ཟབ་བཞི་སྤྲོས་བྲལ་གྱི་བཤད་པ་སྟོང་ཉིད་བདུད་རྩིའི་ལམ་པོ་ཆེ།

༼ང་༽༄༅། །ཟབ་ཞི་སྤྲོས་བྲལ་གྱི་བཤད་པ་སྟོང་ཉིད་བདུད་རྩིའི་ལམ་པོ་ཆེ་ཞེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ཟབ་ཞི་སྤྲོས་བྲལ་གྱི་རྣམ་པར་བཤད་པ་འཆི་མེད་བདུད་རྩིའི་ལམ་པོ་ཆེ་ཞེས་བྱ་བ། སྤྲོས་པའི་མཚན་མ་གང་ལའང་མི་གཟིགས་ཤིང༌། །སྒྱུ་མའི་སྣང་བ་ཅི་ཡང་མི་འཆར་བར། །ཇི་སྙེད་ཆོས་ཀྱི་ཡིན་ལུགས་ཇི་ལྟ་བ། །མངོན་སུམ་མཁྱེན་པ་དེ་ལ་ཕྱག་འཚལ་ལོ། །ཞི་བའི་དབྱིངས་ལས་བཞེངས་པ་མི་མངའ་ཡང༌། །རྙོག་བྲལ་བློ་མཚོའི་མེ་ལོང་དྭངས་པ་ལ། །ངོ་མཚར་སྒྱུ་མའི་རོལ་རྩེད་སྟོན་མཁས་པ། །བཅོམ་ལྡན་སྒྱུ་མའི་མཁན་པོ་ཉག་གཅིག་གོ །སྒྱུ་མའི་རྣམ་རོལ་སྒྱུ་མ་མིན་པ་ལྟར། །རྣམ་པར་བཅོས་ནས་ཅི་ཡང་གསུངས་མཛད་མོད། །ངེས་པའི་དོན་དུ་ཆོས་རྣམས་རང་བཞིན་གྱི། །ངོ་བོས་སྟོང་པར་གསུངས་པ་འདིར་བརྗོད་བྱ། །དེ་ལ་དོན་རྣམ་པ་གསུམ་སྟེ། ཐུགས་རྗེ་ཅན་སྟོན་པ་ཉག་གཅིག་གི་གསུང་རབ་ལས་བྱུང་བའི་བདུད་རྩི་ངོས་བཟུང་བ་དང༌། སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་སོ་སོ་ལ་བདུད་རྩིའི་ཐོབ་སྐལ་ཇི་ལྟར་ཡོད་པའི་ཚུལ། བདུད་རྩི་ཡོངས་སུ་རྫོགས་པར་ཐོབ་ནས་གྲུབ་མཐའ་བཞིའི་མཆོག་ཏུ་གྱུར་པར་བཞག་པའོ། །དང་པོ་ནི། སྤྱིར་དམ་པའི་ཆོས་མཐའ་དག་ལ་བདུད་རྩིར་འཆད་མོད་ཀྱང༌། གཙོ་བོར་ལྟ་བའི་ཆ་ནས་བཤད་དགོས་པ་ཡིན་ཏེ། འཆི་བ་མེད་པའི་གནས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ཡིན་ཞིང༌། དེ་མངོན་དུ་བྱེད་པ་ནི་སྒྲིབ་པའི་ས་བོན་སྤངས་པ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཡིན། དེ་ཡང་རྨོངས་པ་མ་རིག་པའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་ཤེས་རབ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཤེས་རབ་དེ་ཡང་གང་ཞེ་ན། །བདག་མེད་རྟོགས་པའི་ཤེས་རབ་སྟེ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་བསྟན་པའི་ཉིང་ཁུའོ། །དེ་ལའང་གང་ཟག་དང༌། ཆོས་ཀྱི་བདག་མེད་པའི་དབྱེ་བ་གཉིས་ལས། ཕྱི་ནང་གི་ལྟ་བའི་ཁྱད་པར་ནི། གང་ཟག་གི་བདག་མེད་པའི་ལྟ་བ་ལ་འཆད་དགོས་པ་ཡིན་ཏེ། ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་རགས་པ་ཙམ་ཞིག་ནི་ཕྱི་རོལ་པ་ལ་ཡང་ཡོད་པར་དབུ་མའི་རྒྱན་སོགས་ལས་བཤད་པས་སོ། །དེས་དེའི་འགལ་ཟླར་གྱུར་པའི་ཤེས་བྱའི་སྒྲིབ་པ་རགས་པ་མགོ་གནོན་པར་བྱེད་ཀྱང་ཐམས་ཅད་མཁྱེན་པའི་ལམ་དུ་འགྱུར་བའི་ལྟ་བ་ནི་མ་ཡིན་ཏེ། དེ་ཙམ་ཞིག་གོམས་པར་བྱས་པས་འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བ་མི་སྲིད་ཅིང༌། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་དང་ཡང་བྲལ་བའི་ཕྱིར་རོ། །ཕྱི་རོལ་པ་ལ་ཡོད་པའི་ཆོས་ཀྱི་བདག་མེད་པའི་ལྟ་བ་དེ་ཡང་གང་ཞེ་ན། གྲངས་ཅན་པས། ཕྱི་རོལ་དོན་གྱི་སྣང་བ་སེམས་སུ་ཁས་བླངས་ནས། སེམས་དེ་ཡང་གཙོ་བོའི་ངང་དུ་ཐིམ་པ་ན་གཟུང་འཛིན་གཉིས་མེད་དུ་སོང་བར་ཁས་ལེན་པ་དང༌། བྱེ་བྲག་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཞིག་པའི་ཚེ་ན་རྡུལ་ཕྲ་རབ་ཀྱི་བར་དུ་འཇིག་ཅིང༌། མཐར་རྡུལ་ཕྲ་རབ་ཉིད་ཀྱང་ཐོགས་མེད་དུ་སོང་བར་ཁས་ལེན་ནོ། །དེ་ལྟར་ཁས་བླངས་པ་ན་གྲངས་ཅན་གྱིས་ནི་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་ཁས་བླངས་ཤིང༌། བྱེ་བྲག་པས། རགས་པ་བདེན་མེད་དུ་ཁས་བླངས་པར་སོང་བ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལས་འབྱུང་བའི་བདག་མེད་པ་རྣམ་པ་གཉིས་ཀ་ཡང་དམ་པའི་ཆོས་ཀྱི་ཁུད་པར་གྱུར་པ་ཡིན་ལ། དེ་ཡང་ཐེག་པ་ཆེན་པོ་པ་དག་ལྟ་ཅི་སྨོས། ཉན་ཐོས་སྡེ་པ་དག་ལ་ཡང་ལྟ་བ་དེ་གཉིས་ཀ་ཡོད་པར་ཁས་བླངས་པས་ཆོག་པ་ཡིན་ཏེ། གང་ཟག་གི་བདག་མེད་པ་ནི་ཡོངས་སུ་རྫོགས་པར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་ཀྱང་བསྟན་ན། མདོ་སྡེ་པས་ཁས་ལེན་པ་ལྟ་ཅི་སྨོས། དེའི་ཕྱིར་བྱེ་མདོ་གཉིས་ཀྱི་གཞུང་གིས་གཏན་ལ་ཕབ་པའི་གང་ཟག་གི་བདག་མེད་དེ་གོམས་པར་བྱས་པས་དེ་མངོན་སུམ་དུ་མཐོང་བ་དང༌། དེ་ཉིད་གོམས་པར་བྱས་པས་གང་ཟག་གི་བདག་ཏུ་འཛིན་པའི་ས་བོན་སྤངས་པའི་མྱང་འདས་མངོན་དུ་བྱེད་པར་ནུས་སོ། །ཆོས་ཀྱི་བདག་མེད་པ་ཡང་ཆོས་ཅན་མཐའ་དག་གི་སྟེང་དུ་གཏན་ལ་འབེབས་པར་མ་བཤད་ཀྱང༌། ཆོས་ཅན་ཉི་ཚེ་བའི་སྟེང་དུ་བཤད་པ་ཡིན་ཏེ། དེ་ཡང་བྱེ་སྨྲའི་གཞུང་དུ་ནི་ཕྱི་དོན་རགས་པ་བདེན་མེད་དུ་བཤད་ལ། མདོ་སྡེ་པའི་གཞུང་དུ་ནི་དེར་མ་ཟད་རྫས་ལྡོག་གཉིས་ཀྱི་ཟླས་ཕྱེ་བའི་ལྡོག་པ་ཡང་བདེན་མེད་དུ་བཤད་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་ཆོས་གང་ལ་དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་ན་ཅི་ཡང་མ་རྙེད་པ་དེ་ཙམ་ཞིག་བདེན་མེད་ཀྱི་དོན་དུ་འཇོག་པ་ནི་ཆོས་འདི་པ་དག་གི་སྤྱི་ལུགས་ཡིན་ལ། དེ་ཡང་ཇི་སྐད་དུ། བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ། ཅེས་དང༌། སྤྱིར་ཡང་ཀུན་རྫོབ་ཀྱི་ཆོས་ཤིག་ཁས་བླངས་ཕྱིན་ཆད་དེ་བདེན་པར་མ་གྲུབ་པ་ཉིད་དུ་ཁས་ལེན་དགོས་པ་ནི་གྲུབ་མཐའ་སྨྲ་བ་ཀུན་གྱི་གཞུང་ལུགས་ཡིན་པ་དང༌། མདོ་སྡེ་པའི་གཞུང་ལས་ཀྱང༌། ཇི་སྐད་དུ། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་སོགས་ལྡོག་པ་གཞན་སེལ་བདེན་མེད་དུ་འཆད་བྱེད་ཀྱི་ལུང་ཤིན་ཏུ་མང་བར་གསུངས་སོ། །དེ་ལྟར་ན་སྡེ་པ་འདི་གཉིས་ཀྱིས་སྟོང་པ་ཉིད་ཀྱི་དོན་ཕྱོགས་གཅིག་ཁས་བླངས་ཤིང༌། སྟོང་པ་ཉིད་ཀྱི་དོན་ཡོངས་སུ་རྫོགས་པར་ཁས་བླངས་པ་མེད་དེ། གཟུང་འཛིན་རྫས་གཞན་མི་འགོག་པའི་ཕྱིར་དང༌། རྡུལ་ཕྲ་རབ་བདེན་མེད་དུ་མི་འཆད་པའི་ཕྱིར་དང༌། རང་བཞིན་སྟོང་པ་ཉིད་སོགས་ཁས་མི་ལེན་པའི་ཕྱིར། བྱེད་པ་པོའི་བདག་བཀག་པས་ནང་སྟོང་པ་ཉིད་ཀྱི་དོན་ཕྱོགས་གཅིག་གྲུབ་ཀྱང་ཐ་སྙད་ཁས་ལེན་པ་མ་ཡིན་ཏེ། དེའི་ཟླས་ཕྱེ་བའི་ཕྱི་སྟོང་པ་ཉིད་སོགས་ཁས་མ་བླངས་པའི་ཕྱིར། དེ་བས་ན་སྡེ་པ་འདི་གཉིས་ཀྱིས་སྟོང་ཉིད་གོ་ཆོད་པོ་ཁས་མ་བླངས་ཏེ། རང་སྟོང་དང་གཞན་སྟོང་གང་ཡང་ཁས་མ་བླངས་ལ། དེ་ལས་མ་གཏོགས་པའི་སྟོང་ཉིད་ཀྱི་འཇོག་ཚུལ་གོ་ཆོད་པོ་ཆོས་འདི་ལས་འབྱུང་བ་མེད་པའི་ཕྱིར་རོ། །སྡེ་པ་གཉིས་ཀྱི་གཞན་སེལ་དང༌། ནང་སྟོང་པ་ཉིད་ཀྱི་འཇོག་ཚུལ་ལ་གཞན་སྟོང་འཇོག་ལུགས་ཀྱི་ཕྱོགས་གཅིག་གྲུབ་ཀྱང་གཞན་སྟོང་གི་འཇོག་ལུགས་དཔྱིས་ཕྱིན་པ་མ་ཡིན་ཏེ། བརྟགས་པ་དང༌། གཞན་དབང་དང༌། ཡོངས་གྲུབ་གསུམ་དུ་ཕྱེ་བ་མེད་པའི་ཕྱིར། དེ་ལྟར་ན་བྱེ་མདོ་གཉིས་ཀྱིས་བདག་མེད་པ་གཉིས་ཁས་བླངས་ཀྱང་སྟོང་པ་ཉིད་ཁས་མ་བླངས་ཏེ། སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ནི་དབུ་མ་པ་ལས་གཞན་ལ་ཡོད་པ་མ་ཡིན་པའི་ཕྱིར། དེ་ལྟར་ཁས་བླངས་པའི་དུས་ཀྱི་བདག་མེད་གཉིས་པོ་དངོས་པོར་ཁས་ལེན་པ་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས་དོན་དམ་པའི་བདེན་པར་བཞག་པའི་ཕྱིར་རོ། །དེའི་ཚེ་གཉིས་པོའི་མཚན་གཞི་གང༌། ཁྱད་གཞི་ནང་གི་དངོས་པོའི་སྟེང་དུ་བྱེད་པ་པོའི་བདག་བཀག་པས་ཁྱད་པར་དུ་བྱས་པའི་ཆ་མེད་ཀྱི་དངོས་པོ་གཉིས་པོ་གང་རུང་དང༌། ཁྱད་གཞི་ཕྱི་རོལ་དོན་གྱི་སྟེང་དུ་རགས་པ་རྫས་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་རྡུལ་ཕྲ་རབ་ཀྱི་དངོས་པོའོ། །གང་ཡང་ཆོས་ཀྱི་བདག་མེད་པ་དང༌། ཆོས་ཀྱི་སྟོང་པ་ཉིད་དོན་གཅིག་ལ་འདུ་བ་མ་ཡིན་པ་དེ་ལྟ་ན། རྣམ་བདེན་པར་གྲགས་པའི་སེམས་ཙམ་པས་ཀྱང་ཆོས་ཀྱི་སྟོང་པ་ཉིད་ཁས་མ་བླངས་ཏེ། གཟུང་བ་ཕྱི་རོལ་གྱི་དོན་མེད་པར་ཁས་བླངས་ཀྱང་སྣང་བ་སེམས་སུ་ཁས་བླངས་པས་གཟུང་འཛིན་གཉིས་སྟོང་མི་འདོད་པའི་ཕྱིར། གང་ཟག་གི་བདག་མེད་ཡོངས་སུ་རྫོགས་པར་ཁས་བླངས་ཀྱང་ནང་སྟོང་པ་ཉིད་ཀྱི་འཇོག་ཚུལ་དཔྱིས་ཕྱིན་པ་མ་ཡིན་ཏེ། ཀུན་ཏུ་བརྟགས་པའི་བདག་མེད་པར་ཁས་བླངས་ཀྱང་རྣམ་པར་བརྟགས་པའི་བདག་མེད་པར་མ་གྲུབ་པའི་ཕྱིར། འོ་ན་ཅི་བདག་མེད་པར་འགྲུབ་པ་ལ་ཆོས་ཉིད་ཀྱི་བདག་ཡོད་པ་ཡང་ཁེགས་དགོས་སམ་ཞེ་ན། མ་ཡིན་ཏེ། དེ་བཀག་ན་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་མི་འབྱུང་བའི་ཕྱིར། གསུམ་པོ་སྟོང་ཉིད་ཤེས་ནས་གྲུབ་མཐའི་རྩེ་མོར་བཞག་པ་ལ་གསུམ་སྟེ། སྟོང་པ་ཉིད་ཀྱི་རྣམ་གཞག་གཏན་ལ་ཕབ་པ་དང༌། དེ་ཇི་ལྟར་གོམས་པར་བྱེད་པའི་ལམ་གྱི་དབྱེ་བ་དང༌། དེས་ཐོབ་པའི་སངས་རྒྱས་ཀྱི་ངོ་བོ་ངོས་བཟུང་བའོ། །གསུམ་པོ་འདི་ལ་ནི་ལུགས་གཞན་ལས་རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་ཅེས་དང༌། སྦྱང་གཞི་དང༌། སྦྱོང་བྱེད་དང༌། སྦྱངས་པའི་འབྲས་བུ་ཞེས་བཤད་ཅིང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བརྗོད་བྱ་སྟོན་ཚུལ་ཡང་གསུམ་པོ་འདིའི་སྒོ་ནས་བཞག་པ་ཡིན་ཏེ། དྲི་བཅས་དེ་བཞིན་ཉིད་ནི་རྒྱུའི་རྒྱུད་དང་སྦྱང་གཞིར་བཞག གནས་སྐབས་ཀྱི་དཀོན་མཆོག་གསུམ་པོ་ཐབས་རྒྱུད་དམ། སྦྱོང་བྱེད་དུ་བཞག་ནས། མཐར་ཐུག་གི་བྱང་ཆུབ་དང་ཡོན་ཏན་འབྲས་རྒྱུད་དང༌། སྦྱངས་འབྲས་སུ་འཇོག་པའི་རིམ་པ་གཅིག་དང༌། ཡང་གནས་སྐབས་ཀྱི་བྱང་ཆུབ་དང་ཡོན་ཏན་ཐབས་རྒྱུད་དུ་བཤད་ནས་མཐར་ཐུག་གི་དཀོན་མཆོག་གསུམ་པོ་འབྲས་རྒྱུད་དུ་འཇོག་པའི་ཚུལ་སྟོན་པའི་མདོ་དང་བསྟན་བཅོས་དེ་དག་ལ་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་མདོ་དང་བསྟན་བཅོས་ཞེས་ཐ་སྙད་བཏགས་པའི་ཕྱིར་རོ། །དེ་ལྟར་གསུམ་ལས། དང་པོ་ལ་གསུམ་སྟེ། སྟོང་ཉིད་ཀྱི་ངོས་འཛིན་སྤྱིར་བསྟན་པ་དང༌། རང་སྟོང་དང་གཞན་སྟོང་གི་དབྱེ་བ་སོ་སོར་བཤད་པ་དང༌། ལྟ་བ་དེ་གཉིས་ཀ་ཡང་དབུ་མའི་ལམ་དུ་མཐུན་པར་བསྟན་པའོ། །དང་པོ་ལ་སྟོང་པ་ཞེས་བྱ་བའི་དོན་ནི་མེད་པའི་དོན་ཏེ། ཅི་ཞིག་ན་བདག་གཉིས་པོའོ། །ཉིད་ཅེས་བྱ་བ་ནི་དངོས་པོའི་རྐྱེན་གྱི་དོན་ཏེ། དེ་ཡང་རྣལ་འབྱོར་སྤྱོད་པ་པ་ལྟར་ན། དགག་བྱ་བདག་གཉིས་བཀག་པའི་དངོས་པོ་ཁོ་ན་ལ་འཆད་ལ། རང་སྟོང་དུ་སྨྲ་བ་ལྟར་ན། བདག་གཉིས་བཀག་ཙམ་གྱི་མེད་པར་དགག་པའི་ཆའོ། །འདི་ལ་གང་སྟོང་པའི་གཞི། གང་གིས་སྟོང་པའི་དགག་བྱ། ཇི་ལྟར་སྟོང་པའི་ཚུལ་དང་གསུམ་གྱི་སྒོ་ནས་འཆད་པ་ལ་གཉིས་ཏེ། རང་གི་ལུགས་བཞག་པ་དང༌། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ལ་གཉིས་ཏེ། གཞན་སྟོང་སྨྲ་བ་ཐོགས་མེད་ཞབས་ཀྱི་ལུགས་ལྟར་བཤད་པ་དང༌། རང་སྟོང་སྨྲ་བ་ཐལ་རང་གི་ལུགས་ལྟར་བཤད་པའོ། །དང་པོ་ལ། གང་སྟོང་པའི་གཞི་ནི་གཞན་དབང་སྟེ་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་མཐའ་དག་གོ །དགག་བྱ་ནི་ཀུན་བརྟགས་པ་སྟེ། གཟུང་བ་དང་འཛིན་པའི་དབྱེ་བས་གཉིས་ཡིན་ལ། དེ་རེ་རེ་ལའང་གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གཉིས་སོ། །ཡུལ་གཟུང་བ་གཉིས་པོ་བཀག་པ་ཙམ་ལ་ནི་ཉན་ཐོས་སྡེ་པའི་སྐབས་སུ་བདག་མེད་པ་གཉིས་ཀྱི་གོ་དོན་དུ་འཇོག་ནུས་ཀྱང་འདིར་མ་ཡིན་ཏེ། འདིར་ནི་བདག་མེད་པ་གཉིས་ཀ་ཡང་དེ་བཞིན་ཉིད་དུ་འཇོག་ལ། ཇི་སྲིད་ཟུང་འཛིན་ཀུན་བརྟགས་གཉིས་ཀ་མ་བཀག་པ་དེ་སྲིད་དུ་རེ་རེ་བཀག་པ་ཙམ་གྱིས་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ལ་སོགས་པར་འཇོག་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང༌། དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་དང༌། རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིན་དེ་ཉིད་ཡིན། །ཞེས་སོ། །ཇི་ལྟར་སྟོང་པའི་ཚུལ་ནི། དགག་བྱ་དེས་དགག་གཞི་དེ་གཞན་སྟོང་གི་ཚུལ་གྱིས་སྟོང་པ་ཡིན་གྱི། རང་སྟོང་གི་ཚུལ་གྱིས་ནི་མ་ཡིན་ཏེ། དགག་བྱ་གཟུང་འཛིན་གཉིས་པོ་དེ་དགག་གཞི་གཉིས་སྣང་གི་ཤེས་པ་གཉིས་པོ་དེ་ལ་ལྟོས་པའི་གཞན་གྱི་ངོ་བོ་ཡིན་གྱི། དེའི་རང་གི་ངོ་བོར་མི་འཇོག་པའི་ཕྱིར། གཉིས་སྣང་གི་ཤེས་པ་དེའི་རང་གི་ངོ་བོ་གང་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་མྱོང་བ་རིག་ཅིང་གསལ་ཙམ་དེ་ཉིད་དོ། །དེ་སྐད་དུ་ཡང༌། རྣལ་འབྱོར་སྤྱོད་པ་པའི་འདོད་པ་འཆད་པ་ན། འཇུག་པ་ལས། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང༌། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་སོ། །དེ་ལྟར་ན་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་རང་བཞིན་གྱིས་ཡོད་པ་དང༌། རང་གི་མཚན་ཉིད་ཀྱིས་དང༌། རང་གི་ངོ་བོས་ཡོད་པ་ནི་ཡིན་ལ། བདེན་པར་དང༌། དོན་དམ་པར་དང༌། དེ་ཁོ་ན་ཉིད་དུ་ཡོད་པ་ནི་མ་ཡིན་ཏེ། སྒྲུབ་བྱེད་གོ་རིམ་བཞིན་དུ། དགག་བྱ་བདག་གཉིས་ཀྱིས་སྟོང་པའི་ཕྱིར་དང༌། དོན་དམ་པའི་བདེན་པ་མ་ཡིན་པའི་ཕྱིར་དང༌། དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་དང༌། སྒྱུ་མ་བཞིན་ནོ། །དེ་སྐད་དུ་ཡང༌། མདོ་སྡེའི་རྒྱན་ལས། སྒྱུ་མ་བྱས་པ་ཇི་ལྟ་བར། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །ཅེས་སོ། །གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། གཞན་གྱི་དབང་དོན་དམ་དུ་ཡོད་པར་བརྗོད་པར་བྱའམ། ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའོ། །ཞེས་གསུངས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་གཞན་དབང་རང་བཞིན་གྱིས་ཡོད་པ་དང༌། བདེན་མེད་སྒྱུ་མ་ལྟ་བུར་འཆད་པ་མི་འགལ་བ་ནི་གཞན་སྟོང་སྨྲ་བའི་གཞུང་གི་དེ་ཁོ་ན་ཉིད་འབྱེད་པའི་ལྡེ་མིག་ཏུ་ཤེས་པར་བྱའོ། །གཉིས་པ་ལ་གང་སྟོང་པའི་གཞི་ནི་ཤེས་བྱ་ལ་གང་ཇི་སྙེད་ཅིག་སྲིད་པའི་ཆོས་ཐམས་ཅད་དོ། །གང་གིས་སྟོང་པའི་དགག་བྱ་ཡང་དགག་གཞི་གང་ཡིན་པ་དེ་ཉིད་དེ། མདོར་ན་གང་ཟག་དང༌། ཆོས་གཉིས་སོ། །ཇི་ལྟར་སྟོང་པའི་ཚུལ་ནི། དགག་གཞིར་གཟུང་བའི་ཆོས་གང་ཡིན་པ་དེ་ཉིད་དེ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་གང་གི་ཚེ་དེ་ཉིད་དེ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དཔེར་ན་བུམ་པ་དེ་གཅིག་དང་དུ་མ་གང་དུ་གྲུབ་དཔྱད་པའི་ཚེ་བུམ་པར་མ་གྲུབ་པ་བཞིན་ནོ། །རང་སྟོང་སྨྲ་བས་ཆོས་ཀྱི་བདག་མེད་ཀྱི་འཇོག་ཚུལ་ནི་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ངེས་ཀྱང་གང་ཟག་གི་བདག་མེད་ཀྱི་འཇོག་ཚུལ་ནི་གཞན་སྟོང་གི་ཚུལ་དུ་འཆད་པ་ཡིན་ཏེ། དགག་གཞི་ཉེར་ལེན་གྱི་ཕུང་པོ་ལྔ་དགག་བྱ་གང་ཟག་གི་བདག་གིས་སྟོང་པ་ལ་གང་ཟག་གི་བདག་མེད་པའི་དོན་དུ་འཆད་པའི་ཕྱིར། དེ་ཉིད་རང་སྟོང་གི་འཆད་ཚུལ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་རྟོག་པས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་གང་ཟག་ཏུ་ཞེན་པ་མ་ཡིན་པའི་ཕྱིར། དེའི་ཁྱབ་འབྲེལ་ཡང༌། ལྷན་ཅིག་སྐྱེས་པའི་རྟོག་པས་གང་ཞིག་གང་དུ་ཞེན་པ་དེ་ཉིད་དེར་མ་གྲུབ་པར་སྟོན་པ་ནི་རང་སྟོང་གི་འཆད་ཚུལ་ཡིན་པ་ལས་སོ། །དེ་ལྟ་ན་ཡང་གང་ཟག་གང་ཟག་ཉིད་ཀྱིས་སྟོང་པ་ནི་ཆོས་ཀྱི་བདག་མེད་པའི་འཇོག་ཚུལ་ཡིན་གྱི། གང་ཟག་གི་བདག་མེད་པའི་འཇོག་ཚུལ་མ་ཡིན་ཏེ། དེ་དེར་འཛིན་པ་ནི་གང་ཟག་གི་བདག་ཏུ་འཛིན་པའི་འཛིན་སྟངས་མ་ཡིན་པའི་ཕྱིར་དང༌། དེའི་འཛིན་སྟངས་འགོག་པ་ན་ཕུང་པོ་དང་གང་ཟག་གཅིག་དང་ཐ་དད་དུ་བརྟགས་ནས་འགོག་པ་ཤ་སྟག་འབྱུང་བ་ཡིན་གྱི། དེ་ཉིད་དེ་ཡིན་པ་འགོག་བྱེད་ཀྱི་རིགས་པ་མ་གསུངས་པའི་ཕྱིར་དང༌། གང་ཟག་གཞན་ལ་གང་ཟག་ཏུ་ཞེན་པའི་རྟོག་པ་ཡང་གང་ཟག་གི་བདག་འཛིན་དུ་ཐལ་བའི་ཕྱིར་རོ། །གསུམ་པ་གཞན་གྱིས་བརྟགས་པའི་མཐའ་བསལ་བ་ལ་གཉིས་ཏེ། གཞན་སྟོང་གི་འཆད་ལུགས་ལ་དང༌། རང་སྟོང་གི་འཆད་ལུགས་ལ་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། གངས་ཅན་དུ་བྱོན་པའི་གཞན་སྟོང་སྨྲ་བ་དག་ན་རེ། ཀུན་རྫོབ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རང་སྟོང་དང༌། དོན་དམ་འདུས་མ་བྱས་རྣམས་གཞན་སྟོང་དུ་འཆད་པ་འདི་ནི་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་བཞེད་པ་ཡིན་ཏེ། ཡུམ་གྱི་གནོད་འཇོམས་ལས་དེ་ལྟར་བཤད་པའི་ཕྱིར། ཞེས་འཆད་པ་ནི་རིགས་པ་མ་ཡིན་ཏེ། རྗེ་བཙུན་གྱི་གཞུང་རྩ་བ་དང་མི་མཐུན་ཞིང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྩོད་མེད་རྣམས་དང༌། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལུགས་ལས་གཞན་སྟོང་གི་འཆད་ཚུལ་གསལ་བར་གསུངས་པ་རྣམས་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གང་ཡང་ཁྱེད་ཀྱི་ལྟར་ན། ཆོས་ཅན་གཞན་དབང་དགག་བྱ་ཀུན་བརྟགས་ཀྱིས་སྟོང་པ་ལ་གཞན་སྟོང་གི་དོན་དུ་མི་འཆད་པར་ཆོས་ཉིད་ཡོངས་གྲུབ་དེ་ཆོས་ཅན་གཞན་དབང་དང་ཀུན་བརྟགས་ཀྱིས་སྟོང་པ་ནི་གཞན་སྟོང་གི་དོན་དུ་ཁས་བླངས་ལ། འཆད་ཚུལ་དེ་འདྲ་དེ་གཞུང་ལུགས་དེ་དང་དེ་དག་ན་མེད་དོ། །འོ་ན་ཅི་ཞིག་ཡོད་ཅེ་ན། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་འབྱུང་བ་ལྟར། གཞན་དབང་སྟོང་གཞིའི་ཆོས་ཅན་དང༌། གཟུང་འཛིན་ཀུན་བརྟགས་གཉིས་པོ་གང་གིས་སྟོང་པའི་དགག་བྱ་དང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་སྟོང་པའི་དངོས་པོར་བཤད་པ་ཞེས་བྱ་བ་ཞིག་ཡོད་པ་ཡིན་གྱི། སྟོང་གཞིའི་ཆོས་ཅན་དུ་འཇོག་པ་མ་ཡིན་ཏེ། དེ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། སྒྲུབ་བྱེད་མེད་པ་ནི་དེ་ལྟར་འཆད་བྱེད་ཀྱི་གཞུང་མེད་པ་དང༌། གནོད་བྱེད་ནི་སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པས་ཆོས་ཅན་ཡོངས་གྲུབ་ཀྱི་སྟེང་དུ་དགག་ཆོས་ཀུན་བརྟགས་དང་གཞན་དབང་གིས་སྟོང་པར་སྒྲུབ་དགོས་ན་རྩོད་གཞིའི་ཆོས་ཅན་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ་དང༌། ཡང་ན་རྩོད་གཞིའི་ཆོས་ཅན་མ་ངེས་པར་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཡང་དག་སྲིད་པར་འགྱུར་རོ། །གཞན་དབང་གི་དངོས་པོ་རང་སྟོང་དུ་འཆད་པ་ལའང་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་དོ། །སྒྲུབ་བྱེད་མེད་པ་ནི། གཞུང་ལུགས་དེ་དང་དེ་དག་ནས་དེ་ལྟར་མ་བཤད་པའོ། །གནོད་བྱེད་ཡོད་པ་ནི་གཞན་དབང་གི་ངོ་བོ་བདེན་པར་མ་གྲུབ་ན་ཆོས་ཉིད་ཡོངས་གྲུབ་ཀྱི་ངོ་བོ་བདེན་པར་མེད་པ་ཉིད་དུ་འགྱུར་ཏེ། གཟུང་འཛིན་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ནི་གཉིས་སྣང་གི་ཤེས་པའི་ངོ་བོར་བཞེད་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ནི་དེ་ཡི་དེ་ཉིད་ཡིན། །ཞེས་པའི་གཞུང་གིས་དེ་དེའི་ངོ་བོར་བསྟན་པའི་ཕྱིར། དེ་ལ་འདི་སྙམ་དུ། འོ་ན་རང་སྟོང་དུ་སྨྲ་བ་དག་གི་ལུགས་ལ་ཡང་མྱུ་གུ་རང་གི་ངོ་བོས་གྲུབ་པ་དེར་ཐལ་བར་འགྱུར་ཏེ། ལུགས་དེར་ཡང་མྱུ་གུ་བདེན་སྟོང་མྱུ་གུའི་ངོ་བོ་དང༌། དེ་བཞིན་ཉིད་དུ་ཁས་བླངས་པའི་ཕྱིར་དང༌། དེ་དེས་སྟོང་པར་འདོད་ན་ནི། མྱུ་གུ་ཆོས་ཅན། བདེན་གྲུབ་ཏུ་ཐལ། རང་གི་ངོ་བོ་བདེན་སྟོང་གིས་སྟོང་པའི་ཕྱིར་སྙམ་དུ་དོགས་ན། ཐལ་བ་འདི་ནི་ཕྱིས་གངས་ཅན་དུ་བྱོན་པའི་རང་སྟོང་སྨྲ་བར་ཞལ་གྱིས་བཞེས་པ་རྣམས་ཀྱིས་ཟློག་པར་མི་ནུས་སོ། །ཁོ་བོ་ཅག་གི་ལྟར་ན་ནི་རང་སྟོང་གི་འཇོག་ཚུལ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་ངོ་བོ་རང་སྟོང་དུ་བཤད་པ་དང༌། དོན་དམ་གྱི་ངོ་བོ་རང་སྟོང་དུ་སྒྲུབ་པའོ། །དང་པོ་ནི། ཕྱི་དང༌། ནང་དང་གཉིས་ཀ་སྟོང་པ་ཉིད་གསུམ་གྱིས་འཆད་ལ། གཉིས་པ་ནི། སྟོང་པ་ཉིད་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་སོགས་ཀྱིས་འཆད་ལ། དེའི་ཚེ་ན་མྱུ་གུ་བདེན་སྟོང་ཡང་བདེན་སྟོང་ཡིན་པར་ཁས་མི་ལེན་ཏེ། དེའི་ཚེ་དེ་རང་སྟོང་དུ་བཤད་པའི་ཕྱིར། དཔེར་ན་བུམ་པ་རང་སྟོང་དུ་འཆད་པའི་ཚེ་བུམ་པ་བུམ་པར་ཁས་མི་ལེན་པ་བཞིན་ནོ། །ཞེས་བྱ་བ་འདིས་དོགས་པ་དེ་ཟློག་པར་ནུས་སོ། །བདེན་སྟོང་མ་ཡིན་པ་ཙམ་གྱིས་བདེན་གྲུབ་ཏུ་ཐལ་བའང་མ་ཡིན་ཏེ། དགག་པ་གཉིས་ཀྱི་རྣལ་མ་གོ་བར་འདོད་པ་ནི་མཐའ་བྲལ་གྱི་ཚུལ་ལུགས་འདི་ལ་མ་བཤད་པའི་ཕྱིར་རོ། །གཉིས་པ་ནི། གངས་ཅན་དུ་ཕྱིས་བྱོན་པའི་རང་སྟོང་སྨྲ་བར་ཁས་ལེན་པ་དག་ན་རེ། རང་སྟོང་གི་དོན་བདེན་པ་གཉིས་ཀྱི་ཆོས་རྣམས་ཇི་སྙེད་པ་དེ་དང་དེ་དེ་ཉིད་ཡིན་པ་འགོག་པ་ནི་མ་ཡིན་ཏེ། ཡིན་ན་བདེན་པ་གཉིས་པོ་མཐའ་དག་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ། །དཔེར་ན་མྱུ་གུ་མྱུ་གུ་མ་ཡིན་ན་མྱུ་གུ་མེད་པར་ཁས་ལེན་དགོས་པ་དང༌། མྱུ་གུ་བདེན་སྟོང་ཡང་རང་ཉིད་མ་ཡིན་ན་དེ་མེད་པར་ཐལ་བའི་སྐྱོན་འབྱུང་བ་བཞིན་ནོ། །དེས་ན་རང་སྟོང་འཇོག་པ་ལ་ཆོས་ཅན་ཚད་མས་གྲུབ་པ་རྣམས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་ཀྱི་ཚད་དང༌། བདག་གཉིས་ཀྱི་འཇོག་མཚམས་ངོས་ཟིན་པར་བྱས་ནས་དེ་ཉིད་འགོག་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡིས་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པས་སོ། །ཞེས་འཆད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། སྟོང་གཞིའི་ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་ཚད་མས་མ་གྲུབ་པ་ཞིག་བཀག་པ་རང་སྟོང་གི་དོན་དུ་འཆད་པ་ལ་ནི་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་དང༌། སྤྱོད་འཇུག་གི་ལུང་དོན་ནི་ཁྱེད་ལ་གནོད་བྱེད་ཡིན་གྱི། སྒྲུབ་བྱེད་མ་ཡིན་པའི་ཕྱིར། དང་པོ་ནི། ཇི་སྐད་དུ། གང་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་སོགས་སུ་རྩོད་གཞིའི་ཆོས་ཅན་གང་དང་གང་ཡིན་པ་དེ་དེ་དང་དེ་ཉིད་ཀྱིས་སྟོང་པ་ལ་རང་སྟོང་གི་དོན་དུ་བཤད་པ་ཡིན་གྱི། རང་གི་ངོ་བོ་ཡིན་པ་ལྟ་ཞོག རང་དང་འབྲེལ་བ་གང་ཡང་མ་གྲུབ་པ་ཞིག་བཀག་པ་ལ་རང་སྟོང་གི་དོན་དུ་བཤད་པ་མེད་པའི་ཕྱིར། གནོད་བྱེད་ཡོད་པ་ལ་ཧ་ཅང་ཐལ་བ་དང༌། ཁས་བླངས་པ་དང་འགལ་བ་དང༌། གཞན་སྟོང་གི་ཚུལ་མི་འདོད་བཞིན་དུ་ཁས་བླངས་པའི་ཉེས་པའོ། །དང་པོ་ནི། འོ་ན་མིག་ལ་སོགས་པའི་ཆོས་ཅན་ཉི་ཤུ་པོ་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པས་སྟོང་པས་ཀྱང་རང་སྟོང་གི་གོ་ཆོད་པར་འགྱུར་ཏེ། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ། ཚད་མས་མ་གྲུབ་པ་ཞིག་གིས་སྟོང་པ་ལ་རང་སྟོང་དུ་ཁས་བླངས་པའི་ཕྱིར། གཉིས་པ་ནི། བདེན་གྲུབ་དེ་ཐ་སྙད་དུ་མིག་སོགས་ཀྱི་ངོ་བོ་ཡིན་པར་འགྱུར་ཏེ། དེ་དེས་སྟོང་པ་རང་སྟོང་གི་དོན་ཡིན་པའི་ཕྱིར། འདོད་ན་ཁས་བླངས་པ་དང་འགལ་ཏེ། མྱུ་གུ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཐ་སྙད་དུ་ཡང་མེད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། འོ་ན་ཁྱོད་ཀྱང་མྱུ་གུ་བདེན་པས་སྟོང་པ་དེ་རང་སྟོང་གི་དོན་དུ་མི་འདོད་དམ་ཞེ་ན། བཤད་པ། ཤེས་བྱ་ཐམས་ཅད་རང་སྟོང་དུ་འཇོག་པའི་ཚེ་ན། གང་གིས་སྟོང་རྒྱུའི་རང་གི་ངོ་བོ་ནི་གཉིས་ཏེ། ཇི་སྐད་དུ། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཅེས་གསུངས་པ་ལྟར་ཀུན་རྫོབ་ཀྱི་རང་གི་ངོ་བོ་དང༌། དོན་དམ་པའི་ངོ་བོའོ། །དང་པོ་ལ་གཉིས་ཏེ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་དབང་དུ་བྱས་པའི་ཀུན་རྫོབ་ཀྱི་ངོ་བོ་དང༌། འཕགས་པ་སྣང་བཅས་ཀྱི་དབང་དུ་བྱས་པའི་ཀུན་རྫོབ་ཀྱི་ངོ་བོའོ། །དང་པོ་ནི། དགག་བྱ་བདེན་པར་གྲུབ་པ་དེ་ཉིད་ཆོས་ཅན་མིག་སོགས་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ཏེ། ཆོས་ཅན་དེ་དག་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། གཉིས་པ་ནི། སྒྱུ་མ་ལྟ་བུར་སྣང་ཙམ་དེ་ཉིད་དེའི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ཏེ། ཀུན་རྫོབ་ཀྱི་སྣང་བ་མངའ་བའི་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ་ན་ཆོས་ཅན་མྱུ་གུ་སོགས་དང༌། དེའི་ཀུན་རྫོབ་ཀྱི་ངོ་བོ་གཉིས་ཀ་ཡང་ཀུན་རྫོབ་ཏུ་ཡོད་མཉམ་དང༌། སྤྱིར་མེད་མཉམ་དུ་མཚུངས་པ་ཡིན་ཏེ། སྤྱིར་ཀུན་རྫོབ་པའི་བློ་ཚད་མར་མི་རུང་ཞིང༌། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་གྲུབ་མཐའ་དང༌། འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་གྱི་གྲགས་པ་ཚད་མར་འཇོག་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་དོན་དམ་གཅོད་བྱེད་ཀྱི་རིགས་པ་ལ་ཞུགས་པ་ན། མྱུ་གུ་མྱུ་གུས་སྟོང་པར་འཆད་ལ། དེའི་ཚེ་མྱུ་གུ་དེ་ཀུན་རྫོབ་རང་གི་ངོ་བོ་བཤད་མ་ཐག་པ་གཉིས་ཀས་སྟོང་པར་གྲུབ་བོ། །གཉིས་པ་དོན་དམ་པའི་ངོ་བོ་ནི་མིག་སོགས་ཀུན་རྫོབ་ཀྱི་རང་གི་ངོ་བོར་བཤད་མ་ཐག་པ་དེ་དང་དེས་སྟོང་པའོ། །འདི་ཡང་བར་དུ་བདག་ཟློག་པའི་རིགས་པ་དབང་བཙན་པར་བྱས་ནས་གནས་སྐབས་ཀྱི་ངེས་དོན་འཇོག་པ་དེའི་ཚེ། ཆོས་ཅན་སོ་སོའི་ངོ་བོ་དང་རང་བཞིན་དུ་བཤད་ནས་ཡོད་པར་ཁས་ལེན་ཀྱང༌། ཐ་མར་སྤྲོས་པ་ཀུན་གཅོད་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ན་རང་བཞིན་དེ་ཡང་ཡོད་པ་མ་ཡིན་ཏེ། དགག་བྱ་གང་བཀག་པས་རང་བཞིན་དེར་འཇོག་པའི་ཀུན་རྫོབ་ཀྱི་ངོ་བོ་དེ་ཡོད་པ་མ་ཡིན་པའི་ཕྱིར། ཇི་སྐད་དུ། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཤེས་བྱ་ཇི་སྙེད་པ་ཀུན་རྫོབ་དང་དོན་དམ་པའི་རང་གི་ངོ་བོ་གཉིས་ཀས་སྟོང་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་དུ་རྣམ་པར་བཤད་པ་ཡིན་ནོ། །དེ་ལྟ་བས་ན་ཁོ་བོ་ཅག་ལ་ནི་ཐ་སྙད་དུ་ཡང་རང་གི་ངོ་བོ་མ་ཡིན་པས་སྟོང་པ་ཤེས་བྱེད་དུ་བཀོད་ནས་རང་སྟོང་དུ་བཤད་པར་ཐལ་བའི་ཉེས་པས་གོས་པ་མེད་དོ། །གསུམ་པ་ནི་གཞན་སྟོང་གི་འཆད་ཚུལ་དེ་རིགས་པ་མ་ཡིན་པར་ཁྱེད་ཅག་གིས་འདོད་བཞིན་དུ་དོན་དེ་ཉིད་ཁས་བླངས་ནས་དེ་ལ་རང་སྟོང་གི་མིང་གིས་བཏགས་ནས་བཤད་པར་སོང་བ་ཡིན་ཏེ། དགག་གཞི་གཞན་དབང་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་ཀུན་བརྟགས་ཚད་མས་མ་གྲུབ་པ་ཞིག་གིས་སྟོང་པར་བཤད་ནས། དེ་དེས་སྟོང་པའི་སྟོང་ཉིད་དེ་དོན་དམ་པའི་བདེན་པ་མཐར་ཐུག་ཏུ་ཁས་ལེན་ཅིང༌། སྟོང་ཉིད་དེ་ཡོད་པ་མ་ཡིན་པར་ཁས་བླངས་ན་སྐུར་འདེབས་ཀྱི་ལྟ་བར་འགྱུར་རོ་ཞེས་གཞན་སྟོང་པ་དག་གིས་ཁས་བླངས་ལ། ཁྱེད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་རོ། །གཉིས་པ་སྤྱོད་འཇུག་གི་ལུང་དེ་ནི་ཁྱེད་ལ་སྒྲུབ་བྱེད་མ་ཡིན་པར་མ་ཟད་གནོད་བྱེད་དུ་འཇུག་པ་ཡིན་ཏེ། ལུང་དེའི་དོན་ཇི་ལྟ་བ་ནི་དགག་བྱ་གང་བཀག་པས་བདེན་མེད་དུ་འཇོག་པའི་བདེན་མེད་དེ་ཡོད་ན་དགག་བྱ་བདེན་གྲུབ་དེ་ཡང་ཡོད་དགོས་ཏེ། བརྟགས་པའི་དངོས་པོ་བདེན་གྲུབ་ལ་མ་རེག་པར་བདེན་གྲུབ་དེའི་དངོས་མེད་འཛིན་པར་མི་ནུས་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་མེད་ན་དེའི་ཤི་བ་མི་འབྱུང་བ་བཞིན། ཞེས་དེའི་དོན་དུ་འགྲེལ་བྱེད་ཚད་ལྡན་ཐམས་ཅད་ཀྱིས་བཤད་པས་སོ། །དེ་ལྟར་སྟོང་པ་ཉིད་ཀྱི་ངོ་བོ་ངོས་འཛིན་པའི་ཚུལ་རྒྱས་པར་བཤད་ཟིན་ནས། དེའི་དབྱེ་བ་ནི། ཡུམ་བར་མ་ལས་བཅུ་བཞིར་བཤད་པ་དང༌། བཅུ་དྲུག་ཏུ་བཤད་པ་དང༌། བཅོ་བརྒྱད་དུ་བཤད་པ་དང༌། ཉི་ཤུར་བཤད་པ་རྣམས་ལས། བཤད་ཚུལ་དེ་བཞི་ཀ་ཡང་དབྱེ་བསྡུ་ཙམ་ཡིན་གྱི། བཤད་ཚུལ་དང་པོ་དང་པོའི་ནང་དུ་མ་འདུས་པ་ཕྱི་མ་ཕྱི་མས་བཤད་དུ་ཡོད་པ་མ་ཡིན་ཏེ། དབུས་མཐའ་ལས། སྟོང་ཉིད་དང་པོ་བཅུ་བཞི་རྒྱས་བཤད་དང༌། ཕྱི་མ་གཉིས་པོས་སྔ་མ་བཅུ་བཞིའི་དོན་བསྡུས་ནས་འཆད་པ་ཡིན་གྱི། སྟོང་གཞིའི་ཆོས་ཅན་བཅུ་བཞི་པོ་གང་རུང་དུ་མ་གཏོགས་པའི་ཆོས་ཅན་གྱི་དབྱེ་བ་འཆད་པ་མ་ཡིན་པར་བཤད་པ་དང༌། དབུ་མ་ལ་འཇུག་པར། སྟོང་ཉིད་དང་པོ་བཅུ་དྲུག་རྒྱས་བཤད་དང༌། སླར་ཡང་བཞིར་བཤད་པ་དེ་བཅུ་དྲུག་པོའི་དོན་བསྡུ་ཡིན་པར་བཤད་པ་ལས་ཤེས་སོ།།  །།གཉིས་པ་ལུགས་གཉིས་སོ་སོར་ཕྱེ་ནས་བཤད་པ་ལ་གསུམ་སྟེ། གཞན་སྟོང་གི་ཚུལ་དབུས་མཐའ་རྩ་འགྲེལ་སོགས་ལས་གསུངས་པ་བཞིན་བཤད་པ་དང༌། རང་སྟོང་གི་ཚུལ་འཇུག་པ་རྩ་འགྲེལ་ལས་གསུངས་པ་བཞིན་བཤད་པ་དང༌། འཕགས་སེང་གིས་བཤད་པ་སུ་དང་མཐུན་བསམ་པའོ། །དང་པོ་ལ་གསུམ་སྟེ། དབུས་མཐའ་ལས་གསུངས་པའི་ཚུལ། བརྒྱད་སྟོང་དོན་བསྡུ་ལས་གསུངས་པའི་ཚུལ། ཡུམ་གསུམ་གནོད་འཇོམས་ལས་གསུངས་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། སྟོང་པ་ཉིད་ཀྱི་མདོར་བསྡུ་ན། །མཚན་ཉིད་དང་ནི་རྣམ་གྲངས་དང༌། །དེ་ཡི་དོན་དང་དབྱེ་བ་དང༌། །སྒྲུབ་པ་དག་སྟེ་ཤེས་པར་བྱ། །ཞེས་གསུངས་པས་དོན་ལྔའི་སྒོ་ནས་བཤད་པར་བྱ་བ་ལས། དང་པོ་མཚན་ཉིད་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་སོ། །འདིར་དགག་གཞི་གཉིས་སྣང་གི་ཤེས་པ་ལ་གཉིས་ཏེ། གང་ཟག་ཏུ་སྣང་བ་དང༌། ཆོས་སུ་སྣང་བའོ། །དགག་བྱ་གཟུང་འཛིན་ལའང་གཉིས་ཏེ། གང་ཟག་གི་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་ཀུན་བརྟགས་སོ། །དེ་ལའང་ཕྱི་རོལ་དོན་གྱི་དབང་དུ་བྱས་པ་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་དབང་དུ་བྱས་པ་གཉིས་སོ། །དེ་དེས་སྟོང་པའི་སྟོང་ཉིད་ལའང་གཉིས་ཏེ། གང་ཟག་གི་བདག་མེད་པའི་ཡེ་ཤེས་དང༌། ཆོས་ཀྱི་བདག་མེད་པའི་ཡེ་ཤེས་སོ། །དེ་སྐད་དུ། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་དང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ཉིད་དེ་ལ་སྟོང་ཉིད་གཞན། །ཞེས་གསུངས་སོ། །གཞུང་འདིས་ནི་སྟོང་ཉིད་ཕྱི་མ་གཉིས་ཀྱི་དོན་བཤད་ནས། དོན་དེ་སྤྱིར་སྟོང་ཉིད་ཙམ་གྱི་མཚན་ཉིད་དུ་བསྟན་པ་ཡིན་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། དེར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་འཇོག་སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར་གོ་རིམ་བཞིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་རྣམ་གྲངས་ནི། ཇི་སྐད་དུ། སྟོང་པ་ཉིད་ཀྱི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །འདིར་དོན་དམ་པ་ནི་ཡུལ་གྱི་དབང་དུ་བྱས་པ་ཡིན་ཏེ། རྣམ་གྲངས་ཀྱི་དོན་འཆད་པ་ན། འཕགས་པའི་སྤྱོད་ཡུལ་དང་ཞེས་གསུངས་པས་སོ། །ཡུལ་ཅན་གྱི་དོན་དམ་པ་གང་ཡིན་པ་དེ་སྤྱིར་དོན་དམ་པ་དང་དེའི་བདེན་པར་འཇོག་ཀྱང༌། འདིར་སྟོང་ཉིད་ཀྱི་རྣམ་གྲངས་སུ་བཤད་པའི་དོན་དམ་པ་དེར་མི་འཇོག་སྟེ། རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་ཡིན་པས་དེ་བཞིན་ཉིད་དང་ཆོས་དབྱིངས་སུ་མི་རུང་བའི་ཕྱིར་རོ། །འདིར་གང་ཟག་གི་བདག་མེད་ཀྱང་ཆོས་དབྱིངས་དང༌། ཡང་དག་པའི་མཐའ་ལ་སོགས་པར་བཤད་དོ། །འོ་ན་དམན་པའི་འཕགས་པས་ཆོས་དབྱིངས་སོགས་མ་རྟོགས་པའི་ཕྱིར་གང་ཟག་གི་བདག་མེད་ཀྱང་མ་རྟོགས་པར་ཐལ་བ་མ་ཡིན་ནམ་ཞེ་ན། བཤད་པ། གང་ཟག་གི་བདག་མེད་པའི་འཇོག་ཚུལ་གཉིས་ཏེ། ཉན་ཐོས་ཀྱི་གཞུང་ལུགས་ལས་འབྱུང་བ་དང༌། ཐེག་པ་ཆེན་པོའི་གཞུང་ལས་འབྱུང་བའོ། །དང་པོ་ནི། ཡུལ་གང་ཟག་གི་བདག་བཀག་ཙམ་གྱིས་ཁྱད་པར་དུ་བྱས་པའི་དངོས་པོ་ཞིག་གོ །གཉིས་པ་ལ་གཞན་སྟོང་སྨྲ་བའི་གཞུང་ལས་འབྱུང་བ་དང༌། རང་སྟོང་དུ་སྨྲ་བའི་གཞུང་ལས་འབྱུང་བའོ། །དང་པོ་ནི། གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སོ། །གཉིས་པ་ལ། ཟླ་བའི་ལུགས་དང༌། འཕགས་སེང་གི་ལུགས་སོ། །དང་པོ་ནི། དགག་བྱ་གང་ཟག་གི་བདག་བཀག་ཙམ་གྱི་མེད་པར་དགག་པ་ལ་འཆད་དོ། །གཉིས་པ་ལའང་འཆད་ཚུལ་གཉིས་ཡོད་དེ། ཉན་ཐོས་སྡེ་པའི་གཞུང་ལྟར་བཤད་པ་རྣལ་འབྱོར་གྱི་ས་དང་པོའི་སྐབས་ལྟ་བུ་དང༌། རྣལ་འབྱོར་སྤྱོད་པའི་གཞུང་བཞིན་དུ་བཤད་པ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པའི་སྐབས་ནས་འབྱུང་བ་ལྟ་བུའོ། །དེ་ལྟར་ལུགས་རྣམ་པ་གསུམ་ལས། ཟླ་བའི་ཞབས་ལྟར་ན། དམན་པའི་འཕགས་པ་ལ་གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པ་གཉིས་ཀ་ཡོད་དོ། །རྣལ་འབྱོར་སྤྱོད་པ་པ་ལྟར་ན། ཉན་ཐོས་པའི་གཞུང་ལས་འབྱུང་བའི་གཟུང་བ་ཀུན་བརྟགས་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་རྟོགས་པ་དང༌། ཐེག་པ་ཆེན་པོ་ལས་གསུངས་པའི་གང་ཟག་གི་བདག་མེད་རྟོགས་པ་གཉིས་ཀ་སྲིད་ལ། དེའི་ཤེས་བྱེད་ཀྱང་ཐེག་པ་ཆེན་པོའི་གཞུང་ལ་ཐོས་བསམ་བྱས་པ་དང༌། མ་བྱས་པའི་དབྱེ་བ་ལས་སོ། །ཉན་ཐོས་ཀྱི་ཐར་པ་ཙམ་མངོན་དུ་བྱས་པ་ལ་ནི་ཐེག་པ་ཆེན་པོ་ལས་འབྱུང་བའི་གང་ཟག་གི་བདག་མེད་འདི་རྟོགས་དགོས་པ་མ་ཡིན་ཏེ། ཉན་ཐོས་ཀྱི་གཞུང་ལས་འདི་བསྟན་པ་མེད་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་གཞུང་ལ་ཐོས་བསམ་བྱས་པའི་ཉན་ཐོས་འཕགས་པས་གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་དང༌། རང་རྒྱལ་འཕགས་པས་འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་ནི་མི་འཇོག་སྟེ། ཉན་ཐོས་འཕགས་པས་ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་གོམས་པར་མི་བྱེད་ཅིང༌། རང་རྒྱལ་འཕགས་པས་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་གོམས་པར་མི་བྱེད་པས་མངོན་སུམ་དུ་མི་རྟོགས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཉན་རང་གཉིས་ལ་ཆོས་ཀྱི་དབྱིངས་དང༌། སྟོང་པ་ཉིད་ཉི་ཚེ་བ་ཙམ་རྟོགས་པ་ཡོད་པར་བཞག་སྟེ། གང་ཟག་གི་བདག་དང༌། གཟུང་བ་ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་རྟོགས་པ་ཡོད་པས་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་རྟོགས་པ་ཡོད་པའི་ཕྱིར། དེ་ལྟ་ན་ཡང་སྟོང་པ་ཉིད་བཅུ་བཞི་ཚང་བར་རྟོགས་པ་མེད་པས་དེ་ཁོ་ན་ཉིད་ཀྱི་མཆོག་མ་རྟོགས་པ་ཞེས་བྱ་སྟེ། ཇི་སྐད་དུ། མདོ་སྡེའི་རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་ཕན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ཡང་རྒྱས་པར་བཤད་ན། དེ་ཁོ་ན་ཉིད་དང༌། དེ་བཞིན་ཉིད་དང༌། སྟོང་པ་ཉིད་རྣམས་ལ་ནི་ཆུང་ངུ་དང༌། འབྲིང་དང༌། མཆོག་གི་དབྱེ་བས་གསུམ་གསུམ་སྟེ། གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི་ཆུང་ངུའོ། །ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི་འབྲིང་པོའོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི་མཆོག་གོ །ཐེག་པ་ཆེན་པོའི་གཞུང་ལ་ཐོས་བསམ་བྱས་པའི་ཉན་ཐོས་འཕགས་པས་ནི་དེ་ཁོ་ན་ཉིད་ཆུང་ངུ་རྟོགས་ཤིང༌། ནང་སྟོང་པ་ཉིད་རྟོགས་ལ། རང་རྒྱལ་འཕགས་པས་ནི་དེ་ཁོ་ན་ཉིད་འབྲིང་དང༌། ཕྱི་སྟོང་པ་ཉིད་རྟོགས་ཤིང༌། ཐེག་པ་ཆེན་པོའི་འཕགས་པས་ནི་དེ་ཁོ་ན་ཉིད་མཆོག་དང༌། སྟོང་པ་ཉིད་བཅུ་དྲུག་པོ་ཐམས་ཅད་རྟོགས་སོ། །དོན་དེ་ལ་དགོངས་ནས། རྩ་བར། འཕགས་པས་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེས་དང༌། དེ་ཉིད་ཀྱི་འགྲེལ་པར། འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། འཕགས་པའི་ཆོས་རྣམས་ནི་དེ་ལ་དམིགས་པས་འབྱུང་བའི་ཕྱིར་རོ། །འདིར་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། །ཞེས་གསུངས་སོ། །དེའི་དོན་ཡང་ཉན་ཐོས་ཀྱིས་ནི་རང་རྒྱུད་ཀྱི་ཆོས་དབྱིངས་རིག་ཅིང་གསལ་ཙམ་ལ་དམིགས་ནས་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་བཅད་པ་ན་གང་ཟག་གི་བདག་མེད་རྟོགས། རང་རྒྱལ་གྱི་དེ་ལ་དམིགས་ནས་ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་བཅད་པ་ན་གཟུང་བ་ཆོས་ཀྱི་བདག་མེད་རྟོགས། ཐེག་ཆེན་གྱིས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་བཅད་པས་ཆོས་ཀྱི་བདག་མེད་པ་རྟོགས་ནས་རང་རང་གི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བའོ། །ཇི་སྐད་དུ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པའི་དགོངས་པ་ཡང་དོན་དེ་ཉིད་ཡིན་ཏེ། རིགས་ཅན་གསུམ་ཀའི་ཆོས་དབྱིངས་དེ་སངས་རྒྱས་ཀྱི་རིགས་སུ་ཁྱད་པར་མེད་ཀྱང་གསོས་འདེབས་བྱེད་ཀྱི་རྐྱེན་གྱི་དབང་གིས་རིགས་ཅན་ཐ་དད་པ་གསུམ་དུ་འཇོག་ཅེས་པ་ནི་གཞུང་འདིའི་དོན་ཡིན་པའི་ཕྱིར། སློབ་དཔོན་འཕགས་སེང་གཉིས་ཀྱང་དོན་དེ་ཉིད་བཞེད་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ་འཕགས་པའི་ཆོས་རྟོགས་པར་འགྱུར་ཞེས་བཤད་པས་སོ། །འདིས་ནི་རྟོགས་བྱ་ཆོས་དབྱིངས་ལ་བཟང་ངན་གྱི་དབྱེ་བ་མེད་ཀྱང་རྟོགས་པ་པོའི་བློའི་དབྱེ་བས་ཆ་ཤས་གཅིག་རྟོགས་པ་དང༌། མ་ལུས་པར་རྟོགས་པའི་ཁྱད་པར་གྱིས་ཐེག་པ་གསུམ་པོ་སོ་སོའི་ཡོན་ཏན་གྱི་རྒྱུ་ཉིད་དུ་བསྟན་ནོ། །སོ་སོའི་ཡོན་ཏན་གྱི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་སོ་སོའི་རིགས་མཚན་ཉིད་པར་འཇོག་པ་ནི་གཞུང་དེའི་དགོངས་པ་མ་ཡིན་ཏེ། ཡིན་ན་རྩོད་ལན་གྱི་འཕྲོས་དང་མི་མཐུན་པའི་ཕྱིར་དང༌། ཉན་རང་གཉིས་སངས་རྒྱས་ཀྱི་རིགས་ལ་གནས་པར་ཐལ་བ་ལ་འདོད་ལན་བཏབ་པའི་ཕྱིར་དང༌། གཞུང་ལས་ཀྱང༌། རིགས་ཉིད་དུ་ཐ་སྙད་འདོགས་སོ། །ཞེས་གསུངས་ཀྱི། རིགས་དངོས་ཡིན་པར་མ་གསུངས་པའི་ཕྱིར་དང༌། ཉན་ཐོས་ཀྱི་སེམས་ཀྱི་ཆོས་དབྱིངས་ནི་ཉན་ཐོས་ཀྱི་རྒྱས་འགྱུར་གྱི་རིགས་སུ་ནི་མི་རུང་ལ། ཉན་ཐོས་ཀྱི་རང་བཞིན་དུ་གནས་པའི་རིགས་ཞེས་བྱ་བ་ནི་གསུང་རབ་ལས་མི་འབྱུང་བའི་ཕྱིར་དང༌། གལ་ཏེ་འབྱུང་ན་ཐོག་མ་མེད་པ་ནས་ཉན་ཐོས་དང་རང་སངས་རྒྱས་སུ་རིགས་ངེས་པ་ཞིག་ཡོད་པར་ཐལ་བའི་ཕྱིར་དང༌། རྩོད་ལན་གྱི་འབྲེལ་ཡང༌། རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པ་ལ་འདོད་ལན་བཏབ་ནས། རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་པར་རྩོད་པ་ལ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་ལན་འདེབས་རྒྱུ་ཡིན་པའི་ཕྱིར། དེ་ལྟར་བཤད་པ་ན། ཇི་སྐད་དུ། ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཅན་གསུམ་ཉིད་དུ་ཐ་སྙད་འདོགས་སོ་ཞེས་འདོན་རྒྱུ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པ་འདི་ཡང་གཞན་སྟོང་འཆད་པའི་གཞུང་ལས་འབྱུང་བའི་ཆོས་དབྱིངས་ལ་དགོངས་ནས་བཤད་པ་ཡིན་གྱི། རང་སྟོང་འཆད་པའི་སྐབས་སུ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་དཔྱོད་པའི་གཞིར་གྱུར་པའི་ཆོས་ཀྱི་བདག་མེད་དེའི་གོ་ཆོད་པ་ནི་མ་ཡིན་ཏེ། དེ་ནི་སྤྱིར་ཆོས་རྣམས་རང་གི་ངོ་བོས་སྟོང་པ་ལ་ཆོས་ཀྱི་བདག་མེད་དང༌། བྱེ་བྲག་ཏུ་གཉིས་མེད་ཀྱི་ཡེ་ཤེས་རང་གི་ངོ་བོས་སྟོང་པ་ལ་བཤད་པའི་ཕྱིར་དང༌། འདི་ནི་སྤྱིར་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་ཆོས་དབྱིངས་སུ་བཤད་ནས་ཆོས་ཅན་གྱི་དབྱེ་བས་བཅུ་དྲུག་ཏུ་ཕྱེ་བའི་ཕྱིར། དེ་ལྟར་ཞར་བྱུང་དང་བཅས་པས་རྣམ་གྲངས་ཀྱི་དོན་བཤད་ཟིན་ནས། དཀྱུས་མ་དབྱེ་བའི་དོན་འཆད་པ་ལ་གཉིས་ཏེ། བསྡུས་པའི་དབྱེ་བ་དང༌། རྒྱས་པའི་དབྱེ་བའོ། །དང་པོ་ལ་དངོས་དང་རྩོད་པ་སྤང་བའོ། །དང་པོ་ནི། སྟོང་ཉིད་ཀྱི་དབྱེ་བ་ནི་གཉིས་ཏེ། དྲི་མ་དང་བཅས་པའི་སྟོང་པ་ཉིད་དང༌། དྲི་མ་མེད་པའི་སྟོང་པ་ཉིད་དོ། །ཡང་ན་མ་དག་པའི་དང༌། དག་ལ་མ་དག་པའི་དང༌། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་དོ། །གསུམ་པོ་འདི་ལ་ནི་གོ་རིམ་བཞིན་དུ། དོན་དམ་པའི་སེམས་ཅན་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཞེས་བྱའོ། །དོན་དམ་པའི་སེམས་ཅན་ལ་སོགས་པའི་རྣམ་པར་གཞག་པ་མི་འཐད་དོ་སྙམ་དུ་སེམས་པ་དེ་དག་གིས་ནི་རྣལ་འབྱོར་སྤྱོད་པའི་གཞུང་མ་བརྟགས་པ་ཡིན་ཏེ། སེམས་ཅན་སོགས་གསུམ་ལ་ཀུན་བརྟགས་ཀྱི་དང༌། རྣམ་བརྟགས་ཀྱི་དང༌། ཆོས་ཉིད་ཀྱི་གསུམ་གསུམ་དུ་དབྱེ་བར་བཤད་པའི་དོན་མ་རྟོགས་པར་གསལ་བའི་ཕྱིར། འོ་ན་སེམས་ཅན་དང་བྱང་སེམས་གོ་ཆོད་པོར་བཞག་རྒྱུ་གང་ཞེ་ན། ལོག་པའི་ཀུན་རྫོབ་ཀྱི་ཚེ་ན་དང་པོ་ལ་དང༌། ཡང་དག་པའི་ཀུན་རྫོབ་ཀྱི་ཚེ་ན་གཉིས་པ་ལ་དང༌། དོན་དམ་པའི་བདེན་པ་རྣམ་པར་འཇོག་པའི་ཚེ་གསུམ་པ་ལ་དེར་བཞག་གོ །དེ་ཁོ་ནར་མ་ཟད་གང་ཟག་དང་ཆོས་ཀྱི་བདག་ལྟ་བུ་ལའང་ཀུན་བརྟགས་ཀྱི་དང༌། རྣམ་བརྟགས་ཀྱི་དང༌། ཆོས་ཉིད་ཀྱི་དེ་གསུམ་དུ་ཕྱེ་ནས། དང་པོ་ནི་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར་ཐ་སྙད་དུ་ཡང་མེད་ལ། གཉིས་པ་ནི་ཐ་སྙད་ཀྱི་བདེན་པར་བཞག་སྟེ། བདག་གཉིས་སུ་སྣང་བའི་རྣམ་རིག་ལ་འཆད་དགོས་པས་སོ། །གསུམ་པ་ནི་རྣམ་བརྟགས་ཀྱི་གཉིས་པོ་ཀུན་བརྟགས་ཀྱི་གཉིས་པོས་སྟོང་པའི་སྟོང་པ་ཉིད་དོ། །འདི་ནི་དོན་དམ་དུ་ཡོད་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་བླ་མར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་དང༌། མདོ་སྡེའི་རྒྱན་ལས། བདག་མེད་མཆོག་གི་བདག་ཐོབ་པས། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་གསུངས་སོ། །འོ་ན་ཅི་དོན་དམ་པའི་སེམས་ཅན་དང་གཟུགས་ལ་སོགས་པ་ཡིན་ན་དེ་དང་དེ་ཡིན་དགོས་སམ། ཀུན་རྫོབ་པའི་སེམས་ཅན་སོགས་ཡིན་ན་དེ་དང་དེ་ཡིན་དགོས་པར་འཇོག་ཅེ་ན། སྤྱིར་དོན་དམ་པ་དབང་བཙན་པ་ཡིན་མོད། ཐ་སྙད་འཇོག་པའི་ཚེ་བདེན་པ་གཉིས་ཀྱི་སྐབས་སོ་སོར་ཕྱེད་དགོས་སོ། །གཉིས་པ་ནི། འོ་ན་ཆོས་ཀྱི་དབྱིངས་དེ་མི་རྟག་པ་ཡིན་པར་འགྱུར་ཏེ། སྔར་དྲི་མ་དང་བཅས་པ། ཕྱིས་དྲི་མེད་དུ་འགྱུར་བའི་ཕྱིར་ཞེ་ན། ཉེས་པ་དེ་མེད་དེ། ཆོས་དབྱིངས་རང་གི་ངོ་བོ་ལ་དྲི་མ་མེད་ཀྱང༌། གློ་བུར་གྱི་དྲི་མ་དང་བཅས་མ་བཅས་ཀྱི་དབྱེ་བ་ཡོད་པའི་ཕྱིར། ཆུ་དང༌། གསེར་དང༌། ནམ་མཁའ་བཞིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྒྱས་པའི་དབྱེ་བ་བཅུ་བཞི་དང༌། བསྡུས་པའི་དབྱེ་བ་གཉིས་སུ་དབྱེ་བའོ། །དང་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། མཚན་ཉིད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ལ་སྟོང་པའི་གཞི་དང༌། ཇི་ལྟར་སྟོང་པའི་ཚུལ་ལོ། །དང་པོ་ནི་ཇི་སྐད་དུ། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ནི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །ཅེས་བྱ་བ་འདིས་ནི་སྟོང་པ་ཉིད་མ་ལུས་པ་མདོར་བསྟན་པ་ཡིན་ལ། དེ་དག་གི་སྟོང་གཞི་ཆོས་ཅན་ནི་ནང་གི་སྐྱེ་མཆེད་དང༌། ཕྱིའི་སྐྱེ་མཆེད་དང༌། དེ་གཉིས་ཀའི་གནས་ཁོག་པ་དང༌། དེ་དག་གི་རྟེན་སྣོད་ཀྱི་འཇིག་རྟེན་ཏེ་བཞི་པོ་རྣམས་ནི་ཆོས་ཅན་ཏེ། ཀུན་རྫོབ་ཀྱི་བདེན་པའོ། །བཞི་པོ་དེའི་སྟོང་ཉིད་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ནི་ལྔ་པ་དང་དྲུག་པའི་སྟོང་གཞི་ཆོས་ཅན་ཏེ། དོན་དམ་པའི་དབང་དུ་བྱས་པའོ། །དྲུག་པོ་འདིའི་སྟོང་གཞིའི་ཆོས་ཅན་ནི་བདེན་པ་གཉིས་ཀྱི་དབྱེ་བས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་མ་བརྒྱད་ཀྱི་སྟོང་གཞི་ཆོས་ཅན་དགོས་པའི་སྒོ་ནས་བཞག་པ་ནི་ཇི་སྐད་དུ། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་པའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་སོ། །འདི་དག་གིས་ནི་སྟོང་ཉིད་ཕྱི་མ་བརྒྱད་ཀྱི་སྟོང་གཞིའི་ཆོས་ཅན་ངོས་བཟུང་བ་ཡིན་ཏེ། ཆོས་ཅན་བརྒྱད་པོ་འདི་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་པའི་ཕྱིར། དགོས་པ་གང་གི་ཕྱིར་དུ་གང་ཞིག་སྒྲུབ་ཅེ་ན། མཐར་ཐུག་གི་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་ཐོབ་པར་བྱ་བའི་ཕྱིར་དུ་གནས་སྐབས་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་སྒྲུབ་པར་བྱེད་དོ། །དེ་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཅན་ནོ། །དེ་བཞིན་དུ་སྦྱར་ནས་དགོས་པ་སེམས་ཅན་ལ་ཕན་པའི་ཕྱིར་དུ་དབུ་མའི་ལམ་སྒྲུབ་པར་བྱེད་པ་དང༌། སེམས་ཅན་མི་གཏོང་བའི་ཕྱིར་དུ་འཁོར་བསྒྲུབ་པར་བྱེད་པ་དང༌། ལྷག་མེད་དུ་དགེ་བ་མི་ཟད་པར་བྱ་བའི་ཕྱིར་དུ་ཆོས་ཉིད་ཀྱི་དགེ་བ་སྒྲུབ་པར་བྱེད་པ་དང༌། གློ་བུར་གྱི་དྲི་མས་དག་པར་བྱ་བའི་ཕྱིར་དུ་རང་བཞིན་དུ་གནས་པའི་རིགས་སྒྲུབ་པར་བྱེད་པ་དང༌། མཚན་དང་དཔེ་བྱད་ཐོབ་པར་བྱ་བའི་ཕྱིར་དུ་དེ་སྒྲུབ་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་སྟོབས་ལ་སོགས་པ་རྣམས་སྒྲུབ་པར་བྱེད་ཅེས་པའོ། །དེ་ཡང་སྟོང་ཉིད་དང་པོ་བཞི་ནི་ཉན་རང་དང་ཐུན་མོང་བ་དང༌། ཕྱི་མ་བཞི་ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་སོ། །ཡང་ན་དགོས་པ་དེ་དང་དེའི་ཕྱིར་དུ་སྟོང་པ་ཉིད་དེ་དང་དེ་སྒྲུབ་པར་བྱེད་དོ། །དཔེར་ན་འཁོར་བ་སྟོང་པ་ཉིད་དུ་མ་ཤེས་ན་སྐྱོ་བ་སྐྱེས་ཏེ་འཁོར་བ་གཏོང་པ་བཞིན་ནོ། །འདིར་རང་བཞིན་གནས་རིགས་ལ་རང་བཞིན་སྟོང་པ་ཉིད་ཀྱི་དང༌། མཚན་བཟང་པོ་རྣམས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དང༌། སངས་རྒྱས་སའི་ཡོན་ཏན་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དུ་བཤད་པ་ནི་རང་སྟོང་གི་གཞུང་ལས་འབྱུང་བ་དང་མི་འདྲ་བའི་ཁྱད་པར་ཡིན་ནོ། །གཉིས་པ་ཇི་ལྟར་སྟོང་པའི་ཚུལ་ནི། བསྡུས་པའི་དབྱེ་བ་གཉིས་ཀྱིས་སྟོན་པ་ཡིན་ལ། དེ་ཡང་དག་བྱ་ནི་གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སོ། །དགག་གཞིའི་རྣམ་པར་བརྟགས་པའི་གང་ཟག་དང་ཆོས་གཉིས་ཏེ། གོང་དུ་བཤད་པའི་ཆོས་ཅན་གྱི་དབྱེ་བ་བཅུ་བཞི་པོ་དེ་དག་གོ །དེ་དེས་སྟོང་པའི་དངོས་པོ་ནི་ཆོས་ཉིད་ཀྱི་དབང་དུ་བྱས་པའི་གང་ཟག་དང་ཆོས་སོ། །དེ་སྐད་དུ་ཡང༌། ཐོགས་མེད་ཞབས་ཀྱིས། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པའོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་བསྡུས་པའི་དབྱེ་བ་བཤད་པ་ནི། སྟོང་པ་ཉིད་བཅོ་ལྔ་པ་དང་བཅུ་དྲུག་པ་སྟེ། གང་ཞེ་ན། དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་གཉིས་ཀྱང་ལྡོག་པས་ཕྱེ་བ་ཡིན་ཏེ། དགག་བྱ་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་བཀག་པའི་ཆ་ནས་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དགག་བྱ་དེ་བཀག་པའི་ཤུལ་ན་ཆོས་ཉིད་ཀྱི་ཆོས་དང་གང་ཟག་གི་དངོས་པོ་ཡོད་པའི་ཆ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཞག་གོ །དེ་སྐད་དུ། ཡང་གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ཉིད་དེ་ལ་སྟོང་ཉིད་གཞན། །ཞེས་གསུངས་སོ། །གཉིས་པོ་འདི་སྟོང་ཉིད་གོ་ཆོད་པོ་སོ་སོ་བ་མ་ཡིན་ཏེ། དགག་བྱ་བདག་གཉིས་པོ་བཀག་ཙམ་གྱི་མེད་པར་དགག་པ་དེ་དོན་དམ་པའི་བདེན་པར་མི་རུང་བའི་ཕྱིར། འོ་ན་གཉིས་སུ་འཆད་པ་ཅི་ཞེ་ན། སྟོང་པ་ཉིད་ཀྱི་དངོས་པོ་རེ་རེ་ཡང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་གཉིས་བསལ་བའི་སྒོ་ནས་བཞག་དགོས་ལ། སྟོང་ཉིད་ཕྱི་མ་གཉིས་པོ་འདི་སྟོང་པ་ཉིད་བཅུ་བཞི་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་དགོས་པར་ཤེས་པའི་དོན་དུའོ། །མཐའ་གཉིས་པོ་གང་ཞེ་ན། ཀུན་བརྟགས་པའི་ཆོས་དང་གང་ཟག་གི་དངོས་པོ་ཡོད་པར་སྒྲོ་འདོགས་པ་དང༌། ཆོས་ཉིད་ཀྱི་ཆོས་དང་གང་ཟག་གི་དངོས་པོ་མེད་དོ་ཞེས་སྐུར་པ་འདེབས་པའོ། །དོན་དེ་དག་ནི་ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །གཞུང་འདིས་ནི་གཟུགས་སྟོང་པའོ་ཞེས་སོགས་ཀྱི་དོན་ཡང་ལེགས་པར་བཤད་པ་ཡིན་ཏེ། རྣམ་བརྟགས་ཀྱི་གཟུགས་རྣམས་ཀུན་བརྟགས་ཀྱི་གཟུགས་ཀྱིས་སྟོང་པ་དང༌། དེ་དེས་སྟོང་པའི་སྟོང་པ་ཉིད་ནི་ཆོས་ཉིད་ཀྱི་གཟུགས་སུ་བཞག་པ་དང༌། རྣམ་བརྟགས་ཀྱི་གཟུགས་ལས་ཆོས་ཉིད་ཀྱི་གཟུགས་གཞན་མ་ཡིན་པ་དང༌། རྣམ་བརྟགས་ཀྱི་གཟུགས་ཀུན་བརྟགས་ཀྱི་གཟུགས་ཀྱིས་སྟོང་པའི་སྟོང་པ་ཉིད་དེ་ཡང་དོན་དམ་པའི་གཟུགས་ཡིན་པའི་རྒྱུ་མཚན་གྱིས་སྤྱིར་གཟུགས་ལས་གཞན་མ་ཡིན་པའོ། །དེ་དག་གིས་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སོགས་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུའི་གཉེན་པོ་ཡང་ཕལ་ཆེར་ཚང་བར་བསྟན་པ་ཡིན་ནོ། །དྲུག་པ་སྒྲུབ་པ་ནི་ཇི་སྐད་དུ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་དང་འབྲས་བུ་མེད་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་བརྒྱད་སྟོང་དོན་བསྡུ་ལས་གསུངས་པའི་ཚུལ་ནི། ཇི་སྐད་དུ། སྟོང་པ་ཉིད་ཀྱི་དབྱེ་བ་ནི། །རྣམ་པ་བཅུ་དྲུག་བརྒྱད་སྟོང་པར། །རིམ་པ་ཇི་བཞིན་བརྗོད་པ་ནི། །གཞན་གྱིས་བསྟན་པར་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་དེ་ཉིད་དུ། །ངས་མ་མཐོང་ཞེས་ཐུབ་པས་གསུངས། །ཟ་པོ་ནང་གི་དངོས་རྣམས་ཀྱི། །སྟོང་པ་ཉིད་ནི་དེ་ཡིས་བརྗོད། །གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་པ་ཞེས་ནི་གསུངས་པའི་ཕྱིར། །བཟའ་བར་བྱ་བ་ཕྱི་ཡི་ནི། །སྐྱེ་མཆེད་རྣམས་ཀྱང་འདིར་བཀག་གོ །གཟུགས་སོགས་མེད་ན་དེ་ཡི་ནི། །ལུས་གནས་མཚན་ཉིད་ཟད་པའི་དོན། །རྟོགས་ཉིད་གང་གིས་དེ་མཐོང་བ། །དེ་ཡང་ནང་གི་ཡིན་ཕྱིར་མེད། །གང་ཕྱིར་ནང་རྣམས་སྟོང་ཉིད་ན། །རང་བཞིན་ཡང་ནི་སྟོང་པ་ཉིད། །འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན། །སེམས་ཅན་སྐྱེ་མེད་འགག་པ་ཡང༌། །མེད་ཅེས་སོགས་ཀྱི་སེམས་ཅན་དང༌། །འཁོར་བ་དག་ནི་སྟོང་ཉིད་དུ། །དེས་ནི་གསལ་བར་བསྟན་པ་ཡིན། །སངས་རྒྱས་ཆོས་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི། །མི་མཐོང་ཞེས་བྱ་ལ་སོགས་ཀྱིས། །སྟོབས་བཅུ་ལ་སོགས་སྟོང་པར་བསྟན། །གང་ཕྱིར་ཆོས་རྣམས་སོ་སོར་ནི། །སོ་སོར་བརྟགས་ཤེས་རབ་བརྗོད་པ། །དེས་ནི་ཆོས་རྣམས་དོན་དམ་དུ། །ཡོད་མིན་ཞེས་ཀྱང་བརྗོད་པ་ཡིན། །གང་ཕྱིར་བདག་སོགས་ལྟ་བ་ནི། །ཆེན་པོ་གཅོད་མཛད་དེ་ཡི་ཕྱིར། །བཅོམ་ལྡན་འདས་ཀྱིས་རྣམ་ཀུན་ཏུ། །གང་ཟག་གདགས་རྙེད་ཉིད་དུ་གསུངས། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཤེས། །བརྗོད་པར་མཛད་པས་དེ་བཞིན་དུ། །དེ་ཉིད་རིག་པས་རྣམ་ཀུན་དུ། །ཆོས་ཀྱི་བདག་མེད་གསུངས་པ་ཡིན། །ཁ་ན་མ་ཐོ་བཅས་མེད་རྣམས། །འཕེལ་དང་ཉམས་པ་མེད་པའི་ཕྱིར། །འདུས་བྱས་འདུས་མ་བྱས་པ་ཡི། །དགེ་བ་རྣམས་ནི་གསལ་བ་ཡིན། །དགེ་བ་རྣམས་ནི་སྟོང་པ་ན། །དེ་རྟེན་མི་ཟད་དེ་བཞིན་དུ། །བཞག་ཉིད་དེ་ནི་སྟོང་ཉིད་ཀྱི། །རབ་ཏུ་དབྱེ་བ་བསྡུས་པ་ཞེས། །ཞེས་གསུངས་སོ། །དེ་དག་གི་ངག་དོན་བཤད་ན། ཡུམ་ལས་སྟོང་པ་ཉིད་དངོས་སུ་བཤད་ཀྱང་དེའི་སྟོང་གཞིའི་ཆོས་ཅན་གསལ་བར་མ་བཤད་པས་ཆོས་ཅན་ལུང་དང་སྦྱར་ནས་ཚོལ་བར་མཛད་པ་ཡིན་ནོ། །དེ་ཡང་དབུས་མཐའ་དང་མི་མཐུན་པའི་ཁྱད་པར་ནི། ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་བདག་ཏུ་ལྟ་བ་ཆེན་པོ་ལ་འཆད་པ་དང༌། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་དོན་དམ་དུ་ཡོད་པ་མ་ཡིན་པའི་ཆོས་རྣམས་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་སྐྱེ་འགག་མེད་པའི་སེམས་ཅན་ལ་བྱ་བ་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཅན་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་འཆད་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཐམས་ཅད་ལ་འཆད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཅན་འཆད་པ་ན། རྣམ་ཤེས་རང་བཞིན་རིགས། ཤེས་པ་ཀུན་གཞིའི་རྣམ་ཤེས་ཀྱི་ཆོས་ཉིད་དུ་གྱུར་པའི་རང་བཞིན་གནས་རིགས་ལ་འཆད་པ་ཡིན་གྱི། རྣམ་ཤེས་དང་རང་བཞིན་གནས་རིགས་ཀྱི་གཞི་མཐུན་སྟོན་པ་ནི་མ་ཡིན་ནོ། །བརྩེ་དང་ཤེས་རབ་ཅེས་པས་རིགས་དེ་སད་བྱེད་ཀྱི་རྐྱེན་སྟོན་པ་ཡིན་གྱི། སྟོང་གཞིའི་ཆོས་ཅན་དུ་གྱུར་པའི་རང་བཞིན་གནས་རིགས་འཆད་པ་ནི་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་སྐབས་འདིར་སྟོང་གཞིའི་ཆོས་ཅན་གྱི་ནང་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་རང་གི་ངོ་བོས་སྟོང་པར་དངོས་སུ་བཤད་པ་ནི་རྩོད་བྲལ་གྱི་གཞུང་དག་ཏུ་མི་འབྱུང་ལ། གལ་ཏེ་བཤད་སྲིད་ན་སྟོང་པ་ཉིད་ལའང་ཀུན་བརྟགས་ཀྱི་དང༌། རྣམ་བརྟགས་ཀྱི་དང༌། ཆོས་ཉིད་ཀྱི་སྟོང་པ་ཉིད་གསུམ་ལས། རྣམ་བརྟགས་ཀྱི་ཆ་ནས་འཆད་དགོས་པའི་ཕྱིར་གཞན་དབང་སྟོང་གཞིར་མ་གཞག་པའི་ཉེས་པ་མེད་དོ། །དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ཡང་རང་བཞིན་སད་བྱེད་ཀྱི་རྐྱེན་ལ་རང་བཞིན་གྱི་མིང་གིས་བཏགས་ནས་སྟོང་གཞིའི་ཆོས་ཅན་དུ་བཤད་དོ། །ཅེས་བཤད་ནའང་འབྲེལ་བར་འགྱུར་རོ། །གསུམ་པ་ཡུམ་གསུམ་གནོད་འཇོམས་ལས་གསུངས་པའི་ཚུལ་ལ་གཉིས་ཏེ། ཇི་ལྟར་སྟོང་པའི་ཚུལ་སྤྱིར་བཤད་པ་དང༌། སྟོང་ཉིད་སོ་སོའི་ངོ་བོ་ངོས་བཟུང་བའོ། །དང་པོ་ནི། ཡུམ་རྒྱས་པ་ལས། བཅོམ་ལྡན་འདས་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་གཟུགས་སོ། །ཤེས་པའི་འགྲེལ་པར། སྔར་གཟུགས་ལ་གནས་པར་མི་བགྱིའོ་ཞེས་གསུངས་ནས། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་འདི་ན། གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་དང༌། རྣམ་པར་བརྟགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །གང་ལ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་བཟུང་བ་དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་ཤེས་བྱའོ། །ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པ་དེ་གཉིས་ཀྱི་རྣམ་པ་དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་ཀུན་བརྟགས་པ་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་དང༌། གཟུགས་སུ་རྣམ་པར་བརྟགས་པ་ཡུལ་གྱི་རྣམ་པར་སྣང་བའི་གཟུགས་ཀྱིས་སྟོང་པས་ན་སྟོང་པ་ཞེས་བྱའོ། །དེ་སྐད་བཤད་པ་དང༌། ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ། ཅི་གཟུགས་ཀྱི་མཚན་ཉིད་གཞན་ཞིག་ཀྱང་ཡོད་དམ་ཞེ་ན། གང་གི་ཕྱིར་དེ་ལ་ཡང་གཟུགས་ཞེས་བྱ་སྙམ་ཐེ་ཚོམ་ཟ་བ་དེའི་ཕྱིར་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་བཤད་དེ། ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ནི་གཟུགས་མ་ཡིན་ཞིང༌། གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་དབེན་པའི་ཕྱིར། ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་བཤད་པ་དང༌། གཟུགས་རྣམ་པ་ཐམས་ཅད་དུ་མེད་ན། འོ་ན་གང་གིས་སྟོང་ན་འདི་ལ་སྟོང་པ་ཉིད་ཅེས་བྱ་བ། ཡུལ་མེད་པའི་སྟོང་པ་ཉིད་ཀྱང་མེད་ལ། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་པ་དང༌། ཆོས་ཉིད་ལས་ཆོས་གཞན་པ་ཡང་མི་རིགས་སོ་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར་སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མ་མཆིས་ཞེས་བྱ་བ་གསུངས་ཏེ། ཇི་སྐད་བསྟན་པར་འགྱུར་ཞེ་ན། དེ་ནི་འདི་ལྟར། ཆུ་མ་དྭངས་པའི་གནས་སྐབས་ན་ནི་རྙོག་པ་ཞེས་བྱ་ལ། དྭངས་སྐབས་ཀྱི་གནས་སྐབས་སུ་ནི་ཆུ་ཞེས་བྱ་བ་དང༌། ཇི་ལྟར་ནམ་མཁའ་མ་དྭངས་པའི་གནས་སྐབས་ན་ནི་སྨུག་པ་ཞེས་བྱ་ལ། དྭངས་པའི་གནས་སྐབས་ན་ནི་ནམ་མཁའ་གསལ་བ་ཞེས་བྱའོ། །དེ་བཞིན་དུ་སྟོང་པ་ཉིད་འདི་ཡང་བྱིས་པ་སོ་སོ་སྐྱེ་བོ་མ་དག་པའི་གནས་སྐབས་ན་ཐ་དད་པར་གྱུར་པའི་ཕྱིར་གཟུགས་ལ་སོགས་པའི་ཚིག་ཏུ་བརྗོད་ལ། ཡང་དག་པའི་གནས་སྐབས་ན་ནི་སྟོང་པ་ཉིད་ཅེས་བྱའོ། །དེ་བས་ན་སྟོང་པ་ཉིད་ལས་གཟུགས་ལ་སོགས་པའི་ཆོས་ཐ་དད་པར་གྱུར་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་དང་ཆོས་ཉིད་དག །ཐ་དད་པ་མེད་པར་གྱུར་པས་གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པ་དེའི་ཚེ་གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱའོ། །གང་གི་ཚེ་ཆོས་ཀྱི་ཆོས་ཉིད་བརྗོད་པ་དེའི་ཚེ་སྟོང་པ་ཉིད་ཀྱང་གཟུགས་ཞེས་བྱའོ། །ཡང་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ལ། སྟོང་པ་ཉིད་ནི་དེ་བཞིན་ཉིད་དེ་ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །དེ་ལྟར་ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་ཏེ། དེ་དག་ཤིན་ཏུ་མེད་པ་དང༌། ཡོངས་སུ་གྲུབ་པའི་གཟུགས་ལ་ཡང་གནས་སུ་མི་རུང་བའི་ཕྱིར། གཟུགས་ལ་གནས་པར་མི་བགྱིའོ། །ཞེས་གསུངས་ཏེ། དེ་བཞིན་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་སོ། །དེ་དག་གི་ངག་དོན་བསྡུས་ན་སྐབས་འགའ་ཞིག་ཏུ་གཟུགས་ལ་གནས་པར་མི་བྱའོ་ཞེས་གནས་བྱའི་གཟུགས་ཡོད་པར་གསུངས། གནས་སྐབས་ལ་ལར་གཟུགས་སྟོང་པའོ་ཞེས་གཟུགས་མེད་པར་གསུངས་པའི་དགོངས་པ་གང་ཡིན་སྙམ་པ་ལ། གཟུགས་ལ་གསུམ་དུ་ཕྱེ་ནས་གཟུགས་དང་པོ་གཉིས་ཡོད་པ་མ་ཡིན་པ་ལ་དགོངས་ནས་གཟུགས་སྟོང་པའོ། །ཞེས་གསུངས། ཆོས་ཉིད་ཀྱི་གཟུགས་དེ་གཟུགས་སུ་རུང་བ་ཡིན་ནམ་སྙམ་པ་ལ། དེ་མ་ཡིན་ནོ་ཞེས་ཤེས་པའི་ཕྱིར་དུ་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ཤེས་གསུངས། དེ་ལྟར་བསྟན་པ་ན་གཟུགས་སྟོང་པ་དང༌། སྟོང་པ་ཉིད་གཟུགས་ཞེས་བྱ་བའི་དོན་གྲུབ། གཟུགས་དང་པོ་གཉིས་མེད་པར་གྲུབ་པ་ན་ཆོས་ཅན་གྱི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་གཉིས་པོ་གཞན་མ་ཡིན་པར་གྲུབ་ཅེས་སྟོན་པ་ནི། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། །ཞེས་གསུངས་སོ། །དེར་ཡང་དཔེར་ན། རྡུལ་མ་དྭངས་པའི་གནས་སྐབས་སུ་རྙོག་པ་དང༌། དྭངས་པ་ན་ཆུ་ཞེས་བརྗོད་པ་བཞིན་དུ་བྱིས་པའི་མཐོང་བ་ལ་ལྟོས་ནས་གཟུགས་དང༌། འཕགས་པའི་མཐོང་བ་ལ་ལྟོས་ནས་སྟོང་པ་ཉིད་ཅེས་བརྗོད་དོ། །དེ་ལྟར་ཤེས་པ་ན་ཆོས་ཅན་ཀུན་བརྟགས་དང༌། རྣམ་བརྟགས་ཀྱི་གཟུགས་གཉིས་མེད་པས། ཆོས་ཉིད་ཀྱི་གཟུགས་དང་གཅིག་དང་ཐ་དད་གང་དུ་ཡང་མི་རུང་བར་ཤེས་པ་ན་གཅིག་པ་ཉིད་དང་ཐ་དད་དུ་འཛིན་པའི་རྟོག་པ་སེལ་བར་བྱེད་དོ། །ཞེས་བྱ་བའི་དོན་དུ་གསལ་ལོ། །དེ་ལྟ་ན་ཡང་འགྲེལ་པ་འདིར། ཆོས་ཉིད་ཀྱི་གཟུགས་དེ་གཟུགས་སྔ་མ་གཉིས་ཀྱིས་སྟོང་པར་བཤད་པ་ལ་སྐྱོན་མེད་ཀྱང༌། སྟོང་གཞིར་བཤད་ན་སྤྱིར་རྣལ་འབྱོར་སྤྱོད་པའི་གཞུང་དང༌། བྱེ་བྲག་ཏུ་དབྱིག་གཉེན་ཞབས་ཀྱི་གཞུང་ལུགས་དང་འགལ་བས་རྣམ་པར་བརྟག་དགོས་ཤིང༌། དེ་བཞིན་དུ་རྣམ་བརྟགས་ཀྱི་གཟུགས་ངོ་བོ་ཉིད་ཀྱིས་སྟོང་པ་ཞིག་བཤད་པ་འདི་ལ་རྣལ་འབྱོར་སྤྱོད་པའི་གཞུང་གི་དགོངས་པ་དང་མཐུན་མི་མཐུན་བརྟག་དགོས་ལ། ཁ་ཅིག་འགྲེལ་པ་འདི་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སོ་ཞེས་ཟེར་བ་ནི་མི་རིགས་ཏེ། འགྲེལ་པ་འདིར་ཆོས་ཉིད་ཀྱི་གཟུགས་ངོ་བོ་ཉིད་ཀྱིས་ཡོད་པར་བཤད་པའི་ཕྱིར་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ་གཟུགས་ཀྱི་སྟོང་པ་ཉིད་འཆད་པའི་ཚེ་ན། གཟུགས་ངོ་བོ་ཉིད་ཀྱིས་སྟོང་ཞེས་པ་གཅིག་པུས་ཆོག་པ་ཡིན་གྱི། གཟུགས་ལ་རྣམ་པ་གསུམ་དུ་དབྱེ་བའི་དོན་མེད་པའི་ཕྱིར་རོ། །དེ་ལྟར་ན་འགྲེལ་པ་འདིའི་ལུགས་ཀྱིས་སྟོང་ཚུལ་ནི་དབུ་མའི་ལུགས་གཉིས་ཀ་དང་མི་མཐུན་པར་བྱུང་བས། སྟོང་ཉིད་ཉི་ཤུའི་སྟོང་གཞིའི་ཆོས་ཅན་དུ་ཀུན་བརྟགས་དང་རྣམ་བརྟགས་ཀྱི་ཆོས་རྣམས་གཟུང་ནས་ངོ་བོ་ཉིད་ཀྱིས་སྟོང་པར་སྒྲུབ་ཅིང༌། དེ་ལྟར་གྲུབ་པའི་དོན་ལ་ཆོས་ཉིད་ཀྱི་གཟུགས་ཞེས་འཆད་པ་ཡིན་ནོ། །གཉིས་པ་སྟོང་ཉིད་ཀྱི་དབྱེ་བ་ལ། ཡུམ་རྒྱས་འབྲིང་ལས་སྟོང་ཉིད་ཉི་ཤུར་བཤད་པས་ནང་སྟོང་པ་ཉིད་ནས། གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་བར་ཉི་ཤུར་བཤད་པ་དེ་དག་གོ །དེ་དག་ཀྱང་ཆོས་ཅན་གང་དང་གང་ཞིག་དགག་བྱ་གང་དང་གང་གིས་སྟོང་པ་ཡིན་ཞེ་ན། ནང་སྟོང་པ་ཉིད་ནི་ཀུན་བརྟགས་ཀྱི་མིག་སོགས་དེ་ཉིད་ཀྱིས་སྟོང་པ་དང༌། ཕྱི་སྟོང་པ་ཉིད་ནི་ཀུན་བརྟགས་པའི་གཟུགས་སོགས་དེ་ཉིད་ཀྱིས་སྟོང་པའོ། །ཕྱི་ནང་སྟོང་པ་ཉིད་ནི་བཤད་མ་ཐག་པའི་ཡུལ་དང་ཡུལ་ཅན་གཉིས་པོ་དེ་དེ་ཉིད་ཀྱིས་སྟོང་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དེ་ལ་སྟོང་པ་ཉིད་གཞན་གཉིས་པ་མེད་པའོ། །དེའི་ཤེས་བྱེད་དུ། སྟོང་པ་ཉིད་དེ་ཡང་ངོ་བོ་ཉིད་ཁོ་ནས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་མོད། དོན་འདི་ཡང་བརྟག་དགོས་སོ། །ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་རྣམས་ནི་ཕྱོགས་རྣམས་ཉིད་ཀྱིས་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ནི། དོན་དམ་པའི་མྱ་ངན་ལས་འདས་པ་ནི་ཀུན་བརྟགས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །འདིའི་ཐད་དུ། དོན་དམ་པར་ནི་མྱ་ངན་ལས་འདས་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བ་འདི་ཡང་བརྟག་དགོས་ཏེ། དེ་སྒྲ་ཇི་བཞིན་པ་ཉིད་དུ་རྟོག་ན། ནང་སྟོང་པ་ཉིད་ཀྱི་སྟོང་ཚུལ་འཆད་པ་ན། ཀུན་བརྟགས་པའི་མིག་ཅེས་བྱ་བ་ལ་རྣམ་བཅད་མེད་པའི་ཕྱིར། འདུས་བྱས་ནི་ཁམས་གསུམ་པ་དང༌། བྱས་མ་བྱས་ནི་ནམ་མཁའ་དང༌། དེ་བཞིན་ཉིད་དང༌། འགོག་པ་གཉིས་སོ། །དེ་དག་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །འདིའི་ཐད་དུ་ཆོས་དེ་དག་འདུས་མ་བྱས་པའི་དངོས་པོར་ཡོད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་དོ། །ཞེས་གསུངས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། དངོས་པོ་དང༌། དངོས་མེད་དང༌། ཆོས་དང༌། ཆོས་མ་ཡིན་དང༌། ཡོད་པ་དང༌། མེད་པ་སོགས་ནི་མཐའ་ཡིན་ལ། །དེ་དག་མེད་པ་ནི་མཐའ་མེད་པའོ། །དེ་ལ་མཐའ་མེད་གཞན་གཉིས་པ་མེད་པ་ནི་དེ་དེས་སྟོང་པའོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་དོན་ནི། སྟོང་པ་ཉིད་དོར་བ་མེད་པ་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པའི་ཆོས་སྔོན་ཡོད་པ་ཞིག་སྟོང་པར་སོང་བ་མ་ཡིན་གྱི། ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ནོ། །དེ་སྐད་དུ་ཡང༌། འདི་ཉིད་ལས། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི། ཇི་ལྟར་བླངས་པའི་ཆུ་ཕོ་ཞིང་མེད་པར་བྱས་ན་བུམ་པ་སྟོང་པར་འགྱུར་བ་དེ་བཞིན་དུ། དོན་དམ་པའི་རྫས་སྔོན་བྱུང་བ་རྣམས་ཕྱིས་བོར་ཞིང་བཏང་བ་འདི་ལ་སྟོང་པ་ཉིད་རྣམ་པར་བཞག་པ་ནི་མ་ཡིན་གྱི། ཆོས་རྣམས་ངོ་བོ་ཉིད་ཀྱིས་མེད་པ་དེ་སྟོང་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །རང་བཞིན་སྟོང་པ་ཉིད་ནི། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེ་ཡང་དེ་ཉིད་ཀྱིས་སྟོང་པའོ། །འདིའི་ཐད་དུ། ཆོས་ཅན་གཟུགས་སོགས་མེད་པའི་ཕྱིར་དེའི་རང་བཞིན་ཀྱང་མེད་ཅེས་བཤད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། དོན་དམ་པར་ན་ཆོས་ཐམས་ཅད་དེ་ཉིད་ཀྱིས་སྟོང་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། ཆོས་རྣམས་ཀྱི་མཚན་ཉིད་ནི་དེ་ཉིད་ཀྱིས་སྟོང་པའོ། །འདིའི་ཐད་དུ། ཆོས་རྣམས་ཀུན་བརྟགས་པ་ཙམ་དུ་ཟད་པའི་ཕྱིར་དེའི་མཚན་ཉིད་ཀྱང་ཀུན་ཏུ་བརྟགས་པ་ཙམ་དུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས། མི་དམིགས་པ་སྟོང་པ་ཉིད་ནི། དུས་གསུམ་པའི་ཆོས་རྣམས་དེའི་བདག་ཉིད་དུ་མེད་པའི་ཕྱིར་མི་དམིགས་པ་ཞེས་བྱ་ལ། དེ་ཡང་དེ་ཉིད་ཀྱིས་སྟོང་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྐྱེ་བ་ན་རྒྱུ་རྐྱེན་གཞན་ཁོ་ན་ལས་སྐྱེ་བ་ཡིན་གྱི། རང་ལས་སྐྱེ་བའི་དངོས་པོ་མེད་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་ལ། དེ་ཡང་དེ་ཉིད་ཀྱིས་སྟོང་པའོ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག་བཤད་ཟིན་ནས། སླར་ཡང་བཞི་བཤད་པ་ནི། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །དེ་དག་གི་ཆོས་ཅན་ནི་གོང་དུ་བཤད་ཟིན་པའི་འདུས་བྱས་དང༌། འདུས་མ་བྱས་དང༌། དེ་དག་གི་རང་བཞིན་སྟོང་པ་ཉིད་དོ། །དེ་ཡང་འཕགས་པ་རྣམས་ཀྱི་ཤེས་མཐོང་གིས་མ་བྱས་པའི་ཆ་ནས་རང་བཞིན་དང༌། བྱེད་པ་པོ་གཞན་མེད་པའི་ཆ་ནས་གཞན་གྱི་དངོས་པོ་ཞེས་བྱ་ལ། དེ་དག་ཀྱང་དེ་ཉིད་ཀྱིས་སྟོང་པའོ། །ཇི་སྐད་བཤད་པ་འདི་དག་ནི་ཡུམ་གསུམ་གནོད་འཇོམས་ཀྱི་སྒྲ་ཇི་བཞིན་པ་ཡིན་ལ། དེ་ལ་ལྟས་ན་ནི་ཤེས་བྱ་ཐམས་ཅད་རང་སྟོང་དུ་བཤད་པ་ལྟ་བུ་ཅིག་སྣང་ན་ཡང༌། འགྲེལ་པ་འདི་ཉིད་ཀྱི་གོང་འོག་དང་མ་འགྲིག་པས་དགོངས་པ་ཉེ་བར་བཟུང་ན། ཀུན་བརྟགས་ཀྱི་ཤེས་བྱ་ཐམས་ཅད་རང་སྟོང་དང༌། གཞན་དབང་གི་ཤེས་བྱ་ཐམས་ཅད་གཞན་སྟོང་དང༌། ཡོངས་གྲུབ་ཀྱི་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོའོ། །དེའི་ཕྱིར་ཤེས་བྱ་ཐམས་ཅད་ལ་ཀུན་རྫོབ་ཀྱི་རང་གི་ངོ་བོ་དང༌། དོན་དམ་པའི་རང་གི་ངོ་བོ་གཉིས་ལས། ཐམས་ཅད་ཀུན་རྫོབ་ཀྱི་རང་གི་ངོ་བོས་སྟོང་པ་ལ་དགོངས་ནས་དེ་ལྟར་བཤད་དོ། །ཡོངས་གྲུབ་ལ་ཡང་དངོས་བརྟགས་མ་ཕྱེ་བར་དབྱེ་ན། ཀུན་བརྟགས་སུ་གྱུར་པའི་སྟོང་པ་ཉིད་དང༌། རྣམ་བརྟགས་སུ་གྱུར་པའི་སྟོང་པ་ཉིད་དང༌། ཆོས་ཉིད་དུ་གྱུར་པའི་སྟོང་པ་ཉིད་དེ་གསུམ་མོ། །བར་པ་ནི་སྟོང་པ་ཉིད་འཛིན་པའི་རྟོག་པ་ལ་བྱ་ལ། དང་པོ་ནི་དེ་ལ་དེར་སྣང་བ་ལ་དེར་བཏགས་པའི་ལྡོག་པ་གཞན་སེལ་ལོ། །དེའི་ཕྱིར་དེ་དག་སྟོང་ཉིད་མཚན་ཉིད་པ་མ་ཡིན་ཞིང༌། མཚན་ཉིད་པ་ནི་ཕྱི་མ་ཁོ་ནའོ། །དེ་ལྟ་བས་ན་རང་བཞིན་སྟོང་པ་ཉིད་ལ་སོགས་པའི་སྟོང་གཞིའི་ཆོས་ཅན་ཆོས་ཉིད་ལ་བཤད་པ་ནི་རྣམ་བརྟགས་ཀྱི་ཆོས་ཉིད་ལ་དགོངས་ཤིང༌། ཆོས་ཉིད་དང་སྟོང་པ་ཉིད་རང་སྟོང་དུ་བཤད་པ་རྣམས་ཀྱང་ཀུན་བརྟགས་ཀྱི་དེ་དང་དེ་ལ་དགོངས་སོ་ཞེས་ངེས་པར་བཟུང་བར་བྱའོ། །མདོར་ན་ལུགས་འདིར་སྟོང་ཉིད་ཉི་ཤུ་པོ་ཡང་ཡོད་ཚུལ་གྱི་སྒོ་ནས་བསྡུ་ན་གསུམ་དུ་འགྱུར་ཏེ། ཇི་སྐད་དུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་མིན་སྟོང་པ་ཉིད། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཀུན་བརྟགས་རང་གི་ངོ་བོས་སྟོང་པ་ལ་ནི་མེད་པའི་སྟོང་པ་ཉིད་ཅེས་བྱའོ། །གཞན་དབང་ཀུན་བརྟགས་ཀྱིས་སྟོང་པ་ལ་ནི་དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཞེས་བྱའོ། །དེ་བཞིན་ཡོད་པའི་སྟོང་པ་ཉིད། །ཅེས་འབྱུང་བ་ལྟར་ན། སྟོང་གཞིའི་ཆོས་ཅན་གཞན་དབང་ལ་གཞན་གྱི་ངོ་བོ་གཟུང་འཛིན་ཀུན་བརྟགས་གཉིས་མེད་ཀྱང༌། རང་གི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཡོད་པས་ན་དེ་སྐད་ཅེས་བྱའོ། །གསུམ་པ་ནི། གཟུང་འཛིན་གཉིས་དང་བྲལ་བའི་དེ་ཁོ་ནའོ། །དེ་ལྟར་ན་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ཆར་ལས་སྟོང་པ་ཉིད་ཀྱི་དབྱེ་བ་དང་རྣམ་གཞག་གསུངས་པ་དེ་ཐམས་ཅད་ཀྱང་སྟོང་ཚུལ་དང་དབྱེ་བ་གསུམ་པོ་འདི་ཁོ་ནའི་སྒོ་ནས་ཤེས་པར་བྱེད་དགོས་པ་ཡིན་གྱི། དེ་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་མངའ་ནས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ནི་གཞན་བསྟན་མེད། །ཅེས་གསུངས་སོ། །སྟོང་པ་ཉིད་བསྟན་པའི་དགོས་པ་ནི། རྣམ་གཡེང་གི་རྣམ་པར་རྟོག་པ་བཅུའི་གཉེན་པོར་བསྟན་པ་ཡིན་ལ། དེའི་ཤེས་བྱེད་ཀྱང་ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་མིང་ཅན་གྱི་རྣམ་པར་རྟོག་པ་ནི་བཅུ་པོ་འདིས་བསྡུས་པའི་རྒྱུ་མཚན་གྱིས་ཡིན་ལ། བཅུ་པོ་གང་ཡིན་པ་དང༌། རྟོག་པ་བཅུ་པོ་གང་དང་གང་གི་གཉེན་པོར་མདོ་གང་དང་གང་གསུངས་པའི་ཚུལ་ཡུམ་གྱི་མདོ་ཚིག་དང་སྦྱར་ནས་འཆད་པ་ནི། ཐོགས་མེད་ཞབས་ཀྱིས་ཐེག་པ་ཆེན་པོ་བསྡུས་པ་ཉིད་དུ་གསུངས་ལ། དོན་དེ་ཉིད་ཕྱོགས་ཀྱི་གླང་པོའི་ཞལ་མངའ་ནས་ཀྱང༌། ཇི་སྐད་དུ། ཀུན་རྟོག་གཡེང་བ་རྣམ་བཅུ་ཡི། །མི་མཐུན་ཕྱོགས་རྟེན་ཚུལ་ལ་ནི། །གསུམ་པོ་བསྡུས་དང་སོ་སོ་བ། །འདིར་བརྗོད་པར་ནི་ཤེས་བྱ་སྟེ། །དཔེར་ན་གྲུབ་དང་གཞན་དང་ནི། །ཀུན་ཏུ་བརྟགས་པས་དག་དང་པོར། །དངོས་པོ་མེད་པར་རང་བཞིན་གྱིས། །རྣམ་པར་གཡེང་བ་སེལ་བ་བཞིན། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། གཞི་དུས་ཀྱི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་ནི་རྒྱུའི་རྒྱུད་ཅེས་ཀྱང་བྱ། རང་བཞིན་དུ་གནས་པའི་རིགས་དང༌། དྲི་བཅས་དེ་བཞིན་ཉིད་ཅེས་ཀྱང་བྱ། དེའི་རང་བཞིན་རྣམ་དག་གི་ཆ་ལ་དགོངས་ནས། རྒྱུད་བླ་མ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། སངས་རྒྱས་ཤེས་ཀྱང་བརྗོད་པ་ཡིན་ཏེ། བརྒྱད་སྟོང་དོན་བསྡུ་ལས། སོ་སོ་སྐྱེ་བོའི་ཤེས་པ་གང༌། །རང་བཞིན་གྱིས་ནི་རྣམ་བྱང་བ། །དེ་ལ་སངས་རྒྱས་བསྒྲགས་བརྗོད་དེ། །བྱང་ཆུབ་སེམས་དཔའ་ལ་རྒྱལ་བཞིན། །ཞེས་གསུངས་སོ། །དེ་ལྟ་བུའི་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དེ་བསྟན་པའི་ཕྱིར་དུ་མདོ་ལས་སྟོང་པ་ཉིད་ཉི་ཤུར་གསུངས་པ་ཡིན་ཏེ། གཉིས་མེད་ཀྱི་ཡེ་ཤེས་དེ་འཕགས་པ་རྣམས་ཀྱི་ཤེས་མཐོང་གིས་གསར་དུ་མཛད་པ་མ་ཡིན་གྱི། གདོད་མ་ནས་གྲུབ་བོ་ཞེས་བསྟན་པའི་ཕྱིར། དེ་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ནི་རྣམ་གཡེང་གི་རྟོག་པ་བཅུ་པོ་ཁོ་ན་ཡིན་ཏེ། བརྒྱད་སྟོང་དོན་བསྡུ་ལས། སེམས་ཀྱི་གཡེང་བ་རྣམ་པ་བཅུས། །གཞན་ལ་སེམས་ནི་རྣམ་གཡེངས་པས། །བྱིས་པ་རྣམས་ལ་གཉིས་མེད་ཀྱི། །ཡེ་ཤེས་སྒྲུབ་པའི་སྐལ་བ་མེད། །ཅེས་གསུངས་སོ། །རྟོག་པ་དེ་སེལ་བྱེད་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཉི་ཤུའམ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། དེ་ལའང་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་དབྱེ་བས་གཉིས་སོ། །འདིར་སྟོང་པ་ཉིད་རྟོགས་པ་ཙམ་གྱིས་འཛིན་པ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་རྟོགས་པར་གཞག་མི་ནུས་ཏེ། སྟོང་པ་ཉིད་ཀྱི་དོན་རང་སྟོང་ལ་འཆད་པའི་སྐབས་མ་ཡིན་པའི་ཕྱིར། འོན་ཀྱང་ལུགས་འདི་ཉིད་ཀྱི་འཛིན་པ་ཆོས་ཀྱི་བདག་མེད་ཀྱི་འཇོག་མཚམས་ནི། འཛིན་པ་ཀུན་བརྟགས་ཀྱིས་སྟོང་པ་དེ་ཡིན་ལ། དེ་ལའང་གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོའི་དབང་དུ་བྱས་པའི་འཛིན་པའི་བདག་མེད་པ་རྟོགས་པ་ནི་ཉན་ཐོས་ལ་ཡང་ཡོད་ལ། གཟུང་བ་ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་འཛིན་པའི་བདག་མེད་པར་རྟོགས་པ་ནི། རང་སངས་རྒྱས་ལ་ཡང་ཡོད་དོ། །དེ་ལྟ་ན་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པ་ནི་ཉན་རང་རྣམས་ལ་མེད་པའི་ཕྱིར་ཆོས་ཀྱི་བདག་མེད་མཆོག་དང་དེ་ཁོ་ན་ཉིད་མཆོག་རྟོགས་པ་མེད་དོ་ཞེས་རྣམ་པར་བཞག་གོ །རྣལ་འབྱོར་སྤྱོད་པའི་ལུགས་འདིར་ཐོག་མར་ཕྱི་ནང་དང་དེ་གཉིས་ཀ་སྟོང་པར་གཏན་ལ་ཕེབས་པའི་འོག་ཏུ་ནི་སྟོང་པ་ཉིད་ཀྱང་གཞན་སྟོང་དུ་སྒྲུབ་པ་ལ་ནི་འགལ་བ་མེད་དེ། དེ་ཉིད་ལ་མཚན་འཛིན་གྱི་རྟོགས་པ་འགོག་དགོས་པའི་ཕྱིར་རོ། །གང་ཡང་ཇི་སྐད་དུ་འཕགས་པ་ལྷས། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཉིད། །ཅེས་བཤད་པས། ཆོས་གཅིག་གི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བས་ཁྱབ་བོ་ཞེས་ཟེར་བ་དེ་ནི་གཞུང་དེའི་དོན་མ་ཡིན་ཏེ། གཞན་སྟོང་སྨྲ་བས་ཀྱང་དེའི་དོན་དེ་ལྟར་དུ་མི་འཆད། རང་སྟོང་སྨྲ་བས་ཀྱང་དེའི་དོན་དེ་ལྟར་དུ་མི་འགྲེལ་བའི་ཕྱིར། དང་པོའི་ཤེས་བྱེད་ནི། ཉན་ཐོས་དགྲ་བཅོམ་པས་དེ་ཁོ་ན་ཉིད་མཆོག་མ་རྟོགས་ཀྱང་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ཏེ། ཇི་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། ཆོས་ཀྱི་རབ་ཏུ་དབྱེ་བ་ནི་འཁོར་བའོ། །ཆོས་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ལྟར་ཉན་ཐོས་དགྲ་བཅོམ་པས་རང་གི་མྱང་འདས་མངོན་སུམ་རྫོགས་པར་ནི་བཤད་དགོས་པའི་ཕྱིར། གཉིས་པའི་ཤེས་བྱེད་ཀྱང་ཕྱི་རོལ་གྱི་དོན་རང་གི་ངོ་བོས་སྟོང་པར་རྟོགས་པ་ནི་རང་སངས་རྒྱས་ལ་ཡང་ཡོད་མོད། དེས་ཤེས་བྱ་ཇི་སྙེད་པ་རང་གི་ངོ་བོས་སྟོང་པ་ཉིད་དུ་མ་རྟོགས་སོ་ཤེས་དབུ་མ་རང་རྒྱུད་དུ་སྨྲ་བའི་ཚད་ལྡན་རྣམས་ཀྱིས་འཆད་པའི་ཕྱིར། སློབ་དཔོན་ཟླ་བའི་ཞབས་ཀྱིས་ཀྱང༌། ཉན་རང་ལ་ཆོས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་ཡོད་ཀྱང་དེ་ཡོངས་སུ་རྫོགས་པར་རྟོགས་པ་མེད་པའི་རྒྱུ་མཚན་གྱིས་ཤེས་བྱའི་སྒྲིབ་པའི་གཉེན་པོ་མ་ཡིན་པ་ཉིད་དུ་བཤད་པའི་ཕྱིར་རོ། །འདིར་སྨྲས་པ། རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ནས་བྱོན་པའི། །ངེས་དོན་ཡིད་བཞིན་རིན་ཆེན་འདི་ཁོ་ན། །ཐོགས་མེད་མཆེད་ཀྱི་གཞུང་ལུགས་དཔང་པོར་བྱས། །གཞན་གཞུང་སྨིག་རྒྱུའི་ཆུ་ལ་སུ་ཡིད་རྟོན། །གཉིས་པ་རང་སྟོང་སྨྲ་བའི་ལུགས་བཤད་པ་ལ། ཇི་ལྟར་སྟོང་པའི་ཚུལ་དང༌། སྟོང་པ་ཉིད་ཀྱི་དབྱེ་བའོ། །དང་པོ་ནི། བློའི་ཡུལ་དུ་བྱར་མི་རུང་བ་རྣམས་ལྟ་ཞོག དེར་རུང་བའི་ཆོས་ཇི་སྙེད་པ་དེ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་བཤད་པ་ཡིན་ཏེ། དབུ་མ་ལ་འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཞེས་དང༌། དོན་གསལ་ལས། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་སོ། །གང་གིས་སྟོང་རྒྱུའི་ངོ་བོ་དེ་ཡང་གང་ཞེ་ན། དངོས་པོ་ཐམས་ཅད་ལ་རང་གི་ངོ་བོ་གཉིས་གཉིས་ཤིག་ཡོད་དོ་ཞེས་རྣམ་པར་བརྟགས་སོ། །གང་གིས་ཤེ་ན། མཐོང་བ་རྫུན་པ་ཞེས་བྱ་བའི་མིང་ཅན་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། མཐོང་བ་ཡང་དག་པ་ཞེས་བྱ་བའི་མིང་ཅན་མ་རིག་པ་དེའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་ཡེ་ཤེས་ཀྱིས་སོ། །ལས་སུ་བྱ་བ་གང་ཞིག་བརྟགས་ཤེ་ན། ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ནོ། །དེ་སྐད་དུ་ཡང༌། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་གསུངས་སོ། །ཤེས་བྱ་ཇི་སྙེད་པ་རང་གི་ངོ་བོ་དེ་གཉིས་ཀྱིས་སྟོང་པའི་རྒྱུ་མཚན་ནི་ཅི། དེ་དེས་སྟོང་པར་རིགས་པ་གང་གིས་འགྲུབ་ཅེ་ན། དེ་དང་དེའི་ངོ་བོ་ཉིད་དུ་ཁས་བླངས་པའི་ངོ་བོ་དེ་གཉིས་ཀ་ཡང་ཆོས་ཅན། རང་བཞིན་དུ་རིགས་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་སོ། །དོན་དེ་ལྟར་ཐུགས་ལ་བཞག་ནས། རིགས་པ་སྦྱོར་བའི་ཚུལ་ནི། ཕལ་ཆེར་རིམ་གྱིས་སྦྱོར་དགོས་པ་ཡིན་ཏེ། ཐོག་མར་ཀུན་རྫོབ་ཀྱི་ངོ་བོས་སྟོང་པར་མ་ཤེས་ན་དོན་དམ་གྱི་ངོ་བོས་སྟོང་པ་ཉིད་དུ་མི་ཤེས་པའི་ཕྱིར། དེ་ཡང་འདི་ལྟར། མིག་ཆོས་ཅན། འཇིག་རྟེན་ན་གྲགས་པའི་རང་གི་ངོ་བོས་སྟོང་སྟེ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང༌། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འཇིག་པ་མ་ཡིན་པ་ཅི་ཞེ་ན། གནས་པ་མེད་པར་འཇིག་པ་མི་འབྱུང་ལ། མིག་སོགས་ནི་གནས་པ་ཡང་མ་ཡིན་ཏེ། ཡུད་ཙམ་ཞིག་གནས་ན་རྟག་ཏུ་གནས་པར་ཐལ་བའི་ཕྱིར་ཏེ། མདོ་སྡེའི་རྒྱུན་ལས་ཀྱང༌། དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་སོ། །དེ་ལྟར་ན་མིག་ཀུན་རྫོབ་ཀྱི་རང་གི་ངོ་བོས་སྟོང་པ་གང་ཡིན་པ་དེ་ནི་མིག་དེའི་དོན་དམ་པའི་རང་བཞིན་ཡིན་ནོ་ཞེས་རེ་ཞིག་ཁས་བླང་བར་བྱ་བ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར། ཞེས་གསུངས་སོ། །དེ་ལྟར་ཁས་ལེན་པ་དེ་ཡང་རྣལ་འབྱོར་པའི་ཀུན་རྫོབ་ཅེས་བྱ་བའི་མིང་ཅན་འཕགས་པའི་རྗེས་ཐོབ་ཀྱི་ཤེས་བརྗོད་ཀྱི་ངོར་ཡིན་གྱི། ཡང་དག་པའི་ཡེ་ཤེས་ཀྱིས་དེའི་རང་བཞིན་དེ་ཡིན་ནོ་ཞེས་གཟུང་བ་ནི་མ་ཡིན་ཏེ། ཡིན་ན་བློ་སྔ་མ་གནོད་བཅས་སུ་ཐལ་བའི་ཕྱིར་རོ། །དེ་ལྟར་མིག་གི་ཀུན་རྫོབ་ཀྱི་རང་བཞིན་དང་བྲལ་བ་དེ་ཉིད་དོན་དམ་པའི་རང་བཞིན་དུ་ཤེས་ཟིན་པའི་འོག་ཏུ་ནི་མིག་ཆོས་ཅན། དགག་བྱ་གང་དང་བྲལ་བས་དོན་དམ་པའི་རང་བཞིན་དུ་འཇོག་པའི་རང་བཞིན་དེ་ཡང་ཡོད་པ་མ་ཡིན་ཏེ། དེར་འཇོག་པའི་དགག་བྱ་ཀུན་རྫོབ་ཀྱི་ངོ་བོར་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་མེད་ན་དེའི་ཤི་བ་མི་འབྱུང་བ་བཞིན་ནོ། །དེ་སྐད་དུ་ཡང༌། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་སོ། །སྐབས་འདིར་ཐལ་རང་དུ་སྨྲ་བ་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། རང་རྒྱུད་དུ་སྨྲ་བས་ནི། ཆོས་ཅན་མིག་ལྟ་བུའི་སྟེང་དུ་ཀུན་རྫོབ་ཀྱི་ཐ་སྙད་བཀག་ནས། དོན་དམ་པའི་ཐ་སྙད་ཀྱི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ཏེ། གཅིག་དང་དུ་བྲལ་གྱི་གཏན་ཚིགས་ལ་སོགས་པ་རྣམས་ཐ་སྙད་འབའ་ཞིག་སྒྲུབ་ཏུ་བཞེད་པའི་ཕྱིར། ཐལ་བ་པས་ནི། མཐའ་གཉིས་སེལ་བའི་རིགས་པ་མཐའ་དག་གི་དགག་བྱ་མ་ལུས་པ་འགོག་པར་བྱེད་པ་ཡིན་གྱི། དགག་བྱ་གཅིག་བཀག་ཤུལ་དུ་བསྒྲུབ་བྱ་ཅི་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། གཏན་ཚིགས་ནི་གཞན་ལ་གྲགས་པ་དང༌། ཆོས་ནི་མེད་པར་དགག་པ་ཉིད་དུ་འཆད་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། གངས་ཅན་པ་ཕྱི་མ་གང་དག་མིག་ལ་སོགས་པ་སྟོང་གཞིའི་ཆོས་ཅན་ཇི་སྙེད་པ་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་གྱི་ངོ་བོ་གང་དུ་ཡང་ཁས་མི་ལེན་པའི་བདེན་གྲུབ་ཀྱི་ཚད་ཅེས་བྱ་བ་ཞིག་ངོས་བཟུང་ནས། དེས་ཆོས་ཅན་དེ་རྣམས་སྟོང་པ་རང་སྟོང་གི་དོན་དུ་འཆད་པ་ནི་དོར་བར་བྱ་བ་ཁོ་ན་ཡིན་ཏེ། བུམ་པ་མོ་གཤམ་གྱི་བུས་སྟོང་པ་རང་སྟོང་གི་དོན་དུ་འཆད་པ་དང་མཚུངས་པའི་ཕྱིར། གཉིས་པ་དབྱེ་བ་ལ་གཉིས་ཏེ། རྒྱས་པའི་དབྱེ་བ་ཉི་ཤུར་ཕྱེ་བ་དང༌། བསྡུས་པའི་དབྱེ་བ་བདག་མེད་གཉིས་སུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བཅུ་དྲུག་ཏུ་ཕྱེ་ནས་རྒྱས་པར་བཤད་པ་དང༌། སླར་ཡང་བཞིར་བཤད་ནས་བསྡུས་ཏེ་བསྟན་པའོ། །དེ་སྐད་དུ་ཡང༌། འཇུག་པ་ལས། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་གསུངས་སོ། །དེ་ལ་བཅུ་དྲུག་ནི། ཇི་སྐད་དུ། རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ། །དེ་དག་ཅི་ཞིག་གིས་སྟོང་པའི་དགག་བྱ་གང་ཡིན་པ་དང༌། ཇི་ལྟར་སྟོང་པའི་ཚུལ་ནི་གོང་དུ་བཤད་མ་ཐག་པ་དེ་ཉིད་ཡིན་ལ། སྟོང་གཞིའི་ཆོས་ཅན་གང་ཡིན་པ་ལ། དང་པོ་ནི། མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་དག་གོ །འདི་ཡང་ནང་གི་བྱེད་པ་པོའི་བདག་གིས་སྟོང་པ་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་པས་ནང་སྟོང་པ་ཉིད་དུ་འཇུག་པ་ནི་མ་ཡིན་ཏེ། འཇུག་འགྲེལ་ལས། དེ་ལ་མིག་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་དུ་སྨྲས་པས་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་གྱི། མིག་ནི་ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང༌། གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པ་སྟོང་པ་ཉིད་ནི་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་པོ་དག་གོ །གསུམ་པ་ནི། བཤད་མ་ཐག་པའི་ཕྱི་ནང་དེ་ཉིད་ལ་འཆད་ཀྱི། དབང་རྟེན་ཁོག་པ་ལ་བཤད་པ་མེད་དོ། །དེ་དག་གིས་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པར་བཤད་ནས། དེ་དེས་སྟོང་པ་དེ་ཉིད་དེའི་རང་བཞིན་དུ་ཞེན་པ་དགག་པར་བྱ་བའི་ཕྱིར་དུ་སྟོང་ཉིད་བཞི་པ་འཆད་ལ། དེའི་ཆོས་ཅན་ནི་བཤད་མ་ཐག་པའི་སྟོང་ཉིད་གསུམ་པོ་དེ་དག་གོ །སྟོང་ཉིད་བཞི་པ་བསྟན་པའི་དགོས་པ་ནི། སྟོང་པ་ཉིད་ལ་ཡང་ཡོད་དོ་ཞེའམ། ཡིན་ནོ་ཞེས་པའི་འཛིན་པ་ཟློག་པར་བྱ་བའི་ཕྱིར་དུ་ཡིན་ཏེ། ཇི་སྐད་དུ། འཕགས་པས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་གིས་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་དང༌། ཟླ་བའི་ཞབས་ཀྱིས། སྟོང་ཉིད་དངོས་པོའི་བློ་ཅན་གྱི། །འཛིན་པ་ཟློག་ཕྱིར་གསུངས་པ་ཡིན། །ཞེས་སོ། །འདི་ཡང་མཉམ་གཞག་ཏུ་སྤྲོས་པ་གཅོད་པའི་དབང་དུ་བྱས་པ་ཡིན་གྱི། རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཚེ་ནི་སྟོང་པ་ཉིད་ལའང་ཡོད་པ་དང་ཡིན་པ་དང༌། བདེན་པ་དང༌། རང་བཞིན་ཡིན་པ་ལ་སོགས་པའི་ཐ་སྙད་འདོགས་དགོས་ཏེ། ཇི་སྐད་དུ། འཕགས་པས། ཐ་སྙད་ལ་ནི་མ་རྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །ཞེས་གསུངས་སོ། །འཇུག་འགྲེལ་ལས་ཀྱང༌། རང་བཞིན་འདི་ནི་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དོན་འདི་ཁས་ལེན་དུ་གཞུག་པར་ནུས་པས། རང་བཞིན་འདི་ནི་གཉིས་ཀ་ལ་གྲུབ་པ་ཉིད་དུ་ཡང་རྣམ་པར་བཞག་གོ །ཞེས་གསུངས་སོ། །དེ་ལྟར་ཁས་ལེན་པ་འདི་ཡང་སྟོང་ཉིད་བཞི་པ་འདིའི་དོན་ཁོང་དུ་མ་ཆུད་པའི་གོང་དུ་ཡིན་གྱི། དེ་ཁོང་དུ་ཆུད་ཟིན་པའི་འོག་རོལ་དུ་ནི་མ་ཡིན་ཏེ། དེ་ཡང་དེ་ལྟར་ཁས་ལེན་ན་ལྟ་བའི་དུག་གིས་ཟིན་པར་འགྱུར་བའི་ཕྱིར། སྟོང་ཉིད་བཞི་པ་ཁོང་དུ་མ་ཆུད་པའི་གོང་དུ་ནི་དེར་ཞེན་པ་ཡོད་པ་ཙམ་གྱིས་ལྟ་བའི་དུག་ཏུ་མི་འགྱུར་ཏེ། རིགས་ཤེས་རྗེས་དཔག་ལ་དེ་ཡོད་ཀྱང་གསོར་མི་རུང་བའི་དུག་ཏུ་འགྱུར་བ་མ་ཡིན་པའི་ཕྱིར། ཆོས་ཅན་ལྔ་པ་ནི་བཅུད་དང་སྣོད་ཀྱི་འཇིག་རྟེན་མ་ལུས་པ་ལ་ཁྱབ་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དྲུག་པ་དོན་དམ་པའི་དགོས་པ་མཆོག་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའོ། །འདི་ཡང་ལྷག་བཅས་ཀྱི་དང༌། ལྷག་མེད་ཀྱི་མྱང་འདས་ལ་འདོད་པ་མ་ཡིན་གྱི། རང་བཞིན་གྱི་མྱ་ངན་ལས་འདས་པ་དང་མི་གནས་པའི་མྱ་ངན་ལས་འདས་པ་གང་རུང་ངོ༌། །བདུན་པ་དང་བརྒྱད་པ། འདུས་བྱས་དང༌། འདུས་མ་བྱས་ནི། སྐྱེ་འཇིག་གནས་གསུམ་དང་བཅས་པ་དང་བྲལ་བའོ། །དགུ་པ་མཐའ་ལས་འདས་པ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་སྟེ། སྟོང་པ་དང༌། རྟེན་འབྲེལ་དང༌། དབུ་མའི་ལམ་གསུམ་པོ་རྣམས་ལ་བྱའོ། །བཅུ་པ་ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བའོ། །བཅུ་གཅིག་པ་དོར་བ་མེད་པ་ནི། སྤྱིར་དོར་བ་མེད་པ་ནི་དོར་བྱ་སྟེ། སྐྱོན་གྱི་མིང་ཡིན་ལ། དེ་མེད་པ་ནི་བླང་བར་བྱ་བ་སྟེ། རྣམ་བྱང་གི་ཆོས་རྣམས་ཀྱི་མིང་ངོ༌། །བཅུ་གཉིས་པ་རང་བཞིན་ནི། ཆོས་རྣམས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པ་དེ་ཉིད་ལ་བྱ་བ་ཡིན་ཏེ། ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར། འདི་དང་སྟོང་ཉིད་བཞི་པའི་སྟོང་གཞིའི་ཆོས་ཅན་གྱི་དོན་ལྡོག་ལ་ཁྱད་པར་མེད་ཀྱང༌། སྟོང་ཉིད་དུ་ཞེན་པ་དང༌། སྟོང་ཉིད་དེ་ལ་རང་བཞིན་དུ་ཞེན་པ་དགག་པའི་ཕྱིར་དུ་སོ་སོ་ཐ་དད་དུ་བཤད་པ་ཡིན་ལ། སྟོང་ཉིད་བཞིར་བསྡུ་བའི་སྐབས་སུ་ཡང་རང་བཞིན་སྟོང་པ་ཉིད་ཅེས་བཤད་པ་དེ་འང༌། འདི་དང་སྟོང་གཞི་དང༌། སྟོང་ཚུལ་ལ་ཁྱད་པར་མེད་ཀྱང༌། དེར་བསྟན་པའི་དགོས་པ་ནི། རང་བཞིན་དང༌། གཞན་གྱི་དངོས་པོ་དོན་གཅིག་ལ་འདུ་བར་བསྟན་པའི་དོན་དུ་ཆོས་ཅན་གཅིག་ཉིད་ལ་རང་བཞིན་དང་གཞན་དངོས་གཉིས་སུ་བཤད་པ་ཡིན་ནོ། །བཅུ་གསུམ་པ་ཆོས་ཐམས་ཅད་ནི། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་ཇི་སྙེད་པའོ། །བཅུ་བཞི་པ་རང་གི་མཚན་ཉིད་ཅེས་བྱ་བ་ནི། གཟུགས་སུ་རུང་བ་ལ་སོགས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་མཚན་ཉིད་ཇི་སྙེད་པའོ། །བཅོ་ལྔ་པ་མི་དམིགས་པ་ཞེས་བྱ་བ་ནི། དུས་གསུམ་པོ་སྟེ། དེ་ཡང་ཇི་སྐད་དུ། ད་ལྟར་བ་འདི་མི་གནས་ཤིང༌། །འདས་དང་མ་འོངས་ཡོད་མ་ཡིན། །ཞེས་བཤད་པ་ལྟར་འཆད་དགོས་ཀྱི། ཕན་ཚུན་གཅིག་ལ་གཅིག་མེད་པ་མི་དམིགས་པའི་དོན་དུ་མི་འཆད་དོ། །བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་པ་ནི། དངོས་པོ་དངོས་པོ་ཉིད་ཀྱིས་སྟོང་པ་ལ་བྱ་བ་ཡིན་ལ། དེ་ཡང་དེ་ཉིད་ཀྱིས་སྟོང་པ་ལ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་སྤྲོས་བཅས་ཀྱི་དབྱེ་བ་བཅུ་དྲུག་ཏུ་བཤད་ནས། སྤྲོས་མེད་ཀྱི་དབྱེ་བ་བཞིར་བསྡུ་བ་ནི། དེ་ལ་འདི་སྙམ་དུ། ཡུམ་རྒྱས་འབྲིང་གཉིས་སུ་སྟོང་ཉིད་བཅུ་དྲུག་བཤད་ཟིན་པའི་འོག་ཏུ་སླར་ཡང༌། རབ་འབྱོར། དངོས་པོ་ནི་དངོས་པོས་སྟོང་ངོ༌། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ༌། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ༌། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ༌། །ཞེས་སྟོང་པ་ཉིད་བཞི་གསུངས་པ་དེ་བཅུ་དྲུག་པོ་གང་གི་ནང་དུ་བསྡུ་སྙམ་པ་ལ། བཞི་པོ་དེ་དག་ནི་བཅུ་དྲུག་གི་ནང་དུ་བསྡུས་ཀྱང་མ་འདུས་པ་ནི་མེད་མོད། དེ་ལྟ་ན་ཡང་དེར་འདུས་སོ་ཞེས་བྱ་བའི་ཚུལ་གྱིས་སྟོན་པ་ནི་མ་ཡིན་ཏེ། བཅུ་དྲུག་པོ་ཐམས་ཅད་ཀྱི་དོན་བསྡུས་ན་བཞི་པོ་འདིར་འདུས་སོ་ཞེས་བྱ་བའི་ཚུལ་གྱིས་འཆད་པའི་ཕྱིར། ཞེས་བྱ་བ་ནི་ཟླ་བའི་དགོངས་པའོ། །དེ་ཡང་ཇི་ལྟར་ཞེ་ན། སྟོང་གཞིའི་ཆོས་ཅན་ཇི་སྙེད་པ་བསྡུ་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུས། དང་པོ་ཡང་དངོས་པོ་དང༌། དངོས་མེད་གཉིས་སུ་འདུས། དོན་དམ་པའི་བདེན་པ་ནི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ལྡོག་པའི་སྒོ་ནས་རང་བཞིན་དང༌། གཞན་དངོས་ཞེས་བྱ་བ་གཉིས་སུ་བསྟན། དེ་ལྟར་སྟོན་པའི་ཤེས་བྱེད་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་ཡོད་མ་མྱོང་བ་ཡིན་གྱི། དེ་མེད་པར་ཡེ་ཤེས་ཀྱིས་གསར་དུ་བྱས་པ་མ་ཡིན་པའི་རྒྱུ་མཚན་གྱིས་སྟོང་པ་ཉིད་ཀུན་རྫོབ་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་ལ། དེ་ལྟ་ནའང་ཀུན་རྫོབ་པའི་ཡུལ་ཅན་གྱི་ཤེས་པ་དང་བརྗོད་པ་དག་གི་ཡུལ་དུ་མི་རུང་བའི་རྒྱུ་མཚན་གྱིས་གཞན་གྱི་དངོས་པོར་བསྟན་ནོ། །འོ་ན་ཅིའི་ཕྱིར་གཞན་གྱི་དངོས་པོ་ཞེས་བྱ་ཞེ་ན། འཇུག་འགྲེལ་དུ་རྒྱུ་མཚན་རྣམ་པ་གསུམ་གསུངས་ཏེ། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་རྣམས་ནི་རྟག་ཏུ་ཡོད་པ་མ་ཡིན་ལ། འདི་ནི་རྟག་ཏུ་ཡོད་པའི་དོན་གྱིས་དང༌། ཀུན་རྫོབ་ཀྱི་དངོས་པོ་ནི་ཡེ་ཤེས་ཀྱི་རྟོགས་བྱ་མ་ཡིན། འདི་ནི་དེས་རྟོགས་བྱ་ཡིན་པའི་རྒྱུ་མཚན་གྱིས་དང༌། ཀུན་རྫོབ་ནི་འཁོར་བ་ལས་མ་འདས་ལ། འདི་ནི་དེ་ལས་འདས་པའི་རྒྱུ་མཚན་གྱིས་གཞན་གྱི་དངོས་པོ་ཞེས་བྱའོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། འཇུག་པ་ལས། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །མདོར་བསྡུས་ནས་ནི་དངོས་མེད་པ། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དེ། །དངོས་པོ་ཀུན་གྱིས་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཞེས་གསུངས་སོ། །གཉིས་པ་བསྡུས་པའི་དབྱེ་བ་བསྟན་པ་ནི། དེ་ལྟར་ཇི་སྐད་བཤད་པའི་སྟོང་པ་ཉིད་ཉི་ཤུ་པོ་ཐམས་ཅད་བསྡུ་ན། གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་པ་གཉིས་སུ་བསྡུས་ནས་བསྟན་ནོ། །དེ་ལྟར་སྟོན་པའི་ཤེས་བྱེད་ཀྱང་ཐེག་པ་དམན་པའི་འགྲོ་བ་རྣམས། སྒྲོལ་བར་བྱ་བའི་ཕྱིར་དུ་གང་ཟག་གི་བདག་མེད་པ་བསྟན་ལ། བྱང་ཆུབ་སེམས་དཔའི་འགྲོ་བ་རྣམས་སྒྲོལ་བར་བྱ་བའི་ཕྱིར་དུ་བདག་མེད་པ་གཉིས་ཀ་བསྟན་ནོ། །འོ་ན་ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པར་ཉན་ཐོས་ཀྱི་ཐར་པ་ཡང་མི་ཐོབ་པར་འཆད་ན། ཅིའི་ཕྱིར་ཐེག་པ་དམན་པའི་འགྲོ་བ་རྣམས་སྒྲོལ་བའི་ཕྱིར་དུ་ཆོས་ཀྱི་བདག་མེད་པ་མི་འཆད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཉོན་མོངས་པའི་རྩ་བ་དྲུངས་འབྱིན་བྱེད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་བ་ཙམ་མཐོང་བ་ཡོད་མོད་ཀྱི། དེ་ལྟ་ནའང་དེ་དག་ལ་ཆོས་ཀྱི་བདག་མེད་པ་རྫོགས་པར་རྟོགས་པ་དང༌། རྫོགས་པར་སྒོམ་པ་གཉིས་ཀ་ལ་དགོས་པ་མེད་པའི་ཕྱིར་དེ་ལ་དེ་མ་བསྟན་ནོ། །དེའི་ཤེས་བྱེད་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་སྒྲིབ་སྤངས་པའི་ཐར་པ་ཙམ་ཞིག་དོན་དུ་གཉེར་བ་ཡིན་ལ། དེ་ལ་ནི་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་དགོས་པ་མ་ཡིན་ཏེ། དེ་རྫོགས་པར་སྒོམ་པའི་དགོས་པ་ནི། ཤེས་སྒྲིབ་མ་ལུས་པ་སྤོང་བའི་ཕྱིར་ཡིན་ལ། དེ་དག་ལ་ནི་དེ་སྤོང་བ་མེད་པའི་ཕྱིར་དེ་སྒོམ་པ་མེད་པ་ལ་དེ་མངོན་སུམ་དུ་རྟོགས་པ་ཡང་མི་འབྱུང་སྟེ། དེ་རྫོགས་པར་མངོན་སུམ་དུ་རྟོགས་པ་ནི་དེ་རྫོགས་པར་སྒོམ་པ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཅི་དེ་དག་ལ་ཆོས་ཀྱི་བདག་མེད་པ་རྫོགས་པར་མངོན་སུམ་དུ་རྟོགས་པ་དང༌། དེ་རྫོགས་པར་སྒོམ་པ་མེད་པ་དེ་ལྟ་མོད་ཀྱི་ཆོས་ཀྱི་བདག་མེད་པ་རྫོགས་པར་ཐོས་བསམ་གྱི་སྒོ་ནས་རྟོགས་པ་ཞིག་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཙམ་ཞིག་ཡོད་པ་ལ་བཀག་པ་མེད་དེ། ཡུམ་གྱི་མདོ་ལ་ཐོས་བསམ་གྱི་ཤེས་རབ་སྐྱེས་པའི་ཉན་ཐོས་དགྲ་བཅོམ་པ་བཞིན་ནོ། །ཐོས་བསམ་གྱིས་དེ་རྫོགས་པར་མ་རྟོགས་པའི་ཉན་ཐོས་འཕགས་པ་ཡང་སྲིད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལས་དེ་རྫོགས་པར་བསྟན་པ་མེད་པའི་ཕྱིར། འོ་ན་ཆོས་ཀྱི་བདག་མེད་རྫོགས་པར་བསྟན་མ་བསྟན་དང༌། དེ་རྫོགས་པར་རྟོགས་མ་རྟོགས་ཀྱི་གོ་དོན་ཅི་ཞེ་ན། ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཙམ་ཞིག་རང་གི་ངོ་བོས་སྟོང་པར་བསྟན་གྱི། དོན་དམ་པའི་བདེན་པ་རང་གི་ངོ་བོས་སྟོང་པར་བསྟན་མ་བསྟན་དང༌། རྟོགས་མ་རྟོགས་ཀྱི་ཁྱད་པར་གང་ཡོད་པ་དེ་ཉིད་དོ། །དེ་དག་གི་ཤེས་བྱེད་ཀྱང་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤོང་བ་ལ་ནི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་དགོས་ལ། དེ་རྟོགས་པ་ལ་གདགས་གཞི་ཕུང་པོ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པས་ཆོག་པ་ཡིན་གྱི། སྟོང་པ་ཉིད་ཀྱང་རང་གི་ངོ་བོས་སྟོང་པར་རྟོགས་མི་དགོས་པ་ལ་ཐུག་གོ །དེའི་སྒྲུབ་བྱེད་ཀྱང་གང་དོན་དམ་པའི་བདེན་པ་ཡིན་ན་གང་ཟག་གི་བདག་ཏུ་འདོགས་པའི་གཞི་ཡིན་པར་འགལ་བའི་རྒྱུ་མཚན་གྱིས་སོ། །ཡང་གལ་ཏེ་ཟླ་བའི་ཞབས་ཀྱི་ལུགས་འདིར། སྟོང་པ་ཉིད་རང་བཞིན་དང༌། བདེན་པ་དང༌། དོན་དམ་པར་ཁས་ལེན་པའི་སྐབས་ཤིག་དང༌། སྟོང་པ་ཉིད་ཀྱང་རང་གི་ངོ་བོས་སྟོང་པའི་རྒྱུ་མཚན་གྱིས་ཡོད་པ་མ་ཡིན་པར་ཁས་ལེན་པའི་སྐབས་གཉིས་ཤིག་སྣང་བ་འདི་ལ་ཤེས་བྱེད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། དོན་དེ་གཉིས་ཀ་ཡང་འཇུག་འགྲེལ་ལས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། འདིར་སྨྲས་པ། ཀྱེ་མ་ལ་ལ་གང་ཞིག་དངོས་པོ་ཅུང་ཟད་ཀྱང་མི་འདོད་ཅིང་གློ་བུར་དུ་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པའི་རང་བཞིན་ཡང་འདོད་པ་ཁྱོད་ནི་ཕན་ཚུན་འགལ་བའི་དོན་བརྗོད་པ་ཞིག་གོ་ཞེ་ན། བརྗོད་པར་བྱ་སྟེ། ཁྱོད་ཀྱིས་བསྟན་བཅོས་ཀྱི་དགོངས་པ་མ་རིག་པ་སྟེ། འདིའི་དགོངས་པ་ནི། གལ་ཏེ་མིག་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་བྱིས་པའི་སྐྱེ་བོས་བཟུང་བར་བྱ་བ་གང་ཡིན་པ་འདི་ཉིད་དེ་རྣམས་ཀྱི་རང་བཞིན་ཡིན་ན་ནི་རང་བཞིན་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་རྟོགས་པའི་ཕྱིར། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན། གང་གི་ཕྱིར་འདི་ཉིད་རང་བཞིན་མ་ཡིན་པ་དེའི་ཕྱིར་དེ་ལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་བཅས་པར་འགྱུར་རོ། །དེ་ཡང་བདག་གིས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བཅོམ་མ་མ་ཡིན་པ་ཉིད་དང༌། གཞན་ལ་མི་ལྟོས་པ་ཉིད་དུ་བརྗོད་དོ། །གང་ཞིག་བྱིས་པའི་སྐྱེ་བོས་ལྟ་བས་བྱ་བ་མ་ཡིན་པ་དེ་ཉིད་ནི་རང་བཞིན་དུ་རིགས་ལ། དེ་ཙམ་གྱིས་དོན་དམ་པ་དངོས་པོ་མ་ཡིན་ཞིང༌། དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་ཞི་བ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། སྟོང་པ་ཉིད་འདི་རྣམས་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །སྟོང་པ་ཉིད་དམ། སྟོང་པ་ཉིད་མ་ཡིན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུས་གདུལ་བའི་སྐྱེ་བོའི་དབང་གིས་གཟུགས་ལ་སོགས་པ་ལྟར་ཀུན་རྫོབ་ཏུ་སྙད་པར་ཟད་དོ། །ཇི་སྐད་དུ། བསྟན་བཅོས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་སོ། །ཞེས་འབྱུང་བས་སོ། །འོ་ན་ཅི་ཁྱེད་ཅག་གང་ཟག་གི་བདག་གི་སྟོང་ཚུལ་གཞན་སྟོང་གི་ཚུལ་དུ་འཆད་པ་ལ་གྲུབ་མཐའ་སྨྲ་བ་བཞི་ཀ་ཡང་ཁྱད་པར་མེད་དོ་ཞེས་འཆད་ན། སྟོང་ཉིད་ཉི་ཤུ་པོ་བདག་མེད་གཉིས་ལས་རབ་ཏུ་དབྱེ་བར་འཆད་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་གང་ཟག་གི་བདག་མེད་པའི་ཚུལ་ལ་གཉིས་ཏེ། ཁྱད་གཞི་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་ཁྱད་ཆོས་གང་ཟག་གི་བདག་མེད་དོ་ཞེས་གཞན་སྟོང་གི་ཚུལ་དུ་འཆད་པ་དང༌། སྤྱིར་གང་ཟག་གི་བདག་རང་གི་ངོ་བོས་སྟོང་ངོ་ཞེས་རང་སྟོང་གི་ཚུལ་དུ་འཆད་པ་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་ནས་གང་ཟག་གི་བདག་མེད་སྟོང་པ་ཉིད་ཀྱི་དབྱེ་གཞིར་བཤད་དོ། །སྟོང་ཚུལ་གཉིས་པོ་དེ་དོན་མི་མཐུན་པ་ནི་མ་ཡིན་ཏེ། ཕུང་པོའི་སྟེང་བདག་ཡོད་པ་འགོག་བྱེད་ཀྱི་རིགས་པ་དེས་སྤྱིར་གང་ཟག་གི་བདག་ཡོད་པ་ཁེགས་པའི་ཕྱིར། འདིར་གཞན་དག་ན་རེ། གང་ཟག་ཅེས་བྱ་བའི་ཆོས་ཅན་ཚད་མས་གྲུབ་པ་ཞིག་ཁས་བླངས་ནས། དེ་དགག་བྱ་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་པའི་དོན་དུ་འཇོག་པ་ཡིན་གྱི། གང་ཟག་གི་བདག་ཁོ་རང་ཁོ་རང་གིས་སྟོང་པ་དེ་གང་ཟག་གི་བདག་མེད་པའི་དོན་དུ་མི་འཇོག་སྟེ། དེ་དོན་དམ་པའི་བདེན་པར་མི་རུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང་དགག་བྱ་ཆོས་ཚད་མས་གྲུབ་པ་ཞིག་དགག་བྱ་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཞིག་དོན་དམ་པའི་བདེན་པར་འཇོག་པ་ཡིན་གྱི། རི་བོང་གི་རྭ་ལ་སོགས་པའི་ཆོས་ཅན་ཚད་མས་མ་གྲུབ་པ་ཞིག་དེས་སྟོང་པ་ལ་དོན་དམ་པའི་བདེན་པར་འཆད་ན། གནག་རྫིས་ཀྱང་དོན་དམ་པའི་བདེན་པ་རྟོགས་པར་ཧ་ཅང་ཐལ་བའི་ཕྱིར། ཞེས་འཆད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། གང་ཟག་ཚད་མས་གྲུབ་པར་ཁས་ལེན་པ་དང༌། དེ་རང་སྟོང་དུ་ཁས་ལེན་པ་འགལ་བའི་ཕྱིར་དང༌། གང་ཟག་ཡོད་ན་དེའི་བདག་མེད་པར་འགལ་བའི་ཕྱིར་དང༌། གང་ཟག་དང་གང་ཟག་གི་བདག་གཉིས་ཀ་འཇིག་རྟེན་ལུགས་ཀྱི་དོན་དམ་པའི་བདེན་པ་དང༌། རྣལ་འབྱོར་པའི་ཀུན་རྫོབ་ཀྱི་བདེན་པར་འཇོག་མཉམ་དུ་མཚུངས་པའི་ཕྱིར་ཏེ། དེ་གཉིས་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་མཚུངས་པའི་ཕྱིར་རོ། །ཟླ་བའི་ཞབས་ཀྱིས་གང་ཟག་གི་བདག་འགོག་པའི་རིགས་པ་འཆད་པ་ན། མཛོད་འགྲེལ་ལས་གསུངས་པ་དང་མཐུན་པར་བདག་ཕུང་གཅིག་དང་ཐ་དད་ལ་སོགས་པར་བཏགས་པའི་སྒོ་ནས་འགོག་པར་མཛད་ཀྱི། ཆོས་ཅན་གང་ཟག་གི་སྟེང་དུ་ཁྱད་ཆོས་རང་བཞིན་གྱིས་གྲུབ་པ་འགོག་པའི་རིགས་པ་གསུངས་པ་མེད་དོ། །ཡང་གཞན་དག་ན་རེ། འཕགས་པ་གསུམ་ཀ་བསྒྲུབ་བྱ་ཆོས་ཀྱི་བདག་མེད་རྟོགས་ཚུལ་ལ་ཁྱད་པར་མེད་ཀྱང༌། སྒྲུབ་བྱེད་ཀྱི་རིགས་པ་རྒྱས་བསྡུས་ཀྱི་སྒོ་ནས་བདག་མེད་རྒྱས་པར་རྟོགས་མ་རྟོགས་དང༌། རྫོགས་པར་སྒོམ་མི་སྒོམ་གྱིས་ཁྱད་པར་འབྱེད་དོ། །ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། ཆོས་ཅན་བུམ་པ་ལྟ་བུའི་སྟེང་དུ་ཆོས་ཀྱི་བདག་མེད་མཚན་ཉིད་ཚང་བ་ཞིག་སྒྲུབ་བྱེད་གཅིག་གིས་ཀྱང་རྟོགས་པར་ནུས་པའི་ཕྱིར་དང༌། སྒྲུབ་བྱེད་མང་པོ་བཀོད་ཀྱང་བསྒྲུབ་བྱ་གཅིག་ལས་མེད་པའི་ཕྱིར་དང༌། སྒྲུབ་བྱེད་སྔ་མ་རྣམས་ཀྱིས་བསྒྲུབ་བྱ་ལ་རྟོགས་པ་སྐྱེད་ན་ནི་སྒྲུབ་བྱེད་ཕྱི་མ་རྣམས་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་སོང་བའི་ཕྱིར་དང༌། སྒྲུབ་བྱེད་སྔ་མས་བསྒྲུབ་བྱ་དེ་མ་རྟོགས་ན་ནི་སྒྲུབ་བྱེད་ཕྱི་མ་གཅིག་པུས་རྟོགས་པར་སོང་བས། ཆོས་ཀྱི་བདག་མེད་རྟོགས་ཚུལ་རྒྱས་པ་འདོད་པ་དེ་ཡང་བསྡུས་པ་དེར་སོང་བའི་ཕྱིར་དང༌། ཁྱེད་ཀྱིས་འདོད་པའི་རྟོགས་ཚུལ་རྒྱས་པ་དེ་འདྲ་ཉན་རང་ལ་ཡང་ཡོད་པའི་ཕྱིར་དང༌། སྒྲུབ་བྱེད་གཅིག་ཁོ་ནས་ཆོས་ཀྱི་བདག་མེད་མཚན་ཉིད་ཚང་བ་ཅིག་རྟོགས་པ་བྱང་སེམས་ལ་ཡང་ཡོད་པས་དེའི་ཚེ་དེ་འདྲ་དེས་བདག་མེད་རྒྱས་པ་མ་རྟོགས་པར་ཐལ་བ་དང༌། དེས་དེ་སྒོམ་པའི་ཚེ་ཡང་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་མ་ཡིན་པར་འགྱུར་རོ། །དེ་བས་ན་ཆོས་ཀྱི་བདག་མེད་རྫོགས་མ་རྫོགས་ཀྱི་དོན་ནི་སྤྲོས་པ་ཕྱོགས་གཅིག་བཀག་པ་དང་མཐའ་དག་བཀག་པའི་ཁྱད་པར་ཡིན་ནོ་ཞེས་གོང་དུ་བཤད་ཟིན་པ་དེ་ཉིད་དོ། །འོ་ན་ཇི་སྐད་དུ། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་དོན་ནི་སྤྱིར་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་ཀྱི་མཐོང་ཚུལ་དང༌། དེ་ཡང་མངོན་སུམ་གྱིས་མཐོང་ཚུལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ཆོས་གཅིག་གི་བདེན་མེད་རྟོགས་པ་ཙམ་དང༌། དེ་མངོན་སམ་དུ་མཐོང་བ་ཙམ་གྱིས་དེ་དང་དེ་མངོན་སུམ་དུ་མཐོང་དགོས་པ་མ་ཡིན་ཏེ། ཀུན་བརྟགས་རང་སྟོང་དུ་རྟོགས་པ་དང༌། བདེན་པ་གཉིས་ཀྱི་ནང་ནས་ཀུན་རྫོབ་ཀྱི་བདེན་པ་ཙམ་ཞིག་རང་སྟོང་དུ་རྟོགས་པ་དང༌། རྟོགས་པ་བཞིན་གོམས་པར་བྱས་པ་ལ་དེ་མངོན་སུམ་དུ་མཐོང་བ་ཡོད་པ་ནི་རྣལ་འབྱོར་མངོན་སུམ་དུ་སྒྲུབ་བྱེད་ཀྱི་རིགས་པས་འགྲུབ་ལ། དེའི་ཚེ་ན་ཡོངས་གྲུབ་དང་དོན་དམ་པའི་བདེན་པ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པ་མེད་པར་ཁྱེད་རང་གིས་ཀྱང་འདོད་པ་བཞིན་ནོ། །དེ་ལྟར་གྲུབ་པ་ན་ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་དང་མེད་པ་གཉིས་ཀའི་བཤད་པ་ཚད་ལྡན་གྱི་གཞུང་ལས་འབྱུང་ཡང་དོན་འགལ་བ་ནི་མ་ཡིན་ཏེ། ཡོད་པར་བཤད་པ་ནི་ཆོས་བདག་གི་སྤྲོས་པ་ཕྱོགས་གཅིག་བཀག་པ་ལ་དགོངས་ལ། མེད་པར་བཤད་པ་ནི་སྤྲོས་པ་མཐའ་དག་བཀག་པ་ལ་དགོངས་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྤྲོས་པ་ཕྱོགས་གཅིག་བཀག་པའི་མཐོང་བའི་ལམ་ཡོད་པ་མ་ཡིན་ཏེ། དེ་འདྲའི་མཐོང་ལམ་དེས་མཐོང་སྤང་དུ་གྱུར་པའི་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་ཀྱི་ས་བོན་སྤོང་བར་མི་ནུས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ། དབུས་མཐའ་ནས་བཤད་པའི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་བའི་ལམ་ནི་ཡོད་པ་ཡིན་ཏེ། དེར་ནི་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བཀག་པས་ཤེས་སྒྲིབ་ཀྱི་ས་བོན་དྲུངས་འབྱིན་པར་ནུས་པའི་ཕྱིར། དེ་ལྟར་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་ཕབ་པ་ལ་འདི་སྙམ་དུ། འོ་ན་གཞི་བདེན་པ་གཉིས་དང༌། ལམ་ཚོགས་གཉིས་དང༌། འབྲས་བུ་སྐུ་གཉིས་ལ་སོགས་པ་རྣམ་བྱང་གི་ཆོས་ཇི་སྙེད་པ་དང༌། རྒྱུ་ལས་དང་ཉོན་མོངས་དང༌། འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་ལ་སོགས་པ་ཀུན་ནས་ཉོན་མོངས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མེད་པར་འགྱུར་ཏེ། དེ་དག་རང་རང་གི་ངོ་བོས་སྟོང་པའི་ཕྱིར་དེ་ཡང་དེ་ལྟ་ན་ནི་ཆད་པའི་མཐར་ལྷུང་བ་དང༌། སྐུར་འདེབས་ཀྱི་ལྟ་བ་ལས་མ་འདས་སོ། །ཞེས་དགོད་པར་བྱེད་དོ། །འདི་ལ་གཞན་གྱི་ལན་མི་འཐད་པ་དང༌། རང་གི་ལན་གདབ་པའོ། །དང་པོ་ནི། བོད་ཕྱི་རབས་པ་དག་གིས་དོགས་པ་འདི་སེལ་བའི་ཡན་ལག་ཏུ་ཤེས་བྱ་ཐམས་ཅད་རང་གིས་རང་སྟོང་པ་ཉིད་དུ་ཁས་མི་ལེན་པར་ཚད་མས་གྲུབ་པ་ཉིད་དུ་ཐག་བཅད་ནས། ཆོས་ཅན་དེ་དང་དེ་དག་གི་སྟེང་དུ་གང་གིས་སྟོང་རྒྱུའི་དགག་བྱ་གཞན་ཞིག་བཙལ་ནས། དེ་དག་དེས་སྟོང་པ་ལ་རང་སྟོང་གི་དོན་དུ་སྨྲ་བར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ཁྱེད་ཀྱིས་བདེན་གྲུབ་ཀྱི་ཚད་དུ་གཞག་པ་དེ་ཆོས་ཅན་བུམ་སོགས་ཀྱི་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གང་དུ་ཡང་མི་རུང་བའི་ཕྱིར་དང༌། ཐ་སྙད་དུ་ཡང་དེའི་ངོ་བོ་གཉིས་པོ་གང་རུང་མ་ཡིན་པ་གཞན་ཞིག་གིས་སྟོང་པ་ལ་དེའི་ངོ་བོས་སྟོང་པའི་དོན་དུ་འཆད་ན། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་མ་ངེས་པར་ཐལ་བའི་ཕྱིར་དང༌། ཁྱེད་ཀྱིས་འདོད་པ་དེ་ནི་གཞན་སྟོང་སྨྲ་བའི་ཕྱོགས་སུ་སླན་དགོས་ལ། དེའི་ནང་ནས་ཀྱང་ཤིན་ཏུ་ཐ་ཆད་པ་ཀ་བ་བུམ་པས་སྟོང་པ་དང༌། བུམ་པ་ཆུས་སྟོང་པ་ལྟ་བུ་གཅིག་ལ་གཅིག་མེད་པའི་སྟོང་པ་ཞེས་བྱ་བ་དེར་སོང་བ་ཡིན་ཏེ། ཀ་བུམ་གཉིས་ལ་ཀུན་རྫོབ་ཏུ་ཡང་འབྲེལ་བ་མེད་པ་བཞིན་དུ། བདེན་གྲུབ་དང་བུམ་སོགས་ལ་ཐ་སྙད་དུ་ཡང་འབྲེལ་བ་མེད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། ཁྱེད་ཀྱི་འདོད་པ་འདི་ནི་གཞན་སྟོང་མཚན་ཉིད་པའི་ཕྱོགས་ལས་ཀྱང་དམན་པ་ཡིན་ཏེ། དེར་ནི་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་གཉིས་ཀ་འགོག་ལ། ཁྱེད་ཀྱིས་ནི་ཀུན་རྫོབ་དང་དོན་དམ་པའི་དབང་དུ་བྱས་པའི་གཟུང་འཛིན་གྱི་སྤྲོས་པ་གཅིག་ཀྱང་མི་འགོག་པའི་ཕྱིར། དཔེར་ན་བུམ་སོགས་རང་ཉིད་ཡིན་པ་དོན་དམ་དུ་ཡང་མི་འགོག་པ་བཞིན་ནོ། །གཉིས་པ་རང་གི་ལན་གདབ་པ་ལ་བཞི་སྟེ། སྔར་གྱི་རྩོད་པ་དེ་ལྟ་བའི་དབང་དུ་བྱས་པའི་གྲུབ་མཐའ་རྒྱུ་མཚན་དུ་བཀོད་ནས་སྤྱོད་པ་སུན་འབྱིན་པའི་རྩོད་པ་ཡིན་པར་བསྟན་པ་དང༌། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་སུན་འབྱིན་པར་བྱེད་པའི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཞེས་བྱ་བ་དེ་ཡིན་པར་བསྟན་པ་དང༌། ཡོད་པ་མ་ཡིན་པའི་རྒྱུ་མཚན་གྱིས་མེད་པ་ཡིན་པར་ཐལ་བ་འཕེན་པ་ནི་མཐའ་བྲལ་གྱི་ཚུལ་ལས་ཉམས་པར་བསྟན་པ་དང༌། ཡོད་པ་མ་ཡིན་པར་ཁས་བླངས་པའི་རྒྱུ་མཚན་གྱིས་མེད་པ་པར་ཐལ་བ་འཇུག་ན། མེད་པ་མ་ཡིན་པར་ཁས་བླངས་པའི་རྒྱུ་མཚན་གྱིས་ཡོད་པ་པར་ཡང་ཐལ་བ་མཚུངས་པ་རྣམས་སོ། །དང་པོ་ནི། ཀླན་ཀ་དེ་འཇུག་པ་མ་ཡིན་ཏེ། ཁོ་བོ་ཅག་གིས་ནི་ལྟ་བས་སྤྲོས་པ་གཅོད་པའི་ཚེ་ཤེས་བྱ་ཐམས་ཅད་རང་སྟོང་དུ་བཞག་ནས་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་གྱི། སྤྱོད་པས་ཚོགས་གཉིས་ཟུང་འབྲེལ་ལ་སློབ་པའི་ཚེ་དེ་ལྟར་ཁས་མ་བླངས་པའི་ཕྱིར་དང༌། ལྟ་བ་ནི་དོན་དམ་གྱི་དབང་དུ་བྱས་ལ། སྤྱོད་པ་ནི་ཀུན་རྫོབ་ཀྱི་དབང་བྱས་པའི་ཕྱིར། ཤེས་རབ་ནི་དོན་དམ་པའི་ཡུལ་ཅན་དང༌། ཐབས་ནི་ཀུན་རྫོབ་པའི་ཡུལ་ཅན་དུ་བྱས་ནས་ཐབས་ཤེས་ཟུང་འབྲེལ་ལ་སློབ་དགོས་པའི་ཕྱིར་དང༌། ལྟ་བ་ནི་ཡེ་ཤེས་དང༌། སྤྱོད་པ་ནི་རྣམ་ཤེས་ཀྱི་དབང་དུ་བྱས་ནས་བཞག་པའི་ཕྱིར་དང༌། མཉམ་གཞག་ཏུ་གཟུང་འཛིན་གཉིས་སྣང་གིས་སྤྲོས་པ་འགོག་ཅིང༌། རྗེས་ཐོབ་ཏུ་གཟུང་འཛིན་གཉིས་སྣང་གི་སྤྲོས་པ་མི་འགོག་པའི་ཕྱིར། མདོར་ན་གོང་གི་རྩོད་པ་དེ་ནི་ལྟ་སྤྱོད་ཀྱི་གྲུབ་མཐའ་མ་འདྲེས་པར་འབྱེད་མ་ཤེས་པའི་དབང་གིས་བྱུང་བ་ཡིན་ལ། དེ་ཡང་སྔོན་གྱི་དུས་སུ་ལྟ་བའི་ཕུ་ཐག་ཆོད་ཀྱང་དེ་ཉིད་སྤྱོད་པའི་ཉམས་ལེན་དང་ཤན་མ་ཕྱེད་པས་དཀར་པོ་གཅིག་ཐུབ་ཏུ་སྨྲ་བ་དང༌། ཕྱི་མའི་དུས་འདིར་སྤྱོད་པ་ལ་གཡེལ་གྱིས་དོགས་ནས་ལྟ་བའི་ཆ་ཙམ་ཡང་མ་གོ་བར་ཀུན་རྫོབ་དང་དོན་དམ་གཉིས་ཀ་ལ་མཚན་མར་ལྟ་བའི་ལྟ་བ་དབུ་མའི་ལྟ་བར་བཤད་ནས་བདུད་ཀྱི་གསང་ཚིག་དབྱངས་སུ་ལེན་པར་བྱེད་དོ། །དེའི་ཤེས་བྱེད་ཀྱང་འཇིག་རྟེན་པས་གང་ཡོད་དོ་ཞེས་ཁས་ལེན་པ་དེ་ཐམས་ཅད་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་ཡང་ཡོད། ཅེས་ཁས་ལེན་པའི་ཕྱིར་དང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་བུམ་སོགས་བདེན་པར་མེད་དོ་ཞེས་འཛིན་སྟངས་ཀྱི་གཟུང་བྱར་བྱས་ནས་ཡང་དང་ཡང་དུ་སེམས་པ་དང༌། འཇལ་བ་དང༌། ངེས་པར་རྟོག་པའི་རྣམ་པས་ཡུལ་དུ་མ་བྱས་ན། བདེན་འཛིན་གྱི་ས་བོན་དྲུངས་འབྱིན་པར་མི་ནུས་སོ་ཞེས་སྟོང་པ་ཉིད་ལ་མཚན་མར་ལྟ་བའི་ལྟ་བ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་འོ་ན་ཆོས་གང་ཡང་ཡོད་པ་མ་ཡིན་པར་ལྟ་བ་དེ་སྐུར་པ་འདེབས་པའི་ལྟ་བ་མ་ཡིན་ན་ལྟ་བ་དེའི་མཚན་གཞི་མི་རྙེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཐོག་མར་ཚད་མས་གྲུབ་པའི་ཆོས་ཞིག་ཁས་བླངས་ནས་དེའི་འོག་ཏུ་རིགས་སྟོབས་ཀྱིས་རྣམ་པར་དཔྱད་པས་ཆོས་དེ་དང་དེ་མེད་པར་སོང་བ་ཉིད་དུ་ཁས་བླངས་ན་སྐུར་པ་འདེབས་པའི་ལྟ་བ་དང༌། སྟོང་པ་ཉིད་དངོས་པོའི་འཇིག་རྒྱུ་ཡིན་པ་དང༌། རང་བཞིན་འཕགས་པའི་ཤེས་མཐོང་གིས་གསར་དུ་བྱས་པ་ཉིད་དུ་ཐལ་བ་ལ་སོགས་པའི་སྐྱོན་ཡོད་པ་ཡིན་པ་ལས། ལྟ་བས་སྤྲོས་པ་གཅོད་པའི་སྐབས་འདིར་ནི་ཆོས་གང་ཡང་གདོད་མ་ནས་ཡོད་མ་མྱོང་བ་ཉིད་དུ་འཆད་པའི་ཕྱིར་རོ། །དེས་ན་ཡོད་པ་ལ་མེད་ཅེས་སྐུར་པ་བཏབ་པ་མེད་དོ། །སྤྱོད་པས་ཚོགས་གཉིས་ཉམས་སུ་ལེན་པ་ལ་འཇུག་པ་དེའི་ཚེ་ཀུན་བྱང་གི་ཆོས་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་ཁས་བླངས་ན་སྐུར་འདེབས་ཀྱི་ལྟ་བའི་མཐར་ལྷུང་བ་ཡིན་ཏེ། དེའི་ཚེ་ཀུན་བྱང་གི་ཆོས་རྣམས་ཡོད་པར་ཁས་ལེན་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་སྤྱོད་པས་བསོད་ནམས་ཀྱི་ཚོགས་སོག་པའི་ཚེ། ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་ལ། ལྟ་བས་སྤྲོས་པ་གཅོད་པའི་ཚེ་དོན་དམ་དུ་མེད་པས་མེད་པའི་གོ་ཆོད་པར་འཇོག་པའི་ཕྱིར། དེའི་ཤེས་བྱེད་ཀྱང་སྤྱོད་པའི་ཚེ་ན་ཐ་སྙད་ཀྱི་བདེན་པ་དབང་བཙན་པར་བྱས་ནས་ཚོགས་གཉིས་སོག་པར་བྱེད་ལ། ལྟ་བའི་ཚེ་ན་དོན་དམ་པའི་བདེན་པ་དབང་བཙན་པར་བྱས་ནས་སྤྲོས་པ་གཅོད་པའི་ཕྱིར་རོ། །མདོར་ན་སྤྱོད་པ་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་དང༌། ལྟ་བ་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་གཉིས་ལས། དང་པོ་ནི། འཇིག་རྟེན་ལུགས་ཀྱི་ཚད་མས་གྲུབ་པའི་ཀུན་བྱང་གི་ཆོས་རྣམས་མེད་པར་ཁས་བླངས་ན་སྐུར་འདེབས་ཀྱི་མཐར་ལྟུང་ཞིང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཀུན་བྱང་གི་ཆོས་དང༌། མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་ཀུན་བྱང་གི་ཆོས་རྣམས་ཡོད་པར་ཁས་བླངས་ན་སྒྲོ་འདོགས་པའི་མཐའ་ཉིད་དུ་ལྷུང་བས་མཐའ་དེ་གཉིས་སྤངས་པའི་དབུ་མའི་ལམ་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་བྱེད་དོ། །ལྟ་བ་ལ་ལྟོས་པའི་མཐའ་གཉིས་ནི། སྤྱིར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་དང༌། བྱེ་བྲག་ཏུ་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ཡོད་དོ་ཞེས་ཁས་བླངས་ན་སྒྲོ་འདོགས་པའི་མཐར་ལྷུང་བ་ཡིན་ཏེ། ཚད་མས་མ་གྲུབ་བཞིན་དུ་ཡོད་པར་ཁས་བླངས་པའི་ཕྱིར། ཚད་མས་གྲུབ་པའི་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་གཅིག་དང་དུ་མ་ལ་སོགས་པའི་རིགས་པས་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་ནོ་ཞེས་ཁས་བླངས་ན་ཆད་པའི་མཐར་ལྷུང་བ་ཡིན་ཏེ། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་བུའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ནས། ལྟ་བས་སྤྲོས་པ་གཅོད་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། སྔོན་གྱི་རྩོད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཁོ་བོ་ཅག་གིས་ལྟ་བའི་དབང་དུ་བྱས་ནས་ཆོས་གང་ཡང་ཡོད་པ་མ་ཡིན་པར་ཁས་བླངས་པ་ལ། ཁྱེད་ཀྱིས་ནི་སྤྱོད་པ་ཉམས་ལེན་གྱི་ཚེ་ན་ཀུན་བྱང་གི་ཆོས་རྣམས་ཡོད་པར་ཁས་ལེན་དགོས་པ་རྒྱུ་མཚན་དུ་བྱས་ནས་ལས་རྒྱུ་འབྲས་མེད་པར་ཐལ་བ་འཕངས་པ་ཡིན་ལ། དེ་འདྲ་དེ་ནི། ཇི་སྐད་དུ། འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་རྗེ་བཙུན་གྱིས་ལུང་བསྟན་པའི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཞེས་བྱ་བ་དེ་ཉིད་ཡིན་ལ། དེ་ལ་ནི་བདེན་གཉིས་རྣམ་འབྱེད་ཀྱི་རིགས་པས་ལན་འདེབས་པར་གསུངས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན་ཁྱེད་ཀྱི་ཐལ་བ་དེ་ནི་དོན་དམ་དུ་འདོད་པ་དང༌། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པ་ཡིན་ནོ། །དེ་སྐད་དུ་ཡང༌། དོན་གསལ་ལས། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་གོ་རིམ་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་ཞེས་གསུངས་སོ། །དེ་བཞིན་དུ་བོད་ཕྱི་རབས་པ་དག་གིས་ནི་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་དག་ཀྱང་སྨྲ་བར་བྱེད་དེ། འཇིག་རྟེན་ན་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་ཡོད་པར་ཁས་བླངས་པ་ལ་བདག་མེད་དང་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མི་སྲིད་པར་ཐལ་བ་དང༌། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་དང་འགལ་བ་སོགས་འཕེན་པར་བྱེད་དོ། །འདི་ཡང་ཡང་དག་པ་མ་ཡིན་ཏེ། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་སུན་འབྱིན་པར་བྱེད་པ་ཡིན་པས། བདེན་གཉིས་རྣམ་འབྱེད་ཀྱི་ཚུལ་ལ་རྨོངས་པའི་ཀླན་ཀ་ཡིན་པས་སོ། །འོ་ན་སྤྱོད་པའི་ཚེ་ན་ཡོད་པར་ཁས་ལེན་དགོས་པའི་ཆོས་ཤིག་ལྟ་བའི་ཚེ་ན་མེད་པར་ཁས་ལེན་དགོས་པ་ཉིད་དུ་སོང་བས་ལྟ་སྤྱོད་ཀྱི་ཤེས་རབ་གཉིས་པོ་རྒྱབ་འགལ་དུ་སོང་བའི་ཕྱིར། ལྟ་སྤྱོད་ཟུང་དུ་འཇུག་པ་དང༌། ཐབས་ཤེས་དང༌། བདེན་པ་གཉིས་ཟུང་དུ་འཇུག་པ་ཇི་ལྟར་འཐད་ཅེ་ན། སྤྱིར་ཟུང་དུ་འབྲེལ་བ་དང༌། ཟུང་དུ་འཇུག་པ་ཞེས་བྱ་བའི་རྣམ་གཞག་གཉིས་ལས། ཟུང་དུ་འབྲེལ་བ་ཞེས་བྱ་བའི་དོན་ནི། ལྟ་སྤྱོད་ཀྱི་བློ་གཉིས་ཤེས་རྒྱུད་གཅིག་ལ་ཅིག་ཆར་དུ་འཇུག་པ་ལ་བྱ་བ་ཡིན་གྱི། དེ་གཉིས་གཞི་མཐུན་སྲིད་པར་སྟོན་པ་ནི་མ་ཡིན་ཏེ། གཅིག་ནི་རྣམ་ཤེས་ཀྱི་ཆོས་ཡིན་ལ། གཅིག་ཤོས་ནི་ཡེ་ཤེས་ཀྱི་ཆོས་ཡིན་པས་གཞི་མཐུན་པར་འགལ་བའི་ཕྱིར། ཟུང་དུ་འཇུག་པའི་དོན་ནི་གཉིས་སུ་མེད་པ་སྟེ། དཔེར་ན་སྣང་སྟོང་ཟུང་འཇུག་ཏུ་འཇོག་པའི་ཚེ་ན། བུམ་སོགས་སུ་སྣང་བ་ནི་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པའི་ཆོས་ཡིན་ལ། སྟོང་པ་ནི་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ཆོས་ཡིན་པས་ཡེ་ཤེས་ཁོ་ནར་རོ་གཅིག་དགོས་པ་བཞིན་ནོ། །འོ་ན་སྤྱོད་པ་དང་ཐབས་ཀྱི་ཆ་ཉམས་སུ་བླངས་པ་རྣམས་དོན་མེད་པར་འགྱུར་ཏེ། དེ་དག་ནི་ཀུན་རྫོབ་འཁྲུལ་པའི་སྣང་བ་འབའ་ཞིག་ཡིན་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། རྒྱུ་ཀུན་རྫོབ་པ་ཉམས་སུ་བླངས་པ་ལས་འབྲས་བུ་ཀུན་རྫོབ་པ་ཞིག་ངེས་པར་འབྱུང་ལ། རྒྱུ་དེ་མ་བླངས་ན་ནི་འབྲས་བུ་ཀུན་རྫོབ་པ་དེ་ཡང་མི་འབྱུང་ཞིང༌། འབྲས་བུ་དེ་མེད་ན་ནི་སངས་རྒྱས་ཀྱི་སར་སྐུ་གསུམ་གྱི་རྣམ་པར་བཞག་པ་མི་ཚང་བའི་ཕྱིར། འབྲས་བུ་ཀུན་རྫོབ་པ་དེ་ཡང་གང་ཞེ་ན། སེམས་ཅན་སོ་སོའི་སྣང་བ་ལ་ཤར་བའི་གཟུགས་ཀྱི་སྐུ་གཉིས་པོ་དེའོ། །སྣང་བ་འདི་ཡང་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་སྟེ། གཉིས་སྣང་གི་བག་ཆགས་དྲུངས་མ་ཕྱུང་བའི་སེམས་ཅན་རྣམས་ཁོ་ན་ལ་སྣང་བ་འདི་འཆར་བ་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་ཡེ་ཤེས་ཀྱི་སྐུ་ལས་གཞན་གཟུགས་ཀྱི་སྐུའི་སྣང་བ་མི་མངའ་བའི་ཕྱིར། གལ་ཏེ་གཞན་སྣང་གི་གཟུགས་སྐུ་གཉིས་པོ་སངས་རྒྱས་ཀྱི་སས་བསྡུས་པར་འཆད་དམ་ཞེ་ན། དེ་ལྟར་མི་འཆད་མོད་ཀྱི། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་མེད་ན་གཟུགས་སྐུ་གཉིས་ཀྱི་སྣང་བ་སྟོན་པའི་རྒྱུ་སངས་རྒྱས་ཀྱི་སས་བསྡུས་པ་དེ་ཡང་མི་འབྱུང་བ་ཡིན་ནོ། །གསུམ་པ་ནི་ཁྱེད་ཅག་གིས་ཀུན་བྱང་གི་ཆོས་རྣམས་མེད་པར་ཐལ་བ་འཕེན་པ་དེ་ཡོད་པ་བཀག་ཙམ་ལ་བསམས་པ་ཡིན་ནམ། ཡོད་པ་བཀག་ཤུལ་དུ་མེད་པ་ཉིད་ཅེས་བྱ་བའི་དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཞིག་ལ་བསམས་པ་ཡིན། དང་པོ་ལྟར་ན་འདོད་པ་ཡིན་ལ། གཉིས་པ་ལྟར་ན་ཁྱབ་པ་མ་ངེས་ཏེ། དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་ནི་སྤྱིར་མཐའ་བྲལ་གྱི་ཚུལ་ལས་འདས་པའི་ཕྱིར་དང༌། བྱེ་བྲག་ཏུ་ཐལ་འགྱུར་པའི་ལུགས་ཁོང་དུ་མ་ཆུད་པའི་ཕྱིར། ཇི་ལྟར་ཞེ་ན། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་བདེན་ཡོད་བཀག་ཤུལ་དུ་བདེན་མེད་ཀྱི་ཐ་སྙད་མི་སྒྲུབ་པ་དང་སྒྲུབ་པ་ནི་ཐལ་རང་གི་ཁྱད་པར་འབྱེད་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །རང་རྒྱུད་པས་ཀྱང་བདེན་མེད་ཀྱི་ཐ་སྙད་ལ་རྒོལ་བས་དཔག་འདོད་ཞུགས་པའི་རྒྱུ་མཚན་གྱིས་བསྒྲུབ་བྱར་སོང་བ་ཡིན་གྱི། བདེན་ཡོད་བཀག་ཙམ་གྱིས་དེ་བསྒྲུབ་བྱར་སོང་བ་མ་ཡིན་ཏེ། རང་རྒྱུད་པས་ཀྱང་མཐར་བདེན་མེད་ཀྱི་ཐ་སྙད་འགོག་པའི་ཕྱིར། བཞི་པ་ནི། ཡོད་པ་བཀག་པས་མེད་པ་པར་འགྲོ་ན། ཁོ་བོ་ཅག་གི་ལྟ་བའི་འཇོག་མཚམས་འདིར་ཆོས་ཅན། ཡོད་པ་བ་ཉིད་དུ་ཐལ། མེད་པ་བཀག་པའི་ཕྱིར། གསུམ་ཆར་ལ་ལན་གྱིས་ཟློག་པར་མི་ནུས་སོ། །འོ་ན་ཆོས་ཅན་གཅིག་གི་སྟེང་དུ། ཡོད་མེད་ལ་སོགས་པའི་མཐའ་བཞི་བཀག་པ་དེའི་ཚེ་གཅིག་བཀག་པས་དེའི་འགལ་ཟླ་དངོས་དེ་ཡིན་པར་ཁས་ལེན་མི་དགོས་ན་གཉིས་པོ་ཕན་ཚུན་སྤངས་པའི་དངོས་འགལ་མ་ཡིན་པར་འགྱུར་ཞིང༌། མཐའ་བཞི་པོ་བཀག་པའི་དོན་གང་དང་གང་ཞིག་ཡིན་པར་སྨྲ་དགོས་སོ་ཤེ་ན། ཉེས་པ་དང་པོར་མི་འགྱུར་ཏེ། གཅིག་དགག་པས་ཅིག་ཤོས་སུ་ཁས་ལེན་དགོས་པ་ནི་ལྟ་བ་སྨྲ་བའི་ཚེ་ཁས་ལེན་ཡོད་པ་དག་ལ་ཡིན་གྱི། ཁོ་བོ་ཅག་ལ་ནི་ལྟ་བའི་ཚེ་ཁས་ལེན་ཅི་ཡང་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཚིག་གསལ་ལས། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅི་ཡང་མི་སྨྲ་བ་བཞིན་ནོ། །ཞེས་གསུངས་སོ། །མཐའ་བཞི་བཀག་པའི་དོན་ཡང་ཡོད་པ་བཞག་པས་ནི་ཡོད་པ་ཉིད་དུ་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་སུན་ཕྱུང་བ་ཡིན་ལ། མེད་མཐའ་བཀག་པས་ནི་མེད་པ་ཉིད་དུ་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་སུན་ཕྱུང་བ་ཡིན་གྱི། ཡོད་པའི་མཐའ་བཀག་པ་དེ་ཉིད་འགོག་པ་མ་ཡིན་ཏེ། རིགས་པ་ཡང་དག་གིས་གང་བཀག་པའི་ཆ་དེ་ཡང་འགོག་ནུས་ན་རིགས་པ་སྔ་མ་ལ་ཡིད་གཏན་མི་རུང་བའི་ཕྱིར། དེ་བཞིན་དུ་གཉིས་མིན་གྱི་མཐའ་བཀག་པས་ཀྱང་དེར་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་སུན་ཕྱུང་བ་ཡིན་གྱི། གཉིས་ཡིན་གྱི་མཐའ་བཀག་པའི་ཆ་དེ་ཉིད་འགོག་པ་མ་ཡིན་ཏེ། དེ་དགག་པ་མི་ནུས་པའི་ཕྱིར། དེས་ན་ཡོད་པར་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་བཀག་པས་མེད་པར་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་དེར་ཁས་ལེན་དགོས་པ་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དེ་གཉིས་པོ་གང་དུ་ཡང་ཞེན་པ་མ་ཡིན་པའི་ཕྱིར། དོན་དེ་ལ་བསམས་ནས་ཡོད་པ་མ་ཡིན་ན་མེད་པ་ཡིན་དགོས་སོ་ཞེས་བྱ་བ་འདི་ཁས་མི་ལེན་ནོ། །གཉིས་པ་འཕགས་སེང་གེ་དགོངས་པ་གང་ཡིན་བསམ་པ་ལ། ཆོས་དབྱིངས་དང༌། དེ་བཞིན་ཉིད་དང༌། སྟོང་པ་ཉིད་རྣམས་ཀྱི་འཇོག་མཚམས་ནི་ཐོགས་མེད་སྐུ་མཆེད་དང་མཐུན་པ་ཡིན་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འཆད་པ་དང༌། དེ་བཞིན་ཉིད་ཀྱི་ངོས་འཛིན་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ་དང༌། ཆོས་དབྱིངས་ཀྱི་ངོས་འཛིན་ཡང༌། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་བྱ་བའི་ལུང་ཁུངས་སུ་དྲངས་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པའི་ཕྱིར་དང༌། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་ཤེས་པར། འཕགས་པའི་གང་ཟག་གསུམ་གྱི་རྟོགས་བྱ་བདག་མེད་པ་གསུམ་ཀ་ཡང་ཆོས་དབྱིངས་སུ་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི་སྟོང་ཉིད་མེད་དགག་གི་ཆ་ཞིག་ཀྱང་མི་བཞེད་པ་མ་ཡིན་ཏེ། ཆོས་དབྱིངས་དང་སྟོང་པ་ཉིད་ཀྱི་ངོ་བོ་ཡང་རང་གི་ངོ་བོས་སྟོང་པར་བཞེད་པའི་ཕྱིར། ཆོས་དབྱིངས་མཐོང་ཚུལ་དང༌། རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་སློབ་དཔོན་གྱིས་ནི་དབུས་མཐའ་དང་མཐུན་པར་བཞེད་པ་ཡིན་ཏེ། འགྲེལ་ཆེན་དུ། སྟོང་ཉིད་ཉི་ཤུའི་ས་མཚམས་མོས་སྤྱོད་ཀྱིས་དང༌། འཕགས་པའི་ས་བཅུ་ལ་གོ་རིམས་བཞིན་དུ་བཞག་ཅིང༌། དེའི་དོན་ཡང་དེ་རྟོགས་པའི་ཡེ་ཤེས་ཀྱི་ས་མཚམས་ལ་དགོངས་པ་ལེན་དགོས་ལ། དེའི་དོན་ཡང་ས་དང་པོའི་མཉམ་གཞག་ཏུ་སྟོང་ཉིད་ཉི་ཤུ་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་ལ་ཁྱད་པར་མེད་ཀྱང༌། རྗེས་ཐོབ་ཏུ་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱི་བྱེ་བྲག་གིས་ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱི་རྟོགས་པ་ལ་སོགས་པར་བཞག་པའི་ཕྱིར། དེ་སྐད་དུ་ཡང༌། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་རྣམ་བཅུ། །ས་བཅུའི་མི་མཐུན་ཕྱོགས་ཀྱི་ནི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་སོ། །མོས་སྤྱོད་དུ་སྟོང་ཉིད་དང་པོ་གསུམ་གཞག་པ་ཡང་དེའི་མཉམ་གཞག་ན་དེ་མངོན་སུམ་དུ་མཐོང་བ་མེད་ཀྱང་རྗེས་ཐོབ་ཏུ་དེའི་ངེས་པ་འདྲེན་པ་ཡོད་པ་ལ་དགོངས་སོ། །ཡང་ན་དབུས་མཐའི་དགོངས་པ་ས་བཅུའི་མཉམ་གཞག་ཡེ་ཤེས་རྣམས་ཆོས་ཅན་སོ་སོ་ལ་ལྟོས་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་རང་ལས་ངེས་ཀྱི་ཚད་མར་འགྱུར་ཚུལ་གྱི་རིམ་པས་གཞག་པར་ནུས་སོ། །འཕགས་སེང་གཉིས་ཀྱིས་ཡེ་ཤེས་དང་དེ་བཞིན་ཉིད་ཀྱི་འཇོག་ཚུལ་ཐོགས་མེད་སྐུ་མཆེད་དང་མཐུན་པ་དེ་ལྟ་མོད་ཀྱི། སྟོང་པ་ཉིད་ཀྱི་འཇོག་ཚུལ་ལ་ནི་གཉིས་བཞེད་དེ། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ལ་བཞེད་པ་དང༌། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་མེད་དགག་གི་ཆ་ལ་འཇོག་པ་དང༌། ཚུལ་རྣམ་པ་གཉིས་གསལ་བར་སྣང་བའི་ཕྱིར། སློབ་དཔོན་འདི་གཉིས་ཆོས་རྣམས་རང་གི་ངོ་བོས་ཇི་ལྟར་སྟོང་པའི་ཚུལ་ནི། དབུ་མ་ཐལ་རང་དུ་སྨྲ་བ་དག་དང་མཐུན་པར་རང་སྟོང་གི་ཚུལ་དུ་བཞེད་པ་ཡིན་ཏེ། ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་ཀས་སྟོང་པར་བཞེད་པའི་ཕྱིར་ཏེ། ཇི་སྐད་དུ། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། མེད་དགག་གི་ཆ་གཉིས་ཀ་ཡང་རང་རང་གིས་སྟོང་པར་བཤད་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གང་ལ་དམིགས་པའི་ཡུལ་གྱི་འཆད་ཚུལ་ནི་ལུགས་དེ་གཉིས་ཀ་དང་མཐུན་པ་མ་ཡིན་ཏེ། ཉི་སྣང་དུ་རྣམ་བདེན་རྫུན་གྱི་བཞེད་པ་གཉིས་དང༌། ཐལ་འགྱུར་བའི་བཞེད་པ་དང་གསུམ་ཀ་བཀག་ནས། རང་ལུགས་སྣང་བ་སྒྱུ་མ་ལྟ་བུ་ལ་དམིགས་པར་བཤད་པ་དང༌། འགྲེལ་ཆེན་དུ། ཐལ་འགྱུར་བའི་འདོད་པ་གཅིག་པུ་བཀག་ནས་འཕགས་པ་གྲོལ་སྡེའི་ལུགས་རང་ལུགས་སུ་བཞག་པས་སོ། །དེ་དག་གི་དོན་ཡང་རྣམ་བརྫུན་པས་སྟོང་པ་ཉིད་ཅེས་བྱ་བ་མེད་དགག་གི་ཆོས་ཤིག་ཁས་མི་ལེན་པར་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་དམིགས་པར་འདོད་པ་ལ། དམིགས་པ་དག་པ་གོང་དུ་འགྲོར་མེད་པའི་སྐྱོན་ཡོད་པ་དང༌། རྣམ་བདེན་པས་དོན་བཀག་པའི་སྟོང་པ་ཉིད་ཀྱི་གཟུང་རྣམ་དམིགས་པར་འདོད་པ་དང༌། ཐལ་འགྱུར་བ་སྟོང་ཉིད་མེད་དགག་གི་ཆ་དམིགས་པར་འདོད་པ་ལ་ནི་མཉམ་གཞག་གི་དངོས་གཞི་གཟུང་འཛིན་གཉིས་སྣང་ཅན་དུ་ཐལ་བ་དང༌། སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕེན་པར་མཛད་དོ། །རང་ལུགས་ལ་ནི། སྦྱོར་བའི་དུས་སུ་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་སྒྲོ་འདོགས་གཅོད་པས་དག་པ་གོང་དུ་འགྲོར་མེད་པའི་སྐྱོན་ལས་གྲོལ་ལ། མཉམ་གཞག་དངོས་གཞིའི་དུས་སུ་ནི་གཟུང་འཛིན་གཉིས་ཀྱི་སྣང་བ་ནུབ་ནས་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་རིག་བྱ་ཁོ་ན་ལ་མཉམ་པར་བཞག་པས་སྐྱོན་ཕྱི་མ་གཉིས་ལས་ཀྱང་གྲོལ་ལོ། །མདོར་ན་སློབ་དཔོན་འདི་གཉིས་ཀྱི་བཞེད་པས་ཆོས་ཐམས་ཅད་རང་སྟོང་དུ་བཞེད་པ་ཟླ་བའི་ཞབས་དང་མཐུན། མཉམ་གཞག་དངོས་གཞིའི་དམིགས་པ་ཆོས་དབྱིངས་སུ་བཞེད་པ་ཐོགས་མེད་སྐུ་མཆེད་དང་མཐུན། སྦྱོར་བའི་དུས་སུ་རྣལ་འབྱོར་ས་བཞིའི་སྐབས་ནས་འབྱུང་བའི་བསམ་བྱུང་གི་རིགས་པ་མི་འདྲ་བ་བཞིའི་རིམ་པས་ཆོས་ཅན་སོ་སོ་ལ་རིམ་གྱིས་སྒྲོ་འདོགས་གཅོད་པ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་མཐུན་ནོ། །ཞེས་བྱ་བ་འདི་ངེས་སོ། །གསུམ་པ་དེ་གཉིས་ཀ་ཡང་དབུ་མའི་ལམ་དུ་མཚུངས་པར་བསྟན་པ་ནི། བསྟན་པ་འདི་ལ་དབུ་མ་ནི་རྣམ་པ་གཉིས་ཏེ། རྗེ་བཙུན་བྱམས་པའི་གཞུང་གི་ངེས་དོན་གྱི་སྙིང་པོར་གྱུར་པ་མཐར་ཐུག་པ་དང༌། ཀླུ་སྒྲུབ་ཞབས་ཀྱི་གཞུང་གི་ངེས་དོན་གྱི་སྙིང་པོར་གྱུར་པ་མཐར་ཐུག་པའོ། །དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སོ། །དེ་གང་དུ་འབྱུང་བ་ནི་རྒྱན་གཉིས་འབྱེད་གཉིས་དང༌། རྒྱུད་བླ་མའི་བསྟན་བཅོས་སུའོ། །ལྟ་བ་དེ་དབུ་མའི་ལམ་དུ་སྒྲུབ་པ་ནི་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་སོ། །དེ་ཇི་ལྟར་ཡིད་ལ་བྱེད་པའི་རིམ་པ་སྟོན་པ་ནི་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་སུའོ། །གཉིས་པ་ནི་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་ཙམ་མོ། །དེ་གང་དུ་འབྱུང་བའི་བསྟན་བཅོས་ནི་རིགས་པའི་ཚོགས་ཡིན་ལ། བསྟོད་པའི་ཚོགས་སུ་འབྱུང་བ་ནི་བྱམས་པའི་ཆོས་དང་མཐུན་ནོ། །དེ་དག་གང་གིས་གཏན་ལ་འབེབས་པའི་སྲོལ་འབྱེད་ནི་གཉིས་ཏེ། ཀླུ་སྒྲུབ་ཞབས་དང༌། ཐོགས་མེད་ཞབས་སོ། །ཇི་ལྟར་གཏན་ལ་ཕབ་པའི་ཚུལ་ནི་གཉིས་ཏེ། བདེན་པ་གཉིས་ཀའི་ངོ་བོ་སྟོང་པར་གཏན་ལ་འབེབས་པ་རང་སྟོང་གི་ལུགས་དང༌། ཀུན་རྫོབ་ཀྱི་ངོ་བོ་ཙམ་ཞིག་རང་སྟོང་དུ་གཏན་ལ་ཕབ་པས་དོན་དམ་ལ་སྤྲོས་པ་ཆོད་པ་གཞན་སྟོང་གི་ལུགས་གཉིས་སོ། །ཡང་མངོན་རྟོགས་རྒྱན་གྱི་དགོངས་པ་རང་སྟོང་ལྟར་འཆད་པ་འཕགས་སེང་གི་ལུགས་དང༌། རིགས་ཚོགས་ཀྱི་དགོངས་པ་གཞན་སྟོང་ལྟར་འཆད་པ་འཇིགས་མེད་ཆོས་སྐྱོང་ཞབས་ཀྱི་ལུགས་གཉིས་ཀྱང་ཡོད་དོ། །མདོར་ན་སྲོལ་འབྱེད་དེ་བཞིན་ཀ་ཡང་དབུ་མའི་ལམ་ཉིད་དུ་མཚུངས་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་ཚད་ལྡན་གྱི་གཞུང་ལུགས་དག་ལས་དབུ་མའི་ལུགས་ཉིད་དུ་གསལ་བར་གསུངས་པའི་ཕྱིར་རོ། །དེ་ཡང་རང་སྟོང་གི་ཚུལ་དེ་དབུ་མའི་ལམ་ཉིད་དུ་ནི་ཐལ་རང་དུ་སྨྲ་བའི་སློབ་དཔོན་རྣམས་ཀྱིས་བཤད་པ་ཡིན་ཏེ། ཇི་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟན་ནས་བརྟགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པའི་སྟོང་པ་ཉིད་དེ་དབུ་མ་རང་སྟོང་ལ་འཆད་པའི་ཕྱིར། གཞན་སྟོང་གི་ཚུལ་དེ་དབུ་མའི་ལམ་ཉིད་དུ་ནི་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ཡིན་ཏེ། ཇི་སྐད་དུ། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པའི་སྐབས་ཀྱི་སྟོང་པ་ཉིད་དེ་གཞན་སྟོང་གི་ཚུལ་ལ་བཞེད་པའི་ཕྱིར། དེ་ལ་གངས་ཅན་པ་དག་འདི་སྙམ་དུ། གྲུབ་མཐའ་བཞིའི་ཡ་གྱལ་དུ་གྱུར་པའི་དབུ་མ་ནི་སྤྱིར་ཐལ་རང་གི་སྲོལ་གཉིས་དང༌། དེ་ལས་ཀྱང་ཆེས་མཆོག་ཏུ་གྱུར་བ་ནི་ཐལ་འགྱུར་བས་ཕྱེ་བའི་ལམ་ཁོ་ན་ཡིན་ཏེ། ཇི་སྐད་དུ། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་བཤད་པས་སོ་སྙམ་ན། དེ་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་དབུ་མའི་མཆོག་ཏུ་གྱུར་པ་དེ་གཞན་སྟོང་གི་ཚུལ་ཁོ་ན་ལ་འཆད་རིགས་པར་འགྱུར་ཏེ། ཐོགས་མེད་ཞབས་ཀྱིས་དེ་ལ་དེར་བཤད་ཅིང༌། རང་སྟོང་གི་ཚུལ་གྱི་ལྟ་བ་དེ་སྐུར་བ་འདེབས་པའི་ལྟ་བ་དང༌། དབང་ཟ་བའི་ལྟ་བར་བཤད་པའི་ཕྱིར། ངེས་དོན་ངོས་འཛིན་པའི་སྐབས་འདིར། ཟླ་བ་གྲགས་པའི་ལུང་གིས་དོན་གང་ཞིག་ལ་དགག་སྒྲུབ་བྱ་བར་ནུས་པའི་དོན་དེ་ལ་ཐོགས་མེད་ཞབས་ཀྱི་ལུང་གིས་ཀྱང་དགག་སྒྲུབ་ནུས་པར་མཚུངས་པ་ཡིན་ཏེ། མདོ་སྡེ་རྣམས་ཀྱི་དྲང་བ་དང་ངེས་པའི་དོན་འབྱེད་པའི་སློབ་དཔོན་དུ་ལུང་བསྟན་པའི་ཕྱིར། མདོར་ན་འཕགས་ཡུལ་དུ་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མ་དེ་སུ་ཡིན་ལ་རྩོད་པ་དང་བཅས་པ་ཡིན་ཏེ། ཐེག་པ་ཆེན་པོའི་སློབ་དཔོན་ཟླ་བ་གྲགས་པས་ནི་གཞན་སྟོང་གི་ཚུལ་དེ་དབུ་མར་མི་འཆད་ཅིང༌། བསྟན་པ་འདི་ལ་ཐེག་པ་ཆེན་པོའི་སློབ་དཔོན་རྩོད་པ་མེད་ཅིང་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སློབ་དཔོན་འཕགས་པ་ཐོགས་མེད་ཞབས་ཀྱིས་ནི་རང་སྟོང་གི་ཚུལ་དེ་དབུ་མའི་གཞུང་ལུགས་མ་ཡིན་པར་འཆད་པའི་ཕྱིར། གཉིས་པ་ནི། ཀླུ་སྒྲུབ་ཀྱི་དགོངས་པ་འཆད་པ་ལ་རང་སྟོང་གི་འཆད་ལུགས་མཆོག་ཏུ་འགྱུར་ཞིང༌། རྗེ་བཙུན་བྱམས་པའི་དགོངས་པ་འགྲེལ་པ་ལ་གཞན་སྟོང་གི་ཚུལ་དེ་མཆོག་ཏུ་ཟབ་པའི་ཕྱིར། ཕན་ཚུན་དུ་གཅིག་གི་ལུང་རིགས་ཀྱིས་ཅིག་ཤོས་འགོག་པར་མི་ནུས་སོ། །དེ་ལས་གཞན་དུ་ན་ཐོགས་མེད་ཞབས་ཀྱི་ལུང་རིགས་དབང་བཙན་པར་བྱ་དགོས་ཏེ། འཕགས་པའི་གོ་འཕང་བརྙེས་ཤིང་ངེས་དོན་འབྱེད་པར་ལུང་བསྟན་ནས་ཐེག་པ་ཆེན་པོའི་སྲོལ་འབྱེད་ཀྱི་ཐོག་མ་ཡིན་པའི་ཕྱིར། ཟླ་བ་གྲགས་པས་ཀྱང་ཐོགས་མེད་ཞབས་ཀྱི་འཆད་ཚུལ་དེ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་ཡིན་པར་འཆད་པ་ཡིན་གྱི། ཐོགས་མེད་ཞབས་ཀྱི་དབུ་མའི་དོན་ཁོང་དུ་མ་ཆུད་པར་མི་འཆད་དོ། །གལ་ཏེ་འཕགས་པ་ཐོགས་མེད་དབུ་མ་པར་ཁོ་བོ་ཅག་ཀྱང་འདོད་དོ་ཞེ་ན། འོ་ན་དེས་བཤད་པའི་དབུ་མའི་བསྟན་བཅོས་ཀྱི་མཚན་གཞི་གང་ཡིན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པའོ། །ཞེ་ན། དེ་ལྟ་ན་གཞན་སྟོང་གི་ཚུལ་དེ་དབུ་མར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པའི་འགྲེལ་པར་སྟོང་པ་ཉིད་ཀྱི་ངོས་འཛིན་འཕགས་པས་མཛད་པ་དེ་དང༌། དབུས་མཐའི་འགྲེལ་པར་དབྱིག་གཉེན་ཞབས་ཀྱིས་མཛད་པ་དེ་གཉིས་ལ་ཁྱད་པར་ཅི་ཡང་མི་སྣང་བའི་ཕྱིར། གལ་ཏེ་འོ་ན་གཞན་སྟོང་གི་ལྟ་བ་འདི་དབུ་མའི་ལྟ་བར་མི་རུང་སྟེ། དེའི་གོང་ན་རང་སྟོང་གི་ལྟ་བ་ཡོད་པའི་ཕྱིར་ཞེ་ན། འོ་ན་རང་སྟོང་གི་ལྟ་བ་ཡང་དེར་མི་རུང་བར་ཐལ། དེའི་གོང་ན་གསང་སྔགས་ཀྱི་ལྟ་བ་ཡོད་པའི་ཕྱིར། དེ་མེད་ན་ཁྱེད་ལ་ཁས་བླངས་འགལ་ཏེ་ཕར་ཕྱིན་ཐེག་པར་ཡུལ་སྤྲོས་བྲལ་དེ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྟོགས་པའི་ལྟ་བ་ཞིག་ཡོད་པར་འགྱུར་རོ། །དེས་ན་དབུ་མའི་ལྟ་བ་ནི་གསུམ་སྟེ། ཆུང་ངུ་གཞན་སྟོང་གི་ལྟ་བ། འབྲིང་རང་སྟོང་གི་ལྟ་བ། ཆེན་པོ་བདེ་སྟོང་གི་ལྟ་བའོ། །ཡུལ་སྤྲོས་བྲལ་ལ་ནི། དེ་ལྟ་བུའི་རིམ་པ་ཡོད་པ་མ་ཡིན་ཏེ། རང་སྟོང་གི་ལྟ་བས་མི་ཆོད་པའི་སྤྲོས་པ་མི་སྲིད་པའི་ཕྱིར་རོ། །འོ་ན་གཞན་སྟོང་གི་ལྟ་བས་ཕར་ཕྱིན་ཐེག་པར་བཤད་པའི་སྒྲིབ་པ་མཐའ་དག་གི་ས་བོན་དྲུངས་འབྱིན་པར་ནུས་སམ་ཞེ་ན། ནུས་པ་ཡིན་ཏེ། དེས་གཟུང་འཛིན་གྱི་སྤྲོས་པ་མ་ལུས་པ་ཁེགས་པའི་ཕྱིར་དང༌། གཉིས་མེད་ཀྱི་ཡེ་ཤེས་ནི་འགོག་མི་དགོས་པའི་ཕྱིར། དེ་ཁེགས་པ་ཡིན་ཏེ། ལྟ་བ་དེས་སེམས་སེམས་བྱུང་གི་རྒྱུ་བ་བཀག་པའི་མི་རྟོག་ཡེ་ཤེས་མངོན་དུ་བྱེད་ནུས་ཤིང༌། དེའི་རིགས་རྒྱུན་གོམས་པར་བྱས་པས་གོམས་པ་མཐར་ཕྱིན་པ་ན་སྤང་བྱ་ཇི་སྙེད་སྤངས་པའི་སྤངས་པ་སླར་མི་ལྡོག་པའི་ཕྱིར། དེ་བས་ན་ལྟ་བ་དེས་གཉིས་སྣང་འཁྲུལ་པའི་བག་ཆགས་མ་ལུས་པར་སྤངས་པར་ཡང་འཐད་དོ། །གཟུང་འཛིན་གྱི་རྟོག་པ་མ་ལུས་པ་འགོག་པར་ནུས་པའི་ལྟ་བ་དེ་ལྟ་བའི་མཐར་ཐུག་ཏུ་ཟླ་བས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་བཤད་པ་ལྟར་རོ། །གལ་ཏེ་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བའི་མིང་ཅན། དེ་བཞིན་ཉིད་དང༌། ཆོས་ཉིད་སྟོང་པ་ཉིད་དེ་རང་སྟོང་དུ་གཏན་ལ་མ་ཕབ་ན་དེར་ཞེན་པའི་རྟོག་པ་སྤོང་མི་ནུས་ཏེ། ཇི་སྐད་དུ། འཇུག་པར། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་པ་སྟེ། །ཞེས་བཤད་པ་ལྟར་རོ། །ཞེ་ན། དེ་ཡང་མ་ཡིན་ཏེ། དེ་ལྟར་བཤད་པ་དེ་ནི་བརྟག་པ་མཐར་བཟུང་བ་ཡིན་གྱི། རྒྱུ་ཡོད་ན་འབྲས་བུ་འབྱུང་བས་ཁྱབ་པ་དེ་ནི་སྤྱིར་རིགས་པ་མ་ཡིན་པའི་ཕྱིར་ཏེ། སྟོབས་སོགས་ཡོན་ཏན་གྱི་ཆོས་རྣམས་ཀྱི་རྒྱུ་འབྲས་བུ་ལ་འཁྲུལ་པ་མི་སྲིད་ཀྱང༌། ཆགས་སོགས་ཉེས་པའི་རྒྱུ་ནི་འབྲས་བུ་ལ་འཁྲུལ་པ་སྲིད་པའི་ཕྱིར། འོ་ན་ཇི་སྐད་དུ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རྗེས་ཐོབ་ཏུ་ཡིད་ལ་བྱེད་ཚུལ་བཤད་པ་ཡིན་གྱི། མཉམ་གཞག་ཏུ་དེ་ལྟར་ཞེན་ན་མཐར་འཛིན་གྱི་ལྟ་བར་བཞེད་པ་ཡིན་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པར་དབྱིག་གཉེན་ཞབས་ཀྱིས། ཡང་དག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའོ། །ལོག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། ཡང་དག་པར་སོ་སོར་རྟོག་པ་ནི་ཡང་དག་པ་ཉིད་དུའམ། ལོག་པ་ཉིད་དུ་རྟོག་པའི་མཐའོ། །མཐའ་དེ་གཉིས་ཡོངས་སུ་སྤངས་པའི་ཕྱིར། དཔེར་ན་ཤིང་གཉིས་ལས་མེ་འབྱུང་སྟེ། བྱུང་ནས་ཀྱང་ཤིང་གཉིས་ཚིག་པར་བྱེད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་ན་དབུ་མ་འདི་གཉིས་ཀྱི་ཁྱད་པར་ནི། མཉམ་གཞག་ཏུ་སྤྲོས་པའི་མཐའ་ཐམས་ཅད་འགོག་པར་མཚུངས་ཀྱང༌། རྗེས་ཐོབ་ཏུ་དེ་བཞིན་ཉིད་ཡོད་དོ་ཞེས་དང་མེད་པའོ་ཞེས་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཁྱད་པར་ཙམ་ཞིག་ཡོད་དོ། །འོ་ན་དེ་བཞིན་ཉིད་ཆོས་ཅན། ཁྱོད་ལ་བདེན་འཛིན་གྱི་བློ་སྤང་དུ་མི་རུང་བར་ཐལ། བདེན་པར་གྲུབ་པའི་ཕྱིར་ཞེས་བྱ་བའི་ཐལ་བ་འདི་གཞན་སྟོང་སྨྲ་བས་ཟློག་པར་ནུས་སོ་ཞེས་ཟེར་བ་དག་སྣང་མེད། དེ་ནི་ཅི་ཡང་མ་ཡིན་ཏེ། འོ་ན་དེ་ཆོས་ཅན། ཁྱོད་ལ་ཡོད་འཛིན་གྱི་བློ་དང༌། བདེན་འཛིན་གྱི་བློ་སྤང་དུ་མི་རུང་བར་ཐལ། ཡོད་པ་དང་བདེན་པའི་ཕྱིར། ཞེས་བྱ་བའི་ཐལ་བ་འདི་ཡང་ཁྱེད་ལྟར་ན་རང་སྟོང་སྨྲ་བས་ཀྱང་ཟློག་ཏུ་མི་ནུས་པར་མཚུངས་སོ། །དེ་ལྟ་ན་ཡང་ཁོ་བདེན་པར་གྲུབ་ན་ཁོ་སྤང་དུ་མི་རུང་བས་ཁྱབ་བོ་ཞེས་བྱ་བ་ནི། ཇི་སྐད་དུ། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཞེས་པའི་དོན་དུ་གསལ་བས་གཞན་སྟོང་སྨྲ་བས་ཀྱང་ཁས་ལེན་ནོ། །དེ་ལྟར་བཤད་པ་ན་རང་སྟོང་སྨྲ་བས་ལྟ་བ་འཇོག་པའི་གནས་སྐབས་ལ་བར་དུ་བདག་ཟློག་པ་ཞེས་བྱ་བ་དེ་བཞིན་ཉིད་དང་སྟོང་པ་ཉིད་སོགས་རང་བཞིན་དང་བདེན་པར་ཁས་ལེན་པའི་སྐབས་ཅིག་དང༌། ཐ་མར་ལྟ་བ་ཀུན་ཟློག་པ་ཞེས་བྱ་བ་མཉམ་གཞག་ཏུ་མ་ཟད་རྗེས་ཐོབ་ཏུ་ཡང་ཁས་ལེན་ཅི་ཡང་མེད་པའི་གནས་སྐབས་གཅིག་སྟེ་གཉིས་ལས། དང་པོ་དེ་དང་གཞན་སྟོང་སྨྲ་བའི་ལྟ་བའི་འཇོག་ཚུལ་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པས། གཞན་སྟོང་སྨྲ་བས་སྐྱོན་གང་ཁས་བླངས་པ་དེ་ཉིད་རང་སྟོང་སྨྲ་བ་ལ་འཇུག་ཅིང༌། སྐབས་དེར་རང་སྟོང་སྨྲ་བ་ལ་ཡོན་ཏན་གང་ཡོད་པ་དེ་ཉིད་གཞན་སྟོང་ཁས་ལེན་པ་ལ་ཡང་ཡོད་དོ། །འོ་ན་དབུ་མ་གཉིས་ཀྱི་ལྟ་བའི་བར་ཁྱད་དང་རྩོད་གཞི་གང་ཞེ་ན། དོན་དམ་གཅོད་བྱེད་ཀྱི་རིགས་པས་དཔྱད་པ་མཐར་ཐུག་པའི་ཚེ་ན་གཉིས་མེད་ཀྱི་ཡེ་ཤེས་བདེན་པར་ཡོད་པ་དང་མེད་ཅེས་བྱ་བ་དེའོ། །རང་སྟོང་དང་གཞན་སྟོང་གི་རྩོད་གཞི་ཡང་དེ་ཁོ་ནར་ངེས་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དོན་དམ་པའི་རང་གི་ངོ་བོ་ཡོད་མེད་ལ་རྩོད་པའི་ཕྱིར་དང༌། རྩོད་གཞིའི་དོན་དམ་ལ་ཡང་དེ་ཁོ་ནར་ངེས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་ནི་གཞན་སྟོང་གི་ཚུལ་གྱི། དེ་བཞིན་ཉིད་ཀྱི་འཆད་ལུགས་དེ་བཞིན་བཞེད་པ་ཡིན་ཏེ། སངས་རྒྱས་ཀྱི་སའི་དེ་བཞིན་ཉིད་དེ་གཙང་བདེ་རྟག་བདག་གི་ངོ་བོར་བཞེད་པའི་ཕྱིར། དེས་ན་གཞན་སྟོང་གི་ལྟ་བ་སུན་འབྱིན་པ་དག་གིས་ཐོག་མར་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ལྟ་བ་དེ་སུན་དུ་དབྱུང་བར་བྱོས་ཤིག མདོར་ན་ཐོགས་མེད་ཞབས་ཀྱིས་བཞེད་པའི་ལྟ་བ་རང་གི་ངོ་བོ་ལ་ཁྱད་པར་མེད་ཀྱང༌། གྲུབ་མཐའ་མི་མཐུན་པའི་སྐབས་གཉིས་བྱུང་སྟེ། བྱམས་པའི་ཆོས་དང་པོ་རྣམས་ཀྱི་དགོངས་པ་འགྲེལ་པ་ན་མཐར་ཐུག་གི་ཐེག་པ་གསུམ་ཡིན་པ་དང༌། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱིས་སྐྱེ་བ་ལེན་པ་ཞེས་བྱ་བའི་བཤད་པ་མི་མཛད་ལ། རྒྱུད་བླ་མའི་དགོངས་པ་འགྲེལ་པ་ན་ནི། སྔ་མ་ལས་ཟློག་སྟེ་བཤད་པས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་དང་པོ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བྱ་ལ། གཉིས་པ་ལ་ནི་དོན་དམ་རྣམ་ངེས་ཀྱི་དབུ་མ་ཞེས་བྱའོ། །རྒྱུད་སྡེ་དག་དང་གྲུབ་མཐའི་རྣམ་དབྱེ་འཆད་པའི་གཞུང་དག་ན་རྣལ་འབྱོར་སྤྱོད་པའི་རྗེས་སུ་དབུ་མ་སྟོན་པར་གསུངས་པ་དོན་དེ་ལ་དགོངས་སོ་ཞེས་བཤད་པར་བྱའོ། །འོ་ན་ཐོགས་མེད་ཞབས་ཀྱིས་མངོན་རྟོགས་རྒྱན་གྱི་དགོངས་པ་མདོ་སྡེའི་རྒྱན་དང་མཐུན་པར་འགྲེལ་ན། ཇི་སྐད་དུ། ཁྱབ་པ་དང༌། ཞེས་མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པའི་དོན་ཇི་ལྟ་བུ་ཞེ་ན། དེས་དེའི་དོན་མཐར་ཐུག་ཐེག་པ་གཅིག་ཡིན་པ་ལ་འཆད་པ་མ་ཡིན་ཏེ། ཡུལ་ངེས་པ་དང༌། ཞེས་པས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་ཞིང༌། ཁྱབ་པ་དང༌། ཞེས་པས་སེམས་ཅན་ཐམས་ཅད་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ལ་བཞེད་པས་སོ། །དེ་ཡང་དཔེར་ན། མདོ་སྡེའི་རྒྱན་དུ། མཐར་ཐུག་ཐེག་པ་གསུམ་ཡིན་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པར་བཤད་པ་གཉིས་མི་འགལ་བ་བཞིན་ནོ། །གཉིས་པ་ཆོས་དབྱིངས་ཀྱི་དྲི་མ་སྦྱོང་བྱེད་ལམ་གྱི་དབྱེ་བ་བཤད་པ་ལ་གཉིས་ཏེ། གཞན་སྟོང་གི་ལུགས་ལྟར་འཆད་པའི་གཞུང་ལུགས་ལས་འབྱུང་བ་དང༌། རང་སྟོང་གི་ལུགས་ལྟར་འཆད་པའི་གཞུང་ལུགས་ལས་འབྱུང་བའོ། །དང་པོ་ལ་གཉིས་ཏེ། གསང་སྔགས་བླ་ན་མེད་པའི་ཐེག་པ་ལས་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་འབྱུང་བའོ། །དང་པོ་ནི། སྦྱང་གཞི་དྲི་མ་དང་བཅས་པའི་ཆོས་དབྱིངས་ཡེ་ཤེས་དེ་སྦྱོང་བྱེད་ཀྱི་ལམ་རིམ་པ་གཉིས་ཀྱིས་སྦྱངས་པ་ལས་འབྲས་བུ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་དོ། །འདིར་ཉམས་ལེན་གྱི་ཚེ་གཞན་སྟོང་གི་སྒོམ་ཚུལ་གཙོ་ཆེ་བ་ཡིན་ཏེ། རང་སྟོང་གི་སྒོམ་ཚུལ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་བཏང་ནས། ཅིར་ཡང་མི་དམིགས་པའི་ངང་དུ་མཉམ་པར་འཇོག་པ་ལ་སྟོང་པ་ཉིད་སྒོམ་པ་ཞེས་བྱ་བའི་ཐ་སྙད་འདོགས་པ་ཡིན་པ་ལས། འདིར་ནི་དུས་ཀྱི་འཁོར་ལོ་ལས། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བའི་མིང་ཅན། ཡུལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ལམ་དུ་བྱེད་པ་ལ་སྟོང་པ་ཉིད་སྒོམ་མོ་ཞེས་དང༌། དགྱེས་པ་རྡོ་རྗེ་ལས། ཡུལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བའི་མིང་ཅན་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བ་དེ་ཉིད་ཡུལ་ཅན་བདེ་བ་ཆེན་པོ་དང་ཟུང་དུ་འཇུག་པ་ལ་བདེ་སྟོང་ཟུང་འཇུག་ཅེས་བྱ་བ་དང༌། གསང་བ་འདུས་པ་ལས། ཡུལ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དང༌། ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་ཡུལ་ཅན་མཆོག་ཏུ་མི་འགྱུར་བའི་བདེ་བས་ལམ་དུ་བྱེད་པ་ལ་དོན་དམ་པའི་བདེན་པ་སྒོམ་པ་ཞེས་བྱ་བའི་མིང་གིས་འདོགས་པས་ན། བསྒོམ་བྱ་སྟོང་པ་ཉིད་དེ་མེད་དགག་གི་ཆ་ལ་མི་འཆད་པའི་ཕྱིར་རོ། །གཉིས་པ་ལ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ནི། སྦྱང་གཞི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་ལ། སྦྱང་བྱ་ཇི་སྐད་དུ། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་བཤད་པ་དེ་ཉིད་སྦྱོང་བྱེད་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང༌། སྙིང་རྗེ་ཆེན་པོ་དང༌། བསམ་གཏན་དང༌། བདག་མེད་རྟོགས་པའི་ཤེས་རབ་དང་བཞིས་སྦྱངས་པ་ལས། སྦྱངས་འབྲས་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་མཐོང་བ་འབྱུང་ཞིང༌། མཐོང་བ་དེ་ཉིད་རིམ་གྱིས་གོམས་པར་བྱས་པས་མ་དག་པའི་ས་བདུན་དང༌། དག་པའི་ས་གསུམ་ལ་བརྟེན་པའི་དྲི་མ་བཅུ་རིམ་གྱིས་དག་སྟེ། སྦྱངས་འབྲས་མཐར་ཐུག་པ་གཙང་བ་དང༌། བདེ་བ་དང༌། རྟག་པ་དང༌། བདག་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པར་འགྱུར་རོ། །འདིར་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་གང་ཡིན། ཤེས་སྒྲིབ་ཁོ་ནར་བཞེད་པ་ནི་མ་ཡིན་ཏེ། འདི་དང་དབུས་མཐའ་རྣམ་འབྱེད་གཉིས་ཀ་ལས། ཆོས་དབྱིངས་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་ཉོན་སྒྲིབ་གསལ་བར་བཤད་ཅིང༌། དེ་སྤངས་པ་ན་ཆོས་དབྱིངས་ཉི་ཚེ་བ་ཞིག་མཐོང་བར་བཤད་པའི་ཕྱིར། དེ་ལྟ་ནའང་ཉན་རང་གི་འཕགས་པས་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་མཐོང་བར་མི་གཞག་སྟེ། དེས་མཐོང་བྱའི་ཆོས་དབྱིངས་དེ་ཆོས་ཀྱི་སྐུར་མི་རུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང་སྤྲོས་པའི་ཚོགས་མཐའ་དག་བཀག་པའི་ཆོས་ཀྱི་དབྱིངས་ནི་རང་བཞིན་གྱི་ཆོས་སྐུ་དང༌། རང་བཞིན་གྱི་མྱ་ངན་ལས་འདས་པ་དང༌། ཁམས་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་སུ་འཇོག་པ་ཡིན་ལ། སྤྲོས་པ་ཕྱོགས་རེ་བཞག་པའི་དེ་བཞིན་ཉིད་ནི་དེ་དང་དེ་དག་ཏུ་མི་རུང་བས་སོ། །དེའི་ཤེས་བྱེད་ཀྱང་ཇི་སྲིད་སྤྲོས་པའི་ཚོགས་མཐའ་དག་མ་བཀག་པ་དེ་སྲིད་དུ་བྱང་ཕྱོགས་དང་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་དང་རང་བཞིན་དབྱེར་མེད་དུ་འཆད་མི་ནུས་ལ། དེ་མ་ནུས་ན་དེ་བཞིན་གཤེགས་པའི་སྙིང་པོར་བཞག་མི་ནུས་པ་ཡིན་ནོ། །དེ་ལས་གཞན་དུ་ན་གང་ཟག་གི་བདག་མེད་གོམས་པ་མཐར་ཐུག་པའི་ལྷག་མེད་ཀྱི་དབྱིངས་ན་བྱང་ཕྱོགས་ལ་སོགས་པའི་ཡོན་ཏན་རྣམས་ཡོད་པར་འགྱུར་ཏེ། གང་ཟག་གི་བདག་ཏུ་འཛིན་པ་ཙམ་ཞིག་བཀག་པའི་ཆོས་དབྱིངས་དེ་དེ་བཞིན་གཤེགས་པའི་སྙིང་པོར་འཇོག་ནུས་པའི་ཕྱིར་རོ། །དེ་བས་ན་རང་རྒྱུད་ཀྱི་ཆོས་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོར་འཇོག་པ་ལ་དབྱིངས་དེ་དམ་པའི་བདག་ཏུ་གྱུར་པ་དང༌། སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པའི་སྒྲིབ་པ་དང་བྲལ་བ་ཞིག་དགོས་པ་ཡིན་ལ། དེའི་ཚེ་དབྱིངས་དེ་རང་གིས་ཐོབ་ཟིན་པའི་ཡོན་ཏན་རྣམས་དང་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར་ནས་ལྷག་མེད་ཀྱི་དབྱིངས་སུའང་ཡོན་ཏན་དེ་དག་མི་ཟད་པར་བཤད་པ་ཡིན་ནོ། །དེ་ལས་གཞན་དུ་ཆོས་དབྱིངས་གང་ཡིན་དེ་བཞིན་གཤེགས་པའི་སྙིང་པོར་འཇོག་པ་བྱམས་ཆོས་ཀྱི་དགོངས་པ་ཡིན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་འཕགས་པས་ཀྱང་སྙིང་པོ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་བའི་ཕྱིར་ཏེ། མཉམ་གཞག་ཏུ་ནང་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཡང་དག་པའི་མཐའ་རྣམས་མངོན་སུམ་དུ་མཐོང་བའི་ཕྱིར་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་མངོན་སུམ་དུ་མཐོང་བའི་ཕྱིར་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་རྒྱུད་ལ་སྐྱེས་པའི་ཕྱིར། གཞན་དུ་ན་ངོ་སྐལ་གྱི་སྤང་བྱའི་ས་བོན་མ་སྤངས་པ་དང་སྤོང་མི་ནུས་པར་འགྱུར་ཏེ། གཞན་དབང་དུ་གྱུར་པའི་ཤེས་པ་ཡིན་ན་སྤང་བྱའི་ས་བོན་གྱི་གཉེན་པོར་འགལ་བའི་ཕྱིར། དེས་ན་བྱམས་ཆོས་ཀྱི་དགོངས་པས་ཇི་སྲིད་དོན་དེ་དེ་བཞིན་གཤེགས་པའི་སྙིང་པོར་ཁས་ལེན་པ་དེ་སྲིད་དུ་དོན་དེ་གཙང་བདེ་རྟག་བདག་ཏུ་ཁས་ལེན་དགོས་པ་ཡིན་ལ། དེ་ལའང་རང་བཞིན་རྣམ་དག་གི་གཙང་བདེ་རྟག་བདག་དང༌། གློ་བུར་རྣམ་དག་གི་གཙང་བདེ་རྟག་བདག་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་གསུངས་པའི་དགོངས་གཞི་ཡིན་གྱི་སྙིང་པོ་དངོས་མ་ཡིན། གཉིས་པ་དེ་དེ་བཞིན་གཤེགས་པའི་སྙིང་པོ་དངོས་སུ་བཞག་པ་ཡིན་ཏེ། དེ་གང་གིས་མཐོང་བའི་གང་ཟག་དེ་སྙིང་པོ་ལྟ་བ་ལ་མིག་དང་ལྡན་པར་བཤད་པས་སོ། །དེ་ཡང་བདག་མེད་གསུམ་གྱི་ནང་ནས་མཆོག་སྤྲོས་བྲལ་མངོན་སུམ་དུ་མཐོང་བ་དེ་ནས་བདག་དམ་པར་བཞག་དགོས་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། བདག་མེད་མཆོག་གི་བདག་ཐོབ་པས། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་དང༌། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་གསུངས་སོ། །དེ་ནས་དང་པོ་ནས་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བ་ཡིན་ཏེ། དོན་དམ་པ་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་པ་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀ་མངོན་སུམ་དུ་མཐོང་བའི་ཕྱིར། མཐོང་བྱ་དེ་གཉིས་ཀ་ཡང་མཐོང་བ་པོའི་སེམས་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། རྒྱུད་བླ་མར། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པའི་ཕྱིར་དང༌། ལྟ་བ་པོའི་ཤེས་རྒྱུད་ལས་རྫས་གཞན་པའི་གཟུགས་ཀྱི་སྐུ་ཡོད་ན་གཟུང་འཛིན་རྫས་གཞན་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་བྱང་སེམས་འཕགས་པ་དེ་ལ་དེ་བཞིན་གཤེགས་པར་ཡང་བརྗོད་པ་ཡིན་ཏེ། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱལ་བའི་ཡུམ་སྡུད་པ་ལས། བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་དེ་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཤེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་སོ། །འདི་ཡང་ཆོས་ཀྱི་སྐུའི་ཆ་ཤས་ཡིན་གྱི། ཡོངས་སུ་རྫོགས་པ་ནི་མ་ཡིན་ཏེ། རིགས་པ་དང༌། ལུང་གིས་གྲུབ་པས་སོ། །དང་པོ་ནི། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་མཐོང་བའི་གང་ཟག་ལ་གཟུགས་སྐུའི་སྣང་བ་འཆར་བ་མེད་དེ། གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཕྱིར་རོ། །གཉིས་པ་ལུང་ནི། ཐོགས་མེད་ཞབས་ཀྱིས་དྲངས་པའི་མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་བློ་གྲོས་ཕྱོགས་གཅིག་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །ཞེས་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་བཞུགས་རྣམས་ཀྱང༌། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་གསུངས་སོ། །ཟླ་བའི་ཆ་ཤས་ཅིག་ཟླ་བར་འཇོག་པའི་རིགས་པ་དང་མཚུངས་པར་ས་དང་པོ་ནས་ཆོས་སྐུ་དངོས་ཀྱི་ཆ་ཤས་གཅིག་ཡོད་ཀྱང༌། ཆ་ཤས་དེ་ཆོས་སྐུ་དངོས་སུ་མི་འཇོག་པའམ། ཡང་ན་དེ་ཆོས་སྐུ་ཡོངས་རྫོགས་མ་ཡིན་པ་ལ་དགོངས་ནས། རྒྱུད་བླར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །ཞེས་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གནས་ནི་ཡོངས་སུ་གྱུར་པ་དེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །མོས་པ་སྤྱོད་པའི་སར་ཆོས་སྐུ་དངོས་ཀྱི་ཆ་ཤས་མཐོང་བ་མེད་ཀྱང་དེའི་གཟུགས་བརྙན་ཙམ་ཞིག་མཐོང་བ་ཡོད་དེ། མདོ་སྡེའི་རྒྱན་ལས། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང༌། །སྐུ་ཡོངས་རྫོགས་དང༌། ཞེས་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལ། །སངས་རྒྱས་སྐུ་ནི་ཅུང་ཟད་མཐོང༌། །ཞེས་གསུངས་སོ། །གཉིས་པ་དབུས་མཐའ་ལས་འབྱུང་བའི་ཚུལ་ལ། སྦྱང་གཞི་ནི་དྲི་མ་དང་བཅས་པའི་ཆོས་ཀྱི་དབྱིངས་ཏེ། སྤྲིན་དང་བཅས་པའི་ནམ་མཁའ་དང༌། རྙོག་པ་དང་བཅས་པའི་ཆུ་བཞིན་ནོ། །སྦྱང་བྱ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཏེ། གང་ཟག་གི་བདག་མེད་པའི་དབྱིངས་མངོན་སུམ་དུ་མཐོང་བ་དང༌། ཆོས་ཀྱི་བདག་མེད་པའི་དབྱིངས་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་གཉིས་སུ་ངེས་པའི་ཕྱིར། དེ་སྐད་དུ་ཡང༌། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །སྦྱོང་བྱེད་ནི་བདག་མེད་པ་གཉིས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བས་ནི། ཉོན་མོངས་པའི་སྒྲིབ་པ་སྦྱངས་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་ལ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱིས་ནི་ཤེས་བྱའི་སྒྲིབ་པ་སྦྱངས་པའི་དབྱིངས་མངོན་དུ་བྱེད་པའི་ཕྱིར། ཇི་ལྟར་བྱེད་ན། དང་པོས་ནི། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དབྱིངས་དེ་མངོན་དུ་བྱེད་པ་སྲིད་ཅིང༌། དེ་ལས་ནི་ཆད་པའི་མྱང་འདས་སུ་འགྱུར་ལ། གཉིས་པས་ནི་དེ་གསུམ་བྱས་ནས་དབྱིངས་དེ་མངོན་དུ་བྱེད་པས། དེ་ལས་ནི་མི་གནས་པའི་མྱང་འདས་སུ་འགྱུར་རོ། །སྒྲིབ་བྱེད་ཤེས་བྱའི་སྒྲིབ་པ་དེ་ལ་ཡང་བཅུ་སྟེ། ས་བཅུའི་རྗེས་ཐོབ་ཏུ་ཆོས་དབྱིངས་ལ་ངེས་པ་འདྲེན་ཚུལ་མི་འདྲ་བ་བཅུ་ཡོད་པའི་བྱེ་བྲག་གིས་ངེས་པ་དེ་དང་དེ་འདྲེན་པ་ལ་གེགས་བྱེད་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ལ་ཡང་བཅུར་ཕྱེ་བས་སོ། །དེ་སྐད་དུ་ཡང༌། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་རྣམ་བཅུ། །ས་བཅུའི་མི་མཐུན་ཕྱོགས་ཀྱི་ནི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་སོ། །ངེས་པ་འདྲེན་ཚུལ་མི་འདྲ་བ་བཅུ་ནི། ཇི་སྐད་དུ། ཀུན་དུ་འགྲོ་དང་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་སོ། །སྒྲིབ་པ་དེ་སྦྱོང་བྱེད་བདག་མེད་པ་གཉིས་ཀྱི་ཡེ་ཤེས་སྐྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །དེ་ལྟ་བས་ན་དམིགས་པ་དང༌། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་གསུངས་པ་འདིའི་དོན་འཆད་པ་ལ། གཉིས་ཏེ། བསམ་བྱུང་གི་རིགས་པས་སྒྲོ་འདོགས་གཅོད་པའི་ཚུལ་དང༌། བསྒོམ་བྱུང་གི་རྣལ་འབྱོར་གྱིས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚུལ་ལོ། །དང་པོ་ནི། ལྷན་ཅིག་དམིགས་ངེས་ལ་སོགས་པའི་རྟགས་ཀྱིས་གང་ཟག་དང་ཆོས་སུ་སྣང་བ་དེ་ཐམས་ཅད་སྣང་མཁན་རང་གི་སེམས་ཀྱི་བདག་ཉིད་དུ་སྒྲུབ་ཅིང་ངེས་པར་བྱེད་དོ། །དེ་ལྟར་ངེས་པའི་རྒྱུ་མཚན་གྱིས་གཟུང་བ་ཡུལ་གྱི་དབང་དུ་བྱས་པའི་གང་ཟག་དང༌། ཆོས་གཉིས་ཀ་མེད་པར་རྟོགས་སོ། །དེའི་འོག་ཏུ་གཟུང་བ་མེད་པ་རྒྱུ་མཚན་དུ་བཀོད་ནས་འཛིན་པ་ཡོད་པར་ཞེན་པའི་སྒྲོ་འདོགས་གཅོད་པར་བྱེད་དོ། །གཉིས་པ་ལ་མཉམ་གཞག་ཏུ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་དཔྱད་ཟིན་པའི་འོག་ཏུ་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་ལ་དམིགས་ནས་སྤྲོས་པའི་མཚན་མ་གང་ཡང་ཡིད་ལ་མི་བྱེད་དེ། སྟོང་པ་ཉིད་ཀྱི་མཚན་མ་ཡང་ཡིད་ལ་མི་བྱེད་ན་གཟུང་འཛིན་གྱི་སྤྲོས་པ་ཡིད་ལ་བྱེད་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། དབུས་མཐའི་འགྲེལ་པར། སྐྱེ་བ་མེད་པར་རྣམ་པར་རྟོག་པ་ཡང་མཐའ་འོ། །དུས་གསུམ་མཉམ་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་མར་མེའི་དཔེ་གཉིས་པའོ། །ཞེས་དང༌། བདག་དང་བདག་མེད་པ་གཉིས་ཀྱི་དབུས་ནི་རྣམ་པར་མི་རྟོག་པ་ཉིད་དོ། །སེམས་ཡང་དག་པའོ་ཞེས་བྱ་བ་ནི་ཆོས་ལ་སྒྲོ་འདོགས་པའི་མཐའ་འོ། །སེམས་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐུར་བ་འདེབས་པའི་མཐའ་འོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། །ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པའི་ལུགས་འཆད་པའི་སྐབས་འདིར། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཞེས་བྱ་བའི་མདོ་འདི་ཉིད་ཚད་མར་གྱུར་པ་ཡིན་པར་དབྱིག་གཉེན་ཞབས་ཀྱིས་བཤད་ལ། མདོ་དེ་ལས་འདི་སྐད་ཅེས། རིགས་ཀྱི་བུ་དག འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབང་དུ་བྱ་བའི་ཆོས་ཐོས་ཏེ། རྣམ་པར་མི་རྟོག་པ་ལ་བསམ་པ་གཞག་ནས་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤོང་སྟེ། དེ་ཐོག་མ་ཉིད་དུ་འདི་ལྟར། གཟུང་བའམ། འཛིན་པའང་རུང༌། རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤོང༌། དེ་ལ་གང་ཟག་པ་དང་བཅས་པའི་དངོས་པོའི་མཚན་མ་དེ་ནི་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མའོ། །གང་ཟག་པ་དང་བཅས་པའི་མཚན་མ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ཏེ། འདི་ལྟ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་ནས། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །ཇི་ལྟར་རང་བཞིན་ལ་རྣམ་པ་རྟོག་པའི་མཚན་མ་དེ་དག་ཡོངས་སུ་སྤོང་ཞེ་ན། སྣང་བར་འགྱུར་བའི་ཚུལ་གྱིས་མངོན་དུ་འགྱུར་བ་དག་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ༌། །དེ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་དེ་དག་རིམ་གྱིས་ཡོངས་སུ་སྤོང་བ་ན་དེ་མ་ཡིན་པ་གཞན་གཉེན་པོ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་བར་འགྱུར་བའི་ཚུལ་གྱིས་ཀུན་ཏུ་འབྱུང་ཞིང་མངོན་དུ་འགྱུར་ཏེ། འདི་ལྟ་སྟེ། སྦྱིན་པ་ལ་སྤྱོད་པའི་རྣམ་པར་རྟོག་པའི་མཚན་མ་ནས། ཤེས་རབ་ལ་སྤྱོད་པའི་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟ་སྟེ། ངོ་བོ་ཉིད་ལ་སྤྱོད་པའམ། ཡོན་ཏན་ལ་སྤྱོད་པའམ། སྙིང་པོ་ལ་སྤྱོད་པ་ཡང་རུང་དེས་དེ་དག་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ༌། །དེས་དེ་དག་སྤོང་བ་ན་གཞན་དེ་ཁོ་ན་ལ་སྤྱོད་པའི་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་བར་འགྱུར་བའི་ཚུལ་གྱིས་ཀུན་ཏུ་འབྱུང་ཞིང༌། མངོན་དུ་འགྱུར་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཆོས་ཀྱི་དབྱིངས་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟར་རང་གི་མཚན་ཉིད་ལ་སྤྱོད་པའམ། ཡོན་ཏན་ལ་སྤྱོད་པའམ། སྙིང་པོ་ལ་སྤྱོད་པ་ཡང་རུང༌། དེ་ཁོ་ན་ལ་སྤྱོད་པའི་རྣམ་པར་རྟོག་པའི་མཚན་མ་དེ་དག་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ༌། །དེས་དེ་དག་ཡོངས་སུ་སྤོང་བ་ན་གཞན་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་བར་འགྱུར་བའི་ཚུལ་གྱིས་ཀུན་ཏུ་འབྱུང་ཞིང༌། མངོན་དུ་འགྱུར་ཏེ། འདི་ལྟ་སྟེ། ས་དང་པོ་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་ནས། ས་བཅུ་པ་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པ་ལ་སྤྱོད་པའི་དང༌། ལུང་བསྟན་པ་འཐོབ་པ་ལ་སྤྱོད་པའི་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་པ་ལ་སྤྱོད་པའི་དང༌། སེམས་ཅན་སྨིན་པ་དང༌། དབང་སྐུར་བ་འཐོབ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟར། རང་གི་མཚན་ཉིད་ལ་སྤྱོད་པའམ། ཡོན་ཏན་ལ་སྤྱོད་པའམ། སྙིང་པོ་ལ་སྤྱོད་པ་ཡང་རུང༌། དེས་འཐོབ་པ་ལ་སྤྱོད་པ་རྣམ་པར་རྟོག་པའི་མཚན་མ་དེ་དག་ཀྱང་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ༌། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པར་རྟོག་པའི་མཚན་མ་རྣམ་པ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་བས་ན་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤིན་ཏུ་བརྩོན་པ་ཡིན་ཏེ། རེ་ཤིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བའི་ཏིང་ངེ་འཛིན་ནི་ཡོད་དོ། །དེ་ཡང་དག་པར་སྦྱོར་བ་དེ་དང་བསྟེན་པས་རྗེས་སུ་འགྲོའོ། །བསྒོམས་པས་རྗེས་སུ་འགྲོའོ། །མང་དུ་བྱ་བས་རྗེས་སུ་འགྲོའོ། །ཡང་དག་པར་རྗེས་ལ་བྱ་བས་རྗེས་སུ་འགྲོ་བས་ན། མངོན་པར་འདུ་བྱ་བ་མེད་ཅིང༌། ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ། རིམ་གྱིས་ཡོངས་སུ་སྤྱོད་དོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པའི་དབྱིངས་ལ་རྣམ་པར་མི་རྟོག་པ་ཅེས་བྱ་ཞེ་ན། དཔྱད་པའི་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང༌། གཟུགས་མེད་པ་བསྟན་པ་དང༌། དཔེར་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང༌། དབང་པོར་རྣམ་པར་བརྟག་པ་ཐམས་ཅད་དང༌། ཡུལ་དུ་དང༌། རྣམ་པར་རིག་པ་དང༌། ཉོན་མོངས་པ་ཐམས་ཅད་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གནས་མེད་པའི་ཕྱིར། དེ་ལྟར་ན་རྣམ་པར་མི་རྟོག་པའི་དབྱིངས་ལ་རྣམ་པར་མི་རྟོག་པ་ཞེས་བྱའོ། །དེའི་ཕྱིར་རྣམ་པར་མི་རྟོག་པ་དེ་ཡང་གང་ཞེ་ན། རྣམ་པར་མི་རྟོག་པ་ནི་གཟུགས་མེད་པ། བསྟན་དུ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པ་རིག་པ་མ་ཡིན་པ། གནས་མེད་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །ཞེས་གསུངས་སོ། །དེ་དག་གི་དོན་མདོར་བསྡུས་ན་རྣམ་པར་མི་རྟོག་པའི་སྦྱོར་བ་ལ་འཇུག་པའི་དུས་དང༌། དངོས་གཞི་ལ་མཉམ་པར་འཇོག་པའོ། །དང་པོ་ནི། སོ་སོར་རྟོག་པའི་ཤེས་རབ་དང་མ་བྲལ་བས་རྣམ་པར་མི་རྟོག་པའི་དབྱིངས་ལ་མ་རེག་པ་ཞེས་བྱ་ལ། དེ་ནི་ཇི་སྐད་དུ། རེ་ཤིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི་ཞེས་པ་ཡན་གྱིས་བསྟན་ནོ། །གཉིས་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་ཐམས་ཅད་དང་བྲལ་ནས་ལྷུན་གྱིས་གྲུབ་པ་འཇོག་པ་སྟེ། ཇི་སྐད་དུ། མངོན་པར་འདུ་བྱ་བ་མེད་ཅིང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ། ཞེས་པ་མན་གྱིས་བསྟན་པ་ཡིན་ནོ། །དེ་ཡང་སྦྱོར་བའི་སྐབས་སུ་སྤྲོས་པ་གཅོད་པའི་རིམ་པ་ཡང་ཐོག་མར་གཟུང་འཛིན་གྱི་སྤྲོས་པ་སྦྱོར་བའི་ཚེ་ངོ་ཤེས་པར་བྱས་ནས་དངོས་གཞིའི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་སྤོང༌། དེའི་ཚེ་ན་གཉེན་པོའི་རྣམ་པར་རྟོག་པ་འབྱུང་ལ། དེ་ལའང་ཐབས་ཀྱི་ཆ་སྦྱིན་སོགས་ལ་སྤྱོད་པའི་རྟོག་པ་དང༌། ཤེས་རབ་ཀྱི་ཆ་སྟོང་པ་ཉིད་ལ་སྤྱོད་པའི་རྟོག་པ་གཉིས་སོ། །དེ་ཡང་སྦྱོར་བའི་དུས་སུ་ངོས་ཟིན་པར་བྱས་ནས་དངོས་གཞིའི་དུས་སུ་ཅི་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་སྤོང་ངོ༌། །དེའི་ཚེ་གནས་སྐབས་དང་མཐར་ཐུག་གི་ཐོབ་བྱའི་ཆོས་ལ་སྤྱོད་པ་རྣམ་པར་རྟོག་པ་འབྱུང་ལ། དེ་ཡང་སྔ་མ་བཞིན་དུ་སྤོང་ངོ༌། །ཞེས་བྱ་བའི་དོན་ནོ། །ཞིབ་མོར་བཤད་པ་དེ་ཙམ་གྱི་ངལ་བས་ཅི་ཞིག་བྱ་ཞེ་ན། གངས་ཅན་པ་ཕྱི་མ་དག དངོས་གཞིའི་དུས་སུ་ཅི་ཡང་ཡིད་ལ་མི་བྱེད་པ་ནི་རྒྱ་ནག་མཁན་པོའི་ལུགས་ཡིན་པས་མཁས་པའི་དབང་པོ་ཀ་མ་ལ་ཤི་ལས་བཀག་པ་དེ་ཡིན་ནོ། །དེའི་ཕྱིར་སྟོང་ཉིད་ཀྱི་མཉམ་གཞག་དངོས་གཞིའི་ཚེ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་དང་མ་བྲལ་བ་ཞིག་དགོས་ཏེ། ཇི་སྐད་དུ། འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པས་སོ་ཞེས་ཟེར་བ་དང༌། ཀུན་ནས་ཉོན་མོངས་ཀྱི་ཆོས་ཀྱི་རྟོག་པ་ཇི་སྙེད་པ་སྤང་བྱ་ཡིན་ཀྱང༌། གཉེན་པོ་རྣམ་བྱང་གི་ཆོས་ཀྱི་རྟོག་པ་རྣམས་སྤང་བྱ་མ་ཡིན་ནོ། །ཞེས་ཟེར་བ་འདི་དག་ནི་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །གཉིས་པ་རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་ནི། ཇི་སྲིད་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་མ་བྱས་པ་དེ་སྲིད་དུ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་མ་ཕྱུང་བའི་ཕྱིར་རྗེས་ཐོབ་ཏུ་གཟུང་འཛིན་གཉིས་ཀྱི་སྣང་བ་ངེས་པར་འབྱུང་ངོ༌། །དེའི་ཚེ་ན་གཉིས་སྣང་ཇི་སྙེད་པ་ནི་མེད་བཞིན་དུ་སྣང་བས་ན་ཀུན་བརྟགས་དང་ལོག་པའི་ཀུན་རྫོབ་བོ་ཞེས་དང༌། གཉིས་སྣང་ཅན་གྱི་ཤེས་པ་ནི་བག་ཆགས་ཀྱི་དབང་གིས་བྱུང་བའི་ཕྱིར་དང༌། རང་གི་ངོ་བོས་མི་སྟོང་པའི་ཕྱིར་གཞན་གྱི་དབང་དང་ཡང་དག་པའི་ཀུན་རྫོབ་བོ་ཞེས་དང་གཉིས་མེད་ཀྱི་ཡེ་ཤེས་ནི་གཉིས་སྣང་ཅན་གྱི་ཤེས་པ་དེའི་གནས་ལུགས་མཐར་ཐུག་པ་དང༌། དོན་དམ་པའི་བདེན་པའོ་ཞེས་ངེས་པར་བྱས་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལ་འཇུག་པར་བྱེད་དོ། །དེ་སྐད་དུ་ཡང༌། མདོ་དེ་ཉིད་ལས། རྣམ་པར་མི་རྟོག་པའི་འོག་ཏུ་ཐོབ་པའི་ཤེས་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། མིག་ཡོར་དང༌། བྲག་ཆ་དང༌། གཟུགས་བརྙན་དང༌། ཆུ་ཟླ་དང༌། སྤྲུལ་པ་དང་མཚུངས་པར་མཐོང་ངོ༌། །བདེ་བ་ཆེན་པོ་ལ་གནས་པ་ཤིན་ཏུ་རྒྱས་པའང་འཐོབ་བོ། །སེམས་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱས་པའང་འཐོབ་བོ། །ཤེས་རབ་དང་ཡེ་ཤེས་ཆེ་ཞིང་ཤིན་ཏུ་རྒྱས་པའང་འཐོབ་བོ། །བཤད་པ་ཆེན་པོ་ལ་དབང་བ་ཤིན་ཏུ་རྒྱས་པའང་འཐོབ་བོ། །དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་ཀྱང་བྱེད་ནུས་པར་འགྱུར་རོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའང་རྒྱུན་མི་གཅོད་དོ། །ཞེས་གསུངས་སོ། །གཉིས་པ་རང་སྟོང་གི་ཚུལ་ལ་བརྟེན་ནས་ཆོས་དབྱིངས་ཀྱི་དྲི་མ་སྦྱོང་ཚུལ་བཤད་པ་ལ་གསུམ་སྟེ། ཆོས་དབྱིངས་བསྟོད་པ་ལས་འབྱུང་བ་དང༌། ཞི་འཚོ་ཡབ་སྲས་ཀྱི་བཞེད་པ་དང༌། ཟླ་བའི་ཞབས་ཀྱི་བཞེད་པའོ། །དང་པོ་ལ་བཞི་སྟེ། ཆོས་དབྱིངས་ཀྱི་ངོ་བོ་གང་ཡིན་པ་དང༌། དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་གང་ཡིན་པ་དང༌། དེ་སྦྱོང་བྱེད་ཀྱི་སྒྲུབ་པ་གང་ཡིན་པ་དང༌། སྦྱངས་པའི་འབྲས་བུ་གང་ཡིན་པའོ། །དང་པོ་ནི། ཆོས་དབྱིངས་ཀྱི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་བཞེད་པ་ཡིན་ཏེ། ཇི་སྐད་དུ། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལ་སྒྲིབ་བྱེད་ནི་གཙོ་བོར་ཉོན་མོངས་པའི་སྒྲིབ་པ་ལ་བཞེད་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཞེས་དང༌། ཇི་ལྟར་རིན་ཆེན་བཻ་ཌཱུརྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །ཞེས་དང༌། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་རྣ་དུ་བ་དང༌། །དགྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཞེས་གསུངས་སོ། །གསུམ་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་ཀ་ལ་བཞེད་པ་ཡིན་ཏེ། ཇི་སྐད་དུ། མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་གསུངས་སོ། །བཞི་པ་ནི། ཉན་རང་གི་བྱང་ཆུབ་གཉིས་དང༌། ས་དང་པོ་ནས་སངས་རྒྱས་ཀྱི་བར་གྱི་ཆོས་ཀྱི་སྐུ་རྣམས་ཏེ། ཇི་སྐད་དུ། བུར་ཤིང་ས་བོན་གང་བསྲུངས་ནས། །ཉེ་བར་གནས་ཤིང་བསྒྲུབས་པ་ལས། །བུ་རམ་ཁ་ར་ཧྭགས་རྣམས་ནི། །དེ་ལས་འབྱུང་བར་འགྱུར་བ་ལྟར། །བྱང་ཆུབ་སེམས་ནི་རབ་བསྲུངས་ནས། །ཉེ་བར་གནས་ཤིང་བསྒྲུབས་པ་ལས། །དགྲ་བཅོམ་རྐྱེན་རྟོགས་སངས་རྒྱས་རྣམས། །དེ་ལས་སྐྱེ་ཞིང་འབྱུང་བར་འགྱུར། །ཞེས་དང༌། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང༌། །སངས་རྒྱས་སྐུ་ནི་ཅུང་ཟད་མཐོང༌། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་དེའི་ཕྱིར་ཉན་རང་ལ་ཆོས་དབྱིངས་ཀྱི་ཕྱོགས་གཅིག་མངོན་སུམ་དུ་མཐོང་བ་ཡོད་པ་དང༌། དེའི་མྱང་འདས་ཀྱང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་བཞེད་པ་ཡིན་ནོ། །དེ་ལྟར་ན་བསྟན་བཅོས་འདིས་ནི་ཐོག་མར་ཆོས་དབྱིངས་གཞན་སྟོང་གི་ཚུལ་དུ་བཤད་ནས་དེའི་འོག་ཏུ་དེ་ཉིད་རང་སྟོང་གི་ཚུལ་དུ་བཤད་པ་ཡིན་ཏེ། ཐོག་མར་སངས་རྒྱས་ཀྱི་ངོ་བོ་གཙང་བདེ་རྟག་བདག་ཏུ་བཤད་ནས་དེའི་འོག་ཏུ་ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་བ་རྟག་པ་བདེ་བའི་གཞི། །ཞེས་དང༌། སངས་རྒྱས་རྟག་པའི་ཆོས་ཉིད་ཅན། །ཇི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང༌། །བཏགས་པ་ཉིད་དེ་ཡོད་མ་ཡིན། །ཕྲ་རབ་རྡུལ་གྱི་ངོ་བོས་ཡིས། །གླང་གི་རྭ་ཡང་དམིགས་མ་ཡིན། །ཞེས་དང༌། རྟེན་ནས་འབྱུང་བར་འགྱུར་བ་དང༌། །རྟེན་ནས་འགག་པར་འགྱུར་བས་ན། །གཅིག་ཀྱང་ཡོད་པ་མ་ཡིན་ན། །བྱིས་པ་ཇི་ལྟར་རྟོགས་པར་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་དུ་གཟུང་འཛིན་ཀུན་བརྟགས་གཉིས་བཀག་ཟིན་པ་དེ་གཞིར་བཞག་ནས་ཇི་ལྟར་བཀག་པའི་རིམ་པ་དང་མཐུན་པར་ཐེག་ཆེན་གྱི་ངེས་འབྱེད་ཆ་བཞི་ཡིད་ལ་བྱེད་ཅིང༌། དེའི་རྗེས་ཐོབ་ཏུ་རྟེན་འབྲེལ་ལ་སོགས་པའི་རྟགས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་དེ་ཡང་རང་གི་ངོ་བོས་སྟོང་པར་བསྒྲུབས་ནས་བསམ་བྱུང་གི་རིགས་པས་ངེས་པར་བྱས་ཏེ། བསྒོམ་བྱུང་གི་རྣལ་འབྱོར་གྱིས་ཚུལ་བཞིན་དུ་གོམས་པར་བྱས་པ་ལས་སྤྲོས་བྲལ་མངོན་སུམ་དུ་མཐོང་བའི་ལམ་སྐྱེ་བར་འགྱུར་རོ། །འདིར་ནི་མཉམ་གཞག་སྣང་བཅས་སུ་བཞེད་པ་ཡིན་ཏེ། སྦྱོར་བའི་ཚེ་ན་གང་དཔྱད་གཞིར་གཟུང་བ་དེ་ཉིད་དངོས་གཞིའི་དུས་ཀྱི་དམིགས་པར་ཡང་བཞེད་པའི་ཕྱིར། དེ་ཙམ་ལ་མཉམ་གཞག་སྣང་བཅས་སུ་བཞེད་ཅེས་བརྟགས་པ་ཡིན་གྱི། མཉམ་གཞག་དངོས་གཞིའི་ཡེ་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བ་མངའ་བ་ནི་མ་ཡིན་ཏེ། ཡིན་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེའི་འཛིན་སྟངས་ཀྱི་གཟུང་བྱར་མི་བཞེད་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པར་ཐལ་བ་མེད་དོ། །མཉམ་གཞག་ཡེ་ཤེས་དེའི་དངོས་ཀྱི་མྱོང་བྱ་ནི་གཉིས་མེད་ཀྱི་ཡེ་ཤེས་ཉིད་ལ་བཞེད་པ་ཡིན་ཏེ། མཉམ་གཞག་ཡེ་ཤེས་དེ་སོ་སོ་རང་རིག་པའི་ཡེ་ཤེས་སུ་བཞེད་པའི་ཕྱིར། འདིར་ཡང་ཆོས་དབྱིངས་ཀྱི་ངོས་འཛིན་བྱམས་ཆོས་བར་པ་དང་མཐུན་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་བྱ་བའི་ལུང་ཁུངས་སུ་མཛད་པའི་ཕྱིར། དེ་ཡང་ཡོད་ན་ཆོས་དབྱིངས་ཡིན་དགོས་པ་འདི་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གྲུབ་པའི་མཐའ་ཡིན་པར་འདིར་བཞེད་ལ། ཆོས་ཀྱི་དབྱིངས་ཀྱང་ཡོད་པ་མ་ཡིན་པ་ནི་རང་སྟོང་སྨྲ་བ་དག་གི་མཐར་ཐུག་གི་བཞེད་པའོ། །དེ་ལྟར་ཐེག་ཆེན་གྱི་མཐོང་ལམ་དུ་མཐའ་བྲལ་མངོན་སུམ་དུ་མཐོང་བ་ལ་ཁྱད་པར་མེད་ཀྱང༌། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་སྒྲོ་འདོགས་མ་ཆོད་པས་ས་བཅུའི་རིམ་པས་དེ་དང་དེ་ལ་སྒྲོ་འདོགས་བཅད་ནས་ཆོས་སྐུ་ཡོངས་སུ་རྫོགས་པར་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་རིམ་གྱིས་སྤོང་དགོས་པ་དང་ཆོས་ཐམས་ཅད་ཀྱི་སྤྲོས་བྲལ་མངོན་སུམ་དུ་མཐོང་ན་དེ་ལ་སྒྲོ་འདོགས་ཆོད་པས་མ་ཁྱབ་པར་ནི་སློབ་དཔོན་སེང་གེ་བཟང་པོས་བཞེད་པ་ཡིན་ཏེ། འགྲེལ་ཆེན་དུ། སྟོང་ཉིད་ཉི་ཤུའི་ས་མཚམས་གཞག་པ་ལས་ཤེས་སོ། །འདི་ཡང་ཆོས་ཅན་སོ་སོ་དང་འབྲེལ་བའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །ཞེས་སོགས་དབུས་མཐའི་ལུང་ཁུངས་སུ་སྦྱར་ནས་བཤད་པས་སོ། །གསུམ་པ་ཟླ་བའི་ཞབས་ཀྱི་བཞེད་པ་ལ་གསུམ་སྟེ། བསམ་བྱུང་གི་རིགས་པས་སྒྲོ་འདོགས་གཅོད་པའི་ཚུལ། བཅད་པའི་དོན་ལ་བསྒོམ་བྱུང་གི་རྣལ་འབྱོར་གྱིས་མཉམ་པར་འཇོག་པའི་ཚུལ། རྗེས་ཐོབ་ཀྱི་ཤེས་པས་ཐ་སྙད་ཇི་ལྟར་འདོགས་པའོ། །དང་པོ་ལ་གཉིས་ཏེ། སྤྲོས་པའི་མཐའ་བཅད་ཙམ་གནས་ལུགས་སུ་བསྟན་པ་དང༌། སྤྲོས་པ་ཇི་ལྟར་འགོག་པའི་རིམ་པའོ། །དང་པོ་ནི། བདེན་པ་གཉིས་སུ་ཐ་སྙད་བཏགས་པའི་ཤེས་བྱ་ཇི་སྙེད་པ་རང་གི་ངོ་བོ་གང་དུ་ཡང་གདོད་མ་ནས་གྲུབ་མ་མྱོང་བ་དེ་ལ་ནི་འཕགས་པ་རྣམས་ཀྱིས་ཐ་སྙད་འདོགས་པའི་ཚེ་ན། སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཡང་དག་པའི་མཐའ་ཞེས་བྱའོ། །འདི་ལ་དགག་བྱའི་སྒོ་ནས་ཕྱེ་ན། གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་པའི་དབྱེ་བས་གཉིས་སོ། །བདག་མེད་པ་གཉིས་པོའི་འཇོག་མཚམས་ཆོས་ཅན་གྱི་སྒོ་ནས་འབྱེད་པ་ཡིན་གྱི། དགག་བྱ་ལ་ཁྱད་པར་མེད་དོ་ཞེས་ཟེར་བ་དེ་དག་ནི་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་ཏེ། ཆོས་ཅན་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་ནང་གི་བྱེད་པ་པོའི་བདག་གཞན་སྟོང་གི་ཚུལ་གྱིས་བཀག་པ་ལ་གང་ཟག་གི་བདག་མེད་དང༌། ཆོས་ཅན་ཕུང་པོ་དེ་ཉིད་རང་གི་ངོ་བོས་གྲུབ་པ་བཀག་པ་ལ་ཆོས་ཀྱི་བདག་མེད་པའི་དོན་དུ་བཞེད་པས་སོ། །དེ་ལྟ་ན་ཡང་བདག་མེད་དང་པོ་རྟོགས་པ་ལ་བདག་མེད་གཉིས་པ་རྟོགས་པ་ཞིག་སྔོན་དུ་འགྲོ་དགོས་པར་བཞེད་པ་ཡིན་ཏེ། གདགས་གཞི་ཕུང་པོ་རང་སྟོང་གི་ཚུལ་དུ་མ་རྟོགས་ན་དེ་ལ་བཏགས་པའི་བཏགས་ཡོད་ཀྱི་ཤེས་བྱ་མེད་པ་ཉིད་དུ་རྟོགས་མི་ནུས་པའི་ཕྱིར། དཔེར་ན་བུམ་པའི་གདགས་གཞི་རྡུལ་ཕྲན་ཡོད་པ་མ་ཡིན་པར་མ་རྟོགས་ན་དེ་ལ་བཏགས་པའི་བུམ་པ་ཡོད་པ་མ་ཡིན་པ་ཉིད་དུ་མི་རྟོགས་པ་བཞིན་ནོ། །དོན་དེ་ལ་བསམས་ནས་ནང་སྟོང་པ་ཉིད་འཆད་པ་ན། ཇི་སྐད་དུ། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་གསུངས་སོ། །བདག་མེད་པ་གཉིས་པ་དེ་ལའང་ཕྲ་རགས་ཀྱི་དབྱེ་བས་གཉིས་གཉིས་ཏེ། གྲུབ་མཐས་བརྟགས་པའི་གང་ཟག་གི་བདག་མེད་པ་དང༌། ལྷན་སྐྱེས་ཀྱི་འཛིན་པས་བཏགས་པའི་གང་ཟག་གི་བདག་མེད་པ་སྟེ་གཉིས་དང༌། དགག་བྱ་བདེན་གྲུབ་བཀག་པའི་ཆོས་ཀྱི་བདག་མེད་དང༌། བདེན་མེད་ཀྱང་བཀག་པའི་ཆོས་ཀྱི་བདག་མེད་གཉིས་སུ་འབྱེད་དགོས་པས་སོ། །གང་ཟག་གི་བདག་མེད་རགས་པ་དེ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རགས་པ་དེ་རྟོགས་པ་སྔོན་དུ་འགྲོ་མི་དགོས་ཀྱང༌། གང་ཟག་གི་བདག་མེད་ཕྲ་མོ་དེ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རགས་པ་དེ་རྟོགས་པ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། གདགས་གཞི་ཕུང་པོ་རང་གི་ངོ་བོས་སྟོང་པར་མ་རྟོགས་ན་དེ་ལ་བཏགས་པའི་བདག་མེད་པར་མི་འགྲུབ་པས་སོ། །དེ་ལྟ་ན་ཡང་གང་ཟག་གི་བདག་མེད་རྟོགས་པ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་དེ་རྟོགས་པ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། གདགས་གཞི་ཕུང་པོའི་སྟེང་དུ་བདེན་མེད་མ་བཀག་ཀྱང་དེའི་སྟེང་དུ་བདེན་གྲུབ་བཀག་པ་ཙམ་གྱིས་དེའི་སྟེང་དུ་གང་ཟག་གི་བདག་ཁེགས་པའི་ཕྱིར། ཆོས་ཀྱི་བདག་མེད་ཞིབ་མོར་རྟོགས་པ་ལ་ནི་ཆོས་ཀྱི་བདག་མེད་པ་དེ་ཉིད་ཀྱང་ཡོད་པ་ཁེགས་དགོས་པ་ཡིན་ཏེ། དེ་རྟོགས་པ་ལ་སྤྲོས་པའི་མཐའ་ཐམས་ཅད་འགོག་དགོས་པའི་ཕྱིར། ཅིག་ཤོས་ལ་ནི་མི་མཚུངས་ཏེ། གང་ཟག་གི་བདག་མེད་རྟོག་པ་ལ་ནི་གང་ཟག་ལ་ལྟོས་པའི་སྤྲོས་པའི་མཐའ་ཐམས་ཅད་འགོག་མི་དགོས་པའི་ཕྱིར་དང༌། གང་ཟག་གི་བདག་མེད་ཡོད་པ་ནི་ཆོས་ཀྱི་བདག་འགོག་པའི་དགག་བྱར་གྱུར་པའི་སྤྲོས་པར་འཇོག་པ་ཡིན་གྱི། ཅིག་ཤོས་ཀྱི་དགག་བྱ་མ་ཡིན་པའི་ཕྱིར། དེས་ན་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རགས་པ་རྟོགས་པ་ཡོད་ཀྱང་དེ་ཕྲ་མོ་རྟོགས་པ་ནི་ཡོད་པ་མ་ཡིན་ཏེ། དེས་ཆོས་ཀྱི་བདག་མེད་ཡོད་པ་མི་འགོག་པའི་ཕྱིར་དང༌། དེས་ཤེས་སྒྲིབ་མི་སྤོང་བའི་རྒྱུ་མཚན་གྱིས་སྤྲོས་པའི་ཚོགས་མཐའ་དག་མི་འགོག་པའི་ཕྱིར་རོ། །འོ་ན་གང་ཟག་གི་བདག་མེད་རྫོགས་པར་མ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་ཡོད་དམ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་བའི་བདག་ཅེས་བྱ་བ་དེ་རང་གི་ངོ་བོས་སྟོང་པར་མ་རྟོགས་ན་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་མི་ནུས་པའི་ཕྱིར་ཏེ། དེ་འདྲ་དེ་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་དོན་དམ་བདེན་པ་དང༌། འཕགས་པའི་ཐ་སྙད་ལ་ལྟོས་ནས་ཡང་དག་པའི་ཀུན་རྫོབ་ཏུ་བཞག་དགོས་པའི་ཕྱིར། དེའི་ཕྱིར་ཉན་རང་ལ་གང་ཟག་གི་བདག་མེད་རྫོགས་པར་རྟོགས་པ་དང༌། ཆོས་ཀྱི་བདག་མེད་ཉི་ཚེ་བ་ཙམ་རྟོགས་པ་ཡོད་ཀྱང་དེ་ཡོངས་སུ་རྫོགས་པ་རྟོགས་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། བདག་མེད་གཉིས་གཏན་ལ་འབེབས་པའི་རིམ་པ་དང༌། ཆོས་ཀྱི་བདག་མེད་ཉིད་གཏན་ལ་འབེབས་པའི་རིམ་པའོ། །དང་པོ་ནི། ཐོག་མར་ཆོས་ཀྱི་བདག་མེད་གཏན་ལ་འབེབས་དགོས་པ་ཡིན་ཏེ། ཆོས་ཀྱི་བདག་མེད་རགས་པ་ནི་ཕྱི་ནང་ཐུན་མོང་བ་ཡིན་ལ། གང་ཟག་གི་བདག་མེད་པ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་ཕྱིར་དང༌། དེ་རྟོགས་པ་ལ་ཅིག་ཤོས་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་ཕེབས་པ་ན་གང་ཟག་གི་བདག་ཅེས་བྱ་བ་ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པ་དེ་ཡང་རང་གི་ངོ་བོས་སྟོང་པར་དོན་གྱིས་འགྲུབ་པའི་ཕྱིར། གཉིས་པ་ནི། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་མི་འདྲ་བ་གཉིས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་བཀག་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་གཟུང་བ་བཀག་ནས་དེའི་འོག་ཏུ་གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་འགོག་པའི་རིམ་པ་གཅིག་དང༌། ཇི་སྐད་དུ། གཅིག་གི་ལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བོ་ཉིད། །ཅེས་གསུངས་པ་ལྟར། ཀུན་རྫོབ་ཀྱི་ཆོས་གཅིག་རང་སྟོང་དུ་གཏན་ལ་ཕབ་ནས་རིགས་པ་དེ་ཉིད་ཀྱིས་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཇི་སྙེད་པ་རང་གི་ངོ་བོས་སྟོང་པར་གཏན་ལ་ཕེབས་སོ། །དེ་ལྟར་གཏན་ལ་ཕེབས་པ་འདི་ཡང་ཕྱི་ནང་གི་གྲུབ་པའི་མཐའ་གང་གིས་ཀྱང་མ་སླད་པའི་འཇིག་རྟེན་གྱི་ལམ་ཉིད་ནས་དབུ་མའི་ལམ་དུ་འཇུག་པའི་དབང་དུ་བྱས་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། གྲུབ་པའི་མཐའ་སོ་སོ་ལ་ཞུགས་པ་དེ་དག་ནི་ཕྱི་དོན་རགས་པ་ལྟ་བུ་བདེན་མེད་དུ་གཏན་ལ་ཕེབས་ཀྱང་གྲུབ་མཐའི་དབང་གིས་རིགས་པ་དེ་ཆོས་ཅན་གཞན་ལ་ཁ་མི་སྤོ་བའི་ཕྱིར། གཉིས་པ་མཉམ་གཞག་ཏུ་གོམས་པའི་ཚུལ་ནི། དེ་ལྟར་རིགས་པའི་སྟོབས་ཀྱིས་དཔྱད་པ་ན་ཡུལ་ཅི་ཡང་མ་རྙེད་པ་དེ་ཉིད་ལ་ཡུལ་ཅན་གྱི་བློས་གང་དུ་ཡང་འཛིན་པ་མེད་པའི་ཚུལ་གྱིས་མཉམ་པར་བཞག་གོ །དེའི་ཚེ་ན་ཡུལ་སྟོང་པ་ཉིད་དེ་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དངོས་ཡུལ་དུ་བྱེད་པ་ནི་མ་ཡིན་གྱི། གཉིས་པོ་དབྱེར་མེད་དུ་འདྲེས་པ་ལ་དེས་དེ་རྟོགས་པ་ཞེས་བྱ་བའི་ཐ་སྙད་བྱས་པ་ཡིན་ཏེ། གཞན་དུ་ན་མེད་དགག་གི་གཞན་སེལ་དངོས་ཀྱི་ཡུལ་དུ་བྱེད་པའི་བློ་ནི་སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཀྱིས་དེ་ཉིད་རང་རིག་པའི་ཚུལ་གྱིས་ཡུལ་དུ་བྱེད་པ་ཡང་མ་ཡིན་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང༌། རང་གི་ངོ་བོས་སྟོང་པ་ལ་རིག་བྱ་རིག་བྱེད་ཀྱི་སྤྲོས་པ་མི་འབྱུང་བའི་ཕྱིར། དེ་ལྟ་ན་གཟུང་འཛིན་གཉིས་མེད་ཀྱི་འཛིན་རྣམ་རྐྱང་པ་ལ་རང་རིག་གི་བརྡ་སྦྱོར་བ་ནི་རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བའི་དབུ་མ་དག་གི་ལུགས་སོ། །གསུམ་པ་རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཚུལ་ནི་གཉིས་ཏེ། སྦྱོར་བས་བསོད་ནམས་ཀྱི་ཚོགས་སོག་པའི་ཚེ་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་ཐ་སྙད་འདོགས་ཤིང༌། ལྟ་བས་ཡེ་ཤེས་ཀྱི་ཚོགས་ཉམས་སུ་ལེན་པའི་ཚེ་འཕགས་པའི་ཐ་སྙད་དང་མཐུན་པར་ཐ་སྙད་འདོགས་སོ། །དེ་ཡང་དང་པོའི་ཚེ་ནི་གྲུབ་མཐས་མ་བཏགས་པའི་བདག་དང་བདག་གི་བ་ཡང་ཡོད་པར་ཁས་ལེན་ན་སྣང་གྲགས་ཀྱི་ཆོས་གཞན་རྣམས་ཡོད་པར་ཁས་ལེན་པ་ལྟ་ཅི་སྨོས། ཕྱི་མའི་དབང་དུ་བྱས་པ་ལ་གཉིས་ཏེ། བར་དུ་བདག་ཟློག་གི་ཐ་སྙད་དང༌། ཐ་མར་ལྟ་བ་ཀུན་ཟློག་གི་ཐ་སྙད་གཉིས་ལས། དང་པོ་དབང་བཙན་པར་བྱས་པའི་ཚེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ཡུལ་ཅན་ཡེ་ཤེས་དང་བཅས་པ་ཁོ་ན་དོན་དམ་པའི་བདེན་པར་འཇོག་པས་ཡོད་པར་ཁས་ལེན་པ་ཡིན་གྱི། དེ་ལས་གཞན་ཀུན་རྫོབ་ཀྱི་བདེན་པ་རྣམས་ནི་ཚད་མས་གྲུབ་པར་ཁས་མི་ལེན་ཏེ། འཁྲུལ་པའི་སྣང་བ་ལས་མ་འདས་པའི་ཕྱིར། ཐ་སྙད་གཉིས་པ་དབང་བཙན་པར་བྱས་པ་དེའི་ཚེ་ནི་ཐ་སྙད་སྔ་མས་གཞག་པའི་དོན་དམ་པ་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་བཞག་དགོས་ཏེ། དོན་དམ་གྱི་ཐ་སྙད་དེ་ཡང་རྟོག་པ་ཁོ་ནས་བྱས་པ་ཡིན་གྱི་ཡེ་ཤེས་ཀྱི་དོན་མེད་པས་ན་ཚད་མས་མི་འགྲུབ་པའི་ཕྱིར། དེའི་ཕྱིར་ཤེས་བྱའི་ཆོས་གང་ཡང་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་ཁས་མི་ལེན་ནོ། །དེ་ལྟར་ན་བསོད་ནམས་ཀྱི་ཚོགས་འདི་ནི་རྣམས་ཀྱི་?དབང་བཙན་པར་བྱས་ནས་འཇོག་ལ། ཡེ་ཤེས་ཀྱི་ཚོགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དབང་བཙན་པར་བྱས་ནས་ཐ་སྙད་འདོགས་པ་ཡིན་པས་ཡུལ་བདེན་གཉིས་ཟུང་དུ་འབྲེལ་པ་དང༌། ཡུལ་ཅན་ཚོགས་གཉིས་ཟུང་དུ་འབྲེལ་བ་ཞེས་བྱའོ། །དེ་ཡང་རྣམ་ཤེས་ལ་སྣང་བ་དེ་ཉིད་ཡེ་ཤེས་ཀྱི་དོན་ཡོད་པ་མ་ཡིན་ལ། ཡེ་ཤེས་ལ་ཅིར་ཡང་མི་སྣང་བ་དེ་ཉིད་རྣམ་ཤེས་ལས་སྣ་ཚོགས་སུ་སྣང་བའི་དོན་ནོ། །དེ་ལ་བསམས་ནས་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་སོ། །དེ་ལྟར་ན་གཞིའི་དུས་སུ་རྣམ་ཤེས་ལ་གཟུང་འཛིན་གཉིས་སུ་གང་སྣང་བ་དེ་ཡེ་ཤེས་ཀྱི་དོན་གཟུང་འཛིན་གྱི་སྣང་བ་ཅི་ཡང་མི་འཆར་བ་དེ་ལ་གཞིའི་དབུ་མ་བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱ། ལམ་གྱི་དུས་སུ་རྣམ་ཤེས་ལ་ཇི་ལྟར་སྣང་བ་དེ་ཉིད་ཁས་བླངས་ནས་བསོད་ནམས་ཀྱི་ཚོགས་སོག་པ་དང༌། ཡེ་ཤེས་ཀྱི་ངོར་ཅིག་ཡང་སྣང་བ་མེད་པ་དེ་ཉིད་གོམས་པ་བྱས་ནས་ཡེ་ཤེས་ཀྱི་ཚོགས་སོག་པ་གཉིས་པོ་མི་འགལ་གྱི་སྟེང་དུ་གྲུབ་པ་དང་བདེ་བ་ཐ་མི་དད་པ་དེ་ལ་ནི་ལམ་དབུ་མ་ཐབས་ཤེས་ཟུང་དུ་འཇུག་པ་ཞེས་བྱའོ། །འབྲས་བུའི་དུས་སུ་སེམས་ཀྱི་ཆོས་ཉིད་དྲི་མ་མཐའ་དག་དང་བྲལ་བའི་ངོ་བོ་ཉིད་ཀྱི་སྐུ་དང༌། སེམས་ཅན་གཞན་སྣང་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པར་སྟོན་ནུས་པའི་ཡོན་ཏན་གྱི་ཆ་དབྱེར་མེད་དུ་འདུ་བ་དེ་ལ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་དུ་འཇུག་པ་ཞེས་བྱའོ། །གསུམ་པ་དེས་ཐོབ་པའི་སངས་རྒྱས་ཀྱི་ངོ་བོ་ལ་གཉིས་ཏེ། དོན་དམ་པའི་སྐུ་གཅིག་ཏུ་བཞག་པ་དང༌། ཀུན་རྫོབ་པའི་སྐུ་སོ་སོར་བཞག་པའོ། །དང་པོ་ལ་གཉིས་ཏེ། ཆོས་ཉིད་ཀྱི་སྐུ་སེམས་ཅན་དང་དབྱེར་མེད་དུ་བསྟན་པ་དང༌། ཡེ་ཤེས་ཀྱི་སྐུ་སངས་རྒྱས་ཀུན་གྱི་ཡེ་ཤེས་སུ་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱི་དོན་དམ་པའི་སྐུའི་ངོ་བོ་ནི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་གློ་བུར་གྱི་དྲི་མས་རྣམ་པར་དག་པའི་ཚེ་སྟོབས་སོགས་ཡོན་ཏན་གྱི་ཚོགས་རྣམས་དེ་བཞིན་ཉིད་དང་དབྱེར་མེད་ཀྱི་ཚུལ་དུ་ལྷུན་གྱིས་གྲུབ་པ་དེ་ཉིད་ཡིན་ལ། དེ་ལ་རྫས་ཀྱི་དབྱེ་བ་མེད་པས་དེ་ཉིད་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ལ། ལྡོག་པས་ཕྱེ་ན་ཡེ་གདོད་མ་ནས་གྲུབ་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་པའི་ཆ་དང༌། གསར་དུ་ཡང་དག་པར་བླངས་བ་ལས་བྱུང་བའི་ཆོས་ཅན་ཡེ་ཤེས་ཀྱི་ཆ་གཉིས་ལས། དང་པོ་ལ་ནི་རང་བཞིན་གྱི་སངས་རྒྱས་དང༌། རང་བཞིན་ཆོས་སྐུ་དང༌། རང་བཞིན་ཤེས་ཕྱིན་ཞེས་བྱ་ཞིང༌། དེ་ལ་ནི་རྫས་ཀྱི་སྒོ་ནས་དབྱེ་བ་མེད་ཅིང༌། རྟོག་པའི་ཡུལ་ལས་འདས་པའི་ཕྱིར། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་གཅིག་ཁོ་ནའོ། །གཅིག་པོ་དེ་ནི་སངས་རྒྱས་དང་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱི་ཆོས་ཉིད་དོ། །དོན་དེ་ལ་དགོངས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི། ཆོས་ཅན་ཡེ་ཤེས་ཀྱི་ཆ་དེ་ལ་ཡང་རྫས་ཀྱིས་ཕྱེ་བ་མེད་ཀྱང་ལྡོག་པས་ཕྱེ་ན། རང་དོན་མཁྱེན་པའི་ཆ་དང༌། གཞན་དོན་བརྩེ་བའི་ཆ་གཉིས་ལས། དང་པོ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ་ཞིང༌། དེ་ཡང་ཡོན་ཏན་གྱི་རྫས་གཅིག་ལ་ཡོན་ཏན་ཐམས་ཅད་ཚང་བ་ཡིན་ཞིང༌། གཅིག་པོ་དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་མ་ལུས་པའི་ཆོས་ཀྱི་སྐུ་ལ་རྫས་ཀྱི་དབྱེ་བ་མེད་ཅིང༌། སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་ཕྱིར། སེམས་ཅན་གྱི་དུས་སུ་ཤེས་རྒྱུད་རྫས་ཐ་དད་ཀྱང་ཆོས་ཀྱི་སྐུ་གཅིག་ཏུ་འདུ་བ་ལ་འགལ་བ་མེད་དེ། ཆུ་ཀླུང་སོ་སོ་ཐ་དད་པ་རྣམས་རྒྱ་མཚོར་འདུས་པ་ན་གཅིག་ཏུ་འཇོག་པ་བཞིན་ནོ། །གཉིས་པ་ཀུན་རྫོབ་པའི་སྐུ་སོ་སོར་བཞག་པ་ལ་གཉིས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་གཅིག་དང་ཐ་དད་ཀྱི་དབྱེ་བ་སོ་སོར་ཕྱེ་བ་དང༌། སྤྲུལ་པའི་སྐུ་སོ་སོ་བ་ཁོ་ནར་བསྟན་པའོ། །དང་པོ་ནི། ལོངས་སྐུ་ལ་གཉིས་ཏེ། སྣང་ཚུལ་དང༌། གནས་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཏུ་གྲུབ་པ་ན། དེའི་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་ཡང་གཅིག་ཁོ་ནར་གྲུབ་བོ། །གཉིས་པ་ནི། རྒྱུད་སོ་སོར་བར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་སྐུའི་སྣང་བ་ཤར་བ་ནི་རྫས་ཐ་དད་པ་ཁོ་ན་ཡིན་ཏེ། སྣང་མཁན་སོ་སོའི་ཤེས་རྒྱུད་ཀྱིས་བསྡུས་པས་སོ། །གཉིས་པ་ནི། སྤྲུལ་པའི་སྐུ་ལའང་སྔ་མ་ལྟར་གཉིས་སུ་ཕྱེ་ནས། གནས་ཚུལ་གཅིག་ཡིན་པ་དང༌། སྣང་ཚུལ་སྣང་མཁན་སོ་སོའི་ཤེས་རྒྱུད་དང་འབྲེལ་བའི་བར་སྔ་མ་དང་འདྲ་ཞིང༌། དེ་ལས་ཀྱང་ཁྱད་པར་དུ་དབྱེ་བ་ནི་སངས་རྒྱས་སོ་སོའི་སྔོན་གྱི་སྔོན་ལམ་གྱི་དབང་གིས་སྤྲུལ་པའི་སྐུ་ནི་སོ་སོ་བར་འབྱུང་བ་ལ་འགལ་བ་མེད་དེ། དཔེར་ན། ཤཱཀྱ་ཐུབ་པའི་མཆོག་གི་སྤྲུལ་པའི་སྐུ་གང་ཡིན་པ་དེ་བྱམས་པའི་སྤྲུལ་སྐུ་མ་ཡིན་པ་བཞིན་ནོ། །དེ་ལྟ་ན་ཡང་གཉིས་པོའི་ཕྲིན་ལས་ནི་འཇུག་ཚུལ་ཐ་དད་ཀྱང༌། གདུལ་བྱའི་རྒྱུད་ལ་ཞུགས་པའི་ཚེ་ན་ནི། སངས་རྒྱས་གཅིག་གི་ཕྲིན་ལས་གང་ཡིན་པ་དེ་ཀུན་གྱི་ཕྲིན་ལས་སུ་འགྱུར་བ་ཡིན་ཏེ། དཔེར་ན་ཉི་མའི་འོད་ཟེར་གཅིག་ཤར་བ་ན་ཀུན་གྱི་འོད་ཟེར་ཤར་བ་བཞིན་ནོ། །རྨོངས་རྣམས་སླུ་བྱེད་སྒྱུ་མའི་གར་མཁན་གྱིས། །གཉིས་སྣང་འཁྲུལ་པའི་རིག་སྔགས་མང་བཏབ་ནས། །སྣ་ཚོགས་སྤྲོས་པའི་རོལ་རྩེད་ཅི་སྤྲུལ་པ། །གང་འདིར་ཡིད་རབ་རྟོན་པའི་དཔྱོད་ལྡན་སུ། །གཟུང་འཛིན་གཉིས་མེད་ཀུན་ཁྱབ་འོད་གསལ་བ། །བདེན་ཆེན་རང་རིག་ཆེན་པོའི་ཞལ་བལྟས་ནས། །མཐའ་ཡས་ཡོན་ཏན་ཚོགས་རྣམས་ལྷུན་གྲུབ་པ། །དེ་སྟོན་བྱེད་པའི་བློ་ཆེན་ལྡན་རྣམས་མཁས། །རིག་པའི་གནས་བརྒྱ་ཤེས་པའི་ངག་དབང་དག །ཇི་སྙེད་སྨྲ་བའི་ལྕེ་བརྒྱ་བསྐྱོད་མཁས་ཀྱང༌། །ཇི་ལྟའི་དོན་ལ་རྨོངས་སམ་ལྡབ་ལྡིབ་ཅན། །ཆོས་ཀུན་གསལ་བའི་མཁས་པ་མིན་སྙམ་བྱེད། །གང་གཅིག་ཤེས་པས་རིག་པའི་གནས་ཀུན་དང༌། །ཀུན་རྫོབ་སྒྱུ་མའི་ཕ་མཐའ་གང་ཡིན་དང༌། །ཟབ་རྒྱས་ཆོས་རྣམས་འཆད་ལ་ཐོགས་མེད་པའི། །སྤོབས་པ་དོན་གཉེར་ཡོད་དམ་འདི་ལྟོས་ཤིག །སྒྲིབ་ཀུན་རྩ་བ་རྨོངས་པའི་གཉིད་ཆེན་པོ། །ངེས་པར་སངས་བྱེད་སྟོང་ཉིད་སྣང་བ་མཆོག །གསུང་རབ་ཀུན་གྱི་ངེས་དོན་ཇི་ལྟ་བ། །བྱམས་པའི་ལུགས་དང་ཀླུ་སྒྲུབ་གཞུང་ལས་འབྱུང༌། །ངེས་དོན་ལམ་གསུམ་ལྡན་དེའི་འབབ་དོགས་ནི། །ཐོགས་མེད་མཆེད་དང་ཐལ་རང་གཞུང་ལུགས་གྱིས། །འཁོར་ལོ་གཉིས་ཀྱི་དངོས་བསྟན་ཇི་ལྟ་བར། །འཆད་བྱེད་ཤིང་རྟའི་སྲོལ་གཉིས་འདི་ན་མཐོང༌། །རང་གཞན་སྟོང་པའི་འཆད་ཚུལ་སོ་སོ་ནས། །རིགས་པར་འདྲེན་པའི་ཚུལ་ལུགས་མ་གཏོགས་པ། །སྟོང་ཉིད་བློ་ཡིས་ལྟ་བའི་ཡུལ་གང་ཡིན། །སྨྲ་བས་མ་བརྗོད་པའི་ལམ་ལས་འདས་པར་གཅིག །ངེས་དོན་གསལ་བྱེད་ཉི་ཟླའི་འགྲོས་ཆེན་པོ། །འདི་གཉིས་ཁོ་ན་ཐུབ་བསྟན་ནམ་མཁའི་རྒྱན། །ཐེག་ཆེན་གཞུང་རྩོམ་སྐར་མའི་ཚོགས་རྣམས་ཀུན། །གང་འདིའི་རྗེས་བཟློས་དབྱངས་སུ་ལེན་པ་ཡི། །བྲག་ཆ་ལྟ་བུའི་རྗེས་བཟློས་མཁན་མིན་ནམ། །དེ་ཕྱིར་ཐེག་ཆེན་གཞུང་ཕྲན་བརྒྱ་ཕྲག་གིས། །བློ་གྲོས་ངལ་བར་བྱེད་པ་དེ་ཐོང་ལ། །མི་ཕམ་གཞུང་དང་ཀླུ་སྒྲུབ་ཞབས་ཀྱི་གཞུང༌། །གསལ་བར་འཆར་བའི་མེ་ལོང་འདི་ལོངས་ཤིག མདོ་སྔགས་གཞུང་གི་ངེས་དོན་ཇི་ལྟ་བ། །རང་གཞན་སྟོང་པའི་ཚུལ་ལུགས་གཉིས་ཀྱིས་བསྡུས། །དེ་ནས་ཐེག་ཆེན་གཞུང་བརྒྱའི་ངོ་མཚར་ནི། །མ་ལྟས་པར་ཡང་ངང་གིས་འཆར་བར་འགྱུར། །སྔགས་གཞུང་ཟབ་མོའི་ངེས་དོན་འཆད་པའི་ཚིག །བལྟས་པ་ཙམ་གྱིས་ངེས་པ་སྟེར་བར་བྱེད། །ཐོགས་མེད་བཞེད་གཞུང་ཀུན་གཞིའི་ཆོས་ལུགས་དང༌། །སྟོང་ཉིད་གསུམ་གྱི་རྣམ་གཞག་འདི་མེད་ན། །ཚུལ་ཆེན་གཞུང་གི་སྦྱང་གཞི་སྦྱོང་བྱེད་དང༌། །ཕྱི་ནང་གཞན་གསུམ་རྣམ་གཞག་གང་གིས་འཆད། །གཉིས་མེད་ཡེ་ཤེས་ངོ་བོས་སྟོང་པའི་ཚུལ། །ཐལ་རང་གཞུང་གིས་ཕྱེ་བ་འདི་མེད་ན། །ཟབ་གསལ་ཡེ་ཤེས་བདེན་པར་འཛིན་པ་དང༌། །གྱ་ནོམ་ལྷར་ཞེན་རྟོག་པ་གང་གིས་སྤོང༌། །དེ་ལྟར་ངོ་མཚར་ཤིང་རྟའི་སྲོལ་གཉིས་པོ། །ཕྱིས་བྱོན་གྲགས་པར་ལྡན་པས་གཡང་སར་དྲངས། །གང་འདིར་རྣམ་དཔྱོད་གྱད་ཀྱིས་ངེས་བཏེགས་ནས། །སྔོན་བྱོན་གཞུང་རྩོམ་བདེ་བའི་ལམ་དུ་འདྲེན། །དེ་ལྟར་བཤད་པའི་དགེ་བ་དམིགས་མེད་པ། །ཉམ་ངའི་ལམ་དུ་དོགས་པ་མེད་པ་དང༌། །ཕན་བདེའི་ས་ལ་རེ་བ་དང་བྲལ་འདིས། །གཞན་ངོར་གཞན་ཕན་སྐུ་གཉིས་འབྱོར་ཐོབ་ཤོག །ཅེས་སྟོང་ཉིད་རབ་གསལ་ཞེས་བྱ་བའི་བསྟན་བཅོས། ཟབ་ཞི་སྤྲོས་བྲལ་གྱི་རྣམ་པར་བཤད་པ་བདུན་རྩིའི་ལམ་པོ་ཆེ་ཞེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཡས་རུ་གཙང་གི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།སྭསྟི་སིདྡྷཾ། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །རྫོགས་སངས་རྒྱས་ཀྱིས་གསུངས་དེ་བཞིན། །སྟོན་མཛད་ཀླུ་སྒྲུབ་ཞབས་དང་ནི། །སྤྲོས་པའི་ཚོགས་ཀུན་དང་བྲལ་བའི། །ཡེ་ཤེས་དམ་པའི་དོན་ཉིད་དུ། །མི་ཕམ་ཞལ་ནས་གསུངས་དེ་བཞིན། །འཆད་མཁས་ཐོགས་མེད་ཞབས་ལ་འདུད། །ཤིང་རྟའི་སྲོལ་གཉིས་ལས་བྱུང་བའི། །ངེས་དོན་འཆད་ཚུལ་གངས་ཅན་དུ། །ཕྱིས་འབྱུང་གཏམ་དང་མ་འདྲེས་པའི། །སྟོང་ཉིད་རབ་གསལ་བསྟན་བཅོས་འདི། །ཚིག་དོན་སྐྱེ་མཆེད་མ་ཉམས་པ། །དངུལ་དཀར་དྭངས་པའི་མེ་ལོང་དུ། །འཆར་བྱེད་པར་གྱི་ཡི་གེ་པ། །ནོར་བུ་གཞོན་ནུས་བྲིས་པ་ལྟར། །བྱ་ཡུལ་ཆོས་རྒྱལ་ལྷུན་པོ་ནས། །རིག་པའི་བྱེད་པོ་མཐར་ཕྱིན་པ། །བློ་ལྡན་ཕུར་བ་ཚེ་བདག་དང༌། །སྐྱེས་པ་དར་གྱིས་ལེགས་པར་བརྐོས། །དགེ་བས་གཙུག་ལག་ཁང་ཆེན་རྣམས། །ཀློག་དང་ཁ་བཏོན་གྱིས་རྒྱས་ཤིང༌། །རྟག་པར་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ཤོག།  །།མེ་ཕོ་འབྲུག་གི་ལོ་ལ་གྲུབ་པ་འདི་དགེ་བར་གྱུར་ཅིག།  །།སརྦ་མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*