་ཡིན་པ་ལ་དེར་ཤེས་ཀྱིས་བཟོ་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་རྫོགས་པའོ། །ལྔ་པ་གོས་སྦྱིན་པ་ལ། གླེང་གཞི། མཉན་ཡོད་དུ། ཚོང་དཔོན་དགེ་སློང་གིས་སྔོན་གྱི་ཆུང་མ་ལ་སྲེད་པས་གོས་སྦྱིན་པའོ། །དགག་བྱ་ཐུན་མོང་བ་རྣམས་སོ། །རྒྱུ་ཚོགས་ལ། ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན་བདག་ཉིད་གཉིས་ཀའི་དགེ་འདུན་ལ་གོས་འབུལ་བ་མ་ཡིན་པ། དངོས་པོ་གོས་རུང་ཚད་ལྡན་རང་གི་ཡིན་པ། རུང་མི་རུང་བརྗེ་བའི་ཕྱིར་མ་ཡིན་པ། ཀུན་སློང་སྟེར་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་དེས་གོས་ལག་ཏུ་ཐོབ་པའོ། །ཁ་ཅིག་གི་གསུང་ནས། ཁྱིམ་པའི་ཚེ་ཆུང་མ་མ་ཡིན་པ་དགོས་ཏེ། ཇི་སྐད་དུ། དགེ་སློང་གིས་རབ་ཏུ་བྱུང་བ་མོའི་ཕྱིར། །ཞེས་གསུངས་པས་སོ། །འོ་ན་ཚོང་དཔོན་དགེ་སློང་ལ་བསླབ་པ་འཆའ་མི་རིགས་པར་འགྱུར་རོ། །ཞེ་ན། ཉེས་པ་མེད་དེ། ཨུཏྤ་ལའི་མདོག་ཅན་ལ་བླངས་པ་ལ་ལེན་པའི་སྤང་བ་བཅས་པ་བཞིན་ནོ། །ཞེས་གསུངས། དྲུག་པ་དགེ་སློང་མ་དང་ལྷན་ཅིག་ལམ་དུ་འཇུག་པའི་ལྟུང་བྱེད་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། འདོད་ཞེན་གྱིས་སོ། །དགག་བྱ་ཐུན་མོང་བ་དང་གཞན་དག་གིས་འཕྱ་བ་སོགས་སོ། །རྒྱུ་ཚོགས་ལ། གཞི་ནི། ཉེ་དུ་མ་ཡིན་པ་མ་གཏོགས་པའི་དགེ་སློང་མ་ཆོས་བདུན་ལྡན་བདག་ཉིད་ལ་ཕན་འདོགས་པ་མ་ཡིན་པ་དང༌། འཐམས་པའོ། །ལམ་ས་ལ་བརྟེན་པ། རྒྱང་གྲགས་སུ་ལངས་པ། འཇིགས་པ་དང་བཅས་པ་མ་ཡིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པ། ཀུན་སློང་ལམ་གཅིག་ལ་འགྲོར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །ཉི་མ་གཅིག་ལ་རྒྱང་གྲགས་གཉིས་སོགས་འདས་ན་དེ་སྙེད་ཀྱི་ལྟུང་བྱེད་དོ། །སྔར་མ་འཐམས་ན་འཇིགས་པའི་དབང་གིས་ཞུགས་པ་ལ་ནི་ཉེས་མེད་དུ་བཤད་ཅིང༌། འཐམས་པའི་དོན་ནི། རྣམ་འབྱེད་འགྲེལ་དུ་འཐམས་པ་ཞེས་བྱ་བ་ནི་བརྡ་བྱས་པའོ། །ཡང་ན་འཐུས་པ་ཞེས་བཤད་དོ། །བདུན་པ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ་ནི། ཆུ་བོའི་གཞུང་ལ་ཞུགས་ནས་རྒྱང་གྲགས་འདས་པའི་དབང་དུ་བྱས་ལ། སྤྱི་དོན་གཞན་རྣམས་སྔ་མ་བཞིན་ནོ། །བརྒྱད་པ་དང་དགུ་པ་བུད་མེད་དང་ལྷན་ཅིག་འདུག་པ་དང་འགྲེང་བའི་ལྟུང་བྱེད་ལ། གླེང་གཞི། མཉན་ཡོད་དུ། འཆར་ཀས། འདོད་ཆགས་ཀྱིས་སོ། །དགག་བྱ་ཐུན་མོང་བའོ། །རྒྱུ་ཚོགས་ལ། ཡུལ་བུད་མེད་མཚན་དོན་བྱེད་ནུས་པ། ཐ་སྙད་ཕྱེད་དང་ལྔ་ལྡན། ཉེ་དུ་མ་ཡིན་པ། གྲོགས་དང་མི་ལྡན་པ། ལུས་སྟེན་རུང༌། ཐ་མལ་དུ་གནས་པ། བདག་ཉིད་ལ་ཕན་འདོགས་པ་མ་ཡིན་པ། སྤྱོད་ལམ་འདུག་པ་དང་འགྲེང་བ་གང་རུང༌། དགེ་སློང་བདག་ཉིད་ཀྱང་འདུག་འགྲེང་གང་རུང་ངོ༌། །གནས་ས་ཕྱོགས་དབེན་པ་སྐྱབས་ཡོད། འདོམ་གང་གི་ནང་ཡིན་པ། ཀུན་སློང་འདུག་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་འདུག་འགྲེང་གི་བྱ་བ་བྱས་ཙམ་མོ། །འགྲེང་བ་ལ་ཡུལ་དགེ་སློང་མར་བཤད་དོ། །བཅུ་པ་དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། ལྟོ་འདུན་གྱིས་སོ། །དགག་བྱ་ཐུན་མོང་བ་དང་གཞན་ལ་གནོད་པ་པའོ། །རྒྱུ་ཚོགས་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ནོར་རྫས་ཐ་དད་པ། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་རུང་བ། མགྲོན་གཅིག་གི་ཚད་དུ་ལོངས་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། རང་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་སྦྱོར་དུ་བཅུག་པ། སྦྱོར་བྱེད་དགེ་སློང་མ་ཆོས་བརྒྱད་ལྡན། བདག་ཉིད་མགྲོན་དུ་མ་བོས་པའམ། བོས་ཀྱང་ཚད་དེ་ཙམ་གྱིས་ལྷག་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །བཅུ་ཚན་བཞི་པ་ལ། སྡོམ་ནི། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང༌། །འདུས་དང་དུས་མིན་སོག་འཇོག་དང༌། །ཁ་ནས་མིད་དང་གསོད་པ་ཉིད། །ཅེས་སོ། །བཅུ་པོ་ལྔར་བསྡུས་ནས། ཚད་ལས་འདས་པར་ཟོས་པ་དང༌། གནས་མ་ཡིན་པར་དང༌། དུས་མ་ཡིན་པར་དང༌། ཆོ་ག་ལས་འདས་པར་དང༌། ཟས་བསོད་པ་ལས་གྱུར་པའོ། །དང་པོ་ལ་བཞིར་ཕྱེ་ན། དུས་ཉི་མ་གཅིག་ལ་བླངས་པ་ཚད་ལས་འདས་པ་དང༌། གནས་གཅིག་ཏུ་ཟོས་པ་ཚད་ལས་ལྷག་པ་དང༌། སྦྱིན་བདག་གཅིག་ལས་བླངས་པ་ཚད་ལས་འདས་པ་དང༌། དམ་བཅའ་ཚད་ལས་འདས་པའོ། །དང་པོ་ལ་གླེང་གཞི་ནི། ཡུལ་སྤོང་བྱེད་དུ། གང་ཟག་དྲུག་སྡེས། ལྟོ་འདུན་གྱིས་སོ། །དགག་བྱ་ལུས་ལ་གནོད་པ་དང༌། སྦྱིན་བདག་སྔ་མ་དེ་མ་དད་པའོ། །རྒྱུ་ཚོགས་ལ། གཞི་ནི། སྦྱིན་པ་པོ་སྔ་ཕྱི་གཉིས་ཀ་ཁྱིམ་པ་ཐ་སྙད་ལྔ་ལྡན། ནོར་རྫས་ཐ་དད་པ། ནར་མར་སྦྱོར་བ་པོ་མ་ཡིན་པ། བསམ་པ་ཐག་པ་ནས་འབོད་པ། ཟས་གཉིས་ཀ་བཟའ་བ་ལྔའི་ཁོངས་སུ་གཏོགས་པ། མགྲོན་གྱི་ཚད་དུ་ལོངས་པ། ཕན་ཚུན་ཁོངས་སུ་གཏོགས་པ་མ་ཡིན་པ། ཕྱི་མ་ལ་རྙེད་པ་མེད་པའོ། །བདག་ཉིད་ན་བ། ལས་བྱས་པ། ལམ་དུ་ཞུགས་པ། སྲ་བརྐྱང་བཏིང་བ་བཞི་དང༌། དགེ་འདུན་བོས་པ་མ་ཡིན་པ། བོས་ན་ཡང་རང་གི་ཕྱིར་མ་ཡིན་པའོ། །དུས་མུ་གེའི་དུས་མ་ཡིན་པ་དང༌། ཉི་མ་གཅིག་ཡིན་པའོ། །ཀུན་སློང་སོགས་འདྲེའོ། །གཉིས་པ་འདུག་གནས་སུ་ཟ་བ་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། འདོད་ཞེན་དང་ཐབ་དཀྲོལ་གྱིས་སོ། །རྒྱུ་མཚན། གཞན་མ་དད་པ་དང༌། མུ་སྟེགས་ཅན་དང་འཐབ་རྩོད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། གནས་དེའི་བདག་པོ་ཁྱིམ་པ་ཆོས་ལྔ་ལྡན། དེའི་མཆོད་གནས་མུ་སྟེགས་ཅན་ཐ་སྙད་གསུམ་ལྡན་བཞིར་ལོངས་པ། གནས་དེ་གནས་ཀྱི་མཚན་ཉིད་དུ་གྲུབ་པ། ཡ་མཚན་ཅན་སྤྱི་པའི་འདུག་གནས་མ་ཡིན་པ། དངོས་པོ་བཟའ་བ་ལྔའི་ཁོངས་སུ་གཏོགས་པ། ཚད་དུ་ལོངས་པ། རྟེན་ནད་པ་མ་ཡིན་པ། གནས་དེར་སྦྱིན་བདག་གིས་མ་བསྟབས་པ། ཞག་གཅིག་ཏུ་གནས་ཤིང་ཉི་མ་གཉིས་པའི་ཟན་ཟོས་པ། འདི་ལ་ཞག་ཏུ་གནས་ནས་ཉི་མ་གཉིས་པའི་ཟན་ཟོས་པ་ཞིག་ནི་དགོས་ལ། ཉི་མ་གཉིས་སུ་ཟོས་དགོས་པ་ནི་དཔྱད་དོ། །རྟེན་དགེ་འདུན་དུ་ལོངས་པ་དགོས་ཏེ། གཞན་དུ་ན་རྩོད་པའི་དགག་བྱ་མེད་པའི་ཕྱིར། ཞེས་ཟེར་བ་དག་ཀྱང་ཡོད་དོ། །དེར་གནས་ཀྱི་བདག་པོ་དེ་ཉིད་ལ་བླངས་ནས་ཟོས་པ་དགོས་ཀྱི། གཞན་ནས་བླངས་ནས་ཟོས་པ་ལ་ནི་ཉེས་བྱས་སོ། །གསུམ་པ་ཕྱེ་དང་ཞེས་པའི་ལུང་གིས་བསྟན་པ་སྦྱིན་བདག་གཅིག་ནས་བླངས་པ་ཚད་འདས་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། ལྟོ་འདུན་གྱིས་དེ་ལྟར་བླངས་པའོ། །དགག་བྱ་སློང་བའི་ཚོད་མ་བཟུང་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ཅི་བདེར་སྟོབས་པ་མ་ཡིན་པ། དངོས་པོ་བཟའ་བ་ལྔའི་ཁོངས་སུ་གཏོགས་པ། ཚད་ཡུལ་མ་ག་དྷའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ། ཚོད་མ་མ་གཏོགས་པ་ལས་ལྷག་པ། ལྷག་པའི་ཚད་དྲུག་ཕུལ་ཕྱེད་དང་ལྔ་ཡན་ཆད་ཡིན་པ། གཡོས་སུ་བྱས་པ། གང་དུ་ཟོས་པའི་གནས་ནི། གང་ལས་གནོས་པ་དེ་ལས་གཞན་དུ་ཁྱེར་བ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་མགུལ་དུ་མིད་པའོ། །བྲེའུ་ཆུང་ཕྱེད་དང་ལྔའི་ཚད་ནི། བོད་བྲེའི་དབང་དུ་བྱས་ན་དྲུག་ཕུལ་དགུ་ཡིན་ལ། དེ་བཅོས་ན་གསུམ་འཕེལ་དུ་སོང་བས་དྲུག་ཕུལ་ཉེར་བདུན། དེའི་ཚེ་ན་ཚོད་མ་ནི་རྩི་བར་མི་བྱ་སྟེ། ཚོད་མ་མ་གཏོགས་པ་ཞེས་སོ། །ལྷག་པའི་ཚད་ནི་དྲུག་ཕུལ་ཕྱེད་དང་ལྔ་ལ་བཤད་དེ། ཞུ་བ་ལས། དགེ་སློང་གྱིས་དྲུག་ཕུལ་ཕྱེད་དང་ལྔས་ལྷག་པ་ལ་ལྷག་པར་ཤེས་ཏེ་བླངས་ན་ཅིར་འགྱུར། ལྟུང་བའོ། །ཞེས་གསུངས། དགེ་སློང་རེ་རེས་དེ་ཙམ་བླང་དུ་རུང་བ་ནི་མ་ཡིན་ཏེ། གྲོགས་ཀྱི་སྐལ་བ་དང་ཡང་བཅས་པ་ཡིན་ནོ། །ཞེས་སོ། །ཉེས་པ་འདི་ནི་ལྷག་པའི་ཆ་དེ་ཟོས་པ་ལས་སོ། །བཞི་པ་བཅའ་དང་ཞེས་པའི་ལུང་གིས་བསྟན་པ། སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ལ། གླེང་གཞི་ནི། མཉན་ཡོད་དུ། དྲུག་སྡེས། བསླབ་པ་ལ་གཡེལ་བ་དང་མ་གུས་པས་སྤངས་ནས། ཡང་ཟ་བར་བྱེད་པའོ། །རྒྱུ་ཚོགས་ལ། གཞི་ནི། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། ལྷག་པོར་མ་བྱས་པ། དཀོན་ཟས་མ་ཡིན་པ། བདག་ཉིད་སྤངས་པ་ཡོངས་སུ་རྫོགས་ཤིང༌། ནད་པ་མ་ཡིན་པ། དུས་སྤངས་པའི་ཉིན་མཚན་དེ་ཉིད་ཡིན་པ། མུ་གེའི་དུས་མ་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །འདིར་ལྷག་བོར་གྱི་མཚན་ཉིད་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་རུང་ཚད་ལྡན། བདག་ཉིད་སྤངས་པ་ཡོངས་རྫོགས་ཡིན་པ། བསམ་པ་ལྷག་བོར་བྱེད་འདོད་པ། ཆོ་ག་དེའི་མདུན་དུ་ཙོག་བུར་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང༌། སྤངས་ཏེ་ཡོངས་སུ་རྫོགས་ཤིང༌། མཐར་ཐུག་པར་བགྱིས་པ་ལས། བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན། ལྷག་བོར་བགྱིས་ཏེ་བདག་ལ་བསྩལ་དུ་གསོལ། ཞེས་ལན་གཅིག་བརྗོད། ཡུལ་དེས་སྤངས་ན་མི་ཟ། མ་སྤངས་ན་ཁམ་གཉིས་སམ་གསུམ་ཟོས་ནས། ཁྱོད་ཀྱིར་གྱུར་ཅིག བཞུད་ཅིག ཅེས་བརྗོད་དོ། །ངེས་ཚིག་ནི། ལྷག་མར་བྱས་ཤིང་བོར་བས་ན་དེ་ཞེས་བྱའོ། །ལྔ་པ་སྤངས་པ་ལ། སྟོབས་པའི་ལྟུང་བྱེད་ལ། གླེང་གཞི། མཉན་ཡོད་དུ། དགེ་སློང་རྒྱན་ཞུགས་ཀྱིས། ཉོན་མོངས་པ་མཐོ་འཚམས་པས། སྤངས་པ་ལ་བསྟབས་པའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། སྤངས་པ་ཡོངས་རྫོགས། ནད་པ་མ་ཡིན་པ། དངོས་པོ་དང་དུས་གོང་མ་དང་འདྲ་ལ། ཀུན་སློང་དེ་ལ་དེར་ཤེས་ཀྱིས་སྟོབས་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །དྲུག་པ་གནས་མ་ཡིན་པར་འདུ་ཤིང་ཟ་བའི་ལྟུང་བྱེད་ལ། གླེང་གཞི་རྒྱལ་པོའི་ཁབ་ཏུ་དགེ་སློང་ལྷས་བྱིན། ཉོན་མོངས་པ་མི་མཐུན་པར་འདོད་པས། དེ་ལྟར་ཟོས་པའོ། །དགག་བྱ་དགེ་འདུན་བྱེ་བ་དང༌། ཡོ་བྱད་ཐམས་ཅད་ཟ་བར་འགྱུར་བ་སོགས་སོ། །རྒྱུ་ཚོགས་ལ། གཞི་ནི། གནས་མཚམས་ནང་ཡིན་པ། གཞན་དགེ་འདུན་དུ་ལོངས་པ། ཡུལ་ནི་དགེ་སློང་ཆོས་ལྔ་ལྡན། གསུམ་ཡན་ཆད་དང་ཅིག་ཆར་ཟ་བ་པོ་ཡིན་པ། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་རུང་ཚད་ལྡན། དུས་སྟོན་ཆེན་པོའི་ཟས་ལས་གཞན་པ། ཟས་གཅིག་པ་མ་ཡིན་པ། བདག་ཉིད་ན་བ་དང༌། ལས་བྱས་པ་དང༌། ལམ་དུ་ཞུགས་པ་དང༌། སྲ་བརྐྱང་བཏིང་བ་བཞི་མ་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །འདིར་གོ་དོན་ནི། འདུས་ཤིང་ཟ་བ་པོ་བཞིར་ལོངས་པ་དེ་རྣམས་ཀྱང་ཅིག་ཆར་དུ་ཟ་བ་པོ་ཡིན་པ། དེ་དག་ལ་སྦགས་བྱ་ན་ཡོད་པ་དང༌། མཚམས་ནང་གི་དགེ་འདུན་དུ་ལོངས་པ་གཞན་ལ་བཟའ་བཅའ་ངན་པ་ཙམ་ལས་མེད་པ་ལ་དེར་འདུ་ཤེས་པའི་སྒོ་ནས་ཟོས་ན། ཟ་བ་པོ་ཟས་བཟང་པོ་ཡོད་པ་དེ་དག་ལ་ལྟུང་བ་འདིར་འགྱུར། ཞེས་པའོ། །བདུན་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ལ། གླེང་གཞི་ནི། མཉན་ཡོད་དུ། གཞོན་ནུ་བཅུ་བདུན་སྡེ། སྦྱོར་མི་བཟོད་པས། ཉེས་པ་དུས་མ་ཡིན་པར་ཟོས་པའོ། །དགག་བྱ་ལུས་འགྲངས་ཤིང་རྒྱགས་པས་ཉོན་མོངས་པ་གཞན་གྱི་རྒྱུར་འགྱུར་བ་དང༌། ཁྱིམ་པ་དང་ཁྱད་མེད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། དུས་རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་ཡིན་པ། མུ་གེའི་དུས་མ་ཡིན་པ། དངོས་པོ་དུས་སུ་རུང་བ། མགུལ་དུ་མིད་པར་མངོན་པ། བདག་ཉིད་ནི་ནད་པ་དང་ཟན་ཆད་པ་མ་ཡིན་པ་དང༌། མུ་གེའི་དུས་མ་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་ཟོས་པའོ། །ཁ་ཅིག རུང་བ་དགོས་གསུང་བ་མི་འཐད་དེ། ཞུ་བ་ལས། དགེ་སློང་གིས་འཚལ་མ་ལན་ཅིག་འཚལ་བས་ལྟུང་བ་བཞི་འབྱུང་བ་ལྟ་མཆིས་སམ། ཉེ་བར་འཁོར་ཡོད་དེ། བྱིན་ལེན་མ་བྱས་པ་དང༌། རུང་བ་མ་ཡིན་པ་དང༌། སོག་འཇོག་བྱས་པ་དུས་མ་ཡིན་པར་ཟ་ནའོ། །ཞེས་དང༌། གཞུང་དུ། གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །རང་གི་གླིང་ཞེས་པའི་ཤུགས་ཀྱིས། འཛམ་བུ་གླིང་པས་གླིང་གཞན་དུ་ཕྱིན་པའི་ཚེ། གླིང་དེའི་དུས་མ་ཡིན་པར་ཟོས་ཀྱང་ཉེས་པ་འདི་མེད་པའོ། །བརྒྱད་པ་སོག་འཇོག་ལ། གླེང་གཞི། མཉན་ཡོད་དུ། དགེ་སློང་ནག་པོས་བག་ཆགས་མ་བྱང་བས་སོག་འཇོག་བྱས་པའོ། །དགག་བྱ་སྐྱེ་བོ་ཕལ་པོ་ཆེས་སྨོད་པ་དང༌། ལུས་ཀྱི་ནད་འཕེལ་བའོ། །རྒྱུ་ཚོགས་ལ་གཞི་ནི། དངོས་པོ་སྨན་རྣམ་པ་བཞི་པོ། དངོས་སུ་གྲུབ་པ། རུང་ཚད་ལྡན། སོག་འཇོག་བྱས་པའོ། །བདག་ཉིད་ནད་པ་སོགས་མ་ཡིན་པ། ཀུན་སློང་དེར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་རང་དུས་འདས་པའོ། །སོག་འཇོག་གི་ཚད་ནི། གཞུང་དུ་སྔ་དྲོ་པའི་ཟས་ཞེས་པའི་དོན། དུས་རུང་ལ་སྦྱོར་བ་ནི་མི་འཐད་དེ། དུས་མ་ཡིན་པར་རུང་བའི་སྨན་གསུམ་པོ་སྔ་དྲོ་བྱིན་ལེན་བྱས། བྱིན་གྱིས་མ་རླབས་པ་དེ། ཉི་མ་ཕྱེད་ཡོལ་བའི་ཚེ་སོག་འཇོག་ཏུ་མི་འགྱུར་ན་ནམ་གྱི་ཚེ་འགྱུར་ཞེས་དཔྱད་པ་ན། དེའི་རྒྱུ་མཚན་བཤད་དཀའ་བའི་ཕྱིར། ཕྱི་དྲོ་པའི་ཟས་ཞེས་པ་ཐུན་ཚོད་ཀྱི་བཏུང་བ་ཁོ་ན་ལ་འཆད་ན། སྨན་ཕྱི་མ་གཉིས་པོ་བྱིན་གྱིས་མ་རླབས་པ་ལ་སོག་འཇོག་མི་འབྱུང་བར་ཐལ་བའི་ཕྱིར་རོ། །དེས་ན་སྔ་དྲོ་བྱིན་ལེན་བྱས་ནས་ལོངས་སྤྱོད་པའི་སྨན་ལ་སྔ་དྲོའི་ཟས་དང༌། ཕྱི་དྲོ་དེ་བྱས་ནས་དེར་སྤྱོད་པའི་སྨན་ལ་ཕྱི་དྲོད་པའི་ཟས་ཞེས་བྱའོ། །ཞར་ལ། ལག་ཉ། མཚམས་བཙོས། ཞག་ལོན་གསུམ་གྱི་ངོས་འཛིན་ནི། ལག་ཉ་ཞེས་པ། ཟས་དངོས་སམ། དེ་དང་ཉེ་བའི་སྟ་གོན་དུ་གནས་པ་རུང་ཚད་ལྡན། རང་ངམ་རང་དང་འདྲ་བ་དབང་བ། ངོ་བོ་རྫོགས་པ། ཆུད་འཛའ་བའི་རྐྱེན་མེད་པ། སྣོད་བརྟན་པ། བྱིན་ལེན་སྟོབ་པར་འོས་པ་དང༌། བྱིན་ལེན་བྱས་པ་གསུམ་དང་མ་འབྲེལ་པ། འདི་ལ་ཀུན་སློང་ཟ་བའི་ཆེད་མ་ཡིན་པར་རེག་པ་གཅིག་དགོས་ཏེ། དེའི་ཆེད་དུ་ལག་ཉར་བླངས་པ་ནི་བྱིན་ལེན་མ་བྱས་པར་ཟ་བའི་སྦྱོར་བར་གཏོགས་པའི་ཕྱིར་དང༌། གཞན་དུ་ན་དེ་ལ་ལག་ཉར་བླངས་བ་ཟ་བའི་ཉེས་བྱས་སུ་འགྱུར་རིགས་པས་སོ། །དེས་ན་དགེ་སློང་མི་དབང་བའི་ཟས་སོགས་བླངས་པ་ལ་ནི་ལག་ཉར་མི་འགྱུར་རོ། །ལག་ཉར་སོང་ཙམ་ལ་ནི་ཉེས་པར་འཇོག་པ་མ་ཡིན་ཏེ། དེ་ལ་ཉེས་བྱས་སོགས་ཀྱི་བཤད་པ་མེད་པའི་ཕྱིར་དང༌། རང་དབང་བའི་བཟའ་བཅའ་བྱིན་ལེན་མེད་པར་ལག་གིས་བླངས་ནས་ཁྱིམ་པ་ལ་སྟེར་བ་ལྟ་བུ་ལ་ཉེས་པ་མ་བཅངས་པའི་ཕྱིར། དེ་ཡང་ཕྱིར་བྱིན་ནས་བླང་ངོ་སྙམ་པའི་བསམ་པ་ཡོད་ན་ནི། དེས་ཚུར་བཏད་པའི་ཚེ་ལག་ཉ་ཅན་དུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ། ལྟོས་པ་དང་བཅས་པས་བྱིན་པ་ནི་བཏད་པ་ཉིད་མ་ཡིན་ནོ། །ཞེས་སོ། །འོ་ན་ལག་ཉར་མི་འགྱུར་བའི་ཐབས་གང་ཞེ་ན། བྱིན་ལེན་ནོ། །དེ་ལ་གཉིས་ཏེ། ལག་ཉ་འགེགས་བྱེད་ཀྱི་དང༌། བཟའ་བའི་ཆེད་ཀྱི་བྱིན་ལེན་ནོ། །གཉིས་པོ་གཞི་མཐུན་པ་མ་ཡིན་ཏེ། ཅིག་ཤོས་དེ་བཟའ་བའི་ཕྱིར་བྱེད་པ་མ་ཡིན་དགོས་པའི་ཕྱིར། དེ་ལྟ་མོད་ཀྱི། བཟའ་ཆད་ཀྱི་བྱིན་ལེན་དེས་ལག་ཉ་མི་ཁེགས་པ་ནི་མ་ཡིན་ནོ། །ལག་ཉ་ཅན་དེ་རུང་བའི་སྨན་དུ་འགྱུར་བའི་སྐབས་ཡོད་དམ་ཞེ་ན། ཡོད་དེ། དགེ་སློང་གིས་ལག་ཉར་བླངས་པ་དགེ་སློང་མ་ལ་རུང་བ་དང༌། ཁྱིམ་པ་ལ་ལྟོས་མེད་དུ་བྱིན་པ་ཚུར་འཁོར་བ་ན་ལྟ་བུའོ། །ཡང་ལག་ཉ་དང་སོག་འཇོག་ནང་འདོམ་པའི་ཚེ། ལག་ཉ་རུང་བར་བཤད་པ་ཡང་ཡིན་ཏེ། ཇི་སྐད་དུ། ལག་ཉར་བླངས་པའི་ལམ་རྒྱགས་རུང་སྟེ། ཞེས་འབྱུང་ལ། ལམ་རྒྱགས་ལ་བྱིན་ལེན་བྱས་ན་སོག་འཇོག་གི་ཉེས་དམིགས་ཡོད་པས་སོ། །མཚམས་བཙོས་ནི། རུང་ཁང་མ་བཅད་པའི་གཙུག་ལག་ཁང་ཉེ་འཁོར་དང་བཅས་པར། ཡན་ལག་སྔ་མ་དྲུག་དང་ལྡན་པའི་རྗེན་པ་ཞིག་བཙོས་པའོ། །འདི་ལ་ལས་མཚམས་དགོས་པ་མ་ཡིན་ཏེ། བམ་ལྔ་ལས། མཚམས་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པས་བཅད་པ་དང༌། རྩིག་པ་ལ་སོགས་པའི་རང་མཚམས་དང༌། ཉེར་ཀོར་ལ་སོགས་པ་གང་ཡང་རུང་བ་ཐམས་ཅད་སྤྱིར་བཟུང༌། ཞེས་སོ། །ཞག་ལོན་ནི། མཚམས་ནང་དེར་དེ་འདྲ་བའི་དངོས་པོས་ཞག་ལོན་པའོ། །དགེ་སློང་གིས་བཙོས་པ་ནི། དེ་འདྲ་བའི་དངོས་པོ་མཚམས་ཀྱི་ཕྱི་ནང་གང་ཡིན་ཀྱང་རུང་དགེ་སློང་གིས་བཙོས་པའོ། །དེ་བཞི་པོའི་སྐབས་ཀྱི་དངོས་པོའི་ཡན་ལག་དྲུག་ནི་འདྲ་བ་ཡིན་ཏེ། ཟས་དངོས་སམ། དེའི་སྟ་གོན་དུ་གནས་པ། རུང་ཚད་ལྡན། རང་ངམ་རང་དང་འདྲ་བ་དབང་བ། ངོ་བོ་རྫོགས་པ། ཆུད་ཟ་བའི་རྐྱེན་མེད་པའོ། །བཞི་པོ་དེ་ཟ་བའི་ལྟུང་བ་ཉེས་བྱས་ཀྱི་རྒྱུ་ཚོགས་ལ། གཞི་ནི། དངོས་པོ་སྨན་བཞི་པོ་གང་རུང༌། ཆོ་གའི་སྒོ་ནས་མི་རུང་ཡང༌། ངོ་བོའི་སྒོ་ནས་རུང་ཚད་ལྡན། བདག་ཉིད་ནད་པ་སོགས་མ་ཡིན་པ། དུས་མུ་གེའང་དེ་འདྲའི་དུས་ལས་གཞན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མིད་པའོ། །བཞི་པོ་སྐབས་འདིར་སྟོན་པ་ནི། སོག་འཇོག་དང༌། ཆ་དང་ཆ་ཅན་གྱི་ལྟུང་བ་ཡིན་པས་སོ། །ཡང་གཙུག་ལག་ཁང་གི་ནང་དུ་ཞག་ལོན་པ་ཙམ་གྱིས་ཞག་ལོན་དུ་མི་འགྱུར་བ་དང༌། དེའི་ནང་ཡིན་ཀྱང་དགེ་སློང་གི་ནང་དུ་མི་འགྱུར་བའི་ཚུལ་ཀྱང་བཤད་པ་ཡིན་ཏེ། འགྲེལ་ཆེན་དུ། སྦྱིན་བདག་གིས་དགེ་སློང་གི་ནང་དུ་བཙོས་པ་དང་ཞག་ལོན་པ་འབུལ་ན་ཉེས་པ་མེད་པ་དང༌། ཐོག་མར་ཚིག་གིས་ཕུལ་ནས། ཁོ་བོ་རང་འོངས་ནས་བྲིམ་མོ་ཞེས་ཟེར་བ་དེས་ཞག་ལོན་ན། དེའི་ཞག་ལོན་གྱི་ཉེས་པ་ཡོད་པ་དང༌། དགེ་སློང་གིས་ཁྱིམ་པའི་གནས་སུ་མཛོད་བཟུང་ནས་དགེ་སློང་དེར་གནས་ན་དགེ་སློང་གི་གནས་སུ་འཇོག་པ་དང༌། ཁྱིམ་པས་གཙུག་ལག་ཁང་གི་ཕྱོགས་གང་དུ་མཛོད་བཟུང་ནས་དེར་དགེ་སློང་མི་འཇུག་པར་བྱས་ན། དེ་ཁྱིམ་པའི་གནས་སུ་འཇོག་པ་དང༌། གཙུག་ལག་ཁང་སྟོང་པར་དགེ་སློང་ཞུགས་ན་དེའི་གནས་སུ་སོང་བ་དང༌། དེ་གཞན་དུ་འཕོས་པའི་ཚེ་སྔ་མ་རུང་བའི་ས་གཞིར་འཇོག་པ་སོགས་གསུངས་སོ། །ཡང་བ་ཞག་ལོན་གྱི་འོ་མ་དང༌། བ་དང་འོ་མ་ཞག་ལོན་ག་ཞོ་ཞག་ལོན་དུ་འཇོག་པ་དང༌། དེ་གསུམ་ཞག་ལོན་གྱི་མར་ཞག་ལོན་དུ་མི་འཇོག་པ་དང༌། ས་བོན་ཞག་ལོན་གྱི་མྱུ་གུ་ཞག་ལོན་དུ་མི་འཇོག་པར་གསུངས་ཤིང༌། དེ་དག་གི་ཤེས་བྱེད་ནི་སྨན་གྱི་རིགས་གཞན་ཡིན་མིན་ལ་ཐུག་གོ །དགུ་པ་བྱིན་ལེན་མ་བྱས་པར་ཟ་བ་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས་བསླབ་པ་ལ་གཡེལ་བས་བྱིན་ལེན་མ་བྱས་པར་ཟོས་པའོ། །དགག་བྱ་དཔང་པོ་མེད་པར་ཟོས་པས། བརྐུས་ནས་ཟོས་པ་དང༌། དུས་མ་ཡིན་པར་ཟོས་པ་སོགས་ཀྱི་འཆར་ཀ་འབྱུང་བའོ། །རྒྱུ་ཚོགས་ལ་གཞི་ནི། དངོས་པོ་ཆུ་དང་སོ་ཤིང་ལས་གཞན་པའི་བཟའ་བཅའ་དང་བཏུང་བ་རུང་ཚད་ལྡན། བྱིན་ལེན་དང་མ་འབྲེལ་བ། བདག་ཉིད་ནད་པ་དང་ཟན་ཆད་པ་མ་ཡིན་པ། གནས་སྒྲ་མི་སྙན་ནམ་དེ་དང་འདྲ་བ་མ་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མིད་པའོ། །འདི་ལ་ཁ་ཅིག་གི་གསུང་ནས། རུང་བ་མི་དགོས་ཏེ། ལག་ཉར་བླངས་ནས་ཟོས་པ་ལ་བྱིན་ལེན་མ་བྱས་པར་ཟ་བའི་ཉེས་པ་མི་འབྱུང་བར་ཐལ་བའི་ཕྱིར་རོ། །ཞེས་གསུང་མོད། དེ་ལྟར་ན་རང་གིས་ལག་ཉར་བླངས་ཏེ་ཟོས་པ་འདི་ལ། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དང༌། ལག་ཉ་ཅན་ཟ་བའི་ཉེས་བྱས་དང་གཉིས་འབྱུང་ཞེས་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་ན་ཀུན་སློང་མི་འདྲ་བ་གཉིས་དགོས་པར་འགྱུར་ཏེ། ལྟུང་བ་སོ་སོའི་ཡན་ལག་གི་རྩི་བ་ལ་ཀུན་སློང་སོ་སོར་དགོས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ། འཚལ་མ་གཅིག་ལ་ཉེས་པ་བཞིར་གསུངས་པ་དེ་ཅི་ཞེ་ན། རང་ངམ་གཞན་གྱིས་ལག་ཉར་སོང་ཟིན་པ་དང༌། སྒོག་པ་ལྟ་བུ་ངོ་བོའི་སྒོ་ནས་རུང་བ་མ་ཡིན་པ་ཞིག་ལ་དེར་འདུ་ཤེས་པའི་སྒོ་ནས་ཕྱི་དྲོ་བྱིན་ལེན་མ་བྱས་པར་ཟོས་པ་ལྟ་བུ་ཡིན་ལ། སྨན་ངོ་བོ་དང་རུང་བ་ཞིག་ཆོ་གའི་སྒོ་ནས་ལག་ཉར་བླངས་ཏེ་ཟོས་པ་ལ་ནི། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཅིག་བུ་དེ་ཉིད་དོ། །སྨན་ངོ་བོ་དང་ཆོ་གའི་སྒོ་ནས་མི་རུང་བ་ལ་བྱིན་ལེན་མི་ཆགས་སམ་ཞེ་ན་མི་འཆགས་པ་མ་ཡིན་མོད། དེ་ལ་དེར་ཤེས་ནས་བྱིན་ལེན་བྱས་ཏེ་ཟོས་པ་ན། ཉེས་པ་གཅིག་ཁེགས་ཀྱང༌། ཅིག་ཤོས་སྐྱེས་པའི་རྒྱུ་མཚན་གྱིས་བྱིན་ལེན་བྱ་རྒྱུའི་དངོས་པོ་ལ་རུང་བ་ཞིག་དགོས་པར་འཆད་པ་ཡིན་ནོ། །དེ་ཡང་བཟའ་ཆེད་མ་ཡིན་པའི་ལག་ཉར་བླངས་ཙམ་གྱི་ཚེ་ན་བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། བཟའ་ཕྱིར་དུ་ལག་ཉར་བླངས་ཙམ་གྱི་ཚེ་ལྟུང་བྱེད་ཀྱི་སྦྱོར་བའི་ཉེས་བྱས་སོ། །བྱིན་ལེན་གྱི་ཚེ། མངོན་སུམ་དུ་ཞེས་དང༌། མཚམས་ཀྱི་ནང་དུ་ཞེས་དང༌། འཐོབ་པའི་ཕྱོགས་ན་གནས་པ་ཞེས་དང༌། ལག་པ་བཀན་པས་ཞེས་པ་རྣམས་ནི་ནོད་པ་པོའི་ཁྱད་པར་ཡིན་ལ། ལུས་སམ་དེ་དང་འབྲེལ་བར་ཞེས་དང༌། གྱེན་དུ་འདེགས་ནུས་པ་ཞེས་དང༌། བསྙེན་པར་མ་རྫོགས་པ་ཞེས་དང༌། སྦྱིན་པར་འདོད་པས་ཞེས་དང༌། ཡན་ལག་གིས་སམ་དེ་དང་འབྲེལ་བ་ཞེས་པ་རྣམས་ནི་བྱིན་ལེན་སྟོབས་པ་པོའི་ཆོས་སོ། །དེ་ལྟར་ན་ནོད་པ་པོ་སྟོབ་པ་པོའི་མདུན་དྲང་ཐད་ན་འདུག་པར་སྟོན་པ་ཅིག་དགོས་པ་འདི་ལ། སྟོབ་པ་པོ་ནོད་མཁན་གྱི་མདུན་དྲང་ཐད་དུ་སྡོད་དགོས་པར་འཆད་པའི་རྩོལ་བས་ངལ་བ་དག་ཡོད་དོ། །དེ་ལས་ཅིར་འགྱུར་ཞེ་ན། སྟོབ་པ་པོའི་གློ་དང་རྒྱབ་ན་ནོད་པ་པོ་འདུག་ན་མི་འཆགས་པ་ཡིན་གྱི། ནོད་པ་པོའི་གློ་དང་རྒྱབ་ནས་སྟོབ་པ་པོས་སྟོབས་པ་ལ་མི་འཆགས་པ་མ་ཡིན་ཏེ། དེའི་ཚེ་ན་ཡང་མངོན་སུམ་དུ་ཞེས་པའི་དོན་ཚང་བའི་ཕྱིར་དང༌། ནོད་པ་པོའི་མདུན་དྲང་ཐད་ལས་ཅུང་ཟད་ཡོ་བས་མི་འཐོབ་ན་ས་དམའ་བ་ནས་མཐོ་བར་བསྟབས་པ་ཡང་མི་འཐོབ་པར་འགྱུར་ཏེ། གཡས་གཡོན་འཆུགས་པ་དང་སྟེང་འོག་འཆུགས་པ་ནི་མཚུངས་པའི་ཕྱིར་རོ། །ཡང་ལག་པ་བཀན་པ་ཡང༌། གང་རུང་གཅིག་བཀན་པས་ཀྱང་ཆོག་པ་དང༌། བཀན་པ་མེད་ཀྱང་སྣོད་ཟེད་པས་ཀྱང་ཆོག་པ་ཡིན་ཏེ། ཁྲི་དང༌། ཁྲིའུ་དང༌། ལྷུང་བཟེད་ཀྱི་གཞི་དག་གི་བྱིན་ལེན་ནོད་དུ་མ་རུང་བ་མ་ཡིན། ཞེས་གསུངས་པས་སོ། །མཚམས་ཀྱི་ནང་ཞེས་ལ། བདག་པོ་དང༌། ལས་དང་མེ་དང༌། ཆུ་དང༌། ནམ་མཁའ་དང༌། རགས་པས་བར་དུ་ཆོད་ན་མཚམས་གཞན་ཡིན་ལ། རགས་པའི་ཚད་ཀྱང༌། དཔངས་སུ་སོར་བཞི་ཙམ་དང༌། རིང་ཐུང་ཁྲུ་གང་ཙམ་དགོས་ཏེ། གཉིས་པོའི་བར་དུ་གཅོད་ནུས་པ་ཞིག་དགོས་པའི་ཕྱིར། བྱིན་ལེན་འཇིག་པའི་རྒྱུ་ནི་བཅུར་བཞེད་པ་ཡིན་ཏེ། དངོས་པོ་གཞན་དུ་གྱུར་པ་དང༌། སྐྱེ་བ་གཞན་དུ་གྱུར་པ་དང༌། ནམ་མཁའ་ལ་འཕངས་པ་དང༌། བདག་ཉིད་དགེ་སློང་མ་ཡིན་པར་གྱུར་པ་དང༌། དགེ་སློང་ནང་ཡིན་ཀྱང༌། འཕྲོགས་པ་དང༌། བསྙེན་པར་མ་རྫོགས་པ་ལ་བསྔོས་པ་དང༌། རང་དང་མ་འབྲེལ་བ་ལ་བཅས་མཚམས་མི་གཅིག་པ་གཞན་གྱིས་རེག་པ་དང༌། ལྟུང་བ་བྱུང་ནས་སྤངས་པ་དང༌། མེ་དང་ཆུ་ལྟ་བུས་དངོས་པོ་བརླག་པར་གྱུར་པའོ། །ཁ་ཅིག་ཟས་ཀྱི་ཉེ་འཁོར་བཏང་བས་འཇིག་ཅེས་གསུང་མོད། བྱིན་གྱིས་མ་རླབས་པའི་དབང་དུ་བྱས་སོ། །བཅུ་པ་བསོད་པ་སློང་བ་ལ། གླེང་གཞི། དྲུག་སྡེས་ལྟོ་འདུན་གྱིས་བསླངས་པའོ། །དགག་བྱ་ཡུལ་དེ་ལ་གནོད་པ་དང༌། རང་ལྟོ་འདུན་ཆེ་བར་མཚོན་པའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་དུས་དེར་ཟས་བསོད་པར་གྲགས་པ་རུང་ཚད་ལྡན། བདག་པོ་དེ་ཉིད་ཀྱི་ཡིན་པ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ཉེ་དུ་མ་ཡིན་པ། རྫས་ཐ་དད་པ། མ་བླངས་པར་སྟེར་བ་པོ་མ་ཡིན་པ། བདག་ཉིད་ནི་ནད་པ་སོགས་མ་ཡིན་པ། ཀུན་སློང་བསླངས་ནས་ཟ་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་མགུལ་དུ་མིད་པའོ། །བཅུ་ཚན་ལྔ་པ་ལ། སྡོམ་ནི། སྲོག་ཆགས་བཅས་དང་ཉལ་བར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུགས་འགྲོ་བ་དང༌། །རྡེག་དང་གཟས་དང་གནས་ངན་ལེན། །ཞེས་པའོ། །དང་པོ་སྲོག་ཆགས་ཅན་གྱི་ཆུ་ལ་སྤྱོད་པ་ལ། གླེང་གཞི། ཀཽ་ཤམྦིར། དགེ་སློང་འདུན་པ་བག་མེད་པས་དེ་བྱས་པའོ། །དགག་བྱ་སོགས་གཞན་རྣམས་འདེབས་པ་དང་འདྲ་བ་ལ། འདིར་རང་དོན་དུ་ཞེས་སྦྱར་རོ། །འདིར་ཆུ་ཚགས་ཀྱི་དབྱེ་བ་ལ། སྦྱང་ཆབས་དང༌། བུམ་ཚགས་ལྕེ་བུ་ཅན་དང༌། ཆུ་ཚགས་གྲུ་གསུམ་དང༌། རིལ་བ་ཞབས་ཚགས་ཅན་དང༌། གསལ་ཚགས་རྣམས་སོ། །གཉིས་པ་དང་གསུམ་པ་ལ། གླེང་གཞི། མཉན་ཡོད་དུ། འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བས་དེར་འདུག་འགྲེང་བྱས་པའོ། །དགག་བྱ་ཉོན་མོངས་པའི་བསམ་པ་སྐྱེ་བ་དང༌། གཞན་ལ་གནོད་པའོ། །རྒྱུ་ཚོགས་ལ་གཞི་ནི། གནས་གཞན་ཡིན་པ། གེགས་བྱེད་གཞན་མེད་པ། མངོན་སུམ་ཡིན་པ། ཡུལ་སྐྱེས་པ་དང་བུད་མེད་ཁྱིམ་པ་ཐ་སྙད་ཕྱེད་དང་ལྔ་ལྡན། ལུས་སྟེན་དུ་རུང་བ། བདག་ཉིད་བར་ཆད་དང་མི་ལྡན་པ། ཀུན་སློང་གནས་པས་འདུག་པའམ་འགྲེང་བ། སྦྱོར་བ་རྩོམ་པ། མཐར་ཐུག་ཡུལ་གྱིས་ཚོར་བའོ། །བཞི་པ་དམག་ལ་ལྟ་བ། ལྔ་པ་དམག་ནང་ན་གནས་པ། དྲུག་པ་དཔུང་གི་ཚོགས་ཉམས་སུ་མྱོང་བ་རྣམས་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། སེམས་ཉེ་བར་མ་ཞི་བས་ལྟ་བ་སོགས་བྱས་པའོ། །དགག་བྱ་རང་གཞན་གྱི་ལུས་སྲོག་ལ་གནོད་པ་དང༌། དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། དམག་གི་མཚན་ཉིད་དུ་གྲུབ་པ། ལྟ་བ་དང་དཀྲུག་པ་གཉིས་ཀྱི་སྐབས་སུ་སྤྲད་པའི་ཕྱིར་ཆས་པ། གནས་པ་ལ་ཆས་པ་ཞེས་མི་སྦྱར། བདག་ཉིད་རྐྱེན་དགོས་དང་མི་ལྡན་ཞིང༌། ལྟ་བ་དང་གནས་པའི་དོན་ཅན་མ་ཡིན་པ། ཀུན་སློང་ལྟ་བ་ལ་སོགས་པར་འདོད་པ། སྦྱོར་བ་གསུམ་པོ་དེར་རྩོམ་པ། མཐར་ཐུག་ལྟ་བའི་ཚེ་ཉེ་འཁོར་ལས་འདས་ཏེ་མཐོང་བ། གནས་པའི་ཚེ་ཞག་གཉིས་པའི་སྐྱ་རེངས་ཤར་བ། དཀྲུག་པའི་ཚེ་གོ་མཚོན་ལ་རེག་པ་དང༌། དཔུང་དཀྲུག་པར་བྱས་པའོ། །བདུན་པ་དང་བརྒྱད་པ་རྡེག་པ་དང་དེར་གཟས་པ་ལ། གླེང་གཞི་མཉན་ཡོད་དུ་འཆར་ཀས། ཞེ་སྡང་གི་ཀུན་ཏུ་སྦྱོར་བས། དེ་དང་དེ་བྱས་པའོ། །དགག་བྱ་ཡུལ་དེ་ལ་གནོད་པ་དང༌། ཞེ་སྡང་འཕེལ་བའི་རྒྱུར་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། ཀུན་སློང་གསོད་སེམས་ལས་གཞན་པའི་རྙོག་པ་ཅན། སྦྱོར་བ་དེ་དང་དེར་རྩོམ་པ། མཐར་ཐུག་རེག་པ་དང་གཟས་པའོ། །བཅུ་པ་གནས་ངན་ལེན་འཆབ་པ་ལ། གླེང་གཞི་མཉན་ཡོད་དུ་ཉེར་དགས། བག་མེད་པས་སོ། །རྒྱུ་མཚན། ཕྱིར་བཅོས་དང་བསྟན་པ་ལ་གནོད་པའོ། །རྒྱུ་ཚོགས་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་ཕམ་ལྷག་གང་རུང་ཡུལ་དེ་ལ་བྱུང་བ། གནས་མཚམས་ནང་དེ་ན་མཐོལ་ཡུལ་མཚན་ཉིད་པ་ཡོད་པ། ཀུན་སློང་རྐྱེན་དགོས་ལ་མ་ལྟོས་པར་འཆབ་འདོད་པ། མཐར་ཐུག་དགེ་སློང་གཞན་གྱི་ཉེས་པ་བཅབས་ནས་མཚན་མོའི་མཐའ་འདས་པའོ། །བཅུ་ཚན་དྲུག་པ་ལ། སྡོམ་ནི། བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ཆོས་སྨྲ་དང༌། །དགེ་ཚུལ་ཁ་དོག་སྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་པ་འདི་ལ། དང་པོ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགས་ཞེ་ངན་པས་བྱས་པའོ། །དགག་བྱ་ཡུལ་དེ་ལ་གནོད་པ་དང༌། སྦྱིན་བདག་དེའི་བསོད་ནམས་ཀྱི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། སྦྱིན་བདག་ཁྱིམ་པ་ཐ་སྙད་ལྔ་ལྡན། རང་དང་ཡུལ་གཉིས་ཀ་ལས་ནོར་རྫས་ཐ་དད་པ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་རུང་ཚད་ལྡན། ཡུལ་དེ་ལ་བསྔོས་པ། ཀུན་སློང་ནད་ཀྱི་གཉེན་པོའི་དོན་མ་གཏོགས་པར་སྦྱིན་བདག་ཟན་གཅོད་དུ་འཇུག་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །འདི་ལ་བདེ་དང་ཞེས་ཟེར་བའི་རྒྱུ་མཚན་ནི། གླེང་གཞིའི་དབང་གིས་ཏེ། དེའི་ཚེ་ཁོ་བོ་ཁྱོད་དང་ལྷན་ཅིག་འདུག་པ་བདེ་བ་མ་ཡིན་གྱི། ཁོ་བོ་གཅིག་པུར་འདུག་པ་བདེའོ་ཞེས་སྨྲས་ནས་ཟན་གཅོད་དུ་བཅུག་པའོ། །གཉིས་པ་མེ་རེག་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས། རྩེ་མོ་ལ་དགའ་བས་མེ་ལ་རྩེས་པའོ། །དགག་བྱ་བྱ་བ་མང་བ་དང༌། བག་མ་སྡམས་པའོ། །རྒྱུ་ཚོགས་ལ་གཞི་ནི། དངོས་པོ་མེ་ཡིན་པ། ཚད་དང་ལྡན་པ། མེ་མར་མུ་དང་མེ་ལྕེ་ལས་གཞན་པ། བདག་ཉིད་ནི་དེར་རེག་པ་གནང་བའི་དུས་ཅན་མ་ཡིན་པ། ཀུན་སློང་རེག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་དེར་རྩོམ་པ། མཐར་ཐུག་རེག་པའོ། །རེག་པའི་ཚད་ནི་མེ་དང་བཅས་པའི་བུད་ཤིང་ལ་རེག་པས་ཆོག་པའོ། །འདིར་དུས་བྱིན་གྱིས་མ་རླབས་པར་རེག་པའི་དབང་དུ་བྱས་པར་བཤད་ན། བྱིན་གྱིས་བརླབས་པས་ཉེས་པ་དེ་ཁེགས་སམ་ཞེ་ན། དེ་ནི་མ་ཡིན་ཏེ། བྱིན་རླབས་དེ་འཆགས་པ་ལ་སྤྱིར་བཀག་པ་དམིགས་བསལ་དུ་གནང་བ་ཞིག་དགོས་ལ། དེ་ལ་ནི་སྤྱིར་གནང་བ་ཙམ་གྱིས་ཉེས་པ་དེ་ཁེགས་པའི་ཕྱིར། འོ་ན་བྱིན་རླབས་ལ་དགོས་པ་མེད་དོ་ཞེ་ན། གནང་བཀག་གིས་མཚམས་ཟིན་པ་ནི་དགོས་པའོ། །དེའི་ཚེ་དགོས་པ་ནི་མ་གནང་བའི་ཚེ་མི་འཇུག་པའོ། །དེའི་ཕྱིར་འདི་འདྲ་དེ་ལ་གནང་ལ་ཚད་བཟུང་ཞེས་བྱའོ། །དེས་ན་དུས་བྱིན་གྱིས་མ་རླབས་པར་ཆོས་ལྡན་གྱི་དོན་དུ་མེ་ལ་རེག་ན་ཉེས་བྱས་སོ། །དུས་དྲན་རང་གི་ངོ་བོ་ནི་འདིའི་དུས་སུ་འདི་ལྟར་གནང་བ་ཡིན་སྙམ་དུ་ཡིད་ཀྱིས་བརྟག་པའོ། །དེ་བཞིན་དུ་ནད་པས་ཕྱི་དྲོ་ཟ་བའི་ཚེ་ནད་པ་ལ་འདི་ལྟར་གནང་བ་ཡིན་སྙམ་དུ་དྲན་དགོས་པ་ཡིན་ནོ། །མ་དྲན་ན་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་སོ། །དུས་ནི་ཟོས་ཟིན་པའི་ཚེ་ནའོ། །ཞར་བྱུང་བྱིན་གྱིས་རློབ་པའི་མིང་ཅན་ནི་བཅུ་གཅིག་སྟེ། གོས་དང༌། ལྷུང་བཟེད་དང༌། སྨན་དང༌། རིན་པོ་ཆེ་དང༌། གསོ་སྦྱོང་དང༌། དགག་དབྱེ་དང༌། དབྱར་དང༌། དུས་དང༌། ལྟུང་བ་དང༌། རྙེད་པ་དང༌། རུང་ཁང་ངོ༌། །གསུམ་པ་འདུན་པ་ཕྱིར་བསྒྱུར་བ་ལ། གླེང་གཞི། མཉན་ཡོད་དུ། དགའ་བོས་དེ་བྱས་པའོ། །དགག་བྱ་དགེ་འདུན་གྱི་ལས་བྱས་པ་ལ་གནོད་པ་དང༌། ཆོས་སྤངས་པར་འགྱུར་བའོ། །རྒྱུ་ཚོགས་ལ་གཞི་ནི། དགེ་འདུན་གྱི་ཆེད་དུ་ལས་མཚན་ཉིད་པ་བྱས་ལ་ཆགས་པ་བདག་ཉིད་འདུན་པ་ཕུལ་ཟིན་པ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། འདུན་པ་ལེན་པ་པོ་ཡིན་པ། ཀུན་སློང་འདུན་པ་ཕྱིར་བསྒྱུར་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །ལས་མ་ཟིན་གོང་དུ་ཕྱིར་སྒྱུར་ན་ནི་ལས་དེ་མི་འཆགས་ལ། དེ་ལ་ནི་ལྟུང་བ་དེ་འབྱུང་བར་མི་འགྱུར་རོ། །བཞི་པ་མ་རྫོགས་པ་དང་ནུབ་གསུམ་དུ་ཉལ་བའི་ལྟུང་བྱེད་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགས། ཉོན་མོངས་པ་འདོད་ཆགས་ཀྱི་ཆ་ལ་བརྟེན་པས་དེ་ལྟར་ཉལ་བའོ། །དགག་བྱ་ཆགས་པའི་བསམ་པ་སྐྱེ་བ་དང༌། རྩེ་ཞིང་གཡེང་བའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་ངོ་བོའམ་རྣམ་གྲངས་ཀྱི་སྒོ་ནས་མ་རྫོགས་པ། ཐ་སྙད་ལྔ་ལྡན། བདག་ཉིད་ནི། ནད་པ་དང༌། ནད་གཡོག་དང༌། རྙ་བ་དང༌། དབྱར་ཟླ་བ་གཉིས་ལ་བབ་པའི་ཚེ་སྡིག་ཅན་ཉེ་བར་གནས་པ་མ་ཡིན་པ། ཡུལ་རྟེན་གཉིས་ཀ་ཉལ་ཞིང་གཉིད་ལོག་པའི་སྤྱོད་ལམ་ཅན་ཡིན་པ། གནས་ཀྱི་མཚན་ཉིད་དུ་གྲུབ་པ། གཅིག་ཡིན་པ། ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་མཚན་མོ་གསུམ་པ་འདས་ནས་བཞི་པའི་སྐྱ་རེངས་ཤར་བ་ལ་འཆད་པ་དང༌། གསུམ་པའི་སྐྱ་རེངས་ཤར་བ་ལ་འཆད་པའི་ལུགས་གཉིས་བྱུང་ངོ༌། །གནས་ཁང་གཅིག་ཏུ་གྱུར་ཀྱང་བར་དུ་ཁྲུ་ཕྱེད་དང་དགུ་ཙམ་གྱིས་ཆོད་ན་གནས་གཅིག་མ་ཡིན་ཏེ། ཇི་སྐད་དུ། འདི་ལ་བྱ་གག་འཕུར་ནས་འབབ་པའི་ལམ་ནི་བར་ཆོད་པ་ཉིད་ཡིན་ནོ། །ཞེས་སོ། །ལྔ་པ་ཆོས་སྨྲ་དང་ཞེས་པས་བསྟན་པ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ལ། གླེང་གཞི་མཉན་ཡོད་དུ། དགེ་སློང་བོང་རྫི་འཆི་ལྟས་ཀྱིས། ཉོན་མོངས་པ་ལྟ་བའི་ཀུན་ཏུ་སྦྱོར་བས། ཉེས་པ་སྡིག་ལྟ་མ་བཏང་བའོ། །དགག་བྱ་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པ་དང༌། དགེ་འདུན་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི། གོ་བྱ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་ཆོས་ལས་ཕྱིན་ཅི་ལོག་གི་ཚིག་རྫོགས་པར་བྱེད་པ་གསོལ་བཞིའི་ལས་མཚན་ཉིད་པ། ཀུན་སློང་སྡིག་ལྟ་མི་གཏོང་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལས་འདས་པའོ། །དེ་ལྟར་ལྟུང་བྱེད་བྱུང་བའི་འོག་ཏུ་ཡང་མི་གཏོང་ན། ཇི་སྐད་དུ། དེ་ལ་གསོལ་བས་སྨད་པ་ཉིད་བྱ་སྟེ། །ཞེས་གསུངས་པ་དེའི་དོན་ནི། གསོལ་བཞིའི་ལས་ཀྱིས་གནས་ཕྱུང་ནན་ཏུར་དང༌། རྡོལ་བའི་བུ་ལྟར་སྨད་པ་གཉིས་ཅིག་ཆར་དུ་བྱེད་པའོ། །ཆོས་སྨྲ་ཞེས་པའི་སྡོམ་གྱིས་བསྟུས་པའི་ལྟུང་རྐང་གཉིས་པ་སྤངས་པ་རྗེས་ཕྱོགས་ལ། གླེང་གཞི་ནི་མཉན་ཡོད་དུ། ཉེར་དགའ་སྡིག་པ་འདོད་པས་དེའི་རྗེས་སུ་ཕྱོགས་པའོ། །དགག་བྱ་དགེ་འདུན་གྱིས་ཆད་པས་མཆོད་པ་དང༌། ཡུལ་དེ་ཡང་བྱ་བ་ངན་པ་སྲེལ་དུ་བཅུག་པ་དང༌། རང་ཡང་དེ་ལ་བརྟེན་པར་འགྱུར་བ་སོགས་སོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་ལྟ་བ་མཐུན་པ་མ་གཏོགས་པའི་ལྔ་ལྡན། སྤངས་པ་ཕྱིར་བཅོས་མ་བྱས་པ། བདག་ཉིད་ནི་གནས་ཕྱུང་མ་ཡིན་པ། ཀུན་སློང་ནད་དང་ལྟ་བ་ངན་པ་དང་དབྲལ་འདོད་མ་ཡིན་པ། སྦྱོར་བ་རྗེས་སུ་ཕྱོགས་པར་རྩོམ་པ། མཐར་ཐུག་ལུང་འབོགས་པ་སོགས་གང་རུང་བྱས་པའོ། །འདི་ནི་གནས་ཕྱུང་ཐམས་ཅད་ལ་འདྲ་བ་ཡིན་ཏེ། འགྲེལ་ཆེན་ལས། དེ་ལྟ་བས་ན་སྤངས་པ་ཉིད་ཁ་ན་མ་ཐོ་བ་འདི་འབྱུང་བའི་རྒྱུ་ཡིན་གྱི། ལྟ་བ་མ་བཏང་བ་དང༌། ལྟུང་བ་མ་བཤགས་པ་ནི་མ་ཡིན་ནོ། །ཞེས་དང༌། དགེ་སློང་མ་ལྡོག་པ་མ་ཅན་མཚན་གྱུར་ན་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ཅན་དུ་གསུངས་སོ། །འདིར་བསྟན་གྱི་ལྟ་བ་དེ་ལོག་ལྟ་མ་ཡིན་ན་ནི་མདོ་ལུང་གི་དངོས་བསྟན་དང་འགལ་ཏེ། ལོག་ལྟའི་མཚན་ཉིད་ཚང་བར་བཤད་པའི་ཕྱིར། ཡིན་ན་ནི་དེས་སྡོམ་པ་གཏོང་བས་ལྟུང་བྱེད་ཀྱི་རྟེན་དུ་ཇི་ལྟར་རུང་ཞེས་པ་ལ། དུལ་བ་ལྷས། ལོག་པའི་ཤེས་པ་ཡིན་གྱི་ལྟ་བ་མ་ཡིན་ཞེས་དང༌། བོད་དག ལོག་པར་ལྟ་བ་ཡིན་ཀྱང་དགུ་པ་མ་བྱུང་ན་བསླབ་པ་མི་གཏོང་བས་ཞེས་འཆད་དོ། །བདུན་པ་དགེ་ཚུལ་བསྙིལ་བ་བསྡུད་པའི་ལྟུང་བྱེད་ལ། གཞི་ནི། ཡུལ་དགེ་ཚུལ་བསྙིལ་བ་ཡིན་པ། ཞེས་སྦྱར། གཞན་རྣམས་ནི་སྔ་མ་བཞིན་ནོ། །གལ་ཏེ་སྤངས་པ་གནས་ཕྱུང་ཡིན་པ་བཞིན་དུ། བསྙིལ་བ་འདི་ཡང་གནས་ཕྱུང་ཡིན་ནམ་ཞེ་ན། འགྲེལ་ཆེན་ལས། སྨད་པ་ཉིད་དུ་བྱ་བར་རྣམ་པར་བཞག་པ་ཡིན་གྱི། སྤང་བར་བྱ་བའི་ལས་ནི་མ་ཡིན་ཏེ། བསྟན་པ་ལ་ཞུགས་པ་ཡོངས་སུ་མ་རྫོགས་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་འཆད། གལ་ཏེ་བསྙིལ་བའི་ཚད་གང་ཞེ་ན། དགེ་ཚུལ་ཞིག་སྡིག་ལྟ་མི་གཏོང་བའི་ཚིག་དེ་ལ་ཞུགས་པ་ན། དགེ་འདུན་གྱིས་དགེ་ཚུལ་དེ་ལས་ཐོས་པའི་ཉེན་ཀོར་ལས་ནི་བཀར། མཐོང་བའི་ཉེན་ཀོར་དུ་བཞག་སྟེ། གསོལ་བ་དང་བཞིའི་ལས་བྱ་ཞིང༌། རེ་རེ་ནས་དགེ་ཚུལ་དེ་ལ་བསྒྲག་པར་བྱ། དེའི་ཚེ་ལས་བརྗོད་གསུམ་པའི་མཐའ་ལ་མ་བཏང་ན་དགེ་ཚུལ་དེ་གཟོད་བསྙིལ་བའི་ཚིག་བརྗོད་པ་ཡིན་ཞེས་ཟེར་བའི་ལུགས་གཅིག་དང༌། ལས་བརྗོད་གསུམ་པ་ཟིན་པ་དང་བསྙིལ་ཟིན་པ་དུས་གཅིག་པ་ཡིན་པས་གསུམ་པ་བྱས་པའི་མཐར་དེ་ལ་བསྒྲག་མི་དགོས་སོ་ཟེར་བའི་ལུགས་གཉིས་འབྱུང་ལ། ཕྱི་མ་འདི་འགྲེལ་པ་མཁན་པོའི་ལུགས་ཏེ། དེ་ཉིད་ལས། ལས་བརྗོད་པ་གསུམ་པ་བྱས་ཟིན་པའི་འོག་ཏུ་ནི་ལས་རྫོགས་ཟིན་པའི་ཕྱིར་བསྒྲགས་ཀྱང་མི་ཕན་ཏེ། དེའི་ཚེ་ན་དགེ་ཚུལ་བསྙིལ་ཟིན་པའི་ཕྱིར་རོ། །ཞེས་གསུངས། ལུགས་དང་པོ་དེ་ལའང་གཉིས་ཏེ། ལས་བརྗོད་གསུམ་པའི་མཐའ་ལ་བསྒྲགས་ནས་དེར་མི་གཏོང་ན་ལས་ཀྱི་མཇུག་བསྡུད་བརྗོད་པར་བྱའོ། །ཞེས་པའི་ལུགས་དང༌། མཇུག་བསྡུད་ཟིན་ནས་ཡང་བསྙིལ་བའི་ཚིག་ལོགས་སུ་བརྗོད་པར་འདོད་པའི་ལུགས་སོ། །དང་པོ་ནི་ལུང་རྣམ་པར་འབྱེད་པ་དང་མཐུན་ལ། གཉིས་པ་ནི་རྩ་བའི་མདོ་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ལས་གཉིས་ལན་གསུམ་དུ་ཡང་དག་པར་སྒོ་གསུམ་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་ལེགས། མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས། དགེ་ཚུལ་ཁྱོད་དེང་ཕྱིན་ཆད་བཅོམ་ལྡན་འདས་ལ་སྟོན་པའོ་ཞེས་མ་ཟེར་ཅིག ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག དགེ་སློང་རྣམས་དང་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ། །ཞེས་གསུངས་སོ། །བརྒྱད་པ་ཁ་མ་སྒྱུར་བའི་གོས་གྱོན་པ་ལ། གླེང་གཞི་རྒྱལ་པོའི་ཁབ་ཏུ། དྲུག་སྡེས་རྙེད་པ་འདོད་པས་དེ་བྱས་སོ། །དགག་བྱ་ཁྱིམ་པ་དང་རྟགས་འདྲེ་བ་དང༌། རང་ཉིད་དེར་བཅོས་ནས་བྱ་བ་མ་ཡིན་པ་ལ་འཇུག་པའོ། །རྒྱུ་ཚོགས་ལ། དངོས་པོ་རང་དབང་བའི་གོས་རུང་ཚད་ལྡན། རུང་བས་སྟེང་ནས་གཡོགས་པ་མ་ཡིན་པ། ཆུ་ཚགས་ལས་གཞན་པའོ། །ཀུན་སློང་ལོངས་སྤྱོད་པར་འདོད་པ། །མཐར་ལོངས་སྤྱད་པའོ། །དགུ་པ་རིན་པོ་ཆེ་ལ་རེག་པའམ། ལོངས་འཆོས་པའི་གཞིར་གཏོགས་པ་ལ། གླེང་གཞི་ཡངས་པ་ཅན་དུ་དྲུག་སྡེས། ལོངས་པ་བཞིར་གཏོགས་བྱས་པའོ། །དགག་བྱ་ང་རྒྱལ་དང་རྒྱགས་པ་སྐྱེ་བ་དང༌། གཞན་མ་དད་པའོ། །རྒྱུ་ཚོགས་ལ། དངོས་པོ་རིན་པོ་ཆེའམ་དེར་སྨོས་པ་གང་རུང་ཡིན་པ། གཞན་དབང་བ། ཆུད་འཛའ་བ་དང་སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་སོགས་མ་ཡིན་པ། དོན་ཁྱད་པར་ཅན་སྒྲུབ་པ་དང་ཆོས་འཆད་པའི་སྐབས་མ་ཡིན་པ། ཀུན་སློང་རེག་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་རེག་པའོ། །གཡུལ་དུ་སྤྱད་པའི་མཚོན་ཆ་དང༌། རོལ་མོར་སྤྱད་པའི་ལག་ཆ་གཉིས་ནི། འདིར་རིན་པོ་ཆེར་སྨོས་པའི་ནང་དུ་བསྡུའོ། །བཅུ་པ་ཚ་བའི་དུས་ཞེས་པ་ཁྲུས་བྱེད་པ་ལ། གླེང་གཞི། དྲུག་སྡེས་མཐོ་འཚམས་པས་དེ་བྱས་པའོ། །རྒྱུ་མཚན་བྱ་བ་མང་བ་དང༌། དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི་དེ་བྱེད་པ་གནང་བའི་དུས་མ་ཡིན་པ། བདག་ཉིད་ནི། ནད་པ་ལས་བྱས་ལམ་ཞུགས་དྲི། རླུང་ཆར་སྲོ་གང་སྐྲ་མཁར་ལན། །སྒོག་པ་རོ་རེག་ཕྱག་བདར་བྱས། །མ་ཡིན་ལུས་དངོས་ཡིན་པའོ། །དངོས་པོ་ཆུ་ཡིན་པ། ཀུན་སློང་ཁྲུས་བྱེད་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་ལུས་ཀྱི་ཕྱེད་ཙམ་དུ་སོན་པའོ། །ཁྲུས་གནང་བའི་དུས་ནི། ཇི་སྐད་དུ། སོ་ཀ་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང༌། དབྱར་རྣམས་ཀྱི་དང་པོ་ལས་སོ། །ཞེས་དང༌། གཞན་གྱི་དུས་སུ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ། །ཞེས་གསུངས་པ། ཟླ་བ་ཕྱེད་དང་གསུམ་པོའི་རིང་ལ་ཉི་མ་རེ་ལ་ཁྲུས་རེ་དང༌། དེ་ལས་གཞན་གྱི་ཚེ་ཟླ་བ་ཕྱེད་ཕྱེད་ན་རེ་རེའོ། །གསུམ་པོའི་དུས་ནི། དབྱར་ཟླ་རྭ་བའི་ཚེས་གཅིག་ནས་འཛིན་པ་ཡིན་ཏེ། དབྱར་རྣམས་ཀྱི་དང་པོ་དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ནས་འཛིན་པ་འདུལ་བ་དག་གི་སྤྱི་ལུགས་ཡིན་པས་སོ། །བཅུ་ཚན་བདུན་པ་ལ། སྡོམ་ནི། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་དངངས་བྱེད་དང༌། །སྦེད་དང་གདིང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །དང་པོ་ལ། གླེང་གཞི་མཉན་ཡོད་དུ། འཆར་ཀས། ངན་སེམས་ཀྱིས་དུད་འགྲོ་བསད་པའོ། །ཀུན་སློང་གསོད་པར་འདོད་པ། ཡན་ལག་གཞན་ནི་འདེབས་སྤྱོད་བཞིན་ནོ། །གཉིས་པ་འགྱོད་པ་སྐྱེད་པ་ལ། གླེང་གཞི་འཆར་ཀས། ཉོན་མོངས་པ་ཕྲག་དོག ཉེས་པ་དགེ་སློང་འགྱོད་དུ་བཅུག་པའོ། །དགག་བྱ་གཞན་གྱི་དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དགེ་སློང་མ་ཡིན་པའི་དོན་ཅན། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །གསུམ་པ་སོར་མོ་དང༌། ཞེས་པ། ག་ག་ཚིལ་བྱེད་པ་ལ། གླེང་གཞི་མཉན་ཡོད་དུ། བཅུ་བདུན་སྡེས། བག་མེད་པས་དེ་བྱས་པའོ། །དགག་བྱ་ཡུལ་དེ་ལ་གནོད་པ་དང༌། ཅ་ཅོའི་སྒྲ་འབྱུང་བའོ། །རྒྱུ་ཚོགས་ལ། ཡུལ་དགེ་སློང་གི་ལུས་མ་ཉམས་པ། རེག་བྱེད་བདག་ཉིད་ཀྱི་ལུས་དེ་ཡང་མ་ཉམས་པ། ཀུན་སློང་སྐྱི་གཡའ་བར་བྱ་བའི་བསམ་པས། སྦྱོར་བ་རྩོམ་པ། མཐར་ཐུག་རེག་པའོ། །བཞི་པ་ཆུ་ལ་རྩེ་བ་ལ། གླེང་གཞི་བཅུ་བདུན་སྡེས། མ་དུལ་བས་དེ་བྱས་པའོ། །དགག་བྱ་སྲོག་དང་དགེ་བའི་བར་ཆད་དུ་འགྱུར་བ་དང༌། གཞན་མ་དད་པའོ། །རྒྱུ་ཚོགས་ལ། གཞི་ནི་ཆུ་ཡིན་པ། ལུས་ཕྱེད་ཙམ་ནུབ་པ། ཀུན་སློང་རྒོད་པས་དགའ་བ་ཉམས་སུ་མྱོང་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩེ་བར་རྩོམ་པ། མཐའ་བརྩེས་པའོ། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བ་ལ། གླེང་གཞི་མཉན་ཡོད་དུ། དགེ་སློང་མ་འགགས་པ། མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་དེ་བྱས་པའོ། །དགག་བྱ་བུད་མེད་སྤྱིས་སྒྱེད་ཀྱི་སྐབས་བཞིན་ནོ། །རྒྱུ་ཚོགས་ལ་གཞི་ནི། གནས་ཀྱི་མཚན་ཉིད་དུ་གྲུབ་པ། གཅིག་ཏུ་གྱུར་པ། ཡུལ་བུད་མེད། མཚན་དོན་བྱེད་ནུས་པ། ཐ་སྙད་ལྔ་ལྡན། ལུས་སྟེན་དུ་རུང་བ། རྫུ་འཕྲུལ་ཐོབ་པ་སོགས་བཞི་མ་ཡིན་པ། བཞི་ནི། ཉེ་དུ་དང༌། ཕན་འདོགས་པ་དང༌། བདག་པོས་བསྲུངས་བ་མ་ཡིན་པའོ། །སྤྱོད་ལམ་ཉལ་ཞིང་གཉིད་ལོག་པ། དུས་མཚན་མོ་ཡིན་པ། བདག་ཉིད་ཀྱང་གྲོགས་དང་མི་ལྡན་ཞིང་ཉལ་བ་དང༌། གཉིད་ལོག་པའོ། །ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མཚན་མོའི་མཐའ་འདས་པའོ། །དྲུག་པ་དངངས་པར་བྱེད་པ་ལ། གླེང་གཞི་མཉན་ཡོད་དུ། འཆར་ཀ་ཕྲག་དོག་གིས་དེ་བྱས་པའོ། །རྒྱུ་མཚན་ཡུལ་དེ་ལ་གནོད་པའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ། ཀུན་སློང་སྐྱོ་བ་སྐྱེད་པའི་དོན་མ་གཏོགས་པ། དངངས་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པའི་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །བདུན་པ་སྦེད་པ་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགས་མཐོ་བཙམས་པའོ། །དགག་བྱ་ཡུལ་དེ་ལ་གནོད་པ་དང༌། མ་བྱིན་ལེན་གྱི་རྒྱུར་འགྱུར་བའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་རབ་ཏུ་བྱུང་བ་སྡེ་ལྔ་གང་རུང༌། ལྟ་བ་མཐུན་པ། ཐ་སྙད་གསུམ་ལྡན། རྒྱུད་ཐ་དད་པའོ། །དངོས་པོ་དགེ་སྦྱོང་གི་ཡོ་བྱད་རུང་ཚད་ལྡན། དེ་ཉིད་དབང་བ། ཀུན་སློང་རྐུ་སེམས་དང་ཕན་འདོད་མ་གཏོགས་པ། སྦེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་སྦས་པའོ། །བརྒྱད་པ་གདིང་བ་མེད་པ་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགས་མ་བསམ་པའོ། །དགག་བྱ་སྔ་མ་བཞིན་ནོ། །རྒྱུ་ཚོགས་ལ་གཞི་ནི་ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་གོས་རུང་ཚད་ལྡན། རང་གིས་ཕྱིར་བླང་བ་མེད་པར་སྦྱིན་པ། ཀུན་སློང་རྐུ་སེམས་དང་ཡིད་བཅུགས་ལས་གཞན་རང་གིས་བྱིན་པའི་བསམ་པས་སྤྱོད་འདོད་པའོ། །སྦྱོར་བ་རྩོམ་པ། མཐའ་ལོངས་སྤྱད་པའོ། །དགུ་པ་གཞི་མེད་ལ། གླེང་གཞི་རྒྱལ་པོའི་ཁབ་ཏུ། མཛའ་བོ་དང་ས་ལས་སྐྱེས་ཕྲག་དོག་གིས་དགེ་འདུན་ལྷག་མས་སྐུར་བའོ། །དགག་བྱ་སོགས་ཕམ་པ་གཞི་མེད་ཀྱིས་སྐུར་བའི་སྐབས་བཞིན་ནོ། །མདོར་ན་ཕམ་པས་སྐུར་ན་ལྷག་མ། ལྷག་མས་སྐུར་ན་ལྟུང་བྱེད། དེས་སྐུར་ན་ཉེས་བྱས་སོ། །བཅུ་པ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལ། གླེང་གཞི་མཉན་ཡོད་དུ། དགེ་སློང་ཞིག་གིས་སྐྱེས་པ་མེད་པར་བུད་མེད་དང་མགྲོན་ལམ་དུ་ཕྱིན་པའོ། །དགག་བྱ་གཞན་གྱིས་ཁ་ཟེར་བའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་བུད་མེད་ཁྱིམ་པ་མོ། ལུས་སྟེན་རུང༌། ཐ་སྙད་ཕྱེད་དང་ལྔ་ལྡན། རྫུ་འཕྲུལ་ཅན། ཉེ་དུ་ཕན་འདོགས་པ་གསུམ་མ་ཡིན་པའོ། །བདག་ཉིད་གྲོགས་དང་མི་ལྡན་པ། ཀུན་སློང་འགྲོ་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་རྒྱང་གྲགས་ཀྱི་མཐའ་ལས་འདས་པའོ། །བཅུ་ཚན་བརྒྱད་པ་ལ། སྡོམ་ནི། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་མགྲོན་དང་བསླབས་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མ་གུས་ཆང་འཐུང་དུས་མིན་པའོ། །དང་པོ་རྐུན་མ་དང་ལྷན་ཅིག་འགྲོ་བ་ལ། གླེང་གཞི་སྔ་མ་དང་འདྲ། རྒྱུ་ཚོགས་ལ་གཞི་ནི། ཡུལ་ཁྱིམ་པ་སྐྱེས་པ། ཐ་སྙད་ལྔ་ལྡན། རྐུན་མའམ་ཤོ་གམ་འདྲ་བའི་ཚོར་བ། རང་ལ་ཕན་འདོགས་པ་པོ་མ་ཡིན་པ། གཞན་རྣམས་སྔ་མ་བཞིན་ནོ། །ཉི་ཤུ་མ་ལོན་པ་རྫོགས་པར་བྱེད་པའི་ལྟུང་བྱེད་ལ། གླེང་གཞི་མཉན་ཡོད་དུ། མཽའུ་འགལ་གྱི་བུ་ཆེན་པོ་བག་ཆགས་མ་བྱང་བས། བསྒྲུབ་བྱ་ཉི་ཤུ་མ་ལོན་པས་བསྙེན་པར་རྫོགས་པའོ། །དགག་བྱ། སྡོམ་པ་མི་སྐྱེ་བ་དང༌། མ་དད་པ་སོགས་སོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་དངོས་པོ་དང༌། རྟགས་དང༌། བསམ་པ། སྡོམ་པ་སྐྱེ་བའི་རྟེན་དུ་མ་གྱུར་པ་དང༌། སྡོམ་པ་སྐྱེ་བའི་བར་ཆད་གཞན་དང་མི་ལྡན་པའོ། །བདག་ཉིད་ནི་མཁན་པོ་བྱེད་པའོ། །ཀུན་སློང་བསྙེན་རྫོགས་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་རྫོགས་པའོ། །ལོ་མ་ལོན་པ་ལ་མི་སྐྱེ་བ་ཅི་ཞེ་ན། དེར་གཉེན་པོ་བསྟན་པའི་ནུས་པ་ཤས་ཆུང་བའོ། །འདི་ཡང༌། གནས་ཚོད་ལ་མ་ལོན་ཀྱང༌། ལོན་པར་འདུ་ཤེས་ན་སྐྱེ་བ་ཡིན་ཏེ། ཅིག་ཤོས་ལ་མི་ལོན་པར་འདུ་ཤེས་པ་ཉིད་མི་འཆགས་སོ། །ཞེས་གཞུང་ལས་སོ། །དེའི་ཚེ་སྡོམ་པ་སྐྱེས་ནས་ཁོ་བོས་མ་ལོན་པར་རྫོགས་སོ་སྙམ་པའི་བློ་སྐྱེས་ན། དེའི་ཚེ་མ་ལོན་ན་ནི་སྐྱེ་ཟིན་ཞིག་ལ། དེའི་ཚེ་ལོན་ན་ནི་མི་འཇིག་གོ །ཉི་ཤུ་པོ་དེ་ཡང་སྔ་ཤོལ་རྩིས་ན་ཚང་དུ་རུང་བ་ཡིན་ཏེ། ཇི་སྐད་དུ། མངལ་ན་གནས་པ་དང་ཤོལ་གྱི་ཟླ་བ་དག་དང་ཡང་བཅས་ཏེའོ། །ཞེས་སོ། །གསུམ་པས་རྐོ་བའི་ལྟུང་བྱེད་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས། དགེ་སྦྱོང་གི་ཚུལ་མ་ཡིན་པས་དེ་བྱས་པའོ། །དགག་བྱ་དོན་དང་བྱ་བ་མང་བ་དང༌། སྲོག་ཆགས་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི། དངོས་པོས་ཡིན་པ། སྲ་བ་དང་འབྲེལ་བ། སོར་བཞི་ཡན་ཆད་ཀྱི་ཚད་དུ་ལོངས་པ། འཐས་པར་གནས་པའོ། །བདག་ཉིད་ནི་རྫུ་འཕྲུལ་གྱི་སྐབས་དང་བར་ཆད་དང་ལྡན་པ་མ་ཡིན་པ། དོན་ཁྱད་པར་ཅན་བསྒྲུབ་པའི་སྐབས་མ་གཏོགས་པའོ། །ཀུན་སློང་རྐོ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་སོར་བཞི་ཙམ་བརྐོས་པའོ། །བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་ལ། གླེང་གཞི། དྲུག་སྡེས། ལྟོ་འདུན་གྱིས་མགྲོན་དུ་བོས་པའི་ཟས་ཧ་ཅང་སློང་བའོ། །དགག་བྱ་སྦྱིན་བདག་ལ་གནོད་པ་དང༌། རང་མ་རབས་སུ་མཚོན་པའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་ཁྱིམ་པ་ཆོས་ལྔ་ལྡན། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། བདག་ཉིད་ནི་མགྲོན་དུ་བོས་པ། ནད་པ་མ་ཡིན་པ། དུས་ནི་བཤམས་པ་ཡོངས་སུ་རྫོགས་པའི་འོག་ཡིན་པ། དེའི་ཚད་ནི་ཟླ་བ་བཞི་ལ་བཤད། འདི་དང་བསོད་པ་སློང་བའི་ཁྱད་པར་ནི་མགྲོན་དུ་བོས་པ་དང་མ་བོས་པའོ། །ལྔ་པ་བསླབ་པ་ལ་ཉེར་འཇོག་སྤོང་བ་ལ། གླེང་གཞི་དྲུག་སྡེས། བཀའ་དང་བསླབ་པ་ལ་མ་གུས་པ། དགག་བྱ་ཡུལ་དེ་ལ་གནོད་པ་དང་མ་དད་པ། རྒྱུ་ཚོགས་ལ་གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། འདུལ་བའི་བྱ་བ་མངོན་པར་ཤེས་པ་དང་བསླབ་པ་ལ་ཉེ་བར་འཇོག་པ་པོ་ཡིན་པ། དངོས་པོ་འདུལ་བར་གཏོགས་པའི་བསླབ་པ་ཡིན་པ། ཀུན་སློང་སྤོང་བའི་ཚིག་སྨྲ་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན་གྱིས་མི་ཤེས་པ་ཉིད་སྒྲོག་པའོ། །མཐའ་དོན་གོ་བའོ། །དྲུག་པ་ཉན་རྣ་ལས་གྱུར་པ་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགའ། རྩོད་འདོད་པའི་བསམ་པས། རྩོད་ཟླའི་གྲོས་ལ་ཉན་རྣ་བྱེད་པ། དགག་བྱ་དེ་དག་ལ་གནོད་པ་དང༌། འཐབ་རྩོད་ཀྱི་རྒྱུར་འགྱུར་བ། རྒྱུ་ཚོགས་ལ་གཞི་ནི། ཡུལ་དགེ་སློང་ཆོས་དྲུག་ལྡན། བདག་ཉིད་དང་རྩོད་པའི་ཕྱིར་གྱི་གྲོས་བྱེད་པ་པོ་གཉིས་ཡན་ཆད་ཡིན་པ། དངོས་པོ་རང་དང་གཞན་གྱི་རྩོད་པ་གཞི་གང་རུང་ཡིན་པ། ཀུན་སློང་ཞི་བར་འདོད་པ་མ་ཡིན་པར་ཉན་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་དོན་གོ་བའོ། །བདུན་པ་ལས་གྲལ་ལ་འདུས་ནས་མ་སྨྲས་པར་འགྲོ་བ་ལ། གླེང་གཞི་མཉན་ཡོད་དུ། དགའ་བོ་ལས་དང་མི་མཐུན་པར་འདོད་པ། དགག་བྱ་ལས་དང་མི་མཐུན་པ་སྐྱེད་པ་དང༌། དགེ་འདུན་ལ་གནོད་པའོ། །རྒྱུ་ཚོགས་ལ་གཞི་ནི། ལས་ཆོས་ལྡན་གསོལ་བ་མ་ཟིན་པ། བདག་ཉིད་ཐོས་པའི་ཉེ་འཁོར་ལས་འདས་ཤིང༌། དགེ་སློང་འཁོད་པ་ལ་མ་སྨྲས་པ་བར་ཆད་དང་མི་ལྡན་པའོ། །ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་ཐོས་པའི་ཉེ་འཁོར་ལས་འདས་པའོ། །གསོལ་བ་ཐོས་ནས་ཕྱིན་པ་ལ་ནི་ཉེས་བྱས་སོ། །འདི་ཡང་གསོལ་བརྗོད་དང་གསོ་སྦྱོང་ལ་སོགས་པའི་ལས་ལ་ཡིན་གྱི། རབ་བྱུང་གི་ཞུ་བ་ལྟ་བུ་ནི་མ་ཡིན་ནོ། །ཟླ་གྲོགས་ལ་སྨྲ་བ་ཡང༌། དགེ་འདུན་གྱི་ལས་དེ་འཆགས་པ་ལ་སྦེད་དགོས་པ་ལྟ་བུ་ནི་མ་ཡིན་གྱི། དགེ་འདུན་མཐུན་པ་སྒྲུབ་པའི་ཕྱིར་དུའོ། །དེ་སྐད་དུ་ཡང༌། ལུས་པ་ཉིད་ན་མི་འགྱུར་རོ། །ཞེས་ཤུལ་དུ་དགེ་འདུན་ཚང་ན་ལས་དེ་འཆགས་པར་གསུངས་པའི་ཕྱིར། འདི་ལ་འདུས་པ་ཕྱིར་ལོག་འབྱུང་བ་ནི་མ་ཡིན་ཏེ། དེ་འཆགས་པ་ལ་སྤྱོད་ལམ་ལས་མ་ཉམས་པ་དགོས་པའི་ཕྱིར། མ་འདུས་པའི་མི་མཐུན་པ་ཡང་མ་ཡིན་ཏེ། ལན་གཅིག་འདུས་པའི་ཕྱིར་དང༌། མི་འདུ་བའི་བསམ་པ་ཅན་གྱི་ངེས་པ་མེད་པའི་ཕྱིར། བརྒྱད་པ་མ་གུས་པའི་ལྟུང་བྱེད་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ། གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བས་དེར་བྱས་པའོ། །རྒྱུ་མཚན་དགེ་སྦྱོང་གི་ཚུལ་དང་མི་མཐུན་པའོ། །རྒྱུ་ཚོགས་ལ་གཞི་ནི། སངས་རྒྱས་དང་དགེ་འདུན་ནམ། དེའི་ཐ་སྙད་པ་ཡིན་པ། དངོས་སུ་ཆོས་ལྡན་གྱིས་བསྒོ་བ། བདག་ཉིད་ནི་བཤད་སྦྱང་མ་བྱས་པ། ཀུན་སློང་མ་གུས་པས་འགལ་བར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐའ་རྫོགས་པའོ། །དགུ་པ་མྱོས་འགྱུར་འཐུང་བ་ལ། གླེང་གཞི་མཉན་ཡོད་དུ། འཕགས་པ་ལེགས་འོང་བག་ཆགས་མ་བྱང་བས་དེ་འཐུངས་པའོ། །དགག་བྱ་ལྟུང་བ་གཞན་གྱི་རྒྱུར་འགྱུར་བ་དང༌། ལུས་སྲོག་དང་ཡོ་བྱད་ཀྱི་བར་ཆད་དུ་འགྱུར་བ་དང༌། འཁྲུག་ལོང་གི་རྒྱུར་འགྱུར་བའོ། །རྒྱུ་ཚོགས་ལ་དངོས་པོ་ཆང༌། མྱོས་པའི་ནུས་པ་དང་ལྡན་པ། ཚད་དུ་ལོངས་པ། ཀུན་སློང་འཐུང་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །འདི་དགེ་བསྙེན་ཡན་ཆད་ཀྱིས་དགེ་བའི་བློས་བཏུངས་ཀྱང་བཅས་པ་དང་འགལ་ལ། ཁྱིམ་པས་ལུང་མ་སྟན་དང་དགེ་བའི་བློས་འཐུངས་པ་ལ་ཉེས་པ་ཅིར་ཡང་མི་འགྱུར་ཞིང༌། ཉོན་མོངས་པ་ཅན་གྱི་བློས་འཐུངས་ན་རྣམ་སྨིན་ངུ་འབོད་ལ་སོགས་པ་ཉིད་དུ་གསུངས་པ་ནི་ཀུན་སློང་གི་ནུས་པའོ། །འདི་དེ་ལྟར་མ་བཤད་ན། བཅས་རྐྱང་དུ་བཤད་པའི་གོ་བ་མི་འཆགས་སོ། །བཅུ་པ་དུས་མིན་དུ་གྲོང་རྒྱུ་བ་ལ། གླེང་གཞི་མཉན་ཡོད་དུ། འཕགས་པ་འཆར་ཀས་སོ། །དགག་བྱ་ལུས་སྲོག་གི་བར་ཆད་དང༌། ཕམ་པ་དང་པོའི་རྒྱུར་འགྱུར་བ་དང༌། སྐུར་འདེབས་འབྱུང་བ་སོགས་སོ། །རྒྱུ་ཚོགས་ལ་གཞི་ནི། གང་དུ་འགྲོ་བའི་ཡུལ་གནས་ཀྱི་མཚན་ཉིད་དུ་གྲུབ་པ། འབྱུང་འཇུག་ལ་ཁྱིམ་པ་དབང་ཆེ་བ། བདག་པོའི་ཁྱིམ་པ་ཐ་སྙད་ལྔ་ལྡན། གྲོང་པའི་ཆོས་སྤྱོད་པ། གང་ནས་འགྲོ་བའི་མཚམས་ནང་དེ་ན་ཡོད་པ། བདག་ཉིད་བར་ཆད་དང་མི་ལྡན་པ། དོན་ཁྱད་པར་ཅན་བསྒྲུབ་པའི་སྐབས་མ་ཡིན་པ། ཡུལ་ལ་མ་སྨྲས་པ། དུས་ཕྱི་དྲོ་ཡིན་པ། ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་སྒོ་གཏན་ནམ་ཉེ་འཁོར་ལས་འདས་པའོ། །བཅུ་ཚན་དགུ་པ་ལ། སྡོམ་ནི། ཟས་བཅས་སྐྱ་རེངས་ད་སྡོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བརྡལ་དང་གདིང་དང་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །དང་པོ་ཟས་བཅས་ཞེས་པ། གྲོང་རྒྱུ་བའི་ལྟུང་བྱེད་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགས། རང་ཉམས་ཀྱིས་སྔ་དྲོ་དང་ཕྱི་དྲོ་གྲོང་བརྒྱུས་པའོ། །དགག་བྱ་ཕྱི་དྲོ་དགེ་འདུན་གྱི་ཆོས་ཀྱི་ལོངས་སྤྱོད་ལ་གནོད་པ་དང༌། སྔ་དྲོ་དགེ་འདུན་གྱི་གདུགས་ཚོད་ལ་གནོད་པ་དང༌། དོན་དང་བྱ་བ་མང་བའོ། །ཕྱི་དྲོ་རྒྱུ་བ་ལ། རྒྱུ་ཚོགས་གོང་མ་རྣམས་ཁས་བླངས་ནས། དུས་ཉི་མ་གཅིག་ལ་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བའོ། །འདི་ལ་ཁྱིམ་གཅིག་ནས་གཅིག་ཏུ་འགྲོ་བ་དགོས་སོ། །སྔ་དྲོ་རྒྱུ་བ་ལ་གཞི་ནི། གང་ནས་འགྲོ་བའི་གནས་སྦྱིན་བདག་ཆོས་གསུམ་ལྡན་གྱིས། ཟས་ཆོས་བཞི་ལྡན་ལ། མཆོད་གནས་ཆོས་བདུན་ལྡན་ཞབས་ནས་འདེགས་པའི་གནས་ཡིན་པའོ། །སྦྱིན་བདག་ཁྱིམ་པ་ཐ་སྙད་ལྔ་ལྡན། རང་དང་དགེ་འདུན་གཉིས་ཀ་ལས་རྫས་ཐ་དད་པའོ། །ཟས་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། བསམ་པ་ཐག་པས་བསྔོས་པའོ། །མཆོད་གནས་དགེ་སློང་ཆོས་ལྔ་ལྡན། །བཞིར་ལོངས་ཤིང༌། རང་གི་ཚིག་གིས་བོས་པའོ། །གང་དུ་འགྲོ་བའི་གནས་གོང་མ་དང་འདྲ་བ་ལ་བདག་ཉིད་ཁྱིམ་གཉིས་བརྒྱུས་ཟིན་པ་དང༌། བྲིམ་པ་ཡོལ་བར་མ་བྱ་ཤིག་ཅེས་མ་སྒོ་བའོ། །ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་རྩོམ་པ། མཐའ་གང་དུ་འགྲོ་བའི་གནས་དེའི་སྒོ་གཏན་ནམ་ཉེ་འཁོར་ལས་འདས་པའོ། །གཉིས་པ་སྐྱ་རེངས་དང་ཞེས་པའི་ཚིག་གིས་བསྟན་པ། རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ། གླེང་གཞི་མཉན་ཡོད་དུ། འཆར་ཀས་དུས་མ་ཤེས་པའོ། །དགག་བྱ་ལུས་སྲོག་དང་དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ་གཞི་ནི། རྒྱལ་པོའམ། དེའི་བཙུན་མོའི་གནས་ཡིན་པ། དུས་འོད་དམར་ནུབ་ནས་སྐྱ་རེངས་མ་ཤར་བའི་བར་ཡིན་པ། ཀུན་སློང་དེར་འགྲོ་བར་འདོད་པ། མཐའ་ཉེ་འཁོར་ལས་འདས་པའོ། །དེར་འཇུག་པའི་གནས་ཀྱི་དང་པོ་གང་ཞེ་ན། གཞུང་དུ། དེའི་སྒོའི་གཏན་པ་དང༌། སྒོ་དེའི་ཉེ་འཁོར་གྱི་མཐའ་གཉིས་ནི་གནས་ཀྱི་དང་པོ་ཡིན་པར་གསུངས་ལ། དེའི་དོན་གཏན་པའི་རྟེན་དབུས་སུ་བཞག་ནས། གཏན་པ་དེའི་རྩེ་མོས་སྒོ་ལོགས་སམ་ཕུག་ལོགས་སུ་སླེབ་པའི་བར་ནི་གཏན་པ་དེའི་ཉེ་འཁོར་ཡིན་ལ། དེའི་ནང་ངོས་ཀྱི་མཐའ་གཉིས་ནི་གནས་དེའི་དང་པོའོ། །མཐའ་གཉིས་པོ་གང་ཞེ་ན། སྒོ་མ་བཅད་ན་སྒོའི་ཉེ་འཁོར་གྱི་མཐའ་གནས་ཀྱི་དང་པོ་ཡིན་ལ། སྒོ་བཅད་ན་སྒོ་གཏན་གྱི་མཐའ་འཁོར་གྱི་དང་པོ་ཡིན་ནོ། །དེ་ལྟར་ན་གཏན་པའི་མཐའ་དང༌། ཉེ་འཁོར་གྱི་མཐའ་ཞེས་བྱའོ། །མཚན་མོ་གཅིག་ལ་འབྱུང་འཇུག་ཏུ་མ་བྱས་ན། ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བར་འགྱུར་ཏེ། སྦྱོར་བ་ཐ་དད་པའི་ཕྱིར་རོ། །གསུམ་པ་ད་གདོད་དང༌། ཞེས་པ། བསླབ་པར་བྱ་བའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས། སྒྱུ་ཐབས་ཀྱི་བསམས་པའོ། །དགག་བྱ་ཡུལ་དེ་ལ་གནོད་པ་དང༌། ཡིད་ཀློང་ཀློང་པོར་བྱེད་པ་དང༌། སྲུང་སྡོམ་ལ་གཡེལ་བར་འགྱུར་བའོ། །རྒྱུ་ཚོགས་ལ་གཞི་ནི། སོ་སོར་ཐར་པའི་མདོ་འདོན་པར་གཏོགས་པའི་བསླབ་པའི་གཞི་ཡིན་པ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། གསོ་སྦྱོང་གི་ལས་དེ་ལ་གཏོགས་པ། བདག་ཉིད་གསོ་སྦྱོང་གི་ལས་ལན་གཉིས་ཉམས་སུ་མྱོང་ཞིང༌། ཡིད་རྨོངས་པ་མ་ཡིན་པ། གནས་དུས་གསོ་སྦྱོང་གི་ཚེ་ཡིན་པ། ཀུན་སློང་བཞད་གད་ཡིན་ཀྱང་རུང༌། ཁྱད་དུ་གསོད་འདོད་པ། སྦྱོར་བ་ནི། འདི་ཡང་མདོའི་ནང་དུ་གཏོགས་པར་ད་གདོད་ཤེས་སོ། །ཞེས་པའི་ཚིག་དྲུག་ལྡན་སྨྲས་པ། མཐའ་དོན་གོ་བའོ། །བཞི་པ་ཁབ་རལ་འཆོས་པ་ལ། གླེང་གཞི་མཉན་ཡོད་དུ། དགེ་སློང་རབ་ཏུ་མང་པོས་དེ་བཅོས་པའོ། །དགག་བྱ་འདོད་པ་ཆེ་བ་དང༌། དོན་དང་བྱ་བ་མང་བའོ། །རྒྱུ་ཚོགས་ལ་གཞི་ནི། དངོས་པོ་ཁབ་རལ་གྱི་རྒྱུ། རིན་ཆེ་བ་བ་སོ་ལྟ་བུར་སོར་བཞི་ཡན་ཆད་དུ་ལོངས་པ། རང་གི་ཡིན་པ། སྔར་བཟོ་རྩོམ་བྱས་པ། ཀུན་སློང་བྱེད་པར་འདོད་པ། སྦྱོར་བ་རྩོམ་པ། མཐའ་ཟིན་པའོ། །ལྔ་པ་ཁྲི་རྐང་འཆོས་པ་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས། ཁྲི་རྐང་ཚད་ལས་ལྷག་པའོ། །དགག་བྱ་ཆུད་འཛའ་བ་སོགས་སོ། །རྒྱུ་ཚོགས་ལ་དངོས་པོ་ནི། དགེ་འདུན་གྱི་ཁྲི་རྐང་གི་རྒྱུ་རུང་བ། བུ་གར་གཞུག་པའི་ཕྱོགས་མ་གཏོགས་པ་ཁྲུ་གང་ལས་སོར་ཕྱེད་ཀྱིས་ལྷག་པ། ཀུན་སློང་དེར་འདོད་པ་སོགས་སོ། །དྲུག་པ་བརྡལ་དང༌། ཞེས་པ། དགེ་འདུན་གྱི་གནས་མལ་ཤིང་བལ་གྱིས་གོས་པར་བྱས་པ་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགའ་ཞེ་ཀུ་བས་དེ་བྱས་པའོ། །དགག་བྱ་དགེ་འདུན་ལ་གནོད་པའོ། །རྒྱུ་ཚོགས་ལ་གཞི་ནི། དངོས་པོ་དགེ་འདུན་གྱི་གནས་མལ་རུང་ཚད་ལྡན། དགོས་ཆེད་ལུས་སམ་གནས་མལ་ལ་གནོད་པར་བྱེད་པའི་ཤིང་བལ་ལོ། །མཐའ་སུམ་ཆ་ཙམ་གོས་པའོ། །བདུན་པ་གདིང་བ་ལ། གླེང་གཞི་མཉན་ཡོད་དུ། དགེ་སློང་མང་པོས་གདིང་བ་ཚད་ལྷག་བྱས་པའོ། །དགག་བྱ་འདོད་ཞེན་ཆེ་བ་དང༌། ལོངས་སྤྱོད་དུ་མི་རུང་བས་ཆུད་འཛའ་བའོ། །གཞི་ལ། དངོས་པོ་གདིང་བའི་རྒྱུ་རུང་ཚད་ལྡན། རང་དབང་བ། སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པ་ཀུན་སློང་སོགས་གོ་སླའོ། །འདིའི་ཚད་ནི། སྲིད་དུ་ཁྲུ་གསུམ། ཞེང་དུ་ནི་ཁྲུ་དོ། །སོར་དྲུག་གོ །བརྒྱད་པ་དང་དགུ་པ་གཡན་པ་དང་རས་ཆེན་ལ། གླེང་གཞི་དགེ་སློང་མང་པོས་དེ་དང་དེ་ཚད་ལྷག་བྱས་པའོ། །དགག་བྱ་སོགས་གཞན་རྣམས་རིགས་འདྲེ། ཚད་ནི་གཡན་དགབ་ལ། སྲིད་དུ་ཁྲུ་དྲུག་དང༌། ཞེང་དུ་ཁྲུ་གསུམ། དབྱར་གྱི་རས་ཆེན་ལ་སྲིད་དུ་ཁྲུ་དགུ། ཞེང་དུ་ཁྲུ་གསུམ་དང༌། སོར་བཅོ་བརྒྱད་དོ། །བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ལ། གླེང་གཞི་མཉན་ཡོད་དུ། གང་ཟག་ཉེར་དགས། ཉོན་མོངས་པ་བླ་མ་ལྟར་བཅོས་པས། ཉེས་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་བྱེད་དུ་བཅུག་པའོ། །དགག་བྱ་བླ་མ་ལྟར་འཆོས་པ་དང༌། དེ་ཚོལ་བས་དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ་གཞི་ནི། ཆོས་གོས་ཀྱི་རྒྱུ་རུང་བ་ཡིན་པ། བདག་ཉིད་ནི་དེའི་ལུས་ཙམ་མེད་པར་དེའི་ཚད་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་བྱས་ཟིན་པའོ། །གསུམ་པོའི་གོས་ལྷག་པོ་བྱིན་གྱིས་རློབ་པའི་སྐབས་འདིར། བྱིན་གྱིས་རློབ་པ་འཆགས་ན་ནི་འཆང་སྤང་གི་དགག་བྱ་ཁེགས་ལ། མི་འཆགས་ན་ཞག་བཅུ་ན་དེའི་ཉེས་དམིགས་འབྱུང་ངོ༌། །བཞི་པ་སོ་སོར་གཤགས་པའི་སྡེ་ཚན་ལ། སྡོམ་ནི། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པར་གསུང་བ་ཡིས། །སོ་སོར་བཤགས་པ་བྱ་བར་གསུངས། །ཞེས་པ་དང་པོ་དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས་ལ། གླེང་གཞི་མཉན་ཡོད་དུ། ཉེར་དགའ་ཉོན་མོངས་པ་མཐོ་འཚམས་པས་དགེ་སློང་མ་ལས་ཟས་བླངས་པའོ། །དགག་བྱ་ཁ་ཟེར་བ་དང༌། ཡུལ་དེ་ལ་གནོད་པའོ། །རྒྱུ་ཚོགས་ལ་གཞི་ནི། དགེ་སློང་མ་ཆོས་བརྒྱད་ལྡན། གྲོང་ངམ་དེའི་ཉེ་འཁོར་རམ། ལམ་པོ་ཆེ་གསུམ་པོ་གང་རུང་ན་འདུག་པ། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། དགེ་སློང་མ་དེ་ཉིད་ཀྱིས་བསྒྲུབས་པ། དེའི་ཁྱད་པར་ཡང༌། འབྲིམ་པའི་ཆེད་དུ་མ་སྒྲུབ་པར་བཟའ་བའི་ཆེད་དུ་བསྒྲུབ་པ། བདག་ཉིད་ཀྱང་གནས་གསུམ་པོ་གང་རུང་ན་འདུག་པ། ཀུན་སློང་ལེན་པར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་ཟོས་པའོ། །གཉིས་པ་ཐོད་རྒལ་དུ་འབྲིམ་པ་མ་ཟློག་པར་ཟ་བ་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་ངོ་ཟློག་མ་ཕོད་པ། དགག་བྱ་སྦྱིན་བདག་ལ་གནོད་པ་དང༌། དགེ་སློང་གཞན་གྱི་སྐལ་བ་འཆད་པ་སོགས་སོ། །རྒྱུ་ཚོགས་ལ་གཞི་ནི། ཁྱིམ་པ་ཐ་སྙད་ལྔ་ལྡན། ཉེ་དུ་མ་ཡིན་པ། རང་དང་བསྒོ་བཤམ་བྱེད་པའི་དགེ་སློང་མ་གཉིས་ལས་རྫས་ཐ་དད་པ། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། དེ་ལྟར་བྱེད་པའི་དགེ་སློང་མ་ཆོས་བདུན་ལྡན། ཡུལ་རུང་བ་ན་འདུག་པ། བསྒོ་བཤམ་བྱེད་པ་ལ་ཞུགས་པ། དེ་ལྟར་བྱེད་པ་དེ་དགེ་སློང་ཅིག་གིས་མ་ཟློག་པ། ཀུན་སློང་ལེན་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་ཟོས་པའོ། །བསྒོ་བཤམ་ཞེས་པ་ནི་གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པའི་མིང་ངོ༌། །གསུམ་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ལ། གླེང་གཞི་ཡངས་པ་ཅན་དུ། དྲུག་སྡེས། ཉོན་མོངས་པ་འགྲན་ཚོལ་བས་དེ་བྱས་པའོ། །དགག་བྱ་དགེ་འདུན་གྱི་བཀའ་བཅག་པ་དང༌། སྦྱིན་བདག་ལ་གནོད་པའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་ཁྱིམ་པ་བསླབ་པའི་སྡོམ་པ་སྦྱིན་པ་དང་འབྲེལ་བ། རྫས་ཐ་དད་པ། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། བདག་ཉིད་ནི་ཁྲིམས་དེའི་ཁོངས་སུ་གཏོགས་པ། ཀུན་སློང་དེའི་ཁྱིམ་ནས་བླངས་ཏེ་ཟ་བར་འདོད་པ། མཐར་ཐུག་ཟོས་པའོ། །སྡོམ་པ་དེ་མ་བྱིན་པའི་གོང་དུ་མགྲོན་དུ་བོས་ནས་ཟ་བཞིན་པ་ལ་ཉེས་པ་འདི་མེད་དོ། །བཞི་པ་ནགས་མ་བརྟགས་པ་ལས་གྱུར་པ་ལ། གླེང་གཞི་ཡུལ་སེར་སྐྱར། གང་ཟག་དྲུག་སྡེས། ཉོན་མོངས་པ་དགེ་འདུན་གྱི་དོན་ཡལ་བར་དོར་བ། ཉེས་པ་ནགས་མ་ཉུལ་བར་བཟའ་བ་བླངས་ཏེ་ཟོས་པའོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། རྫས་ཐ་དད་པ། དངོས་པོ་ནི་བཟའ་བའམ་བཅའ་བ་རུང་ཚད་ལྡན། གནས་གྲོང་ངམ་གཙུག་ལག་ཁང་ནས་རྒྱང་གྲགས་ཀྱི་ཕྱི་རོལ་ཡིན་པ། འཇིགས་པ་དང་བཅས་པ་བདག་ཉིད་དགོན་པ་བ་མ་ཡིན་པ་དང༌། སྲུང་བའི་བྱ་བ་མ་སྒྲུབ་པ། ཀུན་སློང་ཕྱི་རོལ་གྱི་གནས་དེར་བླངས་ནས་ཟ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །འདི་ནགས་ཉུལ་བའི་དགེ་སློང་ལ་འབྱུང་ལ། དེ་ཉུལ་བ་ཡང་སྦྱིན་བདག་གི་འཇིགས་པ་སྲུང་བའི་དོན་ཡིན་པར་བཤད་དོ། །འདི་དག་ལ་སོ་སོར་བཤགས་པ་ཞེས་ཟེར་བའི་རྒྱུ་མཚན་ནི། རྒྱུད་ལ་མི་འཆབ་པར་སོ་སོར་བཤགས་དགོས་པས་ན། ཞེས་གསུང་མོད། གསོ་སྦྱོང་གི་ཚེ་དྲན་ན་གནས་དེ་ཉིད་དུ་དང་པོར་བཤགས་དགོས་པས་ན་དེ་ཞེས་བྱའོ། །ལྟུང་བྱེད་འབའ་ཞིག་པ་དང་ཉེས་བྱས་ལ་དེར་ཐལ་བ་མ་ཡིན་ཏེ། ཉེས་བྱས་ནི་མཐོལ་བ་དང་མཉམ་དུ་ཡིད་ཀྱིས་བསྡམས་པས་ཀྱང་འདག་ལ། ངེས་པར་བཤགས་དགོས་པ་གཞན་དང༌། ལྟུང་བྱེད་འབའ་ཞིག་པ་ནི། གནས་དེ་ཉིད་དུ་མ་བཤགས་ཀྱང༌། གང་ཟག་རེ་རེ་བའི་མདུན་དུ་བཤགས་པས་འདག་པའི་ཕྱིར་རོ། །ལྔ་པ་ཉེས་བྱས་ཀྱི་སྡེ་ཚན་ལ། ཤམ་ཐབས་ལ་ནི་རྣམ་བདུན་དང༌། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང༌། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་བོ་གཡོགས་ལ་སོགས་པ་ལྔ། །མཆོངས་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང༌། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །བདུན་ནི། ཤམ་ཐབས་ཟླུམ་པོར་བགོ་བར་བྱ་བ་དང༌། ཧ་ཅང་རྩེངས་པ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་མ་ཡིན་པ་དང༌། གྲྭ་གླང་པོ་ཆེའི་སྣ་ལྟར་བསྣར་བ་མ་ཡིན་པ་དང༌། གོང་དུ་བལྟབ་པ་དང༌། ཕུར་མ་ལྟར་འདུག་པ་མ་ཡིན་པ་དང༌། སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་འབྱུང་བ་མ་ཡིན་པ་དང་བདུན་ནོ། །གསུམ་ནི། བླ་གོས་དང་སྣམ་སྦྱར་ཟླུམ་པོ་དང༌། མ་རྩེངས་པ་དང༌། མ་འཇོལ་བའོ། །དེ་ནས་ལྔ་ནི། ལུས་ངག་ཡིད་གསུམ་ཤིན་ཏུ་བསྡམས་ཤིང་འགྲོ་བ་དང༌། སྟོད་གཡོགས་དང་སྨད་གཡོགས་ལེགས་པར་བགོས་ཤིང་འགྲོ་བ་དང༌། སྒྲ་སྐྱུངས་ཞིང་འགྲོ་བ་དང༌། མིག་མི་གཡེང་བར་བྱས་ཤིང་འགྲོ་བ་དང༌། གཉའ་ཤིང་གང་དུ་ལྟ་ཞིང་འགྲོ་བ་རྣམས་སོ། །དེ་ནས་ལྔ་ནི། མགོ་གོས་ཀྱིས་མི་གཡོག་པ་དང༌། ཤམ་ཐབས་འདོམས་སྣང་བ་ཙམ་དུ་མི་རྫེ་བ་དང༌། བླ་གོས་ཕྲག་པ་ལ་མི་གཟེར་བ་དང༌། ལག་པ་མདུན་ནས་གཉའ་གོང་དུ་མི་སྣོལ། རྒྱབ་ནས་ལྟག་པར་མི་སྤྲད་པའོ། །དེ་ནས་ལྔ་ནི། འགྲོ་བའི་ཚེ་མི་འཆོངས་པ་དང༌། སྒྱིད་པ་མི་རྒྱང་བ་དང༌། ཙོག་བུས་མི་འགྲོ་བ་དང༌། རྟིང་པ་བཏེག་ནས་བྲང་གིས་མི་འགྲོ་བ་དང༌། གྲུ་མོ་སྨྱུང་སྨྱུང་པོར་བྱས་ཏེ་ལག་མཐིལ་དཀུར་བརྟེན་པའི་ཚུལ་གྱིས་མི་འགྲོ་བའོ། །དེ་ནས་ལྔ་ནི། ལུས་མི་སྒྱུར་བ་དང༌། ལག་པ་མི་སྐྱོག་པ་དང༌། མགོ་བོ་མི་སྒྱུར། གཞན་དང་ཕྲག་པ་མི་སྤྲད། གཞན་དང་ལག་པ་སྦྲེལ་བར་འགྲོ་བ་རྣམས་སོ། །དེ་ནས་དགུ་ནི། ཁྱིམ་དུ་མ་སྒོ་བར་སྟན་ལ་མི་འདུག མ་རྟགས་པར་སྟན་ལ་མི་འདུག ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་འདུག རྐང་པ་མི་སྣོལ་བར་འདུག རླ་མི་སྣོལ་པར་དང༌། ལོང་བུའི་སྟེང་དུ་ལོང་བུ་མི་བཞག་པ་དང༌། ཁྲིའི་འོག་ཏུ་རྐང་པ་མི་དགུག་པར་དང༌། རྐང་པ་མི་གདང་བར་དང༌། འདོམས་མི་སྣང་བར་འདུག་པ་དང༌། ལག་པ་འགྲམ་པ་ལ་མི་རྟེན་པ་དང༌། སྟན་ཐབས་ཕྲག་པ་ལ་མི་བཀུར་བ་རྣམས་སོ། །ཕྱི་མ་འདི་གཉིས་རྩ་བའི་མདོ་ན་མེད་དོ། །དེ་ནས་བརྒྱད་ནི། ཟས་ལེགས་པར་བླང་བར་བྱ་བ་དང༌། མུ་དང་ཁ་ཏ་ཆད་མ་ཡིན་པར་དང༌། ཚོད་མ་དང་མཉམ་པོ་མ་ཡིན་དང༌། མཐར་ཆགས་སུ་དང༌། ལྷུང་བཟེད་ལ་བལྟ་ཞིང་བླང་བ་དང༌། བཟའ་བཅའ་མ་འོང་པར་ལྷུང་བཟེད་མི་བཟེད་པ་དང༌། ཡང་འདོད་པའི་ཕྱིར་འབྲས་ཆན་གྱི་ཚོད་མ་མི་དགབ་པ་དང༌། ཚོད་མས་འབྲས་ཆན་མི་དགབ་པ་དང༌། བཟའ་བྱའི་སྟེང་དུ་ལྷུང་བཟེད་བཟུང་བར་མི་བྱ་བ་རྣམས་སོ། །སྡོམ་གཉིས་པ་ནི། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །ཞེས་པ་དང་པོ་དྲུག་ནི། ཟས་ལེགས་པར་བཟའ་བར་བྱ་བ་དང༌། ཁམ་ཧ་ཅང་ཆུང་བ་མ་ཡིན་པར་དང༌། ཁམ་རན་པར་དང༌། ཁམ་གྱིས་མ་སླེབ་པར་ཁ་མི་གདང་བར་དང༌། ཁ་ཁམ་གྱིས་བཀང་སྟེ་སྨྲ་བར་མི་བྱ་བ་རྣམས་སོ། །དེ་ནས་ལྔ་ནི། སྐྱུར་བར་མཚོན་བྱེད་ཀྱི་ཙུག་ཙུག་དང༌། གྲང་བར་མཚོན་བྱེད་ཀྱི་ཧུ་ཧུ་དང༌། ཚ་བར་མཚོན་བྱེད་ཀྱི་ཕུ་ཕུ་མི་བྱ་བ་དང༌། ལྕེ་ཕྱུང་སྟེ་ཟས་མི་ཟ་བ་རྣམས་སོ། །དེ་ནས་ལྔ་ནི། འབྲུ་ནས་ཐ་དད་དུ་མི་བྱ་བ་དང༌། ཕྱས་མི་གདགས་པ་དང༌། མཁུར་བ་མི་སྤོང་བ་དང༌། རྐན་མི་ཏོག་པ་དང༌། ཁམ་འཕྲོར་མི་བཅད་པར་བཟའ་བ་རྣམས་སོ། །དེ་ནས་ལྔ་ནི། ལག་པ་མི་ལྡག་པ་དང༌། ལྷུང་བཟེད་མི་བྱོག་པ་དང༌། ལག་པ་མི་སྤྲུག་པ་དང༌། ལྷུང་བཟེད་མི་སྐྱམ་པ་དང༌། ཟས་ལ་མཆོད་རྟེན་འདྲ་བར་བྱས་ཏེ་མི་བཟའ་བ་རྣམས་སོ། །སྡོམ་གསུམ་པ་ནི། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བདུན། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་བོ་གཡོགས་ལ་སོགས་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་མཁར་བ་ལ་སོགས་དྲུག །ན་བ་ལ་སོགས་བཞི་རྣམས་སོ། །དེ་ལ་དང་པོ་བཞི་ནི། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་ཕྱས་གདགས་པའི་ཕྱིར་མི་ལྟ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་བཟུང༌། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་ཁྱིམ་དུ་མི་དབོ། བདུན་ནི། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་བཞག གད་ཁ་མ་ཡིན་པ་དང་གཡང་ས་མ་ཡིན་པ་དང་རྐན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཞག འགྲེང་ཏེ་ལྷུང་བཟེད་མི་བཀྲུ། གད་ཁ་སོགས་གསུམ་མ་ཡིན་པར་ལྷུང་བཟེད་བཀྲུ། འབབ་ཆུ་དྲག་པོའི་རྒྱུན་ལས་ཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་ཅུ། ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གི་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱ་བ་རྣམས་སོ། །ཕྱི་མ་འདི་གཞུང་དུ་བྱུང་ལ། མདོ་ནས་མ་བྱུང་ངོ༌། །དེ་ནས་ལྔ་ནི། མི་ན་བར་འདུག་པ་ལ་འགྲེངས་ཏེ་མི་ཆོས་མི་བཤད། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད། མི་ན་བར་མགོ་གཡོགས་པ་དང༌། བརྫེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་སྣོལ་བ་དང༌། ལྟག་པར་སྣོལ་བ་ལ་ཆོས་མི་བཤད། དེ་ནས་ལྔ་ནི། སྐྲ་དོ་ཀེར་ཅན་དང༌། ཞྭ་གྱོན་པ་དང༌། མགོ་ཅོད་པཎ་ཅན་དང༌། མགོ་ཕྲེང་བ་ཅན་དང༌། མགོ་དཀྲིས་པ་ལ་ཆོས་མི་བཤད། དེ་ནས་ལྔ་ནི། མི་ན་བར་གླང་པོ་ཆེ་ཞོན་པ་དང༌། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷྭམ་གྱོན་པ་ལ་མི་བཤད། དེ་ནས་དྲུག་ནི། མི་ན་བར་ལག་ན་མཁར་བ་ཐོགས་པ་དང༌། གདུགས་ཐོགས་པ་དང༌། མཚོན་ཆ་ཐོགས་པ་དང༌། རལ་གྲི་ཐོགས་པ་དང༌། དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་ཆོས་མི་བཤད། དེ་ནས་བཞི་ནི། མི་ན་བར་འགྲེངས་ཏེ་བཤང་གཅི་མི་བྱ། མི་ན་བར་ཆུའི་ནང་དུ་བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་བཤང་གཅི་དང༌། མཆིལ་མ་དང༌། སྣབས་ལ་སོགས་པ་མི་དོར། གནོད་པ་བྱུང་བ་མ་གཏོགས་ཤིང་ལ་མི་གང་ཙམ་ལས་མཐོ་བར་མི་འཛེག་པ་ལ་བསླབ་པར་བྱ་བ་རྣམས་སོ། །དེ་ལྟར་ན་བསླབ་པར་བྱ་བ་ཉེས་བྱས་ཀྱི་སྡེ་ཚན་ལས་བརྒྱ་དང་བཅུ་གཉིས་བཤད་པ་དེ་དག་ནི། རྩ་བའི་མདོར་སྡོམ་གྱིས་བསྡུས་པ་རྣམས་ཡིན་ལ། དེ་དག་ཀྱང་ཡིད་ཀྱིས་བསྡམ་བྱའི་ཉེས་བྱས་ཁོ་ནར་ངེས་ལ། དེར་མ་འདུས་པར་ལུང་གཞི་དང༌། ཕྲན་ཚེགས་སོགས་ནས་འབྱུང་བའི་ཉེས་བྱས་མང་པོ་བ་རྣམས་དང༌། རྣམ་འབྱེད་ཉིད་ནས་འབྱུང་བ་ལ་ཡང༌། ཕམ་ལྷག་དང༌། ལྟུང་བྱེད་དང༌། སོར་བཤགས་ཀྱི་སྐབས་ནས་འབྱུང་བ་ཉེས་བྱས་མང་པོ་བ་དེ་དག་ཀྱང་རྒྱས་པར་ཤེས་ནས་མི་འབྱུང་བར་བྱ་བ་དང༌། བྱུང་ཟིན་པ་རྣམས་བཤགས་པ་དང་བསྡམས་པ་གང་ཡང་རུང་བས་རང་རྒྱུད་ལ་མ་གོས་པར་བྱའོ། །ལྔ་པ་བསླབ་པ་ཡོངས་སུ་སྦྱང་བའི་སྒོ་ནས་སྡོམ་པ་བསྲུང་བའི་ཚུལ་ལ། གཞི་གསུམ་གྱི་རྣམ་པར་གཞག་པ་དང༌། ཐམས་ཅད་འགྲུབ་པ་ལས་ཀྱི་གཞིའི་རྣམ་གཞག་མདོ་ཙམ་བཤད་པའོ། །དང་པོ་ལ་གསུམ་སྟེ། གསོ་སྦྱོང་དང༌། དབྱར་དང༌། དགག་དབྱེའི་གཞིའོ། །དང་པོ་ལ་གཉིས་ཏེ། གསོ་སྦྱོང་གི་དབྱེ་བ་དང༌། གནས་གང་དུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས་ཏེ། ཞི་གནས་ཀྱི་དང༌། མཐུན་པའི་གསོ་སྦྱོང་ངོ༌། །དེ་ལའང་ལྔ་སྟེ། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། མཐུན་པ་དང༌། བཀྲ་ཤིས་པ་དང༌། གནོད་པ་སྤོང་བའི་གསོ་སྦྱོང་ངོ༌། །འདིར་སྐབས་སུ་བབ་པ་བསླབ་པ་སྦྱོང་བྱེད་ནི་དང་པོ་གཉིས་ཡིན་ལ། ཕྱི་མ་གསུམ་གྱི་དགོས་པ་ནི་རང་རང་གི་མིང་གིས་བསྟན་པ་དེའོ། །དེ་ཡང་གཉིས་པོ་གང་ཡིན་ཀྱང་ཚེས་བཅོ་ལྔ་ཁོ་ན་ལ་བྱེད་པས་ཁྱབ་ཅིང༌། བཅུ་བཞི་པ་ནི་མར་ངོའི་ཚེས་བཅོ་ལྔ་ཁོ་ན་ལ་བྱེད་པར་ངེས་ལ། བཅོ་ལྔ་པ་ནི་ཡར་ངོ་དང་མར་ངོ་གཉིས་ཀ་ལ་འབྱུང་ངོ༌། །བཅུ་བཞི་པ་འབྱུང་བའི་དུས་ནི། ཇི་སྐད་དུ། རྒྱལ་དང་དབོ་དང་ས་ཀ་ཅན། །ཆུ་སྟོད་ཁྲུམས་དང་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་སོ། །དེ་ལྟར་བཤད་པ་དེ་ནི་དུས་ཚིགས་དྲུག་ཏུ་བྱས་ནས་དྲུག་པོ་རེ་རེ་ལ་བཅུ་བཞི་པ་རེ་རེ་འབྱུང་བས་ན་བཅུ་བཞི་པ་དྲུག་ཡིན་ལ། དྲུག་པོ་ཟླ་བ་དེ་དང་དེའི་མར་ངོ་ལ་འབྱུང་བའི་ཤེས་བྱེད། ཇི་སྐད་དུ། ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཞེས་དུས་ཚིགས་དྲུག་པོའི་ཟླ་བ་ཕྱེད་དང་གཉིས་ཐལ། ཕྱེད་ཤུལ་དུ་ལུས་པའི་བར་དེར་འབྱུང་བར་བཤད་ལ། དུས་དེ་ནི་སྐར་མ་རྒྱལ་ལ་སོགས་པ་ཉ་བའི་མར་ངོའི་བཅོ་ལྔ་ཉིད་དུ་ངེས་པ་ལ་ཐུག་གོ །དེ་ཡང་མགོ་དང་རྒྱལ་ནི་དགུན་སྟོད་ཀྱི་དུས། ཆུ་དང་དབོ་ནི་དགུན་སྨད་ཀྱི་དུས། ནག་པ་དང་ས་ཀ་ནི་དཔྱིད་ཀྱི་དུས། སྣྲོན་དང་ཆུ་སྟོད་ནི་སོ་ཀའི་དུས། གྲོ་བཞིན་དང་ཁྲུམས་ནི་དབྱར་གྱི་དུས། ཐ་སྐར་དང་སྨིན་དྲུག་ནི་སྟོན་གྱི་དུས་སོ། །དེ་ལྟ་ན་མར་ངོ་ལ་ཕྱེད་དང་གཉིས་འདས་ཇི་ལྟར་འབྱུང་ཞེ་ན། ཟླ་བ་ཐམས་ཅད་ཀྱི་མར་ངོ་སྔ་བས་ཐམས་ཅད་ཀྱི་ཚེ་ཡར་ངོའི་ཟླ་བ་ཕྱེད་པོ་དེ་ཤུལ་དུ་ལུས་པའོ། །དཔེར་ན་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔས་དབྱུག་པའི་ཟླ་བ་རྫོགས་ནས། དེའི་ཚེས་བཅུ་དྲུག་ནས་སྨིན་དྲུག་ཅན་གྱི་ཚེས་གཅིག་ཡིན་ལ། དེའི་གནམ་སྟོང་གི་ཉིན་སྨིན་དྲུག་ཅན་གྱི་མར་ངོའི་བཅོ་ལྔ་ཡིན་པ་དེ་ལ་སྟོན་དུས་ཀྱི་གསོ་སྦྱོང་བཅུ་བཞི་པ་འབྱུང༌། དེའི་ཕྱི་ཉིན་ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་བཅོ་ལྔའི་བར་ནི་སྨིན་དྲུག་ཅན་གྱི་ཡར་ངོ་དང༌། སྟོན་དུས་ཀྱི་ཟླ་ཕྱེད་ཤུལ་དུ་ལུས་པ་དེའོ། །དེ་བཞིན་དུ་སྦྱར་བས་ཧོར་ཟླ་བཅུ་གཅིག་པར་མར་ངོ་ལ་དགུན་སྟོད་ཀྱི་དང༌། དང་པོའི་མར་ངོ་ལ་དགུན་སྨད་ཀྱི་དང༌། གསུམ་པའི་མར་ངོ་ལ་དཔྱིད་ཀྱི་དང༌། ལྔ་པའི་མར་ངོ་ལ་སོས་གའི་དང༌། བདུན་པའི་མར་ངོ་ལ་དབྱར་གྱི་གསོ་སྦྱོང་མི་ཐུབ་པ་དེ་བྱས་ནས། བརྒྱད་པའི་ཡར་ངོ་ནི་དབྱར་དུས་ཀྱི་ལྷག་མ་ལུས་པ་དེའོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཧོར་ཟླ་དྲུག་པའི་བཅོ་ལྔས་ཆུ་སྟོད་ཀྱི་ཟླ་བ་རྫོགས་ནས། དེའི་བཅུ་དྲུག་ནི་གྲོ་བཞིན་ཅན་གྱི་ཚེས་གཅིག་ཏུ་བཞག་ནས་ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་དབྱར་སྔ་ཕྱིའི་ཁས་ལེན་གྱི་དུས་གསུངས་པ་ལ་སྒྲ་ཇི་བཞིན་པ་འདི་ཡང་དིང་སང་གི་དུས་སུ་འཕྱིས་པའི་སྐྱོན་ཡོད་པས་དཀའ་བའི་གནས་སུ་གྱུར་མོད། དེ་ལས་ཀྱང་བོད་ཕྱི་མ་རྣམས་ཧོར་ཟླ་བཅུ་པ་ཧྲིལ་པོ་སྨིན་དྲུག་གི་ཟླ་བར་བྱས་ནས། དེའི་བཅུ་དྲུག་གི་ཚེ་ལོ་མགོ་ངོས་འཛིན་པ་དང༌། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། ཞེས་པ་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་གི་ཉིན་ལ་ངོས་འཛིན་པ་ནི། ནང་འགལ་བ་ཡིན་ཏེ། ཁྱེད་ལྟར་ན་ཧོར་ཟླ་བདུན་པ་ཧྲིལ་པོ་ལ་གྲོ་བཞིན་ཅན་དུ་འདོད་དགོས་པའི་ཕྱིར། རང་གི་འདོད་པ་ནི། བཅུ་བཞི་པའི་གསོ་སྦྱོང་གི་དུས་ནི་སྒྲ་ཇི་བཞིན་པ་དེ་ལྟར་ཁས་བླངས་པས་ཆོག་པ་ཡིན་ཏེ། དེ་ལྟར་ངོས་འཛིན་པ་སླ་ཞིང༌། དོན་ལ་འཁྲུལ་བ་མི་འབྱུང་བའི་ཕྱིར་ཉ་སྐར་གྱི་མིང་ཅན་གྱི་ཟླ་བ་དེ་དག་སྐར་མ་དང་ཇི་ལྟ་བ་བཞིན་དུ་འགྲིག་པའི་ཚེ་དེ་ལྟར་ཁས་བླངས་པས་ཆོག་མོད། ཐམས་ཅད་དུ་མ་ཡིན་ཏེ། དེ་ཇི་བཞིན་འགྲིག་པ་ལོ་གསུམ་ཐེངས་རེ་ལས་མི་འབྱུང་བའི་ཕྱིར། འདི་ཡང་རྒྱས་པར་འོག་ནས་འབྱུང་ངོ༌། །ཚེས་བཅོ་ལྔ་ལ་བྱེད་པར་ངེས་ན་བཅུ་བཞི་པར་འགལ་ལོ་ཞེ་ན། ཉེས་པ་མེད་དེ། གསོ་སྦྱོང་སྔ་མ་ཟིན་ནས་ཉིན་ཞག་བཅུ་བཞི་པ་དེའི་སྟེང་དུ། ཚེས་ཀྱང་བཅོ་ལྔར་སླེབ་པ་དེ་འདྲ་བ་ལོ་གཅིག་ལ་དྲུག་འབྱུང་ལ། དེའི་ཚེ་ཚེས་བཅོ་ལྔར་སླེབས་ཀྱང་ཉིན་ཞག་བཅུ་བཞི་པའི་སྟེང་ཉིད་དུ་ངེས་པའི་ཕྱིར། ཚེས་བཅོ་ལྔར་འདྲ་བ་ལ་ཉིན་ཞག་བཅོ་ལྔར་སླེབ་མ་སླེབས་ཀྱི་ཁྱད་པར་འབྱུང་བ་ཅི་ཞེ་ན། ཉིན་ཞག་ནི་ཡུད་ཙམ་སུམ་ཅུར་ངེས་པས་ཡུན་རིང་ལ། ཚེས་ཞག་ལ་ནི་ཡུད་ཙམ་ཕྱེད་དང་སུམ་ཅུ་ལས་མེད་པས་ཉིན་ཞག་ལས་ཡུན་ཐུང་བའི་རྒྱུ་མཚན་གྱིས་ཚེས་ཞག་གིས་ཟླ་བ་གཉིས་ལོངས་པ་ན། ཉིན་ཞག་གི་ཟླ་བ་གཉིས་སུ་ཞག་གཅིག་མ་ཚང་བ་ལ་ཐུག་གོ །དེ་ཡང་ཉིན་ཞག་ནི་དེ་རིང་གི་ནམ་ལངས་ནས་སང་ཉི་མ་ལྡང་ཁའི་བར་ཡིན་ལ། ཚེས་ཞག་ནི་ཟླ་བའི་འཕེལ་འགྲིབ་ཀྱི་ཆ་རེ་རེ་ལ་ངོས་འཛིན་པས་ཆ་དེ་འདྲ་སུམ་ཅུར་ཚང་བ་ན་ཚེས་ཟླ་གཅིག་གོ །རིང་ཐུང་གི་ཁྱད་པར་འདི་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། གནམ་སྟོང་གི་ཚེ་ཉི་ཟླ་གཉིས་ཁ་སྦྱར་དུ་ཡོད་པ་ལ། དེ་ནས་བགྲངས་པའི་ཉིན་ཞག་ཉེར་དགུ་མ་ལོངས་ཙམ་ན་ཡང་ཟླ་བའི་ཆ་ཤས་གང་ཡོད་ཉི་མར་ཐིམ་པའི་ཕྱིར། འདི་ཡང་ཉིན་ཞག་ཕྱེད་དང་སུམ་ཅུ་ཚང་བ་ན་ཡར་ངོའི་ཆ་ཤས་རེ་རེ་འབྱུང་བར་མངོན་སུམ་གྱིས་གྲུབ་པའོ། །དུས་དེར་ཉིན་ཞག་གིས་ཚེས་ཞག་གི་དོད་མ་ཐུབ་པ་ཞེས་ཀྱང་བྱ་སྟེ། ཚེས་ཞག་སུམ་ཅུར་ལོངས་པ་ན་ཉིན་ཞག་ཕྱེད་དང་སུམ་ཅུ་ལས་མ་བྱུང་བས་སོ། །དེའི་ཕྱིར་གསོ་སྦྱོང་འདི་ལ་མི་ཐུབ་པ་ཞེས་བྱའོ། །གཉིས་པ་ལ། གང་དུ་བྱ་བའི་གནས་དང༌། ཇི་ལྟར་བྱ་བའི་ཆོ་གའོ། །དང་པོ་ལ། གནས་ལ་བློ་མཐུན་བྱ་བ་དང༌། མཚམས་བཅད་པའོ། །དང་པོ་ནི། གསོ་སྦྱོང་ལ་འདུ་བར་འོས་པའི་དགེ་སློང་ཐམས་ཅད་ཀྱིས་གང་དུ་གསོ་སྦྱོང་བྱ་བའི་གནས་ངེས་པ་ཅན་ཞིག་ལ་བློ་མཐུན་པར་བྱ་དགོས་ཏེ། གཞན་དུ་ན་གསོ་སྦྱོང་གི་ཉིན་གང་དུ་འདུ་བའི་ངེས་པ་མི་ཤེས་པ་དང༌། གནས་རང་རང་གི་འདོད་པས་བཏགས་ན་ལོང་ལོང་པོར་འགྱུར་བའི་ཕྱིར། འོ་ན་དགེ་འདུན་གྱི་ལས་ཐམས་ཅད་ལ་གནས་ཀྱི་བློ་མཐུན་ལོགས་པ་རེ་དགོས་སམ་ཞེ་ན། བོད་ཀྱི་འདུལ་འཛིན་རྣམས་དགོས་པར་འདོད་མོད་ཀྱང༌། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱས་པའི་ས་དེར་ལས་གཞན་གང་བྱེད་ཀྱང་བློ་མཐུན་ལོགས་སུ་མི་དགོས་ཏེ། གསོ་སྦྱོང་གི་དེ་ཉིད་ཀྱིས་གོ་ཆོད་པའི་ཕྱིར། དེ་སྐད་དུ་ཡང༌། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། བློ་མཐུན་གང་དུ་བྱས་པའི་གནས་དེ་ནས་རྒྱ་ཆེ་བའི་ཚད་ཕྱོགས་ཕྱོགས་སུ་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་པོ་ཆེ་གཅོད་པ་དང༌། དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་སྒྲུབ་པའི་བསླབ་བྱར་བྱེད་པ་དང༌། དེའི་ཚེ་མཚམས་དེ་ལས་འདས་པར་སྐྱ་རེངས་ཤར་ན། འབྲལ་སྤང་དུ་འགྱུར་བ་དང༌། མཚམས་གཅོད་པའི་ཚེ་དེར་གཏོགས་ཀྱི་དགེ་སློང་རྣམས་དངོས་སུ་འདུ་དགོས་ཀྱི་འདུན་པ་ཕུལ་བས་མི་ཆོག་པ་དང༌། དམིགས་བསལ་ལ། བསླབ་སྦྱིན་དང་སྨྱོས་པའི་གནང་བ་ཐོབ་པ་དངོས་སུ་འདུ་མི་དགོས་པ་དང༌། ཡང་མཚམས་བུ་ཆུང་མང་པོ་སོ་སོར་གཅོད་པ་དང༌། ཡང་དེ་ཐམས་ཅད་མཚམས་ཆེན་གཅིག་གིས་བསྐོར་བ་དང༌། དེ་ལྟར་བསྐོར་བའི་ཚེ་མཚམས་ཆུང་སོ་སོ་དགྲོལ་མི་དགོས་པ་དང༌། མཚམས་ཆེན་གྱི་ནང་དུ་མཚམས་ཆུང་སོ་སོར་གཅོད་པའི་ཚེ་སྔ་མ་དགྲོལ་དགོས་པ་དང༌། སྔགས་ཚིག་གཅིག་གིས་མཚམས་གཉིས་བཅད་དུ་རུང་བ་དང༌། དེ་ལྟར་དགྲོལ་དུ་རུང་བར་ཡང་གསུངས་སོ། །མཚམས་གཅོད་པའི་ལས་བྱེད་པ་ན། བརྗོད་པ་པོ་འདུལ་བ་འཛིན་པ་དེ་མཚམས་ནང་དེར་མ་གཏོགས་ཀྱང་སྐྱོན་མ་ཡིན་ལ། འདུས་པ་གཞན་རྣམས་ནི་རང་རང་གི་མཚམས་དེར་གཏོགས་པ་དགོས་སོ། །མཚམས་ནང་དེ་ན་ཁྱིམ་པའི་གྲོང་ལ་སོགས་པ་མང་པོ་ཡོད་ཀྱང༌། དེའི་ཉེ་འཁོར་དང་བཅས་པ་དགེ་འདུན་གྱི་མཚམས་སུ་མི་གཏོགས་ཤིང༌། དེར་དགེ་སློང་གནས་པ་དག་གིས་མ་འདུས་པའི་མི་མཐུན་པ་སྐྱེད་པར་ཡང་མི་འགྱུར་རོ། །མཚམས་ནང་དེ་ན་དགེ་སློང་མའི་དགེ་འདུན་གྱི་གཡར་ཁང་ཡོད་ན་ཡང་དེ་དང་འདྲ་བར་བཤད་དོ། །འོ་ན་མཚམས་ནང་དེར་རྒྱལ་པོ་ལ་སོགས་པས་དགེ་སློང་ཞིག་ཚེས་བཅོ་ལྔའི་ཚེ་བཟུང་ན་དེ་གཏོང་བའི་ཕྱིར་འབད་དགོས་པ་དང༌། འབད་ཀྱང་མ་བཏང་ན་དཀྱིལ་འཁོར་བར་བློ་མཐུན་བྱེད་དགོས་པར་བཤད་པ་སོགས་ཅི་ཞེ་ན། དེ་ནི་ལས་མི་འཆགས་པས་མ་ཡིན་གྱི། དེ་མ་འདུས་ན་དགེ་འདུན་དབྱེན་གྱི་ཉེས་པར་འགྱུར་གྱིས་དོགས་ནས་བཏད་པའི་ཆེད་དུ་འབད་དགོས་པར་བཤད་པའོ། །དེ་དང་འདྲ་བར་མཚམས་ནང་དེར་གློ་བུར་བའི་དགེ་སློང་ཡོད་པར་ཤེས་པའམ་འཕྲིགས་ནས་གསོ་སྦྱོང་བྱས་ན་མི་མཐུན་པར་བཤད་པ་ཡང་མ་འདུས་པའི་མི་མཐུན་པ་སྐྱེད་པ་ལ་བསམས་པ་མ་ཡིན་ཏེ། དེ་སྐྱེད་པ་ལ་མཚམས་ནང་དེར་གཏོགས་པ་དགོས་ཤིང༌། གློ་བུར་བ་ནི་མཚམས་དེ་གཅོད་པ་ལ་མི་གཏོགས་པའི་ཕྱིར། མཚམས་དེ་གཅོད་པ་ལ་གཏོགས་ཤིང༌། ཁ་སྐོང་དུ་འོས་པ་ཞིག་མཚམས་ནང་དེའི་ལས་ལ་མ་འདུས་པར་མཚམས་དེར་མི་གཏོགས་པའི་དགེ་སློང་ཁ་སྐོང་དུ་འོས་པ་ཞིག་གིས་གྲངས་ཚང་གི་ཁ་བསྐང་ནས་ལས་དེ་བྱས་ན། མི་མཐུན་པར་མ་ཟད། མི་འཆགས་པ་ཡིན་ཏེ། ལས་གྲལ་དེར་མེད་དུ་མི་རུང་བའི་དགེ་སློང་གིས་ཁ་མ་སྐང་བའི་ཕྱིར། མཚམས་དེར་གཏོགས་ཀྱི་ཁ་སྐོང་གྲངས་ཚང་དུ་ཡོད་ན་ནི། དེ་འདྲ་བ་གཞན་མ་འདུས་ན་མི་མཐུན་པར་འབྱུང་མོད། མི་འཆགས་པ་མ་ཡིན་ཏེ། ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་ཞེས་སོགས་ཀྱི་ཕྱིར་རོ། །མཚམས་འཇིག་པའི་རྒྱུ་ནི་དྲུག་སྟེ། མཚན་མ་ཞིག་པ་དང༌། ལས་ཀྱིས་བཤིག་པ་དང༌། མཚམས་གཞན་ཞུགས་པ་དང༌། དགེ་སློང་མེད་པ་དང༌། མཚམས་ཀྱི་ནང་ན་གནས་པའི་དགེ་སློང་དེ་དག་དགེ་སློང་མ་ཡིན་པར་གྱུར་པ་དང༌། རེ་བ་མེད་པའོ། །འདིར་སྔ་རབས་པ་དག་ལས་མཚམས་བཅད་པ་ན་རྩིག་མཚམས་ཞིག་པ་ཡིན་ཏེ། མཚམས་མ་བཅད་པའི་གནས་སུ་ལས་ལ་རྩིག་པ་མཚམས་ཡིན་ནོ་ཞེས་པའི་ཤུགས་ལས་གསལ་བས་སོ། །དེས་ན་ཆོས་གོས་དང་མི་འབྲལ་བའི་གནང་བ་སྒྲུབ་པའི་བསླབ་བྱར་བྱེད་དགོས་ཏེ། རྩིག་མཚམས་ཞིག་པས་འབྲལ་བའི་ས་མཚམས་གཞན་བཟུང་དུ་མེད་པའི་ཕྱིར། གལ་ཏེ་ཇི་སྐད་དུ། མཚམས་བྱས་པ་ལ་ནི་མཚམས་གནས་ཀྱི་མཐའོ། །ཞེས་པས་འབྲལ་བའི་ས་མཚམས་བཟུང་བ་མ་ཡིན་ནམ་ཞེ་ན། དེ་ལྟར་ན་ཆོས་གོས་དང་མི་འབྲལ་བའི་གནང་བ་དེ་ཅི་དགར་འཇུག་པའི་གནང་བ་ཉིད་དུ་ཡང་སྟེར་མི་དགོས་པར་འགྱུར་ཏེ། ལས་མཚམས་དེ་ཉིད་ཀྱིས་འབྲལ་བའི་མཚམས་བཟུང་བའི་ཕྱིར། ཞེས་ལས་མཚམས་དང་ཆོས་གོས་ཀྱི་མཚམས་མི་གཅིག་པར་བཞེད་དོ། །བྱ་འདུལ་བ་འཛིན་པ་ནི། མཚམས་ཆེན་བཅད་པའི་ཚེ་གསོ་སྦྱོང་ལ་སོགས་པའི་ལས་ལ་རྩིག་མཚམས་ཞིག་ཀྱང༌། ཆོས་གོས་ལ་རྩིག་མཚམས་ཞིག་པ་མ་ཡིན་ཏེ། ཆོས་གོས་དང་ལས་ལ་འདུ་བ་མཚམས་མི་གཅིག་པའི་ཕྱིར། དེས་ན་རྩིག་མཚམས་ཀྱི་ཕྱི་རོལ་དུ་མི་འབྲལ་བའི་གནང་བ་བྱིན་ན་འབྲལ་བར་མི་འགྱུར་ལ། གནང་བ་དེ་ཆགས་པ་ནི་མཚམས་པོ་ཆེ་ལ་ལྟོས་པ་ཡིན་ཏེ། ཇི་སྐད་དུ། དེར་གནང་བ་བྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ། །ཞེས་པས་སོ། །གནང་བ་དེ་བྱས་ནས་ནི་ལས་མཚམས་ལས་འདས་ཀྱང་འབྲལ་བར་མི་འགྱུར་རོ། །ཞེས་གསུང་མོད། དེ་ལྟར་ན་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་ཡང་ལས་མཚམས་ལ་ལྟོས་པ་དང༌། དེ་དེ་ལ་མི་ལྟོས་ན་སྔ་མའང་དེ་ལ་མི་ལྟོས་པར་ཐལ་བ་མཚུངས་ཏེ། གཉིས་ཀ་མཚམས་ཀྱི་ཕྱི་ནང་ཀུན་ཏུ་མི་འབྲལ་བའི་གནང་བར་ཁས་བླངས་པའི་ཕྱིར། དེས་ན་མི་མཚུངས་པའི་ཤེས་བྱེད་དཔྱད་དགོས་ལ། དེ་ལྟར་དཔྱད་པ་ན་ཆོས་ཀྱི་ལོངས་སྤྱོད་གཅིག་པ་དེ་གནས་ཀྱི་གཙོ་བོ་ཡིན་པས་རྩིག་མཚམས་ཐལ་ཀྱང་འབྲལ་བར་མི་འགྱུར་ལ། དེ་ལྟ་ན་ཡང་བཅས་པའི་ས་མཚམས་ཟིན་པའི་ཕྱིར་དུ་མི་འབྲལ་བའི་སྣང་བ་ཞེས་པའི་ཆོ་ག་དེ་ངེས་པར་བྱེད་དགོས་པས་དེ་བྱེད་པ་སྒྲུབ་པའི་བསླབ་པ་དང༌། དེ་བྱས་ཕྱིན་ཆད་རྩིག་མཚམས་ཀྱི་ཕྱི་རོལ་དུ་ཡང་འབྲལ་བར་མི་འགྱུར་བ་ནི་དགོས་པའོ། །གནང་བ་དེས་བྱས་ན་ནི་རྩིག་མཚམས་ཀྱི་ཕྱི་རོལ་དུ་འབྲེལ་བར་འགྱུར་ཏེ། གནང་བ་མ་ཐོབ་པའི་ཕྱིར། མཚམས་ཆེ་ཆུང་གི་ནང་དུ་ནི་འབྲལ་བར་མི་འགྱུར་ཏེ། ཆོས་ཀྱི་ལོངས་སྤྱོད་གཅིག་པའི་གནས་སུ་གྱུར་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་ལ། སྔོན་འགྲོ་དང༌། དངོས་གཞིའོ། །ལས་ལ་མ་འདུས་གོང་དུ་དང༌། འདུས་ནས་བྱ་བའོ། །དང་པོ་ནི། ཡར་ངོ་དང་མར་ངོའི་ཚེས་བཅོ་ལྔའི་ཚེ་ཐོག་མར་རང་རྒྱུད་ལ་སོ་སོར་བརྟག་པར་བྱ། ཇི་ལྟར་དུ་ན། གསོ་སྦྱོང་སྔ་མ་ཟིན་ནས་དེ་རིང་གི་བར་ལུས་ངག་གི་བཅས་པ་དང་འགལ་བ་བྱུང་ངམ་མ་བྱུང༌། བྱུང་ན་ཇི་ལྟ་བུ་ཞིག་ཅེས་དྲན་པ་དང་ཤེས་བཞིན་ཉེ་བར་བཞག་སྟེའོ། །བྱུང་བར་ཤེས་ན། བཤགས་པར་འོས་པ་རྣམས་བཤགས། ཡིད་ཀྱིས་བསྡམ་པས་འདག་པ་རྣམས་བསྡམས། བྱིན་གྱིས་རླབ་པར་འོས་པ་རྣམས་བྱིན་གྱིས་རླབས་པའོ། །དང་པོ་ནི། སྤྱིར་ལྟུང་བ་ཐམས་ཅད་བཤགས་པར་འོས་པ་ཡིན་མོད། ཉི་མ་དེ་ཉིད་ལ་གང་ཟག་གཅིག་གི་མདུན་དུ་བཤགས་པས་འདག་པ་དང༌། མང་པོའི་མདུན་དུའོ། །དང་པོ་ནི། ལྟུང་བྱེད་འབའ་ཞིག་པ་དང༌། སོར་བཤགས་དང༌། བཤགས་པར་བྱ་བའི་ཉེས་བྱས་རྣམས་ཡིན་ལ། གཉིས་པ་ནི་ཕམ་ལྷག་གི་སྦོམ་པོ་རྣམས་སོ། །དེ་ཡང་ཕམ་པར་གཏོགས་པའི་སྦོམ་པོ་ནི། མཚམས་ནང་དེ་ན་དགེ་སློང་དྲུག་ཡན་ཆད་དུ་ལོངས་ན་མཚམས་ནང་གི་དགེ་འདུན་རིས་སུ་མ་བཅད་པ་ལ་བཤགས་པས་འདག ལྷག་མའི་སྦོམ་པོ་ནི་མཚམས་དེར་དགེ་སློང་ལྔ་ཡན་ཆད་དུ་ལོངས་ན། དེ་ལ་སོགས་པ་རིས་སུ་བཅད་པའི་མདུན་དུ་བཤགས་པས་ཀྱང་འདག ཕམ་ལྷག་གི་དངོས་གཞིར་མ་སླེབ་པའི་ཉེས་པ་བཤགས་ཡུལ་མ་ཚང་བ་རྣམས་དང༌། ལྷག་མའི་དངོས་གཞི་འཆབ་བཅས་དང་འཆབ་མེད་གང་ཡིན་ཀྱང་རུང་བ་དང༌། སྤང་བ་ལྟུང་བྱེད་རྣམས་ནི་བྱིན་གྱིས་རླབ་དགོས་པ་ཡིན་ཏེ། ཉི་མ་དེ་ལ་བཤགས་པའི་རྐྱེན་མ་ཚང་བའི་ཕྱིར་དང༌། ལྷག་མ་ལ་ནི་སྤོ་བ་དང་མགུ་བ་ཅི་རིགས་པར་སྤྱད་དགོས་པའི་ཕྱིར་དང༌། སྤང་ལྟུང་ལ་ནི་ལྟུང་བ་དེའི་རྒྱུར་གྱུར་གྱི་རྫས་དེ་ཞག་གཅིག་སྤང་དགོས་པའི་ཕྱིར། སྡེ་ལྔའི་ལྟུང་བ་གང་དུ་གཏོགས་ཀྱང་རུང༌། མཚམས་ནང་དེའི་དགེ་འདུན་ཐམས་ཅད་ལ་བྱུང་ན། བྱིན་གྱིས་བརླབ་པར་བྱ་དགོས་ཏེ། མཚམས་ནང་དེ་ན་བཤགས་ཡུལ་མེད་པའི་ཕྱིར་དང༌། ཇི་སྐད་དུ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་ལས་ལ་མི་སྒྲིབ་པ་ཙམ་ལ་དག་པའི་མིང་གིས་བཏགས་ནས་གསུངས་པས་སོ། །འདི་ནི་གསོ་སྦྱོང་གི་ལས་དངོས་གཞི་ལ་མ་འདུས་པའི་གོང་དུ་གཎྜི་བརྡུངས་ནས་ངེས་པར་བྱ་དགོས་ཏེ། དགེ་འདུན་མཐའ་དག་གི་ལས་ཡིན་པའི་ཕྱིར། དེ་ཉིད་དང་འབྲེལ་ཆགས་པའི་སྔ་རོལ་དེར་བཤགས་བསྡམ་དང༌། ཐུན་མོང་མ་ཡིན་པ་བྱིན་གྱིས་རླབ་པ་རྣམས་བྱའོ། །ལྟུང་བ་གང་བཤགས་ཀྱང་དེ་ཉིད་ཀྱི་མིང་དང་རིགས་ནས་བརྗོད་དགོས་ཀྱི། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་ཞེས་དང༌། ཉེས་པ་ཅི་དང་ཅི་བྱུང་བ་ཞེས་པ་ལྟ་བུས་ཆོག་པ་མ་ཡིན་ཏེ། ཇི་སྐད་དུ། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །ཞེས་གསུངས། གཉིས་པ་དགེ་འདུན་འདུས་པའི་སྦྱོར་བ་ལ། གནས་ལ་བློ་མཐུན་བྱ་བ། སོ་སོར་ཐར་པའི་མདོའི་བསྟོད་པ་དང༌། གསོལ་བ་དང༌། རྣམ་པར་བཞག་པ་འཛིན་དུ་གཞུག་པ་རྣམས་སོ། །དང་པོ་ནི། མཚམས་ཆེ་ཆུང་བཅད་པའི་སར་བྱེད་ན། མཚམས་དེའི་དབུས་དྲང་པོ་ཐམས་ཅད་ཀྱིས་འཁོས་བཏིང་བ་ཞིག་ཏུ། ཆོ་ག་གསོལ་བ་དང་གཉིས་ཀྱིས་སོ། །བློ་མཐུན་འདི་དང་རུང་ཁང་ནི་ཉེ་འཁོར་དང་བཅས་པ་ཞིག་བྱིན་གྱིས་བརླབས་ཀྱང༌། མཚམས་ཟུར་དུ་བྱེད་པ་མ་ཡིན་པས། མཚམས་ཆེན་མ་དཀྲོལ་བར་མཚམས་ཆུང་བཅད་པ་ལྟ་བུའི་དཀའ་གནས་མི་འབྱུང་ཞིང༌། སྤྱིར་མཚམས་ནང་དེ་ན་དགེ་སློང་ཡོད་པ་ཙམ་གྱིས་ཆོག་གི སྲུང་བྱེད་ཀྱི་དགེ་སློང་ལོགས་པ་སོགས་དགོས་པ་མ་ཡིན་ནོ། །གཉིས་པ་ལ། མདོའི་སྟོད་པ་དངོས་དང༌། དུས་བརྗོད་པ། བག་ཡོད་ལ་གདམ་པ། དགེ་བསྐོས་ཀྱིས་ཚུལ་ཤིང་བྲིམས་ནས་དགེ་འདུན་བགྲང་བ། ནད་པ་ལྟ་བུ་མ་ལྷགས་པ་ཡོད་ན་འདུན་པ་དང་ཡོང་དག་འབུལ་ལམ་ཞེས་དྲིས་ནས་ལེན་པ། བླངས་ནས་ལེན་པ་པོས་དགེ་འདུན་གྱི་ནང་དུ་བརྗོད་པ། དེ་ནས་གནས་བརྟན་གྱིས་སོ་ཐར་གྱི་མདོ་ཉན་པར་གདམས་པ། དེ་ནས་མདོ་འདོན་པ་པོ་གནས་བརྟན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་དགེ་འདུན་ཐུགས་བསྟུན་པ། དེ་ནས་རྣམ་པར་བཞག་པ་འཛིན་དུ་གཞུག་བཅས་པའི་གོ་བ་ནི། ཁོ་བོས་མདོ་འདོན་པ་སྡེ་ཚན་ལྔ་པོའི་བར་སྐབས་སུ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པའི་ཚེ། ལྟུང་བ་སྡེ་ལྔའི་ནང་ནས་གང་བྱུང་བ་དེ་འདི་བྱུང་ཞེས་མཐོལ་ཤིག མ་མཐོལ་ན་གསོ་སྦྱོང་གི་ཕན་ཡོན་མེད་ཀྱི་སྟེང་དུ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ཉེས་པས་གོས་པར་འགྱུར་རོ་ཞེས་པ་སྟེ། སྔགས་ཀྱི་ཚིག་རྣམས་ནི་མདོ་དང་ལས་བརྒྱ་བཞིན་ནོ། །གཉིས་པ་དངོས་གཞི་ནི། གནས་བརྟན་གྱིས་སོ་སོར་ཐར་པའི་མདོ་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ཁ་བཏོན་དུ་ཐོན་པས་འདོན་དགོས་པ་ཡིན་གྱི། དཔེ་ཀློག་ལྟ་བུས་ཆོག་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ལེགས་པར་ཐོན་པས་འདོན་ཏེ། ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ། །ཞེས་གསུངས་སོ། །མདོ་ཚང་མ་ཉིད་ངེས་པར་འདོན་དགོས་སམ་ཞེ་ན། མདོ་འདོན་པ་ནི་རྣམ་པ་ལྔར་གསུངས་ཏེ། གླེང་གཞི་འདོན་པ་དང༌། ཕམ་པ་དང༌། ལྷག་མ་དང༌། མ་ངེས་པ་དང༌། རིལ་གྱིས་འདོན་པའོ། །དེ་གང་ཞེ་ན། ལྟུང་བྱེད་ཀྱི་སྡེ་ཚན་དུ་སླེབ་ན་ལྷག་མ་མ་ལུས་པར་འདོན་དགོས་པའོ། །དེ་ལྟ་མོད་ཀྱི། གླེང་གཞི་དང་གསོལ་བ་ནི་མེད་མི་རུང་དུ་འདོན་དགོས་ཏེ། ཇི་སྐད་དུ། གླེང་གཞི་འདོན་པ་དང་གསོལ་བ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲགས་པས་ཀྱང་ངོ༌། །ཞེས་སོ། །གནས་དེར་གསོ་སྦྱོང་གི་ཚེ་དགེ་སློང་བཞིར་མ་ཚང་ན་ཇི་ལྟར་བྱ་སྙམ་ན། བྱིན་གྱིས་བརླབ་པར་བྱ་བའམ། ཡང་ན་གསོ་སྦྱོང་ཡོད་པའི་གནས་སུ་འགྲོ་བར་བྱའོ། །གཞུང་ལས། ཇི་སྐད་དུ། ཕྱིས་འོངས་པ་རྣམས་ཀྱི་དོན་དུ་དེ་གཉིས་ཡང་བྱར་རུང་ངོ༌། །གལ་ཏེ། ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ། །འདུ་བ་མཐུན་པ་དག་ལ་ཡང་ངོ༌། །གཞན་གྱིས་ཚོགས་པ་གསོལ་བར་བྱའོ། །དེ་མ་ཐོབ་ན་མཚམས་གཞན་དུ་བྱའོ། །ཞེས་འབྱུང༌། དེ་དག་གི་སྐབས་སུ་མཚམས་ནང་གཅིག་ཏུ་དགེ་འདུན་འདུ་བ་མཐུན་མི་མཐུན་གཉིས་ཡོད་པའི་ཚེ། གཅིག་གི་གསོ་སྦྱོང་ལ་ཅིག་ཤོས་ངེས་པར་འདུ་མི་དགོས་པ་དང༌། ཅིག་ཤོས་ལ་མཐུན་པ་གསོལ་དགོས་པ་དང༌། མཐུན་པ་མ་ཐོབ་ན་མཚམས་གཞན་དུ་འགྲོ་དགོས་པར་གསུངས་མོད། འདི་ལ་མ་འདུས་པའི་མི་མཐུན་པ་ནི་སྐྱེད་པ་མ་ཡིན་ཏེ། དེ་ལ་ནི་མཚམས་གཅིག་གི་ཁོངས་སུ་གཏོགས་པ་དགོས་ལ། དེར་འཇོག་པ་ལ་མཚམས་གཅོད་པའི་ཚེ་ལུས་དངོས་ཀྱི་འདུས་པ་ཞིག་དགོས་པའི་ཕྱིར། དེ་ལྟ་ན་ཡང་མཐུན་པ་གསོལ་དགོས་པ་ནི་ལས་དེ་མི་འཆགས་པས་མ་ཡིན་གྱི། མཐུན་པ་མ་ཐོབ་པར་མཚམས་གཅིག་གི་ནང་དུ་ལས་ཐ་དད་པར་བྱས་ཤིང་ཆགས་པ་ན། དགེ་འདུན་དབྱེན་དུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་བ་དང༌། དེར་མི་འགྱུར་བའི་ཕྱིར་དུ་མཚམས་གཞན་དུ་ཕྱིན་ནས་ལས་དེ་བྱེད་དགོས་པའོ། །དེ་ལས་གཞན་དུ། གཉུག་མར་གནས་པ་དང་གློ་བུར་བ་གཉིས་ཀ་མཚམས་དེར་གཏོགས་པ་ཡིན་ན། གློ་བུར་བས་ཕྱི་རོལ་དུ་ལས་བྱས་ཀྱང་མི་ཆགས་པར་འགྱུར་ཏེ། མཚམས་ནང་གཅིག་ཏུ་གཏོགས་པའི་དགེ་སློང་གིས་བློ་མཐུན་མ་བྱས་པའི་གནས་སུ་གསོ་སྦྱོང་བྱས་པའི་ཕྱིར། འོ་ན་མཐུན་པ་གསོལ་བའི་ཚུལ་ཇི་ལྟ་བུ་ཞེ་ན། གློ་བུར་བས་གཉུག་མར་གནས་པ་ལ་འདུན་པ་དང་ཡོངས་དག་སློང་བ་ཡིན་ལ། སླངས་པས་ཐོབ་ན་མཚམས་ནང་དེ་ཉིད་དུ་ལས་ལོགས་པར་བྱས་ཀྱང་དགེ་འདུན་དབྱེན་གྱི་ཉེས་པར་མི་འགྱུར་ཏེ། ཇི་སྐད་དུ། ཚོགས་ཐ་དད་པས་འདུན་པ་ལ་སོགས་པས་མཐུན་པར་བྱ་སྟེ། ལས་བྱེད་པ་ལ་མི་རུང་བ་མེད་དོ། །ཞེས་སོ། །འོ་ན་མཚམས་དེར་གཏོགས་པ་རྣམས་གཅིག་ལ་ཅིག་ཤོས་ངེས་པར་འདུ་དགོས་སམ་ཞེ་ན། མཚམས་ཆེན་གཅིག་ཀྱང་མཚམས་ཆུང་མི་གཅིག་ན་དེ་ལྟར་མི་དགོས་པ་ནི་གོ་བར་སླ་མོད། གཉིས་ཀ་གཅིག་ན་ཡང་དེ་ལྟར་ངེས་པ་མེད་དེ། མཚམས་དེར་གཏོགས་ལས་དགེ་འདུན་དུ་ལོངས་པ་ཞིག་དགོས་པའི་དབང་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ནང་དུ་འཁོར་བ་ན། སྔ་མ་རྣམས་ཀྱི་གསོ་སྦྱོང་ལེགས་པར་ཟིན་ན་ཕྱི་མ་རྣམས་ཀྱི་གསོ་སྦྱོང་ལ་སྔ་མ་དག་ཅི་དགར་ཞུགས་པས་ཆོག་པ་ཉིད་དུ་བཤད་པའི་ཕྱིར། འདི་ལ་ཚོགས་པ་གསོལ་བ་དང༌། མ་ཐོབ་ན་མཚམས་གཞན་དུ་ཕྱིན་ནས་བྱེད་དགོས་པ་ཡང༌། མ་འདུས་པའི་མི་མཐུན་པ་སྐྱེད་པའི་ཉེས་པས་ནི་མ་ཡིན་ཏེ། མཐུན་པ་མ་ཐོབ་པར་མཚམས་ནང་དུ་ལས་བྱས་ན་འཆགས་ཤིང༌། དེའི་རྐྱེན་གྱིས་དགེ་འདུན་དབྱེན་གྱི་ཉེས་དམིགས་ཡོད་པས་སོ། །གསོ་སྦྱོང་ལེགས་པར་ཟིན་པ་འདི་ལྟ་བུ་མ་ཡིན་པའི་དགེ་འདུན་གྱི་ལས་གཞན་ལ་ནི་ཅིག་ཤོས་ཀྱི་མཐུན་པ་མ་ཐོབ་ན་མཚམས་ནང་དུ་ལས་མི་མཐུན་པས་བྱས་པར་འགྱུར་ཞིང༌། ཕྱི་རོལ་དུ་ཕྱིན་ཀྱང་མི་མཐུན་པས་བྱས་པར་འགྱུར་ཏེ། གསོ་སྦྱོང་དང་དགག་དབྱེ་ལེགས་པར་ཟིན་པ་ལྟ་བུ་ནི་མ་ཡིན་གྱི་སྟེང་དུ། འདུ་བ་མཐུན་པ་དག་གིས་ལས་དེ་ལ་མ་འདུས་པའི་ཕྱིར། ཡང་སོ་སོར་ཐར་པའི་མདོ་འདོན་པ་ལས་གཞན་གྱིས་གསོ་སྦྱོང་གི་དགོས་པ་མི་འགྲུབ་བམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །ཞེས་པས་སོ། །འོ་ན་དགེ་ཚུལ་དག་ལ་གསོ་སྦྱོང་ཇི་ལྟར་ཡོད་ཅེ་ན། མདོ་ལུང་གི་བཀའ་ནས་གསུངས་པ་མེད་མོད། བསྟན་བཅོས་ནས་འབྱུང་བ་ཡིན་ཏེ། སློབ་དཔོན་ཤཱཀྱ་འོད་ཀྱིས། དགག་དབྱེ་གསུངས་ཕྱིར་གསོ་སྦྱོང་འདི་ན་ཡོད། །ཅེས་སོ། །རབ་བྱུང་སྡེ་ལྔའི་དགག་དབྱེ་ནི་གསལ་བར་གསུངས་ལ། དེས་གསོ་སྦྱོང་གི་དོན་འགྲུབ་ཅེས་དང༌། དེའི་རིགས་པས་དབྱར་གྱི་མཐའ་ཁོ་ནར་མ་ཟད། དུས་ཐམས་ཅད་ཀྱི་ཉ་ཤི་ལ་གསོ་སྦྱོང་བྱེད་པར་གྲུབ་ཅེས་པའོ། །དེའི་ཚེ་དགག་དབྱེ་ནི་མེད་པས་ཚིག་གང་གིས་བྱེད་ཅེ་ན། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལས། རང་རང་གི་སློབ་དཔོན་ནམ་དགེ་སློང་གང་ཡང་རུང་བའི་མདུན་དུ་ཡོངས་དག་འབུལ་བའི་ཚིག་ལན་གསུམ་བརྗོད་པར་བཤད་དོ། །གཉིས་པ་དབྱར་གྱི་གཞི་ལ། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ལ། དུས་ནམ་གྱི་ཚེ་ཁས་ལེན་པ། ཡུན་ཇི་ཙམ་དུ་ཁས་ལེན་པ། གནས་མལ་སྟོབས་པ་དང་ཚུལ་ཤིང་བྲིམས་ནས་ཁྲིམས་སུ་བཅའ་བ་ཇི་ལྟར་བརྗོད་པའི་ཚུལ་ལོ། །དང་པོ་ནི། དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དང༌། དབྱར་ཕྱི་མ་དབྱར་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ལ་ཁས་ལེན་པར་མདོ་ལུང་ཀུན་ལས་མཐུན་པར་གསུངས་ཤིང༌། འབྲིང་པོའི་ངོས་འཛིན། ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །ཞེས་སོགས་འབྱུང་བ་དེ་ཉིད་འདུལ་བའི་ཆོས་བསྐོར་ཕལ་ཆེ་བ་དང་མཐུན་མོད། བུ་སྟོན་རིན་པོ་ཆེའི་གསུང་གིས། དེ་ལྟར་འཆད་པ་དེ་འཇིག་རྟེན་རྒན་པོའི་གཏམ་རིག་བྱེད་སོགས་ནས་འབྱུང་བ་དེ། འཇིག་རྟེན་ན་གྲགས་པ་ལྟར་བསྟན་བཅོས་སུའང་བཀོད་པ་ཡིན་གྱི། དོན་ལ་གནས་པ་མ་ཡིན་ཏེ། ཡིན་ན་ཆར་ཆུའི་སྒང་ཡོལ་ནས་དབྱར་གནས་བྱེད་དགོས་པ་དང༌། དགག་དབྱེ་དགུན་གྱི་མགོ་རྒང་ལ་འབྱུང་བ་སོགས་ཀྱི་ཉེས་པ་ཡོད་དོ། །དེས་ན་འདི་ལྟར་ཡིན་ཏེ། འཇིག་རྟེན་རྒན་པོའི་དུས་དེ་ལས་སྟོན་པ་འཇིག་རྟེན་དུ་བྱོན་པའི་དུས་དེ་ཉི་མ་ལྡོག་པ་ཟླ་བ་གཅིག་གིས་སྔ་བར་སོང་ཡོད་པ་ཡིན་ཏེ། རྔ་བོང་གི་དེར་སྨིན་དྲུག་གི་ཟླ་བ་ལ་ཉིན་མཚན་མཉམ་པ་འབྱུང་བར་བཤད་ལ། སྟོན་པའི་དུས་སུ་སྟོན་གྱི་ཉིན་མཚན་མཉམ་པའི་དུས་ནི་སྔ་མ་དེ་ལས་ཟླ་བ་གཅིག་གིས་སྔ་བར་བཤད་ལ། དེང་སང་ནི་དེ་ལས་ཀྱང་ཞག་བཅུ་གསུམ་ལྷག་ཙམ་གྱིས་སྔ་བར་སོང་ཡོད་པས་སོ། །ཞེས་པའི་སྒྲུབ་བྱེད་བཀོད་ནས། ཧོར་ཟླ་ལྔ་པ་སྣྲོན་གྱིས་ཉ་བའི་ཟླ་བ་ཡར་ངོ་སྔོན་དུ་འགྲོ་བའི་ཧྲིལ་པོ་འདི་དབྱར་ཟླ་འབྲིང་པོར་བཤད་ནས། དེའི་ཚེ་བཅུ་དྲུག་ནས་དབྱར་སྔ་མར་ཁས་ལེན་པའི་རྣམ་གཞག་མཛད་ཅིང༌། དེ་ཉིད་ཁ་ཆེ་པཎ་ཆེན་གྱི་གྲུབ་མཐའ་དང་ཕྱག་ལེན་གཉིས་ཀ་ཡིན་ནོ་ཞེས་བཞེད། རང་གི་འདོད་པ་ལ། ལག་ལེན་གྱི་དམ་བཅའ་བཞག་པ་དང༌། དེའི་སྒྲུབ་བྱེད་བཤད་པའོ། །དང་པོ་ནི། ལུགས་སྔ་མས་བཞེད་པ་ལྟར་ཧོར་ཟླ་ལྔ་པ་སྣྲོན་གྱིས་ཉ་བའི་བཅོ་ལྔ་ལ་དབྱར་གྱི་སྦྱོར་བའི་ཆོ་ག་གྲུབ་པར་བྱས་ནས། དེའི་བཅུ་དྲུག་ཆུ་སྟོད་ཀྱི་ཚེས་གཅིག་ལ་དབྱར་སྔ་མའི་ཁས་ལེན་དང༌། དེར་མ་གྲུབ་ན་ཟླ་བ་དེའི་རྟིང་མ་གྲོ་བཞིན་ཅན་ཡི་ཚེས་གཅིག་ནས་དབྱར་ཕྱི་མ་ཁས་ལེན་པར་བྱེད་དོ། །གཉིས་པ་ནི། གལ་ཏེ་འོ་ན། མདོ་ལུང་ལས་འབྱུང་བ་དང་མི་མཐུན་པའི་བར་ཁྱད་ཟླ་བ་གཅིག་གིས་སྔ་བ་དེ་ཅི་ཞེ་ན། ལན་ལ་མདོར་བསྟན་པ་དང༌། དེ་ཉིད་བཤད་པའོ། །དང་པོ་ནི། ལུང་ནས་འབྱུང་བའི་དབྱར་ཟླ་འབྲིང་པོ་དང་ལག་ལེན་གྱི་དབྱར་ཟླ་འབྲིང་པོ་ལ། སྔ་ཕྱིའི་ཁྱད་པར་འཇུག་པའི་རྒྱུ་མཚན་དང༌། ཞུགས་པ་ལྟར་ལག་ལེན་དུ་བྱས་པའི་དགོས་པའོ། །དང་པོ་ནི། ཁྱིམ་ལོ་དང༌། ཚེས་ལོ་ཞེས་པའི་ཐ་སྙད་དམ། ཉི་མའི་ལོ་དང་ཟླ་བའི་ལོ་ཞེས་པའི་མིང་གིས་བཏགས་ནས། དེ་གཉིས་ལ་ཞག་གྲངས་མང་ཉུང་གི་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས། ཚེས་ལོའི་དབྱར་ཟླ་འབྲིང་པོ་ཐལ་ཟིན་ནས་ཀྱང༌། ཁྱིམ་ལོའི་དབྱར་ཟླ་འབྲིང་པོ་མ་རྫོགས་པར་ཐ་ནའང་ཞག་བཅུ་གཅིག་ཙམ་ཤུལ་དུ་ལུས་པའོ། །དགོས་པ་ནི། ཁས་ལེན་གྱི་དབྱར་ཟླ་འབྲིང་པོ་འཇིག་རྟེན་ན་གྲགས་པའི་དབྱར་འབྲིང་ལ་ཟླ་བ་གཅིག་གིས་སྔ་བར་བྱས་པའི་ཚེ། དབྱར་ཉི་ལོག་ནས་སྟོན་གྱི་ཉིན་མཚན་མཉམ་པའི་བར་ཟླ་བ་གསུམ་ཅུང་ཟད་ལྷག་དང་བཅས་པ་དེ་ཆར་འབབ་པའི་དུས་དངོས་དང༌། དབྱར་གྱི་མཐིལ་ཡིན་པའི་སྐབས་དེར་དབྱར་ཚུལ་དུ་འཇུག་པའི་དུས་མ་འཆོལ་བའི་དགོས་པ་ཡོད་དོ། །གཉིས་པ་དེ་ཉིད་རྒྱས་པར་བཤད་ན། ཁྱིམ་ལོའམ། ཉི་མའི་ལོའམ། འཇིག་རྟེན་ན་གྲགས་པའི་ལོ་ནི་དགུན་ཉི་ལོག་ནས་ལྡོག་པའི་བར་ཡིན་ལ། དེའི་ཡུན་ཚན་ནི་འཇིག་རྟེན་ཐ་མལ་པའི་མངོན་སུམ་གྱིས་གྲུབ་པའི་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ཡོད་ཅིང༌། ཟླ་བ་རེ་ལ་ཉིན་ཞག་སུམ་ཅུ་དང༌། ཉིན་ཞག་གཅིག་གི་ཕྱེད་ཅུང་མེད་རེ་ཡོད་པའོ། །འདི་ལ་ཁྱིམ་ལོ་དང་ཉི་མའི་ལོ་ཞེས་བྱ་སྟེ། ཉི་མས་ཁྱིམ་བཅུ་གཉིས་འཁོར་བའི་ཡུན་ཚད་ལ་དབྱར་དགུན་ལ་སོགས་པའི་དུས་བཞི་རྫོགས་པ་དང༌། དགུན་ཉི་ལྡོག་ཐེངས་རེ་འབྱུང་བའི་ཕྱིར། འཇིག་རྟེན་ན་གྲགས་པའི་ལོ་ཞེས་ཀྱང་བྱ་སྟེ། འཇིག་རྟེན་པས་ལོ་འདི་ཉིད་ཚད་མར་བྱས་ནས་ཞིང་འདེབས་པ་ལ་སོགས་པའི་དུས་ངེས་པ་ཅན་གྱི་ཉི་ཚོད་དང་གྲིབ་ཚོད་བྱེད་ཅིང༌། རྒྱ་གར་ན་གྲགས་པ་རབ་བྱུང་དང་རྣམ་བྱུང་ལ་སོགས་པའི་མིང་གིས་འདོགས་པ་དང༌། རྒྱ་ནག་པ་ལ་གྲགས་པ་འབྲུག་སྦྲུལ་ལ་སོགས་པ་ལོ་རེ་རེ་ཐོག་མཐའི་ས་མཚམས་སུ་འཇོག་པའི་ཕྱིར། ཚེས་ལོ་དང༌། ཟླ་བའི་ལོ་དང༌། བསྟན་བཅོས་ལ་གྲགས་པའི་ལོ་ནི། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་སུམ་ཅུ་ཚང་བ་ལ་ཟླ་བ་གཅིག་ཏུ་བྱས། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱེད། དེ་ལ་ནི་འཇིག་རྟེན་པའི་མངོན་སུམ་གྱིས་གྲུབ་པའི་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་ཡོད་པ་ཡིན་ལ། ཟླ་བ་རེ་ལ་ཉིན་ཞག་ཕྱེད་དང་སུམ་ཅུ་རེ་ལས་མེད་དོ། །དེ་སྐད་དུ་ཡང༌། མཛོད་ལས། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་བསྒྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་སོ། །ལོ་དེ་ལ་ཚེས་ལོ་དང་ཟླ་བའི་ལོ་ཞེས་བྱ་སྟེ། ཚེས་ཞག་དང་ཟླ་བའི་འཕེལ་འགྲིབ་ཀྱི་ཆ་ལས་མིང་དུ་བཏགས་པའི་ཕྱིར། དེ་དུས་ཀྱི་ཟླ་བ་ལའང་ཚེས་ཟླ་ཞེས་བྱའོ། །དེ་ལྟར་ལོ་དང་ཟླ་བའི་རྣམ་གཞག་གཉིས་ལས། འདུལ་མངོན་གྱི་གསུང་རབ་རྣམས་སུ་ཟླ་བ་གང་ལ་དབྱར་དགུན་གྱི་ཉི་མ་ལྡོག་པའི་ཟླ་བ་གཉིས་པོ་ལ་དབྱར་དགུན་གྱི་ཐ་ཆུངས་དང༌། སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་ཀྱི་ཟླ་བ་གཉིས་པོ་ལ་སྟོན་དཔྱིད་ཀྱི་ཐ་ཆུངས་གཉིས་སུ་ངེས་པར་བཤད་པ་ནི་མི་འཆུག་པའི་གཟེར་ལྟ་བུ་ཡིན་ལ། དེ་ལྟར་བཤད་པ་དེ་ནི་ཚེས་ལོའི་དབང་དུ་བྱས་ཤིང༌། ལྡོག་མཉམ་གྱི་དུས་བཞི་པོ་དེ་ནི་ལོ་རེ་རེ་བཞིན་ཀྱང་དུས་ངེས་པ་ཅན་ཁོ་ན་ཡིན་ཏེ། འཇིག་རྟེན་པས་མཐོང་བ་དང་བསྟུན་ན་ཉི་མ་འཆར་ནུབ་ཀྱི་ས་དང་གྲིབ་ཚོད་ངེས་པ་ཅན་དུ་དམིགས་པའི་ཕྱིར་དང༌། ལུང་ལས་ཀྱང་དགུན་ཉི་ལོག་ནས་དབྱར་ཉི་ལྡོག་ཁའི་བར་སོགས་ལ་ཉིན་ཞག་གི་གྲངས་ངེས་པ་ཅན་བཤད་པ་དེ་དུས་རྟག་ཏུ་མི་འཆུག་པའི་ཕྱིར། ཡང་ཉ་སྐར་གྱི་མིང་ཅན་གྱི་ཟླ་བ་དེ་དང་དེ་ལ་ར་འབྲིང་ལ་སོགས་པའི་མིང་གིས་བཏགས་ནས་བསྒྱུར་བ་དེ་ནི་ཁྱིམ་ཟླ་དབང་བཙན་པར་བྱས་པ་ཡིན་ལ། ཉ་སྐར་ཇི་བཞིན་མ་འགྲིག་ཀྱང་ཚེས་ཟླ་རེ་ཐལ་བ་ན་ར་འབྲིང་ཐ་ཆུངས་གསུམ་དང་སྐར་མའི་མིང་ཅན་གྱི་ཟླ་བ་དེ་ཐལ་བར་མིང་བཏགས་མོད། དེ་ལྟར་ཐལ་ངོ་ཤེས་པ་ནི་མ་ཡིན་ཏེ། ར་འབྲིང་དང་ཉ་སྐར་གྱི་མིང་ཅན་ལ་ནི་ཉིན་ཞག་སུམ་ཅུ་སོ་ཕྱེད་དང་གཅིག་ཏུ་ཉེ་བ་ཞིག་ངེས་པར་དགོས་ལ། ཅིག་ཤོས་ལ་ནི་ཉིན་ཞག་ཕྱེད་དང་སུམ་ཅུས་ཆོག་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། སྡེ་ཚན་ནི་དབྱར་ཉི་གང་ལ་ལྡོག་པའི་མར་ངོ་སྔོན་དུ་འགྲོ་བའི་ཟླ་བ་དེ་ཁྱིམ་ལོའི་དབྱར་ཟླ་འབྲིང་པོ་ཡིན་པར་ངེས་ཀྱང༌། ཚེས་ལོའི་དབྱར་ཐ་ཆུངས་ཡིན་ཏེ། ལུགས་གཉིས་ཀྱི་མར་ངོ་སྔོན་དུ་འགྲོ་བའི་དབྱར་འབྲིང་ལ་སྔ་ཕྱིའི་ཁྱད་ཟླ་བ་གཅིག་ཞུགས་པའི་ཕྱིར། དེས་ན་བསྟན་བཅོས་ལུགས་ཀྱི་དབྱར་འབྲིང་རྫོགས་པའི་ཕྱི་དེ་ཉིན་ཁྱིམ་ལོའི་དབྱར་འབྲིང་གི་ཚེས་གཅིག་ནས་དབྱར་སྔ་མའི་ཁས་ལེན་གྱི་དུས་སོ། །ཡར་ངོ་སྔོན་དུ་འགྲོ་བའི་ཧོར་ཟླ་བཅུ་པ་ཧྲིལ་པོ་ལ་སྟོན་ཟླ་ཐ་ཆུངས་སུ་ངོས་འཛིན་པ་དེ་ནི་རྔ་བོང་གི་དུས་ལས་ཀྱང་ཟླ་བ་གཅིག་གིས་འཕྱི་བར་བྱུང་སྟེ། འཁྲུལ་པ་དུ་མ་སྐྱེད་པའི་གཞི་དང་ཚིག་ལེ་སོགས་འདུལ་བ་ཉི་ཚེ་བ་དག་གི་ལུགས་སོ། །གཉིས་པ་ཡུན་ཇི་ཙམ་ཞིག་ཁས་ལེན་པ་ནི། ཟླ་བ་གསུམ་དུ་ཁས་ལེན་དགོས་པ་ཡིན་ཏེ། དེ་ལྟར་ཁས་ལེན་པ་དེ་སྒྲུབ་པའི་བསླབ་བྱ་ཡིན་པའི་ཕྱིར། གངས་ཅན་པ་ཕྱི་མ་དག ལོ་དུས་ཐམས་ཅད་དུ་ཞག་བཞི་བཅུ་ཞེ་ལྔ་རེ་ལས་ཁས་མི་ལེན་པའི་ངེས་པ་ཅན་བྱས་ནས། ཚིག་ཏུ་ཟླ་བ་གསུམ་དུ་ཁས་ལེན་པར་བྱེད་པ་ནི་མི་འཆགས་ཏེ། ཞེ་འདོད་ལ་དེར་ཁས་ལེན་པའི་བསམ་པ་མེད་པའི་ཕྱིར་དང༌། གསོ་སྦྱོང་གསུམ་ཐལ་ནས་དབྱར་གནས་པར་མ་ནུས་ན་དགག་དབྱེ་བྱེད་པར་བཤད་པའི་དམིགས་བསལ་དེ་སྤྱིར་བཏང་གི་བསྒྲུབ་པའི་བསླབ་བྱར་བྱས་ན་ཧ་ཅང་ཐལ་བའི་ཕྱིར་ཤིན་ཏུ་ནོངས་པ་ཡིན་ནོ། །གསུམ་པ་ནི། ཚེས་བཅོ་ལྔའི་ཉིན་གནས་མལ་སྟོབས་པའི་དགེ་སློང་སྐོ་ཞིང༌། དེས་ཚུལ་ཤིང་ཡང་བྲིམ་པ་ཡིན་པས་ཚུལ་ཤིང་བྲིམ་པ་ལོགས་སུ་བསྐོ་མི་དགོས་སོ། །དེ་སྟོབས་པ་ལ། གནས་མལ་དང༌། གནས་ཁང་གཉིས་ལས། དང་པོ་ནི། ཁྲི་དང་ཁྲིའུ་དང་མལ་སྟན་སོགས་ཡིན་ལ། གཉིས་པ་ནི། རྙེད་པ་དང༌། གོས་ཀྱི་རིན་སོགས་དང་བཅས་པའི་གནས་ཁང་ངོ༌། །གཉིས་པོ་འདི་སྟོབས་རྒྱུ་ཡོད་ན་དེ་སྟོབས་པ་བསྐོ་བ་ཡིན་ལ། མེད་ན་ཚུལ་ཤིང་བྲིམ་པ་ཉིད་བསྐོ་བར་བྱའོ། །བཞི་པ་ནི། ཚུལ་ཤིང་བྲིམ་པར་བསྐོས་པའི་དགེ་སློང་དེས་ཚུལ་ཤིང་དགེ་འདུན་གྱི་འདུན་དུ་བཞག་ནས། ཁྲིམས་སུ་བཅའ་བ་བརྗོད་ནས། ཁྲིམས་དེས་གནས་པར་སྤྲོ་ན་ཚུལ་ཤིང་བླང་ལ། མི་སྤྲོ་ན་བླང་བར་བྱ་བ་མ་ཡིན་ནོ། །ཁྲིམས་སུ་བཅའ་བ་ཇི་ལྟ་བུ་ཞེ་ན། དབྱར་ནང་དུ་ལྟུང་བ་གླེང་དྲན་མི་བྱ་བ་སོགས་འཁྲུག་ལོང་གི་རྒྱུ་བཞི་དང༌། དེའི་འབྲས་བུ་རྩོད་པ་བཞི་འགོག་པ་དང༌། དབྱར་ནང་དུ་ཆད་པས་གཅོད་པར་འོས་པ་དག་ཀྱང་མི་གཅོད་པ་དང༌། དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་མི་སྤྱོད་པ་དང༌། བྱིན་གྱིས་མ་རླབས་པར་མཚམས་ཀྱི་ཕྱི་རོལ་དུ་མི་འགྲོ་བ་སོགས་བརྗོད་པར་བྱ་བ་ཡིན་གྱི། བོད་ཀྱི་འདུལ་འཛིན་མང་པོ། མཁོ་ཞིང་སྤྱད་པར་བྱ་བའི་དངོས་པོ་མྱུར་དུ་བསྐྱལ་བར་བྱ་ཞེས་པ་ནི། ཕྲན་ཚེགས་སུ་སོང་བ་ཁོ་ནར་མ་ཟད། དབྱར་གྱི་ཁྲིམས་བརྗོད་དགོས་པ་རྣམས་མ་བརྗོད་པའི་ཉེས་པ་དང་བཅས་པའོ། །གཉིས་པ་དངོས་གཞི་ལ། དང་པོར་ཁས་བླངས་པའི་ཚུལ། བར་དུ་སྲུང་བའི་ཚུལ། ཇི་བཞིན་སྲུང་བར་མ་ནུས་ན་དམིགས་བསལ་གྱི་དགག་དབྱེ་ཇི་ལྟར་འབྱུང་བ་སོགས་སོ། །དང་པོ་ལ་གཉིས་ཏེ། ཚེས་བཅོ་ལྔའི་ཉིན་དགེ་འདུན་གྱི་ལས་ཇི་ལྟར་བྱ་བ། བཅུ་དྲུག་གི་ཉིན་གང་ཟག་སོ་སོའི་ཁས་ལེན་དངོས་ཇི་ལྟར་བྱ་བའོ། །དང་པོ་ནི་ཚེས་བཅོ་ལྔའི་ཉིན་ཚུལ་ཤིང་བླངས་པའི་དགེ་འདུན་ཐམས་ཅད་འདུས་པ་ལ། གནས་མལ་སྟོབ་པར་བསྐོས་པའི་དགེ་སློང་ལས་གཞན་ཞིག་གིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཐུགས་བསྟུན་པར་བྱའོ། །དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི་དེའི་ཉིན་རང་རང་གི་མཁན་པོ་དང་སློབ་དཔོན་གྱིས་བླང་བར་བྱ་བ་ཡིན་ལ། དེ་ལ་མ་རྟེན་པར་དགེ་ཚུལ་འབའ་ཞིག་པར་གནས་པ་ཚོགས་སུ་ལོངས་ཀྱང་གང་ཟག་རང་དབང་ཅན་དུ་མི་རུང་ངོ༌། །གཉིས་པ་ནི། ཚེས་བཅུ་དྲུག་གི་ཉིན་ཟླ་བ་གསུམ་པོའི་རིང་ལ་རང་ཉིད་གང་དུ་མཚན་མོ་ཉུལ་བའི་གནས་སྟེང་གཡོགས་དང་བཅས་པར་ཁས་ལེན། གང་ཟག་དགེ་སློང་ཁོ་ནའི་མདུན་དུ་ཁས་ལེན། གང་དུ་གནས་པར་ཁས་བླངས་པའི་གནས་དེའི་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་དུ་ཞག་མི་འདའ་བ་ནི་སྤྱིར་བཏང་བ་ཡིན་ལ། དམིགས་ཀྱི་བསལ་བ་ལ། གསོ་སྦྱོང་གཅིག་པའི་གནས་ཡིན་ན་གང་དུ་ཁས་བླངས་པའི་གནས་དེ་ལས་གཞན་དུ་ཞག་འདའ་བར་ཡང་གནང་བ་ཡིན་ཏེ། ཇི་སྐད་དུ། གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་སུ་ནི་དེ་འབྱུང་བ་མེད་དོ། །ཞེས་པས་སོ། །ཡང་ཇི་སྐད་དུ། ཐམས་ཅད་དུ་ནོན་པ་ལ་གནས་ན་གནས་པ་ཉིད་དོ། །ཞེས་དང༌། གཅིག་ཏུ་རྐང་པ་ཡ་གཅིག་ལ། གཅིག་ཏུ་རྐང་པ་ཡ་གཅིག་ན། གཉིས་ཀར་གནས་ཞེས་ཀྱང་གསུངས་སོ། །གཉིས་པ་ཇི་ལྟར་སྲུང་བའི་ཚུལ་ནི། ཇི་སྐད་དུ། བྱིན་གྱིས་མ་རླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་པའི་མཚམས་འདི་ནི་ལས་མཚམས་དང་རྩིག་མཚམས་ལྟ་བུ་ལ་ཟེར་བ་མིན་གྱི། གང་དུ་གནས་པར་ཁས་བླངས་པའི་གནས་དེའི་ཉེ་འཁོར་གྱི་མཚམས་སོ། །གནས་དེ་ལས་མཚམས་རྒྱ་ཆེ་ཆུང་གི་ཁྱད་པར་གང་ཡོད་པ་དེའི་ནང་དུ་གནས་པ་ཙམ་གྱིས་ཆོག་པ་དང༌། ཆོ་གའི་སྒོ་ནས་ཁས་མ་བླངས་ཀྱང༌། མཚམས་ནང་དེ་ཉིད་དུ་དབྱར་ཟླ་བ་གསུམ་གནས་ན་དབྱར་གནས་པའི་གོ་ཆོད་པ་དང་ཕན་ཡོན་འབྱུང་བར་བཤད་པ་ལ་དཔགས་ནས་གོང་དུ་བཤད་པ་ལྟར་བྱས་སོ། །དབྱར་བྱིན་གྱིས་བརླབས་ནས་ཕྱི་རོལ་དུ་འགྲོ་བའི་དུས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། གང་ཟག་སྒོས་ཀྱི་དོན་དུ་ཞག་བདུན་བྱིན་གྱིས་བརླབས་ནས་ཕྱི་རོལ་དུ་འགྲོ་བ་དང༌། དགེ་འདུན་གྱི་དོན་དུ་ཞག་བཞི་བཅུར་འགྲོ་བའི་གནང་བ་ཐོབ་ན་དེ་ལྟར་ཐོབ་པ་དེས་བཞི་བཅུ་མན་ཆད་ཅི་རིགས་པར་བྱིན་གྱིས་བརླབས་ནས་ཕྱི་རོལ་དུ་འགྲོ་བ་གཉིས་བཤད་ལ། ཞག་བཞི་བཅུ་ལས་ལྷག་པ་ཕྱི་རོལ་དུ་གནས་པར་མ་བཤད་ཅིང༌། ཞག་བདུན་བྱིན་གྱིས་རློབ་པ་ནི། ལན་གྲངས་དུ་མར་རུང་མོད། ཐམས་ཅད་སྡོམས་པ་ལ་ཞག་བཞི་བཅུ་ལས་ལྷག་པ་མི་རུང་བར་མངོན་ནོ། །དེའི་ཕྱིར་ཟླ་བ་གསུམ་དུ་ཁས་བླངས་ནས་ཞག་ལྔ་བཅུར་གནས་ན་དབྱར་གྱི་ཕན་ཡོན་མཐའ་དག་འབྱུང་བར་དོན་གྱིས་འཐོབ་བོ། །དགག་དབྱེ་འབྱུང་བའི་མཐའི་ཞག་དྲུག་ལ་བྱིན་གྱིས་བརླབས་པ་མི་འཆགས་པར་བཤད་པའི་དོན། དུས་དེར་ཞག་གཅིག་དང་གཉིས་ཙམ་གྱི་བྱིན་རླབས་མི་འཆགས་པར་འདོད་པའི་ལུགས་དང༌། ཞག་བདུན་བྱིན་གྱིས་བརླབས་ནས་ཞག་གཅིག་ནས་དྲུག་གི་བར་ཅི་རིགས་པ་བསྡད་ཆོག་པ་ཅི་ཡོད་པ་དེ་མི་འཆགས་པར་འདོད་པའི་ལུགས་གཉིས་ཡོད་དོ། །ཟླ་བ་གསུམ་དུ་གནས་པར་མ་ནུས་པའི་དམིགས་བསལ་ནི། དགེ་འདུན་ཐམས་ཅད་དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་དུས་མིན་དུ་བྱ་བ་དང༌། གང་ཟག་རེ་རེ་བས་གནས་པར་མ་ནུས་ན་ཚོགས་ཀྱི་དགག་དབྱེ་གོ་བར་བྱ་བ་དང༌། དགེ་སློང་འཐབ་དཀྲོལ་ཅན་འོངས་པའི་རྐྱེན་གྱིས་གསོ་སྦྱོང་གཉིས་སམ་གསུམ་ཐོན་ནས་དགག་དབྱེ་བྱ་བ་དང༌། ཡང་དེ་འདྲའི་རྐྱེན་གྱིས་དབྱར་སྔ་མ་ཉིད་མི་སྲུང་བ་དང༌། ཕྱི་མ་ཉིད་ལ་ཡང་ཟླ་བ་གཉིས་ལས་ལྷག་པ་མི་སྲུང་བ་སོགས་བཤད་དོ། །དབྱར་གནས་པའི་ཕན་ཡོན་ནི་ཤིན་ཏུ་མང་བ་ཡིན་ཏེ། འཕྱ་དང་སྲོག་ཆགས་གནོད་སྤོང་དང༌། །ལུས་སྲོག་གནོད་སྤོང་རལ་འགྲུམས་འཆོས། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་བརྐྱང་འབྱུང་བའོ། །ཞེས་འཆད་ཅིང༌། སྲ་རྐྱང་ལ་ཡང་ཕན་ཡོན་བཅུ་ལ་སོགས་པ་དེ་ལས་འཕྲོས་པ་དག་ཀྱང་བཤད་ཅིང༌། དབྱར་ནང་དུ་བརྩོད་པ་མེད་པ་དང༌། དེ་ལས་དགེ་འདུན་དབྱེ་བ་ལ་སོགས་པའི་ཉེས་དམིགས་མང་པོ་ཁེགས་པར་འགྱུར་བ་དང༌། དབྱར་གྱི་རྙེད་པས་དགེ་འདུན་ཆོས་དང་མཐུན་པར་འཚོ་བ་ལ་སོགས་པ་འབྱུང་བ་དང༌། དབྱར་མེད་ན་དགག་དབྱེ་མི་འབྱུང་ལ། དགག་དབྱེ་ལས་ནི་བསླབ་པ་ཡོངས་སུ་སྦྱང་བའི་ཡོན་ཏན་ཆེས་ཤིན་ཏུ་མང་པོ་བ་དེ་དག་ཁོ་ནར་མ་ཟད་ལྟུང་བ་གླེང་བའི་སྐབས་རིགས་པར་ཕྱེ་བ་ཡིན་པས་ལྟུང་ཕྱིར་གྱི་རྩོད་པ་མི་འབྱུང་བ་དང༌། དེ་ལས་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་དང༌། མ་མཐོང་གནས་དབྱུང་ནན་ཏུར་མི་འབྱུང་བ་ལ་སོགས་པའི་ཕན་ཡོན་ཤིན་ཏུ་མང་ངོ༌། །གསུམ་པ་དགག་དབྱེའི་གཞི་ལ། དངོས་དང༌། དེ་ལ་འཕྲོས་ནས་སྲ་རྐྱང་གཞིའི་རྣམ་པར་བཞག་པ་མདོ་ཙམ་མོ། །དང་པོ་ལ། སྦྱོར་བ་དང༌། དངོས་གཞིའི་གཉིས། དང་པོ་ནི་ཞག་ལྔའམ་དྲུག་ནས་གཙུག་ལག་ཁང་བརྒྱན་པ་དང༌། མཆོད་རྟེན་གསོ་བ་དང༌། མཚན་ཐོག་ཐག་ཆོས་འཆད་པའི་སེང་གེའི་ཁྲི་བརྒྱན་པ་དང༌། ཁྱིམ་པ་བསོད་ནམས་སྤེལ་བའི་ཕྱིར་སྤྱོད་ཡུལ་དུ་བརྗོད་པ་རྣམས་བྱ་བ་དང༌། བཅུ་བཞིའི་མཚན་མོ་སྡེ་སྣོད་འཛིན་པ་ལ་གསོལ་བ་བཏབ་ནས་མཚན་ཐོག་ཐག་ཆོས་མཉན་པ་སྦྱིན་པ་དང༌། ཚེས་བཅོ་ལྔའི་ཉིན་དགག་དབྱེའི་ལས་དངོས་གཞིའི་མཐའ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་རྣམས་བྱའོ། །གཉིས་པ་དངོས་གཞི་ལ། དུས་ནམ་གྱི་ཚེ་བྱ་བ་ནི་ཚེས་བཅུ་དྲུག་གི་སྐྱ་རེངས་མ་ཤར་གོང་དུ་བྱ། ཡུལ་གང་ལ་བྱ་བ་ནི་དགེ་འདུན་ལའོ། །ཡུལ་དེ་ཡང་མཚམས་ནང་གཅིག་ན་ཡོད་པ་དང༌། དབྱར་གནས་གཅིག་ཏུ་གནས་པ་ནི་མི་དགོས་ཏེ། ཇི་སྐད་དུ། བྱིན་གྱིས་བརླབས་ཏེ་སོང་བས་དེར་སྔར་དགག་དབྱེ་བྱེད་པ་ནི། དེ་དག་དང་ལྷན་ཅིག་བྱས་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །ཞེས་སོ། །ཡུལ་བུད་མེད་ལ་བྱས་པས་ཆོག་པ་ནི་མ་ཡིན་ཏེ། ཇི་སྐད་དུ། བུད་མེད་ལ་ནི་མ་ཡིན་ནོ། །ཞེས་སོ། །ཡུལ་དེ་ལ་ཇི་ལྟར་བྱེད་པ་ནི། དགེ་འདུན་གྱི་དགག་དབྱེ་བྱེད་པ་པོ་ཇི་ཙམ་དགོས་པ་བསྐོ་བ་དང༌། དེས་རྩྭ་དུར་བ་འབྲིམ་པ་དང༌། འབྲིམ་ནས་དགེ་སློང་རེ་རེའི་མདུན་དུ་འདུག་པ་དང༌། འདུག་པ་དེ་ལ་གྲལ་ན་འཁོད་པ་རྣམས་ཀྱིས་དགག་དབྱེ་ལན་གསུམ་དུ་གོ་བར་བྱའོ། །དེའི་འོག་ཏུ་དགེ་ཚུལ་རྣམས་དང་དགེ་སློང་མ་ལ་སོགས་པ་ཡང་དེ་ལྟར་བྱ་བའོ། །གསུམ་པ་འཇུག་གི་བྱ་བ་ལ། དགག་དབྱེ་ལེགས་པར་བྱས་པ་དགེ་འདུན་ལ་གོ་བར་བྱ་བ་དང༌། རྫས་ཀྱི་དགག་དབྱེ་བྱ་བའོ། །དང་པོའི་དགོས་པ་ནི། ཐམས་ཅད་ཀྱིས་ཐམས་ཅད་ལ་ལྟུང་བ་གླེང་དྲན་གྱི་སྐབས་བྱ་བར་གོ་བ་ཡིན་ལ། གཉིས་པའི་དགོས་པ་ནི་དེ་ལྟར་སྐབས་ཕྱེ་བ་དེ་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་ཉིད་དུ་གོ་བའོ། །དེ་ལྟར་སྤྱིར་བཏང་ནས་དམིགས་བསལ་གྱི་དགག་དབྱེ་བྱ་བ་ནི། རྐྱེན་གློ་བུར་བའི་དབང་གིས་དབྱར་གནས་པར་མ་ནུས་ན་ཉེ་ལམ་དུ་གང་གྱུར་པའི་དགེ་སློང་གཅིག་ལ་དགག་དབྱེ་གོ་བར་བྱ་བ་དང༌། དགག་དབྱེ་དུས་ལ་མ་བབ་པར་ཆོས་ལྡན་གྱི་བྱ་བས་གཞན་དུ་འགྲོ་དགོས་པ་བྱུང་ན་དགེ་འདུན་ལ་གསོལ་ཞིང༌། དེས་ཀྱང་བྱེད་པ་པོ་ཞིག་བསྐོས་ནས་དེའི་མདུན་དུ་དགག་དབྱེ་ཚུལ་བཞིན་དུ་བྱ་བའོ། །ཡང་ཐབ་དཀྲོལ་བྱེད་པའི་རྐྱེན་གྱིས་དགག་དབྱེ་དུས་ཀྱི་འོག་རོལ་དུ་བྱེད་དགོས་པ་ཡང་སྲིད་ལ། དེའི་ཚེ་དབྱར་གནས་པ་ཐམས་ཅད་ལྷན་ཅིག་ཏུ་ཚོགས་པའམ། མ་ཚོགས་པ་སོ་སོར་བྱས་ཀྱང་འགལ་བ་མེད་དོ། །དེ་དག་ནི་དུས་ཀྱི་དམིགས་བསལ་ཡིན་ལ། དངོས་པོའི་དམིགས་བསལ་ནི། གཞི་དང་གང་ཟག་གང་རུང་རེ་རེའམ་གཉིས་ཀ་བཞག་པའི་དགག་དབྱེ་བྱར་རུང་བར་བཤད་ལ། དེའི་དོན་ནི། གཞི་ནི་ལྟུང་བའི་རྐང་གྲངས་གང་ཡང་རུང་བ། དེ་ནས་མ་གླེང་གཞན་ནས་གླེང་ཞེས་པ་ལྟ་བུ་ཡིན་ལ། གང་ཟག་ནི་གང་ལ་བརྟེན་ནས་ལྟུང་བ་བྱུང་བའི་ཡུལ་དེ་དང་དེ་ཞེས་བྱ་བ་ལས་བརྩམས་ནས་མ་གླེང་གཞན་ལས་གླེངས་ཤིག་ཅེས་ཟེར་བའམ། ཡང་ན་དགག་དབྱེ་བྱེད་པ་པོ་འདི་ཞེས་བྱ་བས་མ་གླེང་གཞན་གྱིས་གླེངས་ཞེས་འཆད་པའི་ལུགས་གཉིས་ཡོད་ལ། གང་ལྟར་ཡང༌། དེ་འདྲའི་དགག་དབྱེ་དེ་དགེ་འདུན་གྱི་ནོད་དུ་རུང་བ་ཡིན་ཏེ། གང་མ་བཞག་པ་དེ་ནས་གླེངས་པས་ཆོག་པའི་ཕྱིར། དེའི་ཚེ་ཡང་ཕམ་པ་ནས་མ་གླེངས་ཤིག་ཅེས་ཟེར་བ་ནི་མི་རུང་སྟེ། ཇི་སྐད་དུ། བཞག་པར་བྱ་བ་མཐའ་མ་གཏོགས་པ་ཉིད་ཁས་བླང་བར་བྱའོ། །ཞེས་སོ། །འཐབ་དཀྲོལ་ཅན་འོངས་པའི་རྐྱེན་གྱིས་དགག་དབྱེ་དུས་མིན་དུ་བྱ་བ་ཅི་ཞེ་ན། ཆོས་རྣམ་པར་གཏན་ལ་འབེབས་པའི་རྩོད་པ་དང༌། ལྟུང་ཕྱིར་གྱི་རྩོད་པའི་རྐྱེན་གྱིས་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པའོ། །འཐབ་དཀྲོལ་ཅན་གློ་བུར་དུ་འོང་བ་ལ་དེ་ལྟར་ཡིན་མོད། དབྱར་གྱི་ནང་ན་འཐབ་དཀྲོལ་ཅན་ཡོད་པ་ལ་ཇི་ལྟར་བྱ་ཞེ་ན། དེ་ལ་ནི་ཚོགས་ཀྱི་དགག་དབྱེ་གོ་བར་བྱ་བའམ། དགག་དབྱེ་མ་བྱས་པར་གཞན་དུ་ཕྱིན་པས་ཀྱང་ཆོག་པར་མངོན་ཏེ། ཇི་སྐད་དུ། གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ། །ཕྱི་མ་ལ་ཡང་ཟླ་བ་གཉིས་ལས་ལྷག་པའི་འོ། །ཞེས་པ་དང་མཐུན་ནོ། །དེ་ལྟར་ན་འཐབ་དཀྲོལ་ཅན་ལ་དགག་དབྱེ་མི་འབྱུང་བར་འགྱུར་ལ། དེ་ལྟ་ན་རྒྱུ་དབྱར་གནས་པ་དང༌། བྱེད་པ་གསོ་སྦྱོང་དག་ཀྱང་མི་འབྱུང་བར་འགྱུར་རོ་སྙམ་ན། དངོས་སུ་གསལ་བར་མ་གསུངས་ཀྱང་མཚུངས་པར་མངོན་ཏེ། འཐབ་དཀྲོལ་ཅན་ཞེས་པ་ནི་རྩོད་པ་ལ་དགའ་བ་ཡིན་ལ། དངོས་པོ་དེ་བཞིན་ཉིད་ལ་ལོག་སྒྲུབ་དང༌། ལྟུང་ཕྱིར་གྱི་རྩོད་པ་འབྱུང་བའི་སྒོ་ནི་དགག་དབྱེའི་དུས་ཤས་ཆེ་བ་ཡིན་མོད། ལས་ལ་མཐུན་པ་མི་སྦྱིན་པའི་རྩོད་པ་ནི་དབྱར་དང་གསོ་སྦྱོང་ལ་སོགས་པའི་ཚེ་ཡང་འབྱུང་བའི་སྒོ་ཡོད་པའི་ཕྱིར། དེ་ལྟ་ན་ཡང་དགེ་སློང་དེ་དབྱར་གནས་པ་དང་དགག་དབྱེ་སོགས་བྱས་ན་མི་འཆགས་པའམ་འཆགས་ཀྱང་ཉམས་སུ་མྱོང་མི་རུང་བ་ནི་མ་ཡིན་ཏེ། དེ་ལ་ཡང་ཚུལ་ཁྲིམས་རྣམ་པར་དག་པ་དག་སྲིད་པས་ཁ་སྐོང་གི་ཆོས་དང་ལྡན་པའི་ཕྱིར། ཡང་དེ་ལ་དབྱར་གནས་པ་བྱུང་བའི་ཚེ། དེ་ལས་ལ་མཐུན་པ་མ་སྦྱིན་ན་གསོ་སྦྱོང་དུས་ལས་ཡོལ་བར་བྱེད་དགོས་སམ་ཞེ་ན། དེའི་ཚེ་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་གསོ་སྦྱོང་ལ་སོགས་པའི་ལས་གང་ཡིན་བྱེད་དགོས་ལ། དེའི་ཚེ་གནས་ལ་བློ་མཐུན་བྱས་པ་ནི་མ་ཡིན་མོད། དེ་ཙམ་གྱིས་ལས་འཆགས་པ་ལ་གནོད་པ་མ་ཡིན་ནོ། །དེ་ནས་མཚམས་ནང་དུ་འོངས་ཏེ་རྩོད་པ་ཞི་བྱེད་ཀྱི་ཆོས་རྣམས་བྱའོ། །དེ་ནས་འདི་ལྟར་དཔྱད་དེ། དགེ་སློང་གཅིག་པུ་ཞིག་ལ། དབྱར་དང༌། དགག་དབྱེ་དང་སྲ་བརྐྱང་འདིངས་བ་རྣམས་འབྱུང་བ་དག་ཡོད་དམ་ཞེ་ན། དེ་ནི་ངེས་པར་འབྱུང་བ་ཡོད་དེ། རྐྱེན་ཆོ་ག་ལ་མ་ལྟོས་པར་བདག་ཉིད་གཅིག་པུས་དམ་བཅས་ནས་དབྱར་གྱི་ཕན་ཡོན་ཇི་སྙེད་པ་འབྱུང་བ་དང༌། གསོ་སྦྱོང་གི་ཚེ་གཞན་དུ་འགྲོ་བའམ་གློ་བུར་དུ་ལྷགས་པས་འགྲུབ་པ་དང༌། གཅིག་པུ་དབྱར་གནས་པའི་རྙེད་པ་དགེ་འདུན་ལ་འབུལ་ལོ་ཞེས་བྱས། དེའི་ཚེ་གཞན་ནས་འོངས་པའི་དགེ་སློང་དག་གིས་ཁ་སྐང་སྟེ། བཏིང་ན་གཅིག་བུ་དེའི་སྲ་བརྐྱང་དུ་བཏིང་བའི་གོ་ཆོད་པ་དང༌། དེའི་རྙེད་པ་དང་ཕན་ཡོན་དགེ་སློང་གཅིག་བུ་དེའི་ཡིན་པ་ཉིད་དུ་ལུང་ལས་བཤད་པར་སྣང་ངོ༌། །དེ་དུས་ཀྱི་དགེ་སློང་གཅིག་བུ་དེ་ལ་གཙུག་ལག་ཁང་གཞན་ན་ཡོད་པའི་དགེ་སློང་གིས་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པའི་ལས་བྱས་པ་ན་གཞན་ནས་བྱུང་བའི་རྙེད་པ་དེས་གཅིག་བུ་དེའི་སྲ་རྐྱང་གི་རྒྱུ་རུང་བར་མངོན་ཏེ། དེ་ཉིད་ཀྱིས་དབྱར་གནས་པར་ཁས་བླངས་པའི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་གྱི་གནས་ཁང་དང་གློ་བུར་གྱི་རྙེད་པ་སོགས་གང་ཡང་མ་ཡིན་པའི་ཕྱིར། ཞེས་བརྟག་པར་བྱའོ། །གཉིས་པ་དབྱར་གནས་ཀྱི་ཕན་ཡོན་ལ་འཕྲོས་པ་སྲ་རྐྱང་གི་གཞི་ལ་གཉིས་ཏེ། སྲ་རྐྱང་བཏིང་བའི་ཕན་ཡོན་དང༌། ཕན་ཡོན་ཅན་གྱིས་སྲ་རྐྱང་འདིང་བའི་ཚུལ་ལོ། །དང་པོ་ནི། འཆང་འབྲལ་འཇོག་གསུམ་དང༌། ཡང་ཟ་དང༌། འདུས་ཟ་དང༌། མ་སྨྲས་པར་གྲོང་དུ་འགྲོ་བ་དང༌། གོས་སློང་བའི་ཉེས་པ་རྣམས་ཁེགས་ཤིང༌། མཚམས་ཀྱི་ཕྱི་རོལ་དུ་སོང་ཡང་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བ་སྟེ་གཙོ་བོ་བརྒྱད་དང་སྔ་མ་དག་གི་ནང་དུ་ཕལ་ཆེར་འདུས་པ་གཉིས་ཏེ་བཅུའོ། །གཉིས་ནི། རུང་བ་མ་བྱས་པའི་གོས་འཆང་བ་དང༌། སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་ལྟུང་བ་མི་འབྱུང་བའོ། །དེ་དག་ནི་ལུས་སེམས་བདེ་བར་གནས་པའི་ཕན་ཡོན་ཡིན་ལ། དེ་ལ་གཞན་བསྡུ་བ་དང་སྦྱིན་པར་བྱ་བའི་ཆོས་བཤམས་པ་ལ་ལོངས་སྤྱད་པའི་དགོས་པ་ཡང་ཡོད་དོ། །དང་པོ་ནི། སྲ་རྐྱང་བཏིང་བས་མཚམས་དང་རྙེད་པ་གཅིག་ཏུ་བྱས་པ་དང༌། འབྲས་བུ་སྲ་བརྐྱང་གི་ཕན་ཡོན་མཐོང་ནས་རྒྱུ་དབྱར་གནས་ལ་འཇུག་པར་འགྱུར་བའོ། །གཉིས་པ་ནི། དབྱར་རྙེད་ཀྱི་གོས་ཕྲུགས་གཅིག་དབྱར་གནས་དེར་གཏོགས་ཀྱི་དགེ་འདུན་ཐམས་ཅད་ཀྱི་ཆོས་གོས་སུ་བྱས་པའོ། །གཉིས་པ་ལ། གང་ཟག་གིས་གདིང་བ། དངོས་པོ་གང་གདིང་བ། གནས་གང་དུ་གདིང་བ། དུས་ནམ་གྱི་ཚེ་དང་ཡུན་ཇི་སྲིད་ཅིག་གདིང་བ། ཆོ་ག་ཇི་ལྟ་བུས་གདིང་བའོ། །དང་པོ་ནི། གང་ཟག་ཆོས་བཅུ་གཅིག་དང་ལྡན་པ་དག་གིས་ཏེ། དབྱར་གནས་པར་ཁས་བླངས་པ་དང༌། དབྱར་མ་རལ་བ་དང་དབྱར་སྔ་མར་ཁས་བླངས་པ་དང༌། གནས་འདི་ཉིད་དུ་ཁས་བླངས་པ་དང༌། ས་གཞན་དག་ན་གནས་པ་མ་ཡིན་པ་དང༌། དེ་དག་འཐོབ་པ་མ་ཡིན་པ་དང༌། ལྟ་བ་དང་མཚན་མཐུན་པ་དང༌། བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་རྣམས་སོ། །བསྙེན་པ་མ་རྫོགས་པ་ལ་ནི་གདིང་བ་མི་འབྱུང་སྟེ། འཆང་འབྲལ་ལ་སོགས་པའི་ཕན་ཡོན་ལ་མི་ལྟོས་པ་དང༌། དགེ་སློང་དང་ཚོགས་པ་ཐ་དད་པས་དངོས་པོ་གཅིག་ཏུ་བྱས་ནས་གདིང་བ་མི་འབྱུང་ཞིང་དགེ་ཚུལ་འབའ་ཞིག་ལ་མི་འཆགས་པའི་ཕྱིར། ས་གཞན་ན་གནས་པ་ལ་མི་འབྱུང་བ་ཡང༌། རང་བཞིན་དུ་གནས་པ་དང་ཚོགས་པ་ཐ་དད་པའི་རྒྱུ་མཚན་ལས་དང༌། གནང་བ་བག་ཡངས་ནི་དགེ་སློང་རྣམ་དག་ལ་ཡིན་གྱི། མ་དག་པ་ལ་མ་ཡིན་པའི་ཕྱིར་དང༌། གདིང་བ་མི་འབྱུང་བ་ནི་ས་གཞན་ན་གནས་པ་དག་གི་ཆད་ལས་ཀྱང་ཡིན་པའི་ཕྱིར། འོ་ན་དགེ་ཚུལ་ནི་རྙེད་པ་དབང་ངོ༌། །ཞེས་དང༌། ས་གཞན་ན་གནས་པ་ཡང་སྲ་བརྐྱང་གི་རྙེད་པ་དབང་བར་བཤད་པ་ཅི་ཞེ་ན། སྲ་རྐྱང་དུ་བཏིང་བའི་ཆོས་གོས་དེ་དགེ་ཚུལ་སོགས་དང་དབྱར་གྱི་རྙེད་པ་ཐུན་མོང་བ་ཡིན་པ་ལ་དགོངས་སོ་ཞེས་བྱ་འདུལ་བ་གསུང་ངོ༌། །ལ་ལ་དབྱར་རྙེད་དབང་བའི་དོན་ནོ་ཞེས་འཆད་པ་ནི་མ་ཡིན་ཏེ། དེ་ལ་དོགས་པ་ཅང་མི་དགོས་པའི་ཕྱིར། ཞུ་བར་དེ་དག་ལ་གདིང་བ་འབྱུང་བར་གསུངས་པ་ནི། དགེ་སློང་གི་དུས་སུ་དབྱར་ཁས་མ་བླངས་ཀྱང༌། དགེ་ཚུལ་གྱི་དུས་སུ་ཁས་བླངས་པ་ཞིག་དབྱར་ནང་དེར་བསྙེན་པར་རྫོགས་པ་ལ་དགོངས་པ་དང༌། རལ་བ་ལ་འབྱུང་བར་གསུངས་པ་ནི་དབྱར་ཕལ་ཆེར་གནས་ནས་རལ་བ་ལ་དགོངས་པ་དང༌། ཕྱི་མར་གནས་པ་ལ་འབྱུང་བ་ནི་དགེ་འདུན་ཐམས་ཅད་ཀྱིས་ཕྱི་མར་གནས་པ་ཁས་བླངས་པ་ལ་དགོངས་པ་དང༌། མཚམས་གཞན་ན་གནས་པ་ལ་འབྱུང་བར་གསུངས་པ་ནི། འདིང་བའི་ཚེ་མཚམས་ཆེན་གཅིག་ཏུ་བྱས་ནས། ཐམས་ཅད་ཀྱི་དབྱར་རྙེད་དགེ་འདུན་ལ་ཕུལ་ནས་བཏིང་བ་ལ་དགོངས་པ་དང༌། ས་གཞན་དུ་གནས་པ་ལ་གདིང་བ་འབྱུང་བར་བཤད་པ་ནི། དབྱར་ནང་དུ་དེར་གནས་པ་འདིང་བའི་ཚེ་འབྱུང་བ་ཐོབ་པ་ལ་དགོངས་སོ། །དངོས་པོ་གང་གདིང་བ་ནི། དབྱར་རྙེད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ། དེ་ཡང་གོས་ཀྱི་རྙེད་པ་ཡིན་གྱི། ཟས་དང་མཁར་ལེན་ལ་སོགས་པའི་རྙེད་པ་མ་ཡིན་པ། དགེ་འདུན་དབང་བ། རུང་ཚད་ལྡན། གསུམ་ཕྲུགས་གཅིག་ཡན་ཆད་དུ་ཚང་བའོ། །གནས་ནི། གང་དུ་དབྱར་གནས་པར་ཁས་བླངས་པའི་གནས་དེའམ། འདིངས་བའི་ཚེ་དེ་དང་མཚམས་གཅིག་ཏུ་བྱས་པའི་གནས་དེར་ཡང་རུང་ངོ༌། །བྱེད་པ་པོ་གང་གིས་ན། འདིངས་བ་ལ་གནས་པའི་དགེ་སློང་གིས་སོ། །དུས་ནམ་གྱི་ཚེ་ན། དབྱར་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའམ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ལའོ། །དུས་ནི་ཟླ་བ་ལྔ་སྟེ། དཔྱིད་ཟླ་རྭ་བའི་ཚེས་བཅོ་ལྔ་ལ་དབྱུང་བའི་དུས་སུ་བཤད་པ་དང་ཚིག་ལེར། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་གདིང་བའི་དུས་སུ་བཤད། །ཅེས་སོ། །འདིར་ཡང་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ཡིན་ཏེ། དེ་ནས་སྨིན་དྲུག་གི་ཟླ་བའི་མགོ་འཛིན་པའི་ཕྱིར། འདི་ཡང་དབྱར་ཕྱི་མའི་དབང་དུ་བྱས་ལ། སྔ་མའི་དབང་དུ་བྱས་ན་ཧོར་ཟླ་བརྒྱད་པའི་བཅུ་དྲུག་ནས་འཛིན་པ་ཡིན་ཏེ། སྟོན་ཟླ་འབྲིང་པོ་ནི་ཧོར་ཟླ་བརྒྱད་པ་ལ་ངོས་འཛིན་དགོས་པའི་ཕྱིར། ཆོ་ག་ཇི་ལྟ་བུས་གདིང་བ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི། མཇུག་གོ །དང་པོ་ལ། དགེ་འདུན་གྱི་དང༌། བསྐོས་པའི་སྦྱོར་བའོ། །དང་པོ་ནི། འདིངས་རྒྱུའི་ཆོས་གོས་གསུམ་ཕྲུགས་དེ་དབྱར་ནང་གི་ཉི་མ་གང་ལ་གྲུབ་པ་དེ་ནས་ཞག་མ་ལོན་པར་ཚོགས་པས་དེ་དེར་གདིང་ངོ་ཞེས་མོས་པ་དང༌། མཚམས་ཀྱི་ནང་དུ་གསོལ་བ་དང་གཉིས་ཀྱིས་སྲ་བརྐྱང་ལ་བློ་མཐུན་པར་བྱ་བ་དང༌། སྲ་བརྐྱང་འདིངས་བ་བསྐོ་བ་དང༌། གསོལ་བ་བྱས་ཏེ་དེ་ལ་གཏད་པ་དང༌། འདིངས་པའི་ཉིན་མོ་སོ་སོའི་ཆོས་གོས་ཀྱི་བྱིན་རླབས་སྔགས་ཀྱི་དབྱུང་བའོ། །བསྐོས་པ་དེའི་སྦྱོར་བ་ནི། བཀྲུ་བ་དང་དྲུབ་པ་སོགས་སྔོན་དུ་བཏང་ནས་སེམས་བསྐྱེད་པ་གསུམ་བྱ་བ་དང༌། ཉི་མ་སྔ་མ་ལ་ཚོགས་པ་ལ་བརྗོད་པ་དང༌། འདིངས་པའི་ཉིན་འདུ་བའི་སྐབས་རྗེས་སུ་སྒྲུབ་བའོ། །དངོས་གཞི་ནི། བསྐོས་པས་སྲ་བརྐྱང་ཐོགས་ཏེ། རྒན་རིམ་དུ་འདུག་ནས་ལན་གསུམ་བརྗོད་པ་དང༌། དགེ་འདུན་གྱིས་ཀྱང་ཉམས་སུ་མྱོང་ནས་རྗེས་སུ་ཡིད་རང་བར་བྱ་བའོ། །མཇུག་ནི། བསྐོས་པས་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ། བཏིང་ངོ་ཞེས་ལན་གསུམ་བརྗོད་ཅིང༌། དགེ་འདུན་གྱིས་རྗེས་སུ་ཡིད་རང་བར་བྱ་བའོ། །དེ་ལྟར་གདིང་བའི་ཆོ་ག་བཤད་ནས། བརྐྱང་བའི་ཚུལ་ནི། དུས་དུས་སུ་གསེང་བ་སོགས་དང༌། སྲ་བརྐྱང་འདིང་བ་ལ་བསྐོས་པ་དེས་ཞག་གིས་བར་དུ་ཆོད་པར་མི་འབྲལ་བ་དང༌། ཁྱེར་ཏེ་གཞན་དུ་མི་འགྲོ་བ་དང༌། བསྲུངས་མ་དགེ་སློང་གཅིག་ཙམ་ཡང་མེད་པར་མི་བཞག་པ་སོགས་སོ། །གསུམ་པ་དབྱུང་བའི་ཚུལ་ལ་གཉིས་ཏེ། རང་འཇུག་འབྲལ་གྱི་དབྱུང་བ་དང༌། བཅོས་མའི་དབྱུང་བའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་མཐའ་དག་གི་དང༌། གང་ཟག་སོ་སོའི་འོ། །དང་པོ་ལ་དྲུག་སྟེ། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་ན་ཞག་མ་ལོན་ཀྱང་བྱིན་རླབས་འཇིག་པ་དང༌། བྱིན་གྱིས་རློབ་པ་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང༌། འཕེན་པ་ཟད་པ་དང༌། དུས་ལ་མི་ལྟོས་པ་སྐྱེས་པ་དང༌། རྟེན་ཞིག་པ་དང༌། བྱེད་པ་པོ་ཉམས་པའོ། །ཕྱི་རོལ་འདི་ཡང་བཏིང་བའི་ཕྱི་རོལ་དུ་ཕྱིན་ཀྱང་ཡོད་པའི་ཕྱི་རོལ་དུ་མ་ཕྱིན་ན་དེར་མི་འགྱུར་བ་དང༌། ཡང་ཡོད་པའི་ཕྱི་རོལ་དུ་ཕྱིན་ཀྱང་བཏིང་མཚམས་ཀྱི་ཕྱི་རོལ་དུ་མ་ཕྱིན་ན་དེར་མི་འགྱུར་བ་ནི་གཞུང་ནས་འབྱུང་ངོ༌། །སོ་སོའི་འཇུག་བྲལ་ལ་བཞི་སྟེ། སྦྱོར་བས་འགྲོ་བ་དང༌། ངེས་པར་བྱེད་པ་དང༌། མཚམས་ལས་འདས་པ་དང༌། ཐོས་པ་ལས་བྱུང་བའོ། །དང་པོ་ནི། མཚམས་ནང་དུ་ཕྱིར་མི་འོང་བའི་སྦྱོར་བས་འགྲོ་བ་ཡིན་ལ། དེ་ལ་བཞི་སྟེ། ཆོས་གོས་བྱ་བའི་བསམ་པ་མེད་ན་འབྲེལ་བ་མེད་པའི་མ་དང༌། དེ་ཡོད་ན་འབྲལ་བཅས་ཀྱི་མར་འཇོག་ལ། དེ་ལ་གསུམ་སྟེ། བྱེད་པར་འགྱུར་བ་མཐར་ཐུག་པ་དང༌། བརྩམས་པ་ཞིག་པ་དང༌། བསམ་པ་རྒྱུན་ཆད་པའོ། །ངེས་པར་བྱེད་པ་ནི། མཚམས་ཀྱི་ཕྱི་རོལ་དུ་སླེབ་རྟིང་ཕྱིར་མི་འོང་བའི་སེམས་ཀྱིས་ངེས་པར་བྱེད་པ་སྟེ། དེ་ལ་ཡང་སྔ་མ་ལྟར་བཞིའོ། །མཚམས་ལས་འདའ་བ་ནི། ནང་ནས་འགྲོ་བའི་ཚེ་ཡིད་གཉིས་ཀྱིས་འདའ་བ་དང༌། ཕྱིར་སླེབས་ནས་ཡིད་གཉིས་སྐྱེས་པ་སྟེ་གཉིས་ཀ་ལ་སྔ་མ་བཞིན་དུ་བཞི་བཞི་སྦྱར་བས་བརྒྱད་དོ། །ཐོས་པ་ལས་བྱུང་བ་ནི་སྲ་རྐྱང་དུས་ཀྱི་སྔ་རོལ་དུ་ཕྱུང་བའི་དབང་དུ་བྱས་པ་ཡིན་ལ། བཏིང་ནས་དེ་ལྟར་འབྱིན་པ་ཉམས་སུ་མ་མྱོང་བས་ཐོས་པའི་ཚེ་རང་འཇུག་བྲལ་དུ་འགྱུར་ལ། འདི་ལ་ཡང་མཚམས་ཀྱི་ནང་དུ་ཐོས་པ་ལ་བཞི་དང༌། ཕྱི་རོལ་དུ་ཐོས་པ་ལ་བཞི་སྟེ། སྔ་མ་བཞིན་དུ་སྦྱར་བས་མ་ལྟ་བུའི་ཚིག་ཉི་ཤུ་རྩ་བཞིའོ། །དེ་ལྟར་འཆད་པ་འདི་ཡང་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་པའི་ཚུལ་ལས་ཕྱེ་བའོ། །བཅོས་མའི་དབྱུང་བ་ལ། གཉིས་ཏེ། དུས་སུ་དབྱུང་བ་དང༌། དུས་ཀྱི་སྔ་རོལ་དུ་དབྱུང་བའོ། །དང་པོ་ནི་དཔྱིད་ཟླ་རྭ་བའི་ཉ་ཡིན་ལ། གཉིས་པ་ནི། ཆོམ་རྐུན་གྱི་འཇིགས་པ་དང་བཅས་པའི་ཚེ་ལྟ་བུའོ། །ཞར་ལ་དམིགས་བསལ་གྱི་དོན་འགའ་ཞིག་བཤད་ན། སྟོན་ཟླ་འབྲིང་པོ་ལ་ཤོལ་བྱུང་ན་གཉིས་པ་དེ་སྟོན་ཟླ་འབྲིང་པོ་དངོས་ཡིན་ཀྱང་དགག་དབྱེ་གང་ལ་བྱས་པའི་ཟླ་བ་དེ་དབང་བཙན་པ་དང༌། དགག་དབྱེ་རྐྱེན་དབང་གིས་སྔ་ཕྱི་བྱུང་ན་གསོ་སྦྱོང་གི་མཐའ་དབང་བཙན་པ་དང༌། བཏིང་ཟིན་ནས་དེའི་ཉིན་མོའམ་ཕྱི་ཉིན་མཚམས་ནང་དེའི་གསོ་སྦྱོང་བྱས་ན་བཏིང་བ་ཞིག་པ་དང༌། བཏིང་ནས་དགེ་འདུན་བྱེ་ན་བཏིང་བ་མི་འཇིག་ཅིང༌། དབྱུང་བ་སོ་སོར་བྱེད་དགོས་པ་དང༌། དབྱར་ནང་དུ་དགེ་འདུན་བྱེ་ན་དབྱར་གྱི་གོས་རྙེད་མ་བགོས་པར་ཡོད་པ་དེ་སྲ་བརྐྱང་དུ་འདིངས་བ་ཆོས་སྨྲ་བའི་ཕྱོགས་པས་བྱེད་དགོས་པ་བསྒྲུབ་པའི་བསླབ་བྱ་ཡིན་པ་དང༌། དེའི་ཚེ་ཆོས་སྨྲ་བ་དགེ་འདུན་དུ་མ་ལོངས་པའམ་རྐྱེན་གཞན་གྱིས་གཅིག་ཕྱོགས་པས་བཏིང་ན། ཆོས་སྨྲ་བ་ལ་སྲ་བརྐྱང་གི་རྙེད་པ་མི་འབྱུང་མོད། གནས་ཀྱི་རྙེད་པ་དབང་བ་དང༌། ཆོས་སྨྲ་བས་བཏིང་ན་གཅིག་ཕྱོགས་པ་ལ་སྲ་བརྐྱང་གི་རྙེད་པ་མི་འབྱུང་བར་མ་ཟད། གནས་ཀྱི་རྙེད་པ་ཡང་མི་དབང་སྟེ། རང་བཞིན་དུ་གནས་པའི་གནས་སུ་སྤང་བའི་ཕྱིར། དེ་ལྟ་ན་ཡང་དབྱར་གྱི་རྙེད་པ་ནི་གཉིས་ཀ་དབང་སྟེ། གཉིས་ཀས་དབྱར་གནས་པར་ཁས་བླངས་པའི་ཕྱིར། ཞེས་པ་དང༌། དེ་ལྟར་འཆད་པ་དེ་ནི། དགེ་འདུན་བྱེ་ཡང་མཚམས་སོ་སོར་མ་བྱེ་བའི་དབང་དུ་བྱས་པ་ཡིན་ཏེ། མཚམས་བྱེ་ན་གང་དུ་གནས་པའི་གནས་གང་གི་རྙེད་པ་དེ་རང་ཉིད་དབང་བའི་ཕྱིར། དེ་ལྟར་བཤད་པ་ན་ཆོས་མ་ཡིན་པའི་ཕྱོགས་པས་བཏིང་ཡང༌། མ་བཏིང་གོང་གི་གནས་ཀྱི་རྙེད་པ་ཆོས་ཕྱོགས་པ་ལ་འབུལ་དགོས་པ་དང༌། མཚམས་ཐ་དད་དུ་མ་བྱས་ན་བཏིང་རྗེས་ཀྱི་གནས་རྙེད་ཀྱང་ཆོས་ཕྱོགས་པ་ལ་འབུལ་དགོས་པར་གྲུབ་བོ། །ཡང་རང་འཇུག་འབྲལ་གྱི་རྒྱུ་གོང་དུ་སྔར་བཤད་པ་དེ་དག་ཏུ་མ་འདུས་པ་སྲ་བརྐྱང་གི་རྙེད་པ་དང་ཕན་ཡོན་ལ་རེ་བ་མེད་ན། དེའི་ཚེ་ཉིད་ན་དེར་སོང་བ་དང༌། འགྲེལ་ཆེན་དུ། ཐོག་མར་སྲ་བརྐྱང་ལ་བརྟེན་པའི་འབྲལ་སྤང་བྱུང་ནས་དེ་ནས་རང་འཇུག་བྲལ་དུ་སོང་བ་ཡིན་ཏེ། འབྲལ་སྤང་བྱུང་བའི་ཆོས་གོས་ལ་སྲ་བརྐྱང་གི་བྱིན་རླབས་མི་འཆགས་པའི་ཕྱིར། ཞེས་གསུང་བ་ནི་མི་ལེགས་པར་སེམས་ཏེ། ཇི་སྲིད་སྲ་བརྐྱང་བཏིང་བ་མ་ཞིག་པ་དེ་སྲིད་དུ་ནི་འབྲལ་སྤང་ཁེགས་ལ། ཞིག་ནས་ནི་རང་ལ་ཆོས་གོས་བྱིན་རླབས་ཅན་མེད་པའི་ཕྱིར། ཡང་མཚམས་སོ་སོར་དབྱར་གནས་བྱས་འདིངས་པའི་ཚེ་མཚམས་གཅིག་ཏུ་བསྒྲུབས་ན། དབྱར་གྱི་གནས་སོ་སོ་བ་གང་དུ་བཏིང་ཡང་གནས་གཅིག་ཏུ་འཇིག་པ་དང༌། བཏིང་ནས་མཚམས་ཐ་དད་པར་བྱས་ན་སྲ་བརྐྱང་གང་དུ་བཞག་ཀྱང་མཚམས་འདས་སུ་མི་འགྱུར་བ་དང༌། བཏིང་ནས་དགེ་འདུན་བྱེ་ཡང་གདིང་བ་སོ་སོར་མ་བྱེ་བ་དང༌། དབྱུང་བ་སོ་སོར་བྱེད་དགོས་པ་དང༌། མཚམས་བྱེ་བས་བཏིང་བ་མ་བྱེ་ཞིང༌། དབྱུང་བ་སོ་སོར་བྱེད་དགོས་པ་རྣམས་གསུངས་སོ། །སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་འདིངས་ན། ཟླ་བ་དེའི་ངོས་འཛིན་གོ་བདེ་བ་གང་ཞེ་ན། ཧོར་ཟླ་བརྒྱད་པའི་བཅུ་དྲུག་ནས་ཧོར་ཟླ་དགུ་པའི་བཅོ་ལྔའི་བར་སྟོན་ཟླ་འབྲིང་པོ་ཡིན་པར་མདོ་སྡེ་ཉི་མའི་སྙིང་པོ་ལས་གསུངས། དེ་ཉིད་འཇིག་རྟེན་གྱི་གྲགས་པ་ཡིན་པར་ཡང་ལུང་དེ་ཉིད་ལས་བཤད། དེའི་རིགས་པས་ཧོར་ཟླ་བདུན་པའི་བཅུ་དྲུག་ནས་བརྒྱད་པའི་བཅོ་ལྔའི་བར་ནི་བསྟན་བཅོས་ལུགས་ཀྱི་སྟོན་ཟླ་འབྲིང་པོ་ཡིན་པར་གྲུབ་སྟེ། ལུགས་གཉིས་པོ་ར་འབྲིང་སོགས་ཀྱི་ངོས་འཛིན་ཚུལ་ལ་ཟླ་བ་སྔ་རྟིང་གི་ཁྱད་ཞུགས་པའི་ཕྱིར། དེ་ལྟར་འཇུག་པ་དང༌། ལོ་རེ་རེ་ལ་ཉིན་ཞག་བཅུ་གཅིག་རེའི་མང་ཉུང་གིས་ཀྱང་ཞུགས་པ་ལ་ཐུགས་ངེས་ན་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་བྱ་བ་ཡིན་ཏེ། དེ་ནས་ཧོར་ཟླ་དགུ་པའི་བཅོ་ལྔའི་བར་དེ་ཉིད་འཇིག་རྟེན་ལུགས་ཀྱི་སྟོན་ཟླ་འབྲིང་པོར་ངེས་པའི་ཕྱིར། དེ་ཉིད་བསྟན་བཅོས་ལུགས་ཀྱི་སྟོན་ཟླ་ཐ་ཆུངས་ཡིན་ཏེ། སྟོན་གྱི་ཉིན་མཚན་མཉམ་པ་དེ་ཟླ་བ་དེའི་ནང་ཁོ་ནར་ངེས་པའི་ཕྱིར། དེའི་རིགས་པས་ཇི་སྐད་དུ་གནས་པར་ཁས་བླངས་པར་བྱའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་གྱི་དེའོ། །ཞེས་པ་དེ་ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག་ལ་ངོས་འཛིན་པ་ཡིན་ཏེ། དེ་ནས་ཧོར་ཟླ་དྲུག་པའི་བཅོ་ལྔའི་བར་དེ་འཇིག་རྟེན་ལུགས་ཀྱི་དབྱར་ཟླ་འབྲིང་པོ་ཡིན་པའི་ཕྱིར། དེ་ཉིད་བསྟན་བཅོས་ལུགས་ཀྱི་དབྱར་ཟླ་ཐ་ཆུངས་དང༌། འཇིག་རྟེན་ལུགས་ཀྱི་འབྲིང་པོ་ཡིན་ཏེ།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*