ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྨད་ཆ། ཅ ༽

འདི་ལ་ཧ་ཅང་ཐལ་བའི་ཀླན་ཀ་ཞེས་བྱ་སྟེ། འདིའི་ཀླན་ཀ་དང་པོའི་སྐབས་སུ་བསྟན་ཟིན་པའི་ཕྱིར། དེ་ལྟ་ན་ཡང་དྲིས་པ་ནི། མ་འོངས་པའི་སངས་རྒྱས་རྒྱུད་མར་འབྱུང་བ་དོན་ཡོད་པར་ཤེས་པའི་དོན་དུའོ། །ཞེས་ཉི་སྣང་ལས་གསུངས་སོ། །ཤནྟི་པའི་དག་ལྡན་དུ་ནི། ཀླན་ཀ་དང་ལན་གསུམ་ལས་མེད་ཅིང༌། ལས་དོན་དམ་དུ་ཐལ་བའི་ཀླན་ཀ་གཉིས་པ་ལན་དང་བཅས་པ་དེ། ཉི་ཁྲི་ལེ་མང་ན་མེད་ཅིང༌། ལན་ལ་མ་ངེས་པའི་ཀླན་ཀ་ལན་དང་བཅས་པ་འདི་ཡང༌། བརྒྱད་སྟོང་པ་ལ་ལན་ཡང་མེད་པ་ལ་བསམ་པར་སྣང་ལ། ཉི་ཁྲི་ལེ་བརྒྱད་མ་ན་ཀླན་ཀ་གཉིས་པ་དེ་ཡོད་ཅིང༌། དེའི་དོན་འབྲེལ་ཚུལ་ཡང་ཉི་སྣང་ན་བཞུགས་མོད། ཤིན་ཏུ་དཀའ་བར་སྣང་བས་འཆད་པ་པོ་རྣམས་ཀྱིས་བཏང་སྙོམས་སུ་བཞག་སྣང་ངོ༌། །ཁོ་བོས་ནི་འདི་ལྟར་ཡང་རྟོགས་ཏེ། རབ་འབྱོར་གྱིས་དྲིས་པའི་སད་རྨི་གཉིས་ནི་ཡོངས་སུ་བརྟགས་པའི་དེ་དང་དེ་མ་ཡིན་གྱི། འཁོར་བ་དང་མྱང་འདས་སོ། །ཅི་ལྟར་ཞེ་ན། རབ་འབྱོར་ཁོ་བོས་ཀླན་ཀ་སྔ་མ་ལ་ལན་བཏབ་པ་དེ་ལ་གཞན་ཞིག་གིས་འོ་ན་མྱང་འདས་ཀྱི་ཚེ་ཡང་ལས་སོག་པ་ཡོད་པར་ཐལ། དེ་ཡང་རྣམ་པར་རྟོག་པ་རྗེས་སུ་འཇུག་པ་ཡོད་པའི་ཕྱིར། ཅེས་ཟེར་ན། ཤཱ་རིའི་བུ་ལ་ལན་ཇི་ལྟར་འདེབས་ཞེས་དྲིས་པའོ། །དེ་ལ་ཤཱ་རིའི་བུས་དེ་པ་ལ་དམིགས་པ་མེད་པའི་ཕྱིར། ཞེས་རྟགས་མ་གྲུབ་ཀྱི་ལན་འདེབས་པར་བཤད་དོ། །སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་འདི། ས་བརྒྱད་པར་མངོན་དུ་གྱུར་པ་དང༌། ཞིང་དག་པའི་སྦྱོར་བ་ས་དགུ་པར་མངོན་དུ་གྱུར་པ་དང༌། ཐབས་མཁས་ཀྱི་སྦྱོར་བ་ས་བཅུ་པར་མངོན་དུ་གྱུར་པའི་ཤེས་བྱེད་དུ། བོད་སྔ་མ་རྣམས་ས་བརྒྱད་པར་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པ་དང༌། ས་དགུ་པར་ཞིང་དག་པ་ལ་དབང་ཐོབ་པ་དང༌། བཅུ་པར་ཡེ་ཤེས་དང་ལས་ལ་དབང་ཐོབ་པར་མདོ་སྡེ་རྒྱན་ལས་གསུངས་པ་དེ་ཡིན་ནོ། །དེའི་རྒྱུ་མཚན་ཐུགས་ལ་བཞག་ནས། འཕགས་པ་གྲོལ་སྡེས་འདི་གསུམ་མི་སློབ་པའི་དགེ་འདུན་ལ་བཞག་པ་ཡིན་ནོ། །ཞེས་གསུངས་པ་ཉིད་ལེགས་པར་མངོན་ནོ། །ཐབས་མཁས་ཀྱི་སྦྱོར་བའི་སྐབས་སུ་ཡུལ་དང་ཞེས་པ་ནི། སྦྱོར་བ་དེའི་ཡུལ་ཏེ། མདོ་ལས་རྣམ་ཐར་གསུམ་དང༌། བྱང་ཕྱོགས་ཀྱི་སྡེ་ཚན་བདུན་ཏེ་བཅུ་བཤད། སྦྱོར་བ་ཞེས་པ་ནི་ཡུལ་ཅན་སྦྱོར་བའི་ངོ་བོ་དེ་བསྟན། ལྷག་མ་རྣམས་ཀྱིས་དབྱེ་བ་བཤད་དོ། །འོ་ན་ཐབས་མཁས་དང་སྦྱོར་བའི་ཁྱད་པར་ཅི་ཞེ་ན། ཡུལ་བཅུ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་པ་ནི། ཐབས་ལ་མཁས་པ་ཡིན་ལ། དེ་ལྟར་ཤེས་ནས་ཉམས་སུ་ལེན་པའི་སྦྱོར་བའོ། །ཡུལ་བཅུ་པོ་གང་ཞེ་ན། ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་འབྱེད་པ་ནི། དགྲ་རྣམས་ལས་ནི་འདས་པ་དང༌། །ཞེས་སོགས་སོ། །འདིར་བདུད་བཞིའི་ངོས་འཛིན། གྲངས་ངེས། བཅོམ་པའི་ས་མཚམས་སོ། །དང་པོ་ལ། ཕུང་པོའི་བདུད་ནི། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སོ། །འཆི་བདག་གི་བདུད་ནི། ལས་དང་ཉོན་མོངས་པའི་དབང་གིས་འཆི་བའོ། །ལྷའི་བུའི་བདུད་ནི། བདུད་དེ་གསུམ་ལས་འདའ་བའི་ཕྱིར་དུ་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་ལ་བར་ཆད་བྱེད་པའི་འདོད་ལྷའི་རིགས་ཤིག་ཡིན་ནོ། །དེ་ཡང་མདོ་སྡེ་དྲན་པ་ཉེར་བཞག་ལས། གཞན་འཕྲུལ་དབང་བྱེད་བདག་པོ་ཆུང་མ་དང་བཅས་པས་འདོད་ཁམས་པ་དག་ལ། མེ་ཏོག་གི་མདའ་རྣམ་པ་ལྔ་འཕངས་པས། འདོད་པའི་ཡོན་ཏན་ལ་སྲེད་པས་ཡིད་རབ་ཏུ་མྱོས་པར་བྱེད་དུ་འཇུག་པ་ཡིན་ནོ། །ཞེས་གསུངས་ཀྱང༌། གཟུགས་ཅན་གྱི་རྒྱན་དུ་བྱས་པ་ཡིན་གྱི། དོན་ནི་འདོད་པ་ཁམས་པའི་སྐྱེ་བའི་དེ་དག་གི་རང་རང་གི་ཡིད་ལ་གནས་པའོ། །གཉིས་པ་གྲངས་ངེས་ནི། བདུད་དང་འཆི་བའི་སྐད་དོད་གཅིག་པས་འཆི་བ་ལས་འདའ་བ་ལ་བར་དུ་གཅོད་པས་ན་བདུད་ཅེས་བྱ་ལ། འདི་ལ་གང་དུ་འཆི་བ་དང༌། གང་གིས་འཆི་བ་དང༌། འཆི་བའི་ངོ་བོ་གང་ཡིན་པ་དང༌། འཆི་བ་ལས་འདའ་བ་ལ་བར་དུ་གཅོད་པའོ། །དང་པོའི་དབང་དུ་བྱས་ནས། ལྷའི་བུའི་བདུད་དང༌། གཉིས་པའི་དབང་དུ་བྱས་ནས་ཉོན་མོངས་པའི་བདུད་དང༌། གསུམ་པའི་དབང་དུ་བྱས་ནས་འཆི་བདག་གི་བདུད་དང༌། བཞི་པའི་དབང་དུ་བྱས་ནས་ཕུང་པོའི་བདུད་བཞག་གོ །ཡང་ན་ཚེ་རིང་དུ་གནས་ཏེ། འབྲས་བུ་ལྷག་བཅས་དང༌། ལྷག་མེད་ཀྱི་མྱང་འདས་ཐོབ་པ་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་བཞིར་བཞག་གོ །གསུམ་པ་ལ། ཉན་ཐོས་ཀྱིས་བཅོམ་ཚུལ་དང༌། ཐེག་པ་ཆེན་པོའི་བཅོམ་ཚུལ་ལོ། །དང་པོ་ནི། ཉན་རང་གིས་མཐོང་ལམ་ནས་ལྷའི་བུའི་བདུད་བཅོམ་སྟེ། དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པའི་ཕྱིར། ལྷག་བཅས་ནས་ཉོན་མོངས་པའི་བདུད་བཅོམ། ལྷག་མེད་ནས་ཕུང་པོའི་བདུད་དང༌། བསམ་གཏན་གྱི་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་བཅོམ་སྟེ། ཚེ་འདོར་ལེན་ལ་དབང་ཐོབ་པའི་ཕྱིར། ཞེས་གསུང་ཡང༌། དོན་ནི་འདི་ཡིན་ཏེ། ལྷའི་བུའི་བདུད་ནི་འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ་བཅོམ། བདུད་ལྷག་མ་གསུམ་ནི་དགྲ་བཅོམ་མངོན་དུ་བྱས་པའི་ཚེ་བཅོམ་པ་ཡིན་ཏེ། དེར་ལས་དང་ཉོན་མོངས་མ་ལུས་པར་སྤངས་པས། དེའི་འབྲས་བུ་སྐྱེ་རྒ་ན་འཆི་མ་ལུས་པར་སྤངས་པས་སོ། །ཐེག་ཆེན་གྱི་བཅོམ་ཚུལ་ལ། ཉན་ཐོས་སྡེ་པའི་འདོད་ཚུལ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་འདོད་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཤིང་དྲུང་དུ་བདུད་གཉིས་བཅོམ་སྟེ། སྲོད་ལ་ལྷའི་བུའི་བདུད་དང༌། ཐོ་རང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་བཅོམ་པའི་ཕྱིར། ཡངས་པ་ཅན་དུ་འཆི་བདག་གི་བདུད་བཅོམ་སྟེ། ཟླ་བ་གསུམ་དུ་སྐུ་ཚེ་བྱིན་གྱིས་བརླབས་པའི་ཕྱིར། གྱད་ཀྱི་ཡུལ་དུ་ཕུང་པོའི་བདུད་བཅོམ་སྟེ། ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པའི་ཕྱིར། གཉིས་པ་ལ། འཁོར་བར་འཆིང་བྱེད་ཀྱི་བདུད་བཞི་དང༌། བག་ལ་ཉལ་གྱི་བདུད་བཞིའོ། །དང་པོ་ནི། བྱང་སེམས་ཀྱི་སྦྱོར་ལམ་ནས་ལྷའི་བུའི་བདུད་ལས་འདས་ཏེ། དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། མཐོང་ལམ་ནས་ཉོན་མོངས་པ་དང༌། འཆི་བདག་གི་བདུད་ལས་འདས་ཏེ། ལས་ཉོན་གྱི་དབང་གིས་སྐྱེ་འཆི་སྤངས་པའི་ཕྱིར། ས་བརྒྱད་པ་ནས་ཕུང་པོའི་བདུད་ལས་ཀྱང་འདས་ཏེ། རྣམ་པར་གྲོལ་བའི་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར། ཞེས་གསུང་མོད། དམན་ལམ་སྔོན་དུ་མ་སོང་བའི་མཐོང་ལམ་ནས་བདུད་བཞི་བཅོམ་པ་ཡིན་ཏེ། དེར་ཉན་རང་གི་སྤང་རྟོགས་རྫོགས་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཐོབ་པ་དང༌། བདུད་བཞི་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པ་དུས་མཉམ་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམས་རྒྱས་པར་བཤད་པ། ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་ལས། རྣམ་ཀུན་གྱི་ལེའུ་སྟེ་བཞི་པའི་རྣམ་པར་བཤད་པ་ལེགས་པར་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། མདོ་དང་རྒྱན་འགྲེལ་གཞུང་ཆེན་བརྒྱ་བརྒྱ་ཡི། །ཕོ་ཉས་བླངས་ནས་བློ་ལ་སྦྱངས་སྦྱངས་པ། །དོན་དང་ཚིག་གི་སྦྱོར་བ་མང་མང་པོས། །སྦྱར་འདི་གཞན་གྱིས་མཐོང་ན་འཇིགས་འཇིགས་འདྲ། །གང་གི་རྣམ་དཔྱོད་ཁྱོགས་ལ་མ་བླངས་པའི། །རྒྱན་དྲུག་མཁས་པའི་བཞེད་གཞུང་དེ་ཀོ་ཅི། །དེ་ཡིས་མ་བཟུང་གང་གི་བློ་གྲོས་ཆ། །ཉེས་བཤད་འཁྲུལ་པའི་གཏམ་དང་འདྲེས་པ་མེད། །ཅེས་བྱ་བ་འདི་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ།།  །།ཐོས་བསམ་གོམས་བྱེད་ཤིང་རྟའི་ཟློས་གར་གྱིས། །རྣམ་ཀུན་རྟོགས་པའི་ཤར་གྱི་རི་བོ་ལ། །གང་དྲངས་རྩེ་མོར་ཕྱིན་པའི་ཞལ་གྱིས་ནི། །མདངས་གསལ་ཉིན་མོར་བྱེད་ལ་ཕྱག་འཚལ་ལོ། །རྣམ་ཀུན་རྟོགས་པའི་ལང་ཚོ་རབ་རྒྱས་ཀྱང༌། །རྩེ་མོར་ཕྱིན་པའི་སྐྱེ་མཆེད་མི་གསལ་ན། །རྣལ་འབྱོར་རྣམ་བཞིའི་སྒེག་མོ་སུ་ཡིས་ལེན། །དེ་ཕྱིར་དེ་ནས་མངོན་རྟོགས་རྣམ་གསུམ་བཤད། །ཅེས་མཆོད་པར་བརྗོད་ཅིང༌། །བརྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་མོའི་སྦྱོར་བ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུང་བའི་ཚུལ་དང༌། གཞུང་སོ་སོའི་དཀའ་བའི་གནས་རྣམས་རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་ཕྱིར་མི་ལྡོག་པའི་མདོ་ལས་འཕྲོས་ནས། དེའི་རྟགས་དང་ཚད་མེད་པ། །ཞེས་པའི་མདོར། རབ་འབྱོར། བྱང་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི། རྣམ་པ་དེ་བཞིན་དུ་ལན་འདོན་ཏེ། དེ་ལྟར་འདོན་པ་དེ་དག་ནི་དགེ་བའི་རྩ་བ་འབར་བ་བསྐྱེད་པར་རིག་པར་བྱའོ། །ཞེས་གསུངས་ལ། དེ་ལས་འཕྲོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ། རྨི་ལམ་ན་ཡང་སྒྲ་བརྙན་དང༌། མིག་ཡོར་དང༌། སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་བལྟ་བ་ཡང་མངོན་དུ་མི་བྱེད་ན། བྱང་སེམས་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་མདོ་མཚན་བཅུ་གཉིས་ཀྱིས་ནི་རྟགས་ཀྱི་རྩེ་སྦྱོར་བསྟན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འཛམ་བུའི་གླིང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སེམས་ཅན་དེ་དག་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་འགྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་འགྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། རིམ་གྲོར་བྱས། བཀུར་བསྟིར་བྱས། སྟི་སྟང་དུ་བྱས། དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཏུ་བསྔོས་པ་དང༌། སེམས་ཅན་ཇི་སྙེད་པ་དེ་དག་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་འགྱུར་ལ། དེ་དག་གང་ལ་ལ་ཞིག་གིས་དགེ་བ་བཅུ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་ན། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ་འཕེལ་ལོ། །མངོན་པར་འཕེལ་ལོ། །བཀའ་སྩལ་པ། དེ་བས་ཀྱང་གང་ལ་ལ་ཞིག་གིས། ཡུམ་འདི་གཞན་ལ་སྟོན་པ་དང༌། འཆད་པ་དང་རྣམ་པར་གཞོག་པ་དང༌། འགྲེལ་བ་དང༌། རྣམ་པར་འབྱེད་པ་དང༌། གསལ་བར་བྱེད་པ་དང༌། ཡང་དག་པར་སྟོན་ན་དེའི་བསོད་ནམས་མང་དུ་འཕེལ་ལོ། །ཞེས་པས་ནི་རྣམ་འཕེལ་གྱི་རྩེ་སྦྱོར་བསྟན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མན་ད་ར་བ་མང་པོ་བླངས་ཏེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་འདི་སྐད་ཅེས། དགེ་བའི་རྩ་བ་འདིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་དམིགས་པ་དེ་དག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག རང་བྱུང་གི་ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་སོགས་ཀྱིས་ནི་ངེས་པར་བརྟན་པའི་རྩེ་སྦྱོར་དང༌། དེ་ལས་འཕྲོས་ནས། བཅོམ་ལྡན་འདས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང༌། ཡུན་རིང་པོ་ནས་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་དང༌། སྐྱེ་བ་ཅིག་གིས་ཐོགས་པའི་བྱང་སེམས་ཆེན་པོ་རྣམས་ཀྱིས་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་ན། དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང༌། ཀོའུ་ཤི་ཀ་གླིང་བཞི་པ་དང་ཞེས་པ་ནས། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ལ་ཚད་མེད་དོ། །ཞེས་པས་ནི་སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་བསྟན་པ་ཡིན་ནོ། །དེ་ལས་འཕྲོས་ནས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ལ་སོགས་པ་དེ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རངས་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང༌། གཉིས་སུ་མེད་པའི་འདུ་ཤེས་སུ་ཡོངས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་སོགས་ཀྱིས་འཇུག་པ་བཟུང་རྟོག་དང༌། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་ཤེས་ཕྱིན་འབའ་ཞིག་རྣམ་པར་མི་རྟོག་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པ་ཡིན། ཞེས་པས་བཟློག་པ་བཟུང་རྟོག་མདོར་བསྟན། དེ་ནས་ཤཱ་རིའི་བུས་སྨྲས་པ། ཀྱེ་མ་རབ་འབྱོར་བྱང་སེམས་གང་ཡུམ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ། །ཞེས་སོགས་ཀྱིས་རྫས་འཛིན་རྟོག་པ་མདོར་བསྟན་པ་དང༌། བཀའ་སྩལ་པ་བྱང་སེམས་ཆེན་པོ་ཡུམ་ལ་ཞུམ་པར་མི་འགྱུར་བ་ཡིན་ནམ། གསོལ་པ། ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་བྱང་ཆེན་ཡུམ་ལ་ཞུམ་པར་མི་འགྱུར་རོ། །ཞེས་སོགས་ཀྱིས་རྟག་འཛིན་རྟོག་པ་མདོར་བསྟན་པ་ཡིན་ནོ། །དེ་ནས་རྒྱས་པར་འཆད་པ་ལ། བཀའ་སྩལ་པ། རབ་འབྱོར་ཡུམ་འདི་ནི་ཤིན་ཏུ་དབེན་པའོ། །ཞེས་སོགས་ཀྱིས་འཇུག་པ་བཟུང་རྟོག་དང༌། རབ་འབྱོར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་རྗེས་སུ་འབྲང་ངོ༌། །དེ་བཞིན་དུ་ཡུམ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔའི་ལས་བྱེད་ཅིང་རྗེས་སུ་འབྲང་ངོ༌། །ཞེས་སོགས་ཀྱིས་ནི་བཟློག་པ་བཟུང་རྟོག་རྒྱས་པར་བཤད་པ་དང༌། བཀའ་སྩལ་པ་ཡུམ་འདི་ནི་ཆོས་གང་ཡང་འཛིན་པ་དང༌། ཡོངས་སུ་གཏོང་བ་མེད་དོ། །ཞེས་སོགས་ཀྱིས་ནི་རྫས་འཛིན་རྟོག་པ་རྒྱས་པར་བཤད་པ་དང༌། རབ་འབྱོར་དཔེར་ན་འཁོར་ལོས་བསྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ནས་ལམ་མཉམ་པ་ནས་འགྲོའོ། །ཞེས་སོགས་ཀྱིས་རྟག་འཛིན་རྟོག་པ་རྒྱས་པར་བཤད་དོ། །དེ་ནས་འཁོར་དེའི་ནང་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མེ་ཏོག་མན་ད་ར་བ་མང་པོ་ཐོགས་ནས་བཅོམ་ལྡན་འདས་ལ་གཏོར་རོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྤྱོད་པ་རྣམ་པར་སྤྱོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཞེས་པས་ནི། བྱང་ཆུབ་ཆེན་པོའི་རྒྱུ་དང་པོ་དང༌། ཀུན་དགའ་བོ་ལ་ཤེས་ཕྱིན་གཏད་པས་རྒྱུ་གཉིས་པ་དང༌། ཐ་ན་མིག་འཛུམ་པ་ཙམ་གྱི་ཚད་དུ་ཤེས་ཕྱིན་བསྟན་ན་ཐེག་པ་གཉིས་ཀྱི་ཆོས་རྒྱ་ཆེར་བསྟན་པ་ལས་བསོད་ནམས་མང་བར་བསྟན་པས་ནི། རྒྱུ་གསུམ་པ་བསྟན་ནོ། །དེ་ནས་གསོལ་པ་བཅོམ་ལྡན་འདས། ཡུམ་ཚད་མ་དང་འབྲེལ་བ་མ་མཆིས་པ་ལགས་སམ། ཀུན་དགའ་བོ་མི་ཟད་པ་དང་དབེན་པའི་ཕྱིར་ཡུམ་ལ་ཚད་མ་དང་འབྲེལ་བ་མེད་དོ། །ཀུན་དགའ་བོ་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་འདི་ལས་བྱུང་ཀྱང་ཟད་པ་མེད་དོ། །ཞེས་སོགས་ཀྱིས་བྱང་ཆུབ་ཆེན་པོ་བསྟན་ནོ། །འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་རྩ་བའི་ཚིགས་སུ་བཅད་པ་གསུམ་ལ་ནི་ཡུམ་གྱི་མདོ་དང་སྦྱོར་རྒྱུད་མེད་དོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཀའ་སྩལ་པ། བྱང་ཆེན་སྦྱིན་པ་གཏོང་བའི་ཚེ། །ཞེས་སོགས་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་བསྡུས་ནས་ཉམས་སུ་ལེན་པའི་ཚུལ་རྒྱས་པར་གསུངས་པ་དེ་དག་གི་དོན་ནི། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་སོགས་རྣམས་སོ། །སྐབས་དེར་ཕྱིན་དྲུག་རེ་རེའི་ནང་དུ་གཞན་ལྔ་པོ་ཚང་བར་གསུངས་པ་ལས་འཕྲོས་ནས། ཤེས་ཕྱིན་ལ་གནས་ནས་བསམ་གཏན་གྱི་ཕར་ཕྱིན་ལ་སྤྱོད་པའི་ཚུལ་དྲིས་པའི་ལན་དུ། མདོ་ལས་དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང༌། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་དེ་ལ་གནས་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང༌། མི་མཐུན་པ་ལ་སོ་སོར་རྟོག་གོ །ཞེས་པ་ནས་དགེ་བའི་རྩ་བ་དེ་ཡང་སེམས་ཅན་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །ཞེས་པའི་དོན་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའོ། །ཞེས་སོགས་སོ། །འདིའི་རྐང་པ་དང་པོ་གཉིས་ཀྱི་མདོ་ནི། གོང་གི་དྲུག་ཚན་དྲུག་གི་མདོའི་ནང་དུ་འདུས་པས། མཐོང་ལམ་རྩེ་སྦྱོར་གྱི་སྡེ་ཚན་དུ་བསྡུ་དགོས་ལ། དེ་ལྟ་ན་ཡང༌། སྤོང་གཉེན་དང་ཐག་བསྲིང་བའི་གཉེན་པོའི་ཁྱད་པར་གྱི་གཞུང་མཚམས་སོ་སོར་འབྱེད་པ་ནི་འཕགས་པའི་དགོངས་པའོ། །རྐང་པ་ཕྱི་མ་གཉིས་ཀྱི་མདོ་ནི། རྗེས་ཐོབ་ཀྱི་དབང་དུ་བྱས་པས། དྲུག་ཚན་དྲུག་གི་མདོ་ལ་མི་གཏོགས་ཤིང༌། མཐོང་ལམ་གྱི་མཉམ་གཞག་ཀྱང་མ་ཡིན་པས་མཐོང་ལམ་རྩེ་སྦྱོར་དུ་མི་གཏོགས་ཀྱང༌། དེའི་རྗེས་ཐོབ་ཡིན་པས་མཐོང་ལམ་གྱི་སྡེ་ཚན་དུ་བསྡུད་པ་ཡང་འཕགས་སེང་གི་དགོངས་པའོ། །སློབ་དཔོན་ཤནྟི་པ་ནི། ཤེས་ཕྱིན་ཕར་ཕྱིན་དྲུག་ལྡན་དུ་སྟོན་པའི་མདོ་དེ་ཚིགས་སུ་བཅད་པ་འདིས་བསྡུས་པ་ཡིན་ཞིང༌། གོང་དུ་དྲང་མ་ཐག་པའི་སེང་གེ་རྣམ་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཞེས་སོགས་ཀྱི་མདོ་དེ་དྲུག་ཚན་དྲུག་རྫོགས་པའི་རྗེས་ལ་བྱུང་བ་ཡིན་པས། བསྒོམ་ལམ་གྱི་སེང་གེ་རྣམ་བསྒྱིངས་འཆད་པའི་མདོ་ཡིན་ལ། དེ་ཡང་ཇི་སྐད་དུ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་པས་བསྡུས་པ་ཡིན་ནོ། །ཞེས་གསུངས་སོ། །འདི་མི་འཐད་དེ། མདོ་ནས་སེང་གེ་རྣམ་བསྒྱིངས་གཉིས་གསུངས་ཤིང༌། དང་པོའི་མཐར་རྟེན་འབྲེལ་ལ་རྟོག་ཚུལ་གསུངས་ལ། གཉིས་པའི་མཐར་རྟེན་འབྲེལ་རྟོག་ཚུལ་མེད་པའི་ཕྱིར། གཉིས་པོ་གང་ཞེ་ན། དང་པོ་ནི་མདོ་གོང་དུ་དྲངས་མ་ཐག་པ་དེ་ཡིན་ལ། གཉིས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། ཞེས་སོགས་འོག་ནས་འདྲེན་པར་འགྱུར་བ་རྣམས་སོ། །དེ་ལྟར་གཉིས་ཀྱི་ནང་ནས། དང་པོ་རྟེན་འབྲེལ་ལ་རྟོག་ཚུལ་དང་སྦྲེལ་བའི་སེང་གེ་རྣམ་བསྒྱིངས་དེ་གཞུང་གོང་མ་དང་སྦྱོར་དགོས་ཏེ། གཞུང་དེ་དང་མདོ་དེ་ལ་ཚིགས་བཅད་དང་ལྷུགས་པའི་ཁྱད་པར་ཙམ་མ་གཏོགས་གཞན་ཁྱད་པར་ཅི་ཡང་མི་སྣང་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཤནྟི་པའི་འདོད་པ་གང་ཡིན་འོག་ནས་བཤད་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་གྱི་བསམ་གཏན་དང་པོ་ཉེ་བར་བསྒྲུབ་ཏེ་གནས་སོ། །ཞེས་པ་ནས། དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །ཞེས་པ་ནས། བསམ་གཏན་དང་པོ་ལའོ་ཞེས་པའི་བར་གྱིས་ནི། སྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དེ་བསྟན་པ་ཡིན་ལ། དེའི་དོན་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ཞེས་པའོ། །ནས་ཞེས་པ་ནི་རིམ་པར་སྟོན་པའི་ཚིག་སྟེ། དེ་ནི་ཐོད་རྒལ་ལ་འཇུག་པའི་དོན་ནོ། །སེང་གེ་རྣམ་བསྒྱིངས་སྔ་ཕྱི་གཉིས་ཀ་ཡང་ངོས་འཛིན་པའི་མདོ་ནི་གཅིག་པུ་དེ་ཁོ་ནའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འདོད་པས་དབེན་ཞེས་སོགས་ཆོས་གཞན་ལ་སྤེལ་བའི་ཡར་སོང་ཅིག་བཤད་པ་དེས་ནི། ཐོད་རྒལ་ཆུང་ངུ་བསྟན་ལ། དེ་ནི་གཞུང་རྩ་བས་མ་བསྡུས་སོ། །འགོག་པ་ལས་ལངས་ནས་བསམ་གཏན་དང་པོ་ལའོ། །དེ་ལས་ལངས་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་གཉིས་པ་ལའོ། །ཞེས་པ་ནས་འགོག་པ་ལས་ལངས་ནས་མཉམ་པར་མ་གཞག་པའི་སེམས་མངོན་དུ་བྱེད་དོ། །ཞེས་པའི་བར། མཐར་གནས་ཀྱི་སྙོམས་འཇུག་བརྒྱད་དང་འགོག་པ་སྤེལ་ཏེ་ལུགས་མཐུན་དུ་ཞུགས་ནས། མཐར་འདོད་སེམས་མངོན་དུ་བྱེད་པ་ཞིག་ཡོད་པ་དེ་ནི་ཐོད་རྒལ་འབྲིང་པོ་ཡིན་ལ། དེ་བསྡུད་པའི་གཞུང་ནི་ཇི་སྐད་དུ། གཅིག་ནས་བདུན་གྱི་བར་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པས་མཚམས་བཟུང་བྱེད། །ཞེས་སྦྱར་རོ། །རབ་འབྱོར་མཉམ་པར་མ་གཞག་པའི་སེམས་དེ་ལས་འགོག་པའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། །དེའི་འོག་ཏུ་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །ཞེས་སོགས་སྙོམས་འཇུག་དང་འདོད་སེམས་སྤེལ་བའི་མར་འོང་ཅིག་བཤད་ལ། དེས་ཐོད་རྒལ་ཆེན་པོ་བསྟན་ནོ། །དེ་བསྡུད་བྱེད་ཀྱི་གཞུང་ནི། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པས་མཚམས་བཟུང་སྟེ། །གཅིག་ནས་བརྒྱད་ཀྱི་བར་བརྒལ་ནས། །དང་པོའི་བར་དུ་མི་འདྲར་འོངས། །ཞེས་སྦྱར་བས་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། དེ་བཞིན་གཤེགས་པས་ཆོས་འདི་དག་གི་མདོ་དང༌། རྒྱས་པ་བསྟན་ན། དེ་ལ་བྱང་སེམས་ཆེན་པོ་སངས་རྒྱ་བར་འཚལ་བས། ཕར་ཕྱིན་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ། །དེ་ནས་གོམས་པར་བགྱིའོ། །དེ་ནས་ཡིད་ཀྱིས་རྟོགས་པར་བགྱིའོ། །དེ་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་བགྱིའོ། །ཞེས་སོགས་ཀྱིས་ནི་སྒོམ་སྤངས་སུ་གྱུར་པའི་བཟུང་རྟོག་དང་པོ་དེ་བཤད་པ་ཡིན་ནོ། །རྟོག་པ་འདི་དག་རྣམས་ཀྱི་མིང་ལ་མཐོང་སྤངས་རྟོག་པ་དང་འདྲ་བར་འཇུག་པ་བཟུང་རྟོག་དང༌། ལྡོག་པ་བཟུང་རྟོག་སོགས་ཀྱིས་འཆད་པ་ནི་སློབ་དཔོན་གྱི་ལུགས་ཡིན་ལ། འཕགས་པས་ནི་གསལ་ཁ་མ་མཛད་དོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་ཡུན་ཇི་སྲིད་དུ་ཡུམ་ལ་སྤྱད་ན་ཡུམ་ལ་སྤྱད་པར་འགྱུར། བཀའ་སྩལ་པ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུའོ། །ཞེས་སོགས་ཀྱིས་ནི་བཟུང་རྟོག་གཉིས་པ་བསྟན་པ་ཡིན་ནོ། །གསོལ་པ་ཆོས་ཀྱི་དབྱིངས་ཇི་ལྟ་བུ་ལགས། བཀའ་སྩལ་པ། བདག་གི་ཁམས་དང༌། སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་ནོ། །ཞེས་སོགས་ཀྱིས་ནི་འཛིན་རྟོག་དང་པོའོ། །གསོལ་པ་བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ཐམས་ཅད་ཤེས་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་ན། དེ་གསུམ་ལ་ཁྱད་པར་ཅི་མཆིས། བཀའ་སྩལ་པ་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །ཞེས་སོགས་ཀྱིས་ནི་འཛིན་རྟོག་གཉིས་པ་བཤད་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། སྐྱེས་བུ་ལྗང་བུ་བསྐྱེད་པར་འདོད་པ་ལ། ལྗང་བུ་དེའི་རྩ་བ་མ་དམིགས། ཡལ་ག་དང་སྡོང་བུ་དང་འབྲས་བུ་མ་དམིགས། ཡལ་ག་དང་ལོ་མ་དང་འདབ་མ་མ་དམིགས་པར་ལྗང་བུ་དེའི་སྡོང་བུ་བསྐྱེད་དོ། །དུས་དུས་སུ་ཆུས་བྲན་ཞིང་སྡོང་བུ་དེ་རིམ་གྱིས་ཡལ་ག་དང་ལོ་མ་དང༌། འདབ་མ་དང༌། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་བ་དེ་བཞིན་དུ། བྱང་སེམས་ཆེན་པོ་རྣམས་ཀྱང་རིམ་གྱིས་ཕྱིན་དྲུག་ལ་སྤྱོད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོགས་ཀྱིས་ནི་བརྟེན་པ་ཡོན་ཏན་བཤད་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། བཀའ་སྩལ་པ་རབ་འབྱོར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་གི་བསོད་ནམས་མང་དུ་འཕེལ་ལམ། ཞེས་སོགས་ཀྱིས་ནི་བར་ཆད་མེད་པའི་རྩེ་སྦྱོར་གསུངས་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ་ཞིག་མཆིས། དམིགས་པ་ཇི་ལྟ་བུ་ཞིག་མཆིས། དབང་བསྒྱུར་བ་ཇི་ལྟ་བུ་ཞིག་མཆིས། རྣམ་པ་དང་མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། རབ་འབྱོར་རྣམ་པ་མཁྱེན་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ། མཚན་ཉིད་མེད་པ། ཞེས་པ་ནས་དེའི་དམིགས་པ་ནི་དངོས་པོ་མེད་པ། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ། མཚན་ཉིད་ནི་མཚན་ཉིད་མེད་པའོ། །ཞེས་སོགས་ཀྱིས་ནི་བར་ཆད་མེད་རྩེའི་རྐྱེན་གསུམ་པོ་བཤད་པ་ཡིན་ནོ། །གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ནས་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས། བཀའ་སྩལ་པ། དེ་ཐམས་ཅད་དངོས་པོ་མེད་པའོ། །ཞེས་པ་ནས་གསོལ་པ། ཆོས་ཐམས་ཅད་ལ་མཚན་ཉིད་མ་མཆིས་ན། བྱང་སེམས་ཆེན་པོ་ཡུམ་ལ་སྒོམ་པ་མ་མཆིས་པར་འགྱུར། དེ་མ་མཆིས་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་མི་ནུས་སོ། །དེར་མ་ཞུགས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མི་ནུས་སོ། །བཀའ་སྩལ་པ། རབ་འབྱོར་མཚན་ཉིད་མེད་པ་བསྒོམ་པ་ནི་བྱང་སེམས་ཆེན་པོའི་ཡུམ་བསྒོམ་པའོ། །ཞེས་པའི་བར་གྱིས་ནི་བསལ་བྱ་ལོག་བསྒྲུབ་སེལ་བྱེད་ཀྱི་གཉེན་པོ་དང་བཅས་པ་བསྟན་པ་ཡིན་ནོ། །གཉིས་པ་གཞུང་སོ་སོའི་དཀའ་བའི་གནས་ལ། རྩེ་མོའི་སྦྱོར་བ་དངོས་ནི་མཐོང་ལམ་སྒོམ་ལམ་བར་ཆད་མེད་པའི་རྩེ་སྦྱོར་ཏེ་གསུམ་ཡིན་ལ། ངེས་འབྱེད་ཆ་མཐུན་ཡང་དེའི་སྦྱོར་བ་ཡིན་པ་དང༌། མི་མཐུན་ཕྱོགས་ཀྱི་སྤོང་གཉེན་ཡིན་པས་རྩེ་སྦྱོར་དུ་བསྡུས་པའོ། །ཇི་ལྟར་ཞེ་ན། འདིར་བསྟན་པའི་རྟགས་སོགས་བཞི་པོ་དེས་ནི་ངེས་འབྱེད་ཆ་མཐུན་མཚོན་ནས་བསྟན་པར་འཕགས་སེང་གི་བཞེད་པ་ཡིན་ནོ། །དེ་ཡང་རྩེ་སྦྱོར་དངོས་ཀྱི་གོ་དོན་ནི། མི་མཐུན་པའི་ཕྱོགས་འདི་ལྟ་བུ་གཅིག་བསལ། གཉེན་པོ་འདི་ལྟ་བུ་ཞིག་རྒྱུད་ལ་བརྟེན་ན། ཕན་ཡོན་འདི་ལྟ་བུ་ཞིག་འབྱུང་ངོ་ཞེས་སྟོན་པ་ཡིན་ཏེ། མཐོང་བསྒོམ་བར་ཆད་མེད་པ་གསུམ་ཆར་གྱི་གནས་སྐབས་སུ་དེ་ལྟར་གསལ་བའི་ཕྱིར་རོ། །དང་པོ་རྩེ་སྦྱོར་གྱི་འཆད་ཚུལ་ནི་འདི་ལྟར། དྲོད་ཀྱི་རྩེ་སྦྱོར་ནི། རང་གི་ངོ་བོ་སྤངས་བྱ་རྟོག་པའི་སྤངས་གཉེན་དུ་གྱུར་པའི་མཉམ་གཞག་ཡེ་ཤེས་ཤིག་ཡིན་ལ། དེ་མདོ་དང་བསྟན་བཅོས་ཀྱིས་སྟོན་ཚུལ་ནི་རྟགས་ཀྱིས་མཚོན་ནས་བསྟན་ནོ། །རྟགས་དང་པོ་བརྒྱད་ནི་རྗེས་ཐོབ་ཀྱི་ཡོན་ཏན་རྟགས་སུ་བཀོད་པ་འབྲས་བུའི་གཏན་ཚིགས་ཡིན་ལ། ཕྱི་མ་བཞི་ནི་སྦྱོར་བ་རང་གི་ངོ་བོ་རྟགས་སུ་བཀོད་པས། རང་བཞིན་གྱི་གཏན་ཚིགས་ཡིན་ལ། དེར་དགེ་བའི་བཤེས་གཉེན་བརྟེན་ཞེས་པ་ཡང༌། ནང་གི་དགེ་བའི་བཤེས་གཉེན་བསྟན་པ་ལ་འཆད་པ་ཡིན་ནོ་ཞེས་ལོ་ཙཱ་བ་ཆེན་པོ་གསུང་ངོ༌། །རྣམ་འཕེལ་གྱི་རྩེ་མོ་ནི། རྩེ་མོའི་མཉམ་གཞག་ཡེ་ཤེས་ལ་བྱ་ལ། མདོ་གཞུང་ལས་སྟོན་ཚུལ་ནི། བསོད་ནམས་འཕེལ་བའི་གནས་སྐབས་བཅུ་དྲུག་གིས་མཚོན་ནས་སོ། །འདི་ལ་བརྒྱད་ཚན་གཉིས་ལས། དང་པོ་ནི། རྗེས་ཐོབ་ཏུ་བྱ་བ་གཙོ་ཆེ་ལ། གཉིས་པ་ནི་མཉམ་གཞག་གི་རྟོགས་པ་གཙོ་ཆེ་བ་ཡིན་ནོ། །ངེས་པར་བརྟན་པའི་རྩེ་སྦྱོར་ནི། བཟོད་པའི་མཉམ་གཞག་ཡེ་ཤེས་ཤིག་ཡིན་ལ། མདོ་དང་བསྟན་བཅོས་ལས་བསྟན་ཚུལ་ནི། མཉམ་གཞག་དུ་མཁྱེན་པ་གསུམ་གྱི་རྟོགས་པ་བརྟན་པ་དང༌། རྗེས་ཐོབ་དུ་སེམས་ཅན་གྱི་དོན་མི་བཏོང་བ་གཉིས་ཀྱི་སྒོ་ནས་བཤད་དོ། །སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ནི། མི་མཐུན་ཕྱོགས་རྟོག་པའི་སྤོང་གཉེན་དུ་གྱུར་པའི་ཆོས་མཆོག་གི་ཡེ་ཤེས་ཤིག་ཡིན་ལ། བསྟན་ཚུལ་ནི་བསོད་ནམས་མང་པོས་མཚོན་པའི་སྒོ་ནས་སོ། །དེ་ཡང་མདོ་ལས་ནི། རྗེས་སུ་ཡི་རང་བསོད་ནམས་མང་བའི་སྒོ་ནས་དང༌། བསྟན་བཅོས་སུ་ནི་ཏིང་ངེ་འཛིན་བསོད་ནམས་མང་བའི་སྒོ་ནས་སོ། །དེ་ལྟར་ན་མདོ་ལས་གསུངས་པའི་ཡིད་རང་གི་ངོ་བོ་ཏིང་ངེ་འཛིན་དུ་འཆད་དགོས་པ་ལས་འོས་མེད་དོ། །འདིར་གང་ལ་ཡིད་རང་བར་བྱ་བའི་ཡུལ་ནི། སེམས་དཔའ་བཞིའི་སེམས་བསྐྱེད་རྣམ་པ་བཞི་ལ་བཤད་ལ། བཞི་ནི་རྟོག་པ་བཞིའི་གཉེན་པོ་མཐོང་བསྒོམ་སྦྱོར་འཇུག་བཞི་ལ་གནས་པ་ལ་འཆད་པ་འཕགས་པའི་ལུགས་དང༌། སྦྱོར་རྩེ་དང༌། མ་དག་པ་ས་བདུན་དང༌། དག་པ་ས་གསུམ་དང༌། ས་བཅུ་ལ་གནས་པ་ལ་འཆད་པ་སློབ་དཔོན་གྱི་ལུགས་སོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་ལ། སྤང་བྱ་རྟོག་པ། དེས་མཚོན་ནས་གཉེན་པོ་སྦྱོར་འཇུག་གི་དབྱེ་བ་དང༌། དེ་ལྟར་གཉིས་སུ་ཕྱེ་བའི་འཇུག་པ་དངོས་བཤད་པ་རྣམས་སོ། །དང་པོ་མཐོང་སྤངས་རྟོག་པའི་ངོ་བོ་ནི། ཀུན་བཏགས་སུ་གྱུར་པའི་རྟོག་པ་ཡིན་ལ། དབྱེ་ན། ཡུལ་བཟུང་འཛིན་གྱི་དབྱེ་བས་སམ། བློས་བཟུང་འཛིན་གྱི་ཞེན་པའི་དབྱེ་བས། བཟུང་རྟོག་དང༌། འཛིན་རྟོག་གོ །འཛིན་རྟོག་གི་སྐབས་སུ་གཞུང་རྩ་བར། རྫས་འཛིན་རྟོག་པ་སོ་སྐྱེ་ཁོ་ན་དང༌། བཏགས་འཛིན་རྟོག་པ་འཕགས་པ་ཁོ་ནར་ཡོད་པར་བཤད་པ་ལ། ཉི་སྣང་དུ་རྩོད་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་ནི་འདི་ལྟར། བརྩོད་པ་དང༌། ལན་དང༌། དེ་ལའང་བརྩོད་པ་སྤོང་བའོ། །དང་པོ་ནི་ཇི་སྐད་དུ། ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ་ཞེས་སོ་སོ་སྐྱེ་བོས་ཀྱང་རྟོག་པ་མིན་ནམ། དེ་ན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་བཞག་ལ་མ་ཁྱབ་པར་འགྱུར་རོ་ཞེ་ན། ཞེས་པ་དང༌། བརྩོད་པ་གཉིས་པ་ནི། ཇི་སྐད་དུ། འཕགས་པ་ལ་ཡང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག་མཚན་མོ་འདས་ནས་ནང་པར་གྱི་དུས་སུ་ངས་སྲོག་ཆགས་ལྕེ་སྤྱང་སྐད་འབྱིན་པ་ཐོས་སོ། །ཞེས་བྱ་བ་དང༌། དེ་བཞིན་དུ་ང་དེའི་ཚེ་དེའི་དུས་སུ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་པ་མ་ཡིན་ནམ། དེ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་ལ་མ་ཁྱབ་པར་འགྱུར་རོ་ཞེ་ན་ཞེས་འབྱུང་ངོ༌། །གཉིས་པ་ལན་ལ། བརྩོད་པ་དང་པོའི་ལན་དང༌། གཉིས་པའི་ལན་ནོ། །དང་པོ་ནི། དེ་དག་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ། །ཞེས་གསུངས། གཉིས་པ་ནི། དེའི་ཚིག་ཐ་སྙད་པ་ཡིན་གྱི། དོན་དམ་པ་མ་ཡིན་པ་དེས་ན་སྙིང་པོ་མེད་དོ་ཞེས་གསུངས། གསུམ་པ་ནི། བརྩོད་ལན་དང་པོ་ལས་འཕྲོས་པའི་དཀའ་བའི་གནས་དང༌། གཉིས་པ་ལས་འཕྲོས་པའི་དཀའ་བའི་གནས་སོ། །དང་པོ་ནི། རྫས་འཛིན་སོ་སོ་སྐྱེ་བོ་ཁོ་ན་ལ་ཡོད་ན། སྒོམ་སྤངས་སུ་གྱུར་པའི་རྫས་འཛིན་རྟོག་པ་མེད་པར་འགྱུར་ཞེས་པའོ། །གཉིས་པ་ནི། བཏགས་འཛིན་རྟོག་པ་འཕགས་པ་ཁོ་ན་ལ་ཡོད་ན། མཐོང་སྤངས་དང་སྒོམ་སྤང་གཉིས་ལས་གང་ཡིན། ཕྱི་མ་ལྟར་ན། འདི་མཐོང་སྤངས་ཀྱི་སྐབས་ཡིན་པས་དེ་ལ་འདོད་དགོས་སོ། །དེ་ལྟ་ན་བཏགས་འཛིན་རྟོག་པ་ཞེས་པ་ནི། བདེན་འཛིན་གྱི་སྒྲོ་འདོགས་གཅོད་པའི་དོན་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ལ་ཆགས་དགོས་ཤིང༌། དེ་ཡང་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པར་འཕགས་པས་བཤད་པས། དེ་ལྟ་ན་དེ་འཕགས་པ་ཁོ་ན་ལ་ཡོད་པར་མི་འགྱུར་ཏེ། ཐེག་ཆེན་འཕགས་པ་ལ་ཡང་མེད། ཐེག་དམན་འཕགས་པ་ལ་མེད་པའི་ཕྱིར་རོ་སྙམ་ན། འདིའི་ལན་ལ་བོད་སྔ་མ་ཁ་ཅིག སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པ་དེ་ནི་ཡུལ་གྱི་རྫས་བཏགས་ཀྱི་དབང་དུ་བྱས་པ་ཡིན་གྱི། ཡུལ་ཅན་གྱི་དབང་དུ་བྱས་པ་མ་ཡིན་པས་སྐྱོན་མེད་དོ། །ཞེས་ཟེར་བ་ནི་མི་འཐད་དེ། ཉི་སྣང་དུ། ཡུལ་ཅན་རྟོག་པ་ཁོ་ནའི་དབང་དུ་བྱས་ནས་བཤད་པར་འགྲེལ་པའི་ཚིག་ཟིན་ལ་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ། གཙོ་ཆེ་བ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་བ་ཡང་མི་འཐད་དེ། ལན་འདེབས་ཚུལ་ལ་དེ་ལྟར་མི་སྣང་བའི་ཕྱིར། དེས་ན་འདི་ཡིན་ཏེ། འདིར་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པ་ནི། སྤྱིར་སྤང་བྱ་གཉིས་ལས་དང་པོའི་དབང་དུ་བྱས་པ་ཡིན་ཏེ། དེ་འཆད་པའི་སྐབས་ཡིན་པས་སོ། །དེ་ལ་ཡང་གང་ཟག་ལ་དང༌། ཆོས་ལ་རྫས་བཏགས་སུ་འཛིན་པ་གཉིས་ལས། དང་པོའི་དབང་དུ་བྱས་པ་ཡིན་ཏེ། དེ་ཉིད་ཚིག་གིས་ཟིན་པའི་ཕྱིར། དེ་ལའང་མོས་པ་ཡིད་བྱེད་དང༌། དེ་ཁོ་ན་ཉིད་ཡིད་བྱེད་གཉིས་ལས། གཉིས་པའི་དབང་དུ་བྱས་པ་ཡིན་ཏེ། ཉི་སྣང་ལས། དེ་ལྟར་གསལ་བའི་ཕྱིར། དེས་ན་མཐོང་སྤངས་སུ་གྱུར་པའི་གང་ཟག་ལ་རྫས་འཛིན་རྟོག་པ་ནི་སོ་སོ་སྐྱེ་བོ་ཁོ་ན་ལ་ཡོད་དེ། འཕགས་པ་ལ་དེ་མེད་པའི་ཕྱིར་ཏེ། འཕགས་པ་ཡིན་ན་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པས་ཁྱབ་པའི་ཕྱིར། དེར་གྱུར་པའི་གང་ཟག་ལ་བཏགས་འཛིན་རྟོག་པ་ནི་འཕགས་པ་ཁོ་ན་ལ་ཡོད་དེ། སོ་སོ་སྐྱེ་བོ་ལ་མེད་ཅིང༌། ཐེག་དམན་འཕགས་པ་ལ་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཤནྟི་པས། འཛིན་པའི་རྣམ་པར་རྟོག་པ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི། སོ་སོ་སྐྱེ་བོ་དག་གི་ཡིན་ཏེ། དེ་དག་གིས་མ་སྤངས་པའི་ཕྱིར་དང༌། འཕགས་པས་སྤངས་པའི་ཕྱིར་དང༌། མཐོང་བས་སྤང་བར་བྱ་བའི་སྐབས་ཡིན་པའི་ཕྱིར། འཛིན་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི། འཕགས་པ་དག་གིས་ཏེ། དེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་མ་སྤངས་པའི་ཕྱིར་དང༌། སོ་སོ་སྐྱེ་བོ་དག་ལ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །མཐོང་སྤངས་སུ་གྱུར་པའི་ཆོས་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ནི། གང་ཟག་སུ་ལ་ཡང་མངོན་དུ་གྱུར་པ་མི་སྲིད་དེ། དེ་འདྲ་དེ་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཁོ་ནར་ངེས་པའི་ཕྱིར། གང་དག་རྟོག་པ་ཡིན་ན། ཁོ་རྒྱུད་ལྡན་གྱི་གང་ཟག་ཡོད་པས་ཁྱབ་བོ་ཞེས་ཟེར་བ་དེ་དག་ནི་མ་ཤེས་པ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱིས་སྤང་ཟིན་པའི་རྟོག་པ་ཆོས་ཅན་དུ་བཟུང་བས་མ་ངེས་སོ། །དེ་ཡང་དེ་རྒྱུད་ལྡན་གྱི་གང་ཟག་ཡོད་ན། དེ་གང་ན་ཡོད། མཐོང་ལམ་མ་སྐྱེས་གོང་ན་ཡོད་དམ་དེ་སྐྱེས་ཕྱིན་ཆད་ཡོད། དང་པོ་ལྟར་ཁས་ལེན་པ་ལས་འོས་མེད་པས། གཉེན་པོས་སྤང་བྱ་རང་དུས་སུ་འགག་ཟིན་སྤོང་བར་འགྱུར་རོ། །འོ་ན་ཉན་རང་འཕགས་པ་ལ་གང་ཟག་ལ་རྫས་འཛིན་མེད་ན། དེས་དེ་བདེན་མེད་དུ་རྟོགས་པར་འགྱུར་ལ། དེ་ལྟ་ན། དེས་ཆོས་ཀྱི་བདག་མེད་རྟོགས་པར་འགྱུར་རོ། །སྙམ་ན། འདི་ཡང་ཚད་མས་གྲུབ་པའི་ཆོས་ཅིག་བདེན་མེད་དུ་རྟོགས་ན་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་དགོས་སོ་སྙམ་པའི་བོད་ཕྱི་མ་དག་གི་ལོག་པར་རྟོག་པ་དེ་ལས་བྱང་བ་ཡིན་མོད། རིགས་པ་མིན་ཏེ། དཔེར་ན་བཟུང་བ་བདེན་མེད་དུ་རྟོགས་ནས་འཛིན་པ་བདེན་མེད་དུ་མ་རྟོགས་པའི་སེམས་ཙམ་པ་དང་རང་རྒྱལ་ཡོད་པ་དང༌། རགས་པ་བདེན་མེད་དུ་རྟོགས་ཀྱང་རྡུལ་ཕྲ་རབ་བདེན་མེད་དུ་མ་རྟོགས་པའི་མདོ་སྡེ་པ་ཡོད་པ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བས་ཤེས་བྱེད་དུ་དྲངས་པའི་མདོ་ལས་ཀྱང༌། དགེ་སློང་དག ལྔ་པོ་འདི་དག་ནི་བརྡ་ཙམ་བཏགས་པ་ཙམ་སྟེ། གང་ཞེ་ན། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། དེ་མ་ཡིན་པའི་འགོག་པ་དང༌། མྱ་ངན་ལས་འདས་པ་དང༌། གང་ཟག་གོ །གཞན་ཡང་གང་ཟག་བདག་མེད་དུ་མ་རྟོགས་ཀྱང་རུང༌། གང་ཟག་རྫས་ཡོད་དུ་ཁས་ལེན་པ་ནི་རང་སྡེ་གྲུབ་མཐའ་སྨྲ་བ་སུ་ལ་ཡང་མེད་པས། ཉན་རང་འཕགས་པ་ལ་དེ་རྫས་ཡོད་དུ་འཛིན་པའི་རྟོག་པ་ལྟ་ག་ལ་ཡོད། དེ་ལས་གཞན་འདི་ལྟར་ཡང་འཆད་ནུས་ཏེ། འདིར་བཤད་པའི་སྐྱེ་འཕགས་གཉིས་ནི་ཐེག་ཆེན་གྱི་དབང་དུ་བྱས་པ་ཡིན་ཏེ། སྤང་གཉེན་གཉིས་པོ་རྟེན་གཅིག་ལ་འདོད་དགོས་པའི་ཕྱིར། དེ་ལྟར་ན་ཐེག་ཆེན་འཕགས་པ་ལ་རྫས་འཛིན་མེད་དེ། བདེན་འཛིན་མེད་པའི་ཕྱིར་ཏེ། དེ་ཡིན་ན་བདེན་མེད་མངོན་སུམ་དུ་རྟོགས་པས་ཁྱབ་པའི་ཕྱིར། སྒོམ་སྤངས་སུ་གྱུར་པའི་རྫས་འཛིན་རྟོག་པ་ནི་སློབ་དཔོན་འཕགས་པ་མི་བཞེད་དེ། དེས་སྒོམ་སྤངས་འཛིན་རྟོག་གི་རྣམ་བཞག་འཆད་པ་ན། སེམས་ཅན་དུ་བཏགས་པ་དང༌། བཏགས་པའི་རྒྱུ་ལ་བརྟེན་པའི་རྟོག་པ་ཞེས་བཤད་ཀྱི། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་ཞེས་མ་བཤད་པའི་ཕྱིར། དེ་ལྟར་འཆད་པའི་རྒྱུ་མཚན་ཡང༌། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་ཞེས་གསུངས་པ་ལ་བརྟེན་པའོ། །བཏགས་འཛིན་རྟོག་པ་ནི་གང་ཟག་དང༌། ཆོས་གཉིས་ཀ་ལ་བཏགས་པ་ཙམ་དུ་ཞེན་པའི་རྟོག་པ་ལ་བྱ་བ་ཡིན་ལ། དེ་ནི་ཐེག་ཆེན་འཕགས་པ་ཁོ་ན་ལ་ཡོད་པ་ཡིན་ཏེ། ཐེག་ཆེན་བསྒོམ་ལམ་པ་ལ་དེ་ཡོད་པའི་ཕྱིར། འོ་ན་མཐོང་སྤངས་སུ་གྱུར་པའི་དེ་སུ་ལ་ཡོད་ཅེ་ན། དེ་མངོན་དུ་གྱུར་པ་མི་སྲིད་ཀྱང༌། དེའི་རྟེན་གྱི་གང་ཟག་ཐེག་ཆེན་མཐོང་ལམ་པ་ལས་འོས་མེད་དེ། དེ་དེའི་རྒྱུད་ལ་འབྱུང་རུང་གི་རྟོག་པ་ཡིན་པས་སོ། །དེ་དེའི་རྒྱུད་ལ་འབྱུང་དུ་མི་རུང་ན། མཐོང་ལམ་བར་ཆད་མེད་ལམ་གྱིས་དེ་སྤོང་བ་དོན་མེད་དོ། །སློབ་དཔོན་གྱི་ལུགས་འདི་ལ་ཡང༌། སྒོམ་སྤངས་ལ་རྫས་འཛིན་དང༌། བཏགས་འཛིན་གྱི་རྟོག་པའི་རྣམ་པར་བཞག་པ་འཆད་དཀའ་བ་ཡིན་ཏེ། ཚིག་ཟིན་ལ་མ་བཤད་པ་དང༌། དགོངས་པ་ལ་འཆད་དགོས་ན་ཉི་སྣང་དང་འགལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྐབས་དང་པོའི་རྟོག་པ་ལ་དེ་ལྟར་ཕྱེ་བ་དང༌། དེ་སྤང་བྱ་གཉིས་ཀྱི་སྤྱི་ཁྱབ་ཀྱི་དབང་དུ་བྱས་པར་སློབ་དཔོན་བཞེད་པ་ལ་བསམ་ནས། སློབ་དཔོན་གྱིས་སྒོམ་སྤངས་ལ་ཡང་དེ་ལྟར་བཞེད་དོ་སྙམ་དུ་བསམ་པ་ཡིན་ནོ། །གཉིས་པ་གཉེན་པོའི་དབྱེ་བ་ནི། མདོ་ལས། གཉེན་པོ་བཞི་ཁོ་ན་དངོས་སུ་བསྟན་ནས། རྟོག་པ་བཞི་ཤུགས་ལ་བཤད་ལ། བསྟན་བཅོས་སུ་ནི་དེ་ལས་བཟློག་ཏེ་བཤད་པ་ཡིན་ནོ། །འོ་ན་ལུས་རྣམ་བཞག་དུ། །མཐོང་བ་ཞེས་བྱ་བའི་ལམ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་བཤད་པ་དེ་གང་ཞེ་ན། རྒྱན་གྱི་དངོས་བསྟན་ལྟར་ན། མཐོང་ལམ་བར་ཆད་མེད་ལམ་གཅིག་ཉིད་ལ་ལྡོག་པའི་སྒོ་ནས་བཞིར་འབྱེད་པ་ལྟ་བུར་སྣང་སྟེ། ཡན་ལག་རྒྱས་བཤད་དུ་རྟོག་པ་བཞིའི་གཉེན་པོ་འཆད་པ་ན། མཐོང་ལམ་བར་ཆད་མེད་ལམ་པ་ཉིད་བཤད་ཀྱི། དེ་ལ་སྦྱོར་འཇུག་གཉིས་སུ་ཕྱེ་བ་མི་སྣང་བའི་ཕྱིར། སྒོམ་སྤངས་རྟོག་པའི་གཉེན་པོ་ནི་སྦྱོར་འཇུག་བཞི་ལ་གསལ་བ་ཡིན་ཏེ། སྤང་བྱ་འཆད་པའི་སྐབས་སུ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་དང༌། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་དང༌། གཉེན་པོ་སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང༌། དངོས་གཞི་ཐོད་རྒལ་གཉིས་སུ་ཕྱེ་ནས་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི། སློབ་དཔོན་གྱིས་ནི་བསྒོམ་ལམ་གྱི་རིགས་པས། མཐོང་ལམ་ལ་ཡང་སྦྱོར་འཇུག་གཉིས་སུ་འབྱེད་པ་རྩ་བའི་དགོངས་པར་འཆད་པ་ཡིན་ཏེ། གཞན་དུ་ན། མཐོང་སྤང་རྟོག་པའི་གཉེན་པོ་བཞི་མི་རྙེད་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ། །འོ་ན་དེའི་སྦྱོར་བ་དེ་དག་གང་ཞེ་ན། ཁ་ཅིག་མཐོང་ལམ་བཟོད་པ་ཉིད་ལ་ལྡོག་པའི་སྒོ་ནས་འབྱེད་པ་ཡིན་ནོ། །ཞེས་ཟེར་བ་ནི་རིགས་པ་མིན་ཏེ། དེ་ལ་ལྡོག་པའི་སྒོ་ནས་མཐོང་སྤངས་རྟོག་པ་བཞིའི་ས་བོན་དྲུང་འབྱིན་པའི་གཉེན་པོ་རྣམ་པ་བཞིར་འབྱེད་པ་ཙམ་རིགས་མོད་ཀྱང༌། སྦྱོར་འཇུག་ཏུ་ཕྱེ་ན་ཧ་ཅང་ཐལ་བའི་ཕྱིར། དེ་ཅི་ལྟར་ཞེ་ན། འདིར་འཇུག་པ་ཞེས་པ་ནི། བར་ཆད་མེད་པའི་ལམ་ལ་ཟེར་བར་ཀུན་མཐུན་ལ། དེའི་ཚེ་ན་སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་ངོ་བོ་གཅིག་ལ་ལྡོག་པས་འབྱེད་པར་འདོད་ན། ཧ་ཅང་ཐལ་བའི་ཕྱིར་དང༌། སྒོམ་ལམ་གྱི་སྦྱོར་འཇུག་གཉིས་ཀྱང་ངོ་བོ་གཅིག་ལ་ལྡོག་པས་འབྱེད་པ་ཧ་ཅང་ཐལ་བའི་ཕྱིར་རོ། །དེས་ན་འདི་ཡིན་ཏེ། སྤྱིར་སྤང་བྱ་ལ་མཐོང་སྤངས་དང༌། སྒོམ་སྤངས་དང༌། དེའི་བག་ཆགས་ཏེ་གསུམ་མོ། །དེ་སྤོང་བྱེད་ཀྱི་གཉེན་པོ་ལ་ཡང༌། མཐོང་བསྒོམ་གྱི་རྩེ་སྦྱོར་གཉིས་དང༌། བར་ཆད་མེད་པའི་རྩེ་སྦྱོར་རོ། །གཉེན་པོ་དེ་གསུམ་གྱིས་སྤང་བྱ་དེ་གསུམ་སྤོང་བའི་ཚུལ་ཡང༌། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་སྟེ་བཞི་བཞིའོ། །དེའི་ཚེ་ན་སྤྱིར་ངེས་ཆ་བཞི་ནི། ལམ་གཉིས་ཀའི་སྦྱོར་བའི་ལམ་ཡིན་ཏེ། ལམ་གཉིས་ཀའི་སྤང་བྱ་རྟོག་པའི་ས་བོན་མགོ་གནོན་པའི་ཕྱིར། བྱེ་བྲག་ཏུ་ཆོས་མཆོག་གི་ཡེ་ཤེས་ནི་མཐོང་ལམ་ཁོ་ནའི་སྦྱོར་བ་སྟེ། སྐད་ཅིག་གཉིས་པར་མཐོང་ལམ་སྐྱེ་བས་སོ། །མཐོང་སྤངས་རྟོག་པ་ཁོ་ནའི་ས་བོན་ལ་གནོད་པའི་ཕྱིར། ལུང་གིས་ཀྱང་གྲུབ་སྟེ། དེ་དེའི་སྦྱོར་བ་ཡིན་པར་མཛོད་ཀྱི་འགྲེལ་པ་དང༌། འགྲེལ་བཤད་རྒྱལ་པོ་སྲས་ཀྱིས་བཤད་ཅིང༌། ཨ་བྷྱས་གནད་ཀྱི་ཟླ་འོད་དུ་ཡང་དེ་བཞིན་དུ་གསུངས་སོ། །ཞེས་གྲགས་པ་དང༌། དོན་གསལ་འདི་ཉིད་དུ་ཡང༌། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་པར་འབྱུང་ཞེས་གསུངས་ལ། འབྲེལ་པའི་ཤེས་བྱེད་ཀྱང་སྤང་བྱ་ཡིན་པ་ལ་འཆད་པ་ཡིན་ཏེ། དོན་གསལ་ལས། བསྒོམ་པས་ལམ་གྱིས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར་དེ་དང་འབྲེལ་པ་རྣམ་པ་དགུའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་མཐོང་ལམ་གྱི་སྦྱོར་བ་དེ་མཐོང་ལམ་རྩེ་སྦྱོར་དུ་འཆད་དམ་མི་འཆད། དང་པོ་ལྟར་ན། མཐོང་ལམ་དུ་འགྱུར་ལ། གཉིས་པ་ལྟར་ན། སྒོམ་ལམ་གྱི་སྦྱོར་བ་ཡང་སྒོམ་ལམ་རྩེ་སྦྱོར་དུ་མི་འཆད་པར་ཐལ་བ་དང༌། ལུས་རྣམ་བཞག་དུ་སྦྱོར་ལམ་རྩེ་སྦྱོར་བཞི་བཤད་ཟིན་པའི་འོག་ཏུ་མཐོང་སྤང་རྟོག་པའི་གཉེན་པོ་རྣམ་པ་བཞི་བཤད་ལ། ཁྱེད་ལྟར་ན། དེ་ལྟར་འཆད་མི་ནུས་པའི་ཕྱིར་སྙམ་ན། དེའི་ལན་ནི་སྤྱིར་མངོན་པ་ལས། མཐོང་བསྒོམ་གཉིས་ལམ་བཞི་བཞིའི་སྒོ་ནས་འཆད་པའི་ཚེ་ན། བསྒོམ་ལམ་གྱི་ལམ་བཞི་ཀ་བསྒོམ་ལམ་རྐྱང་པའི་སྟེང་ནས་བཞག་དུ་ཡོད་ལ། མཐོང་ལམ་གྱི་ནི་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་པོ་ཁོ་ན་དེར་འཇོག་གི སྦྱོར་བ་ནི་ངེས་འབྱེད་ཆ་མཐུན་ལ་འཇོག་པ་དང༌། ཁྱད་པར་གྱི་ལམ་ནི་སྒོམ་པའི་ལམ་ལ་འཇོག་པར་བཤད་པ་ཡིན་ལ། འདིར་ཡང་དེ་དང་མཐུན་པར་མཐོང་ལམ་གྱི་སྦྱོར་བ་ཉེར་བསྡོགས་ནི། སྦྱོར་ལམ་རྩེ་སྦྱོར་གྱི་སྐབས་སུ་བཤད་ཟིན་པ་ལ་དགོངས་ནས། དེ་འཆད་བྱེད་ཀྱི་གཞུང་ལོགས་པ་མེད་དོ། །དེ་ལྟ་ན་ཡང་སེམས་ཀུན་གནས་ཀྱི་འོག་ཏུ་མཐོང་སྤང་རྟོག་པའི་གཉེན་པོ་བཞི་འཆད་པ་དང་མི་འགལ་ཏེ། དེའི་སྤང་བྱ་རྟོག་པ་ལོགས་ན་མེད་པའི་ཕྱིར་རོ། །འོ་ན་རྩེ་སྦྱོར་གྱི་ཆོས་རྣམས་བརྒྱད་དུ་བཤད་པ་དེ་མ་ཚང་བར་འགྱུར་རོ་ཞེ་ན། དེའི་རྣམ་བཞག་ཇི་ལྟར་ཡིན་པ་ནི། སྔར་ལུས་རྣམ་བཞག་གི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་མཐོང་ལམ་རྩེ་དངོས་བཤད་པ་ལ་གཉིས་ཏེ། ཞར་ལས་བྱུང་བའི་དོན་དང༌། རྣལ་མ་མཐོང་ལམ་རྩེ་སྦྱོར་རོ། །དང་པོ་ལ་བྱང་ཆུབ་ཆེན་པོའི་རྒྱུ་དང༌། འབྲས་བུ་བྱང་ཆུབ་ཆེན་པོ་དངོས་སོ། །དང་པོ་ལ་འདིར་རྒྱུ་ཞེས་པ་ནི། ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ། གང་གི་ཞེ་ན་བྱང་ཆུབ་ཆེན་པོའི་འོ། །འོ་ན་དེའི་ཉེ་བར་ལེན་པའི་རྒྱུ་དེ་གང་ཞེ་ན། འོག་ནས་འཆད་པའི་མཐོང་ལམ་རྩེ་སྦྱོར་དེ་ཉིད་ཡིན་ལ། དེས་སྒོམ་ལམ་གྱི་རྩེ་སྦྱོར་ཀྱང་མཚོན་ནུས་སོ། །དེའི་ཕྱིར་རྐྱེན་གསུམ་པོ་འདི་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་བཞག་པར་ནུས་སོ། །གང་དག་གསུམ་པོ་འདི་བྱང་ཆེན་དང༌། ཐེག་ཆེན་མཐོང་ལམ་གྱི་རྒྱུར་བཤད་ནས། བྱང་ཆེན་གྱི་ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ནས་འཇོག་པ་ནི་རྣམ་པར་མ་བརྟགས་པའོ། །གཉིས་པ་བྱང་ཆེན་གྱི་ངོ་བོ་ནི། ཇི་སྐད་དུ། དྲི་མ་ཟད་དང་མི་སྐྱེ་བའི་ཡེ་ཤེས་ཤེས་པའོ། །དེ་ཉན་ཐོས་སྡེ་པའི་འདོད་ལུགས་དང་མི་མཐུན་པར་སྟོན་པ་ནི། ཟད་མེད་སྐྱེ་མེད་ཕྱིར་དེ་དག །ཞེས་པའོ། །དེ་ལ་དབྱེ་ན། སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་སྟེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གི་བྱང་ཆུབ་ཆེ། །ཞེས་དང༌། དོན་གསལ་ལས་ཀྱང༌། ཆོས་ཀྱི་སྐུ་ལ་སོགས་པ་ཞེས་དང༌། དེའི་འགྲེལ་བཤད་ཚིག་གསལ་ལས་སོགས་ཁོང་ནས་སྐུ་གཉིས་འདོན་པར་བཤད་དོ། །མདོར་ན་བྱང་ཆུབ་ཆེན་པོ་ནི། རྫོགས་པའི་བྱང་ཆུབ་བོ། །བྱང་ཆེན་ངོས་འཛིན་པའི་གཞུང་དེ་དག་གིས་ནི། དྲི་མ་བདེན་མེད་དུ་འདོད་པའི་ཕྱོགས་ལ་བྱང་ཆེན་འཐད་པར་བསྟན་ནས། དྲི་མ་བདེན་གྲུབ་ཏུ་འདོད་པའི་ཕྱོགས་ལ་བྱང་ཆེན་མི་འཐད་པར་བཤད་པ་ལ་གཉིས་ཏེ། དངོས་སྟོབས་རིགས་པས་མི་འཐད་པ་དང༌། ཁས་བླངས་ནང་འགལ་བས་མི་འཐད་པའོ། །དང་པོ་ནི། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་ཡིན་ལ། གཉིས་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་སོགས་སོ། །སྐབས་འདིར་རྣལ་འབྱོར་ས་བཞིའི་རྣམ་པར་བཞག་པ་ལ། སྤྱིའི་རྣམ་བཞག་དང༌། སོ་སོའི་རྣམ་བཞག་གོ །དང་པོ་ལ་གསུམ་སྟེ། དབྱེ་བའི་གྲངས། དེར་ངེས་པའི་རྒྱུ་མཚན། ཇི་ལྟར་རྒྱུད་ལ་བསྐྱེད་པའི་གོ་རིམ་མོ། །དང་པོ་ལ་བཞི་སྟེ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། ཕྱི་དོན་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་གྱི་ས། དོན་དུ་སྣང་བའི་གཟུང་རྣམ་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་གྱི་ས། གཉིས་མེད་ཀྱི་ཤེས་པ་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་སའོ། །དེ་དག་ལ་བོད་ཀྱི་སློབ་དཔོན་རྣམས། བདག་མེད་དང༌། གཟུང་མེད་དང༌། འཛིན་མེད་དང༌། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་ཞེས་ཟེར་རོ། །གཉིས་པ་ནི་དེ་ལ་དེར་ངེས་པ་ཡིན་ཏེ། སྤང་བྱ་ལ་ཉོན་སྒྲིབ་དང༌། ཤེས་སྒྲིབ་གཉིས། གཉིས་པ་ལ་གཟུང་རྟོག་དང་འཛིན་རྟོག་གཉིས། དང་པོ་ལ། རགས་པ་ཕྱི་དོན་བདེན་གྲུབ་ཏུ་འཛིན་པ་དང༌། ཕྲ་བ་གཟུང་རྣམ་བདེན་གྲུབ་ཏུ་འཛིན་པ་གཉིས་ཏེ། མདོར་ན་སྤང་བྱ་རྟོག་པ་ལ་བཞི་པོ་དེར་ངེས་པའི་རྒྱུ་མཚན་གྱིས། གཉེན་པོ་རྣལ་འབྱོར་གྱི་ས་བཞིར་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། ཐོག་མར་ཕྱི་རོལ་པའི་ལྟ་བ་ལས་བཟློག་ནས། ཉན་ཐོས་སྡེ་པ་དང་ཐུན་མོང་བའི་ལྟ་བ་རྒྱུད་ལ་བསྐྱེད་ནས་གོམས་པར་བྱེད་པ་ནི། རྣལ་འབྱོར་གྱི་ས་དང་པོ་སྟེ། དེར་སྐྱེ་འཇིག་ཅན་གྱི་རྟགས་ལས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་རྟོགས་པའི་བློའི་རྒྱུན་གོམས་པར་བྱེད་པའི་ཕྱིར་རོ། །དེའི་འོག་ཏུ་ཉན་ཐོས་སྡེ་པས་ཕྱི་དོན་བདེན་གྲུབ་དུ་ཞེན་པའི་ལྟ་བ་ལས་ལོག་ནས། སེམས་ཙམ་རྣམ་བདེན་པ་དང་ཐུན་མོང་གི་ལྟ་བ་རྒྱུད་ལ་བསྐྱེད་ནས་གོམས་པར་བྱེད་པ་ནི་རྣལ་འབྱོར་གྱི་ས་གཉིས་པ་ཡིན་ཏེ། དེར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་ཕྱི་དོན་བདེན་མེད་དུ་རྟོགས་པའི་བློའི་རྒྱུན་གོམས་པར་བྱེད་པའི་ཕྱིར་རོ། །དེའི་འོག་ཏུ་རྣམ་བདེན་པས་ཕྱི་དོན་དུ་སྣང་བ་འདི་ནང་ཤེས་པའི་ངོ་བོར་བདེན་པར་ཞེན་པའི་ལྟ་བ་ལས་ལོག་ནས། སེམས་ཙམ་རྣམ་བརྫུན་པ་དང་ཐུན་མོང་གི་ལྟ་བ་ལ་གོམས་པར་བྱེད་པ་ནི། རྣལ་འབྱོར་གྱི་ས་གསུམ་པ་སྟེ། དེར་ཕྱི་དོན་མེད་པའི་རྟགས་ཀྱིས་དོན་དུ་སྣང་བ་ཡང་མི་བདེན་པར་གཏན་ལ་ཕབ་ནས་གོམས་པར་བྱེད་པའི་ཕྱིར། དེའི་འོག་ཏུ་སེམས་ཙམ་རྣམ་བརྫུན་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདེན་གྲུབ་ཏུ། ཁས་ལེན་པའི་ལྟ་བ་ལས་ལོག་ནས། ངོ་བོ་ཉིད་མེད་པའི་ཐུན་མོང་མ་ཡིན་པའི་ལྟ་བ་རྒྱུད་ལ་བསྐྱེད་ནས་གོམས་པར་བྱེད་པ་ནི། རྣལ་འབྱོར་གྱི་ས་བཞི་པ་སྟེ། དེར་རྟེན་འབྲེལ་གྱི་རྟགས་ལས་གཉིས་མེད་ཀྱི་ཤེས་པ་བདེན་མེད་དུ་གཏན་ལ་ཕབ་ནས་གོམས་པར་བྱེད་པའི་ཕྱིར་རོ། །ས་བཞི་པོ་འདི་དག་ལུང་གང་ནས་འབྱུང་ཞེ་ན། ས་དང་པོ་ནི། ལུང་བསིལ་བུ་ལས། འདི་ན་བདག་གམ་གང་ཟག་མེད། །ཆོས་འདི་ཐམས་ཅད་རྒྱུ་དང་བཅས། །ཞེས་སོ། །གཉིས་པ་དང་གསུམ་པ་ནི་ལང་ཀར་གཤེགས་པ་ལས་གསུངས་སྟེ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་གནས་པ་ལ་བརྟེན་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལ་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་གསུངས། སློབ་དཔོན་སྔ་མ་རྣམས་མདོ་དེས་རྣལ་འབྱོར་གྱི་ས་བཞི་པ་བསྟན་པར་བཞེད་ཀྱང༌། སེམས་ཙམ་ལས་ནི་འདའ་བར་བྱ། །ཞེས་པ་མན་གྱིས་རྣམ་བརྫུན་པའི་ལྟ་བ་དེ་སྟོན་པ་ཡིན་པར་ལང་ཀར་གཤེགས་པ་ཉིད་དང༌། མདོ་སྡེའི་རྒྱན་ལ་སོགས་ལས་ཤིན་ཏུ་གསལ་བས། སྤྲོས་བྲལ་རྟོགས་པ་རྣལ་འབྱོར་གྱི་སའི་ལུང་ནི་གཞན་ལས་བཙལ་ཏེ་བསྣན་པར་བྱའོ། །བསལ་བའི་རྒྱུ་མཚན་ཡང༌། རྒྱན་ལས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་བཤད་པ་དེ་དང༌། སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་སོགས་ཀྱི་དོན་ལ་ཁྱད་པར་ཅི་ཡང་མི་སྣང་བའི་ཕྱིར། མདོར་ན་རྣལ་འབྱོར་གྱི་ས་བཞི་ནི། གྲུབ་མཐའ་སྨྲ་བ་བཞི་ལས། ཉན་ཐོས་སྡེ་གཉིས་ཀྱི་ལྟ་བ་གཅིག་དུ་བྱས། སེམས་ཙམ་རྣམ་བདེན་རྫུན་གྱི་ལྟ་བ་གཉིས་ལ་སོ་སོར་ཕྱེ། ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་ལ་ལྟ་བ་མཆོག་ཏུ་བཤད་ནས། བཞི་པོ་དེ་ལ་རིམ་གྱིས་གོམས་པར་བྱེད་པའི་རྣལ་འབྱོར་ལ་རྣལ་འབྱོར་གྱི་ས་བཞི་ཞེས་བྱ་ལ། དེ་ལྟར་འཆད་པ་འདི་ནི། སློབ་དཔོན་ཞི་བ་འཚོ་ཡབ་སྲས་ཀྱིས་བཤད་པའི་སྲོལ་ལོ། །དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། རྣལ་འབྱོར་གྱི་ས་བཞི་ཞེས་འདོད་པ་བསམ་པར་བྱ་བ་ཡིན་ཏེ། སྔོན་པོ་སྔོ་སྣང་དབང་ཤེས་ལས་རྫས་ཐ་དད་ཡིན་པ་ཁེགས་ནས། སྔོ་སྣང་དབང་ཤེས་སྔོན་པོ་ལས་རྫས་ཐ་དད་པའི་གཟུང་འཛིན་རྫས་གཞན་མི་ཁེགས་པའི་རིམ་པ་མི་འཐད་ལ། གལ་ཏེ་རྣལ་འབྱོར་གྱི་ས་གཉིས་པར། ཕྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁེགས་ཀྱང༌། ནང་ཤེས་པ་ལ་ལྟོས་པའི་དེ་མི་ཁེགས་པས། དེས་སྟོང་པ་རྣལ་འབྱོར་གྱི་ས་གསུམ་པས་སྟོན་པ་ཡིན་ནོ་ཞེ་ན། དེ་ཡང་ཤིན་ཏུ་མི་རིགས་ཏེ། རྣམ་འགྲེལ་ལས། དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །ཞེས་རིགས་པ་སྔ་མ་དེ་ཉིད་ཀྱིས་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁེགས་པའི་ཕྱིར་དང༌། དེ་ལ་གྲུབ་མཐའ་གོང་འོག་གི་རིམ་པ་ཤིང་རྟ་ཆེན་པོ་གང་གིས་ཀྱང་མ་གསུངས་པའི་ཕྱིར་དང༌། སེམས་ཙམ་པས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་དབང་ཤེས་ཀྱི་གཟུང་འཛིན་རྫས་གཞན་མ་ཁེགས་པར་ཐལ། སེམས་ཙམ་པ་དང་མཐུན་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་རྣལ་འབྱོར་གྱི་ས་གཉིས་པས་བསྟན་ལ། ཁྱེད་ལྟར་ན། དེ་ལས་གོང་དུ་གཟུང་འཛིན་རྫས་གཞན་ཙམ་རྣལ་འབྱོར་གྱི་ས་གསུམ་པ་ལ་བརྟེན་ནས་དགག་དགོས་པའི་ཕྱིར། དེས་ན་སེམས་ཙམ་གྱི་ལྟ་བ་མ་ལུས་པ་ནི། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་རྟོགས་ནུས་ལ། དེ་ལས་གོང་ན་དབུ་མའི་ལྟ་བ་མ་གཏོགས་གཞན་སུ་ཡང་མེད་པས། རྣལ་འབྱོར་གྱི་ས་བཞི་པ་ཞེས་པ་ནི་བསམ་པར་བྱ་བ་ཁོ་ནའོ། །དེས་ན་མངོན་པར་རྟོགས་པའི་རྒྱན་འདིར། ལྟ་བ་ལ་ལྟོས་པའི་ཐེག་པའི་རིམ་པ་གསུམ་ཁོ་ན་བསྟན་ཏེ། ཆུང་ངུ་གང་ཟག་གི་བདག་མེད་ཐུན་མོང་བ་རྟོགས་པ་དང༌། འབྲིང་པོ་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པ་དང༌། ཆེན་པོ་རྣམ་ཤེས་བདེན་མེད་དུ་རྟོགས་པའོ། །འོ་ན་སྐབས་འདིར་རིམ་པ་བཞི་བསྟན་པ་ལྟར་སྣང་བ་འདི་ཇི་ལྟར་ཞེ་ན། དཔྱད་པར་བྱ་སྟེ། འདིར་རྣལ་འབྱོར་གྱི་ས་བཤད་པ་འདི་དག་སྙིང་པོའི་དོན་བསྒོམ་པའི་རིམ་པ་བསྟན་པ་ཡིན་ལ། དེ་ཡང་རིམ་པ་དང་པོས་གང་ཟག་གི་བདག་མེད་ཐུན་མོང་བ་བསྒོམ་པ་སྔོན་དུ་བཏང་ནས། རིམ་པ་གཉིས་པ་ལ་མཉམ་རྗེས་གཉིས་ལས། མཉམ་གཞག་དུ་བཟུང་འཛིན་རྫས་གཞན་གྱི་སྟོང་བར་མངོན་སུམ་གྱིས་རྟོགས་པ་ན། རྗེས་ཐོབ་ཏུ་སྔོ་སྣང་དབང་ཤེས་སོགས་མ་འཁྲུལ་བར་འཛིན་པ་ལོག་ནས། གཞན་དབང་འཁྲུལ་པར་མྱོང་སྟོབས་ཀྱིས་དབང་གིས་རྟོགས་པ་ཡིན་པས། རྗེས་ཐོབ་ཀྱི་རྟོགས་ཚུལ་གྱི་རིམ་པ་བསྟན་པ་ཙམ་གྱིས། ལྟ་བ་གོང་འོག་གི་རིམ་པ་བསྟན་པར་འདོད་པ་ནི། དཔྱད་མི་བཟོད་པས་མི་རིགས་པ་ཁོ་ནའོ། །ཞེས་གསུང་ངོ༌། །འདི་དག་ནི་རིགས་པ་མ་ཡིན་ཏེ། རྣལ་འབྱོར་གྱི་ས་བར་པ་གཉིས་ཀྱིས་ལྟ་བ་ལ་གོང་འོག་གི་རིམ་པ་མེད་ན། བྱམས་ཆོས་བར་པ་གསུམ་དང༌། ཚད་མ་རྣམ་འགྲེལ་ངེས་ལ་སོགས་པར་ཐོག་མར་ཕྱི་དོན་བདེན་གྲུབ་བཀག་པའི་འོག་ཏུ། དོན་དུ་སྣང་བའི་གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་རིགས་པ་གཉིས་རིམ་པ་བཞིན་དུ་གསུངས་པ་རྣམས་མི་འཐད་པ་ཁོ་ནར་འགྱུར་ཞིང༌། དེ་གཉིས་ལ་ལྟ་བ་གོང་འོག་གི་རིམ་པ་མེད་ན། ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པ་དང༌། དོན་སྣང་གི་ཤེས་པ་བདེན་མེད་དུ་རྟོགས་པ་གཉིས་ལ། ལྟ་བ་གོང་འོག་གི་རིམ་པ་མེད་པར་འགྱུར་ཞིང༌། སེམས་ཙམ་རྣམ་བདེན་བརྫུན་གྱི་ལྟ་བ་ལ་ཁྱད་པར་མེད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཚད་ལྡན་གྱི་གཞུང་དུ་མ་ནས་ལྟ་བ་གོང་འོག་གི་ཁྱད་པར་བཤད་པའི་རྣམ་བདེན་བརྫུན་གྱི་ལྟ་བ་ལ་ཁྱད་པར་མི་འདོད་པར་ཁྱད་པར་མ་བཤད་པར། དབུ་མ་ཐལ་རང་གི་ལྟ་བ་ལ་ཁྱད་པར་ཡོད་དོ་ཞེས་འདོད་པ་ནི། དེ་བས་ཀྱང་བསམ་པར་བྱ་བ་ཁོ་ནའོ། །ཡང་ལྷན་ཅིག་དམིགས་ངེས་ཀྱི། རྟགས་ཀྱིས་སེམས་ཙམ་གྱི་ལྟ་བ་མ་ལུས་པ་གཏན་ལ་འབེབས་ནུས་ཞེས་ཟེར་བ་ཆེས་ཤིན་ཏུ་མི་རིགས་ཏེ། གཏན་ཚིགས་དེ་ནི་མདོ་སྡེ་པ་དང་ཐུན་མོང་གི་གཏན་ཚིགས་ཡིན་པའི་ཕྱིར་དང༌། གཏན་ཚིགས་དེས་རྣམ་བདེན་གྱི་ལྟ་བ་གཏན་ལ་འབེབས་ནུས་ཀྱང༌། རྣམ་བརྫུན་གྱི་ལྟ་བ་གཏན་ལ་མི་ཕེབས་པའི་ཕྱིར་དང༌། གཏན་ཚིགས་དེ་ཡང་རྣམ་བརྫུན་པས་ཁས་མི་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། ཇི་སྐད་དུ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཞེས་མདོ་སྡེ་པས། བློ་ཚུལ་གཉིས་བསྒྲུབ་ཀྱི་རིགས་པ་ལ་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཁས་ལེན་པར་བཤད་པའི་ཕྱིར་དང༌། ཕྱི་དོན་ཁས་ལེན་པ་དང༌། གཏན་ཚིགས་དེ་ཁས་མི་ལེན་པ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མིན་ཏེ། དེ་ཁས་ལེན་པ་དང༌། དེར་སྣང་གི་རྣམ་པ་ཤེས་པར་ཁས་ལེན་པ་གཉིས་མི་འགལ་བའི་ཕྱིར་དང༌། གཏན་ཚིགས་དེའི་ཆོས་ཅན་ནི། དོན་སྣང་གི་ཤེས་པ་དང་དེ་ལ་དེར་སྣང་བ་གཉིས་བཟུང་ནས་གཏན་ཚིགས་དེ་བཀོད་པ་ཡིན་ཏེ། ཇི་སྐད་དུ། སྔོན་པོར་སྣང་བ་མཐོང་བ་ཡིན། །ཞེས་གསུངས་སོ། །གཏན་ཚིགས་གཉིས་པ་གྲུབ་ཏེ། རྟགས་དེས་ཕྱི་དོན་བདེན་གྲུབ་ཁེགས་ཀྱང༌། དོན་སྣང་གི་རྣམ་པ་བདེན་གྲུབ་མི་ཁེགས་པའི་ཕྱིར་ཏེ། བསྟན་འཆོས་རྣམ་འགྲེལ་དུ་ཡང༌། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཕྱི་དོན་མེད་པར་བསྒྲུབ་ཟིན་པའི་འོག་ཏུ་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་ཕྱིར་ཏེ། དེ་ཡང་ཇི་ལྟར་ཞེ་ན། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་བཤད་ནས། དེའི་འོག་དུ། གང་གི་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །ཞེས་སོགས་ཀྱི་གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་ཕྱིར་དང༌། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་ཀྱིས་ཕྱི་དོན་བདེན་མེད་དུ་བསྒྲུབ་ཟིན་པའི་འོག་དུ། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་ཀྱིས་དོན་གྱི་རྣམ་པ་བདེན་མེད་དུ་བསྒྲུབ་བྱེད་ཀྱི་གཏན་ཚིགས་བཤད་པའི་ཕྱིར། རྩ་བའི་གཏན་ཚིགས་གསུམ་པ་གྲུབ་ཏེ། རྣམ་བརྫུན་པས་དོན་གྱི་རྣམ་པ་དེ་ཤེས་པར་ཁས་མི་ལེན་པས། དེ་དང་དེར་སྣང་བའི་ཤེས་པ་གཉིས་ལྷན་ཅིག་དམིགས་ངེས་སུ་ཁས་ལེན་པ་མི་རུང་བའི་ཕྱིར་དང༌། དོན་སྣང་གི་ཤེས་པས་དོན་གྱི་རྣམ་པ་མྱོང་བའི་ཆ་ནས་དེ་རང་རིག་དུ་ཁས་ལེན་པ་དང༌། དེ་འདྲ་དེ་སྐྲ་ཤད་དུ་སྣང་བའི་ཤེས་པ་ལྟར་མེད་པ་གསལ་སྣང་ཅན་གྱི་ཤེས་པར་འདོད་པ་ནི་རྣམ་བདེན་བརྫུན་གྱི་ཁྱད་པར་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་དེའི་བདག་ཉིད་འདོད། །ཅེས་དང༌། སྐྲ་སོགས་ཤེས་པ་ཐ་དད་བཞིན། །ཞེས་པའི་གཞུང་གཉིས་ཀྱིས་རྣམ་བདེན་བརྫུན་གྱི་གྲུབ་པའི་མཐའ་རིམ་པར་བསྟན་པས་སོ། །ཡང་ཇི་སྐད་དུ། དེར་ཡང་བརྩད་པར་མཚུངས་ཕྱིར་ཏེ། །ཞེས་པའི་གཞུང་གིས་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་གོ་ཞེས་ཟེར་བ་ཡང་དོན་མ་ཡིན་ཏེ། དེ་འདྲའི་ཐ་སྙད་འདོད་མཁན་གྱི་གྲུབ་མཐའ་སྨྲ་བ་དང༌། དེ་འགོག་བྱེད་ཀྱི་རིགས་པའི་རྣམ་བཞག་ཚད་ལྡན་སུས་ཀྱང་མ་བཤད་པའི་ཕྱིར་དང༌། གཞུང་དེའི་དོན་ནི། གཟུགས་འཛིན་པའི་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་རིག་པར་འདོད་པ་ལ། འགོག་བྱེད་ཀྱི་རིགས་པ་གོང་དུ་བཤད་པ་དེ་ཐམས་ཅད་དེས་རང་མི་རིག་པར་འདོད་པ་ལ་ཡང་མཚུངས་སོ། །ཞེས་བྱ་བའི་དོན་དུ་ལྷ་ཤཱཀ་དང་ཆོས་མཆོག་གསུམ་ཆར་གྱིས་བཤད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྣམ་བདེན་པས་ནི་གཟུང་བ་རྫས་གཞན་མེད་ཀྱང༌། ཤེས་པ་ཉིད་དོན་དུ་སྣང་བར་འདོད་པ་ཡིན་ལ། དེའི་ཚེ་ན་ནི་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁས་བླངས་པ་མ་ཡིན་ཏེ། དེའི་ཚེ་ན་གཟུང་འཛིན་གཉིས་ཀ་རྫས་གཅིག་ཏུ་ཁས་བླངས་པའི་ཕྱིར་དང༌། དེའི་ཚེ་ན་ཇི་སྐད་དུ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་ཤེས་པ་གཅིག་གི་ཆ་ལ་གཟུང་འཛིན་གཉིས་སུ་ཁས་ལེན་པ་ཡིན་པའི་ཕྱིར། དེ་ལྟར་ཁས་ལེན་པ་དེ་རྣམ་བརྫུན་པས་འགོག་པའི་ཚེ་ན་ནི། བཟུང་ཆ་དེ་ཤེས་པ་མ་ཡིན་པ་དང༌། སྒྲོ་བཏགས་ཡིན་པར་བཤད་ནས། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་ཁོ་ན་གནས་ལུགས་དང༌། མ་འཁྲུལ་བར་བསྒྲུབ་པ་ཡིན་གྱི། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་སུས་ཀྱང་ཁས་མ་བླངས་པས་འགོག་མི་དགོས་པའི་ཕྱིར་རོ། །ཁྱེད་ཀྱི་རྣལ་འབྱོར་གྱི་ས་བར་པར་བཤད་པའི་གཞུང་ཚན་པ་གཉིས་ཀྱིས་ལྟ་བའི་རིམ་པ་མ་བཤད་ན། གཞུང་དེ་ཉིད་དང་འགལ་ཏེ། ཇི་སྐད་དུ། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཞེས་དང༌། གཞུང་ཕྱི་མར། འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ། ཞེས་བཤད་པས་སོ། །ཡང་གཞུང་དེ་གཉིས་ཀྱིས་མཉམ་རྗེས་ཀྱི་རིམ་པ་བསྟན་པར་འདོད་ན། ཁས་བླངས་ནང་འགལ་བ་དང༌། ལུང་རིགས་ཀྱིས་མི་འཐད་པ་གཉིས་འབྱུང་ངོ༌། །དང་པོ་ནི། དེ་ལྟར་འདོད་པ་ཡང་མི་འཐད་པར་ཐལ། མཉམ་གཞག་དུ་སྔོན་པོ་སྔོ་སྣང་དབང་ཤེས་ལས་རྫས་གཞན་ཡིན་པ་ཁེགས་ནས་གཅིག་ཤོས་དེ་ལས་རྫས་གཞན་ཡིན་པ་མི་ཁེགས་པའི་རིམ་པ་མི་འཐད་པའི་ཕྱིར། གཉིས་པ་ནི། དེ་ལྟར་འདོད་པ་མི་འཐད་དེ། གཞུང་སྔ་ཕྱི་གཉིས་ཀྱི་བསམ་བྱུང་གི་རིགས་པ་མི་འདྲ། བསྒོམ་བྱུང་གི་རྣལ་འབྱོར་མི་འདྲ། བསྒོམ་པའི་འབྲས་བུ་མི་འདྲ་བའི་ཕྱིར། ཇི་ལྟར་མི་འདྲ་ཞེ་ན། གཞུང་ཉིད་ལ་བལྟས་པས་གསལ་ལོ། །བཞི་པ་སོ་སོའི་རྣམ་གཞག་ལ་བཞི་སྟེ། ས་དང་པོའི་བསམ་བྱུང་གི་རིགས་པ་བཤད། གཉིས་པའི་དང༌། གསུམ་པའི་དང༌། བཞི་པའི་བསམ་བྱུང་གི་རིགས་པ་བཤད་པའོ། །དང་པོ་ལ། དགག་བྱ་ནི། རྟག་གཅིག་རང་དབང་ཅན་གྱི་བདག་གོ །འགོག་བྱེད་ཀྱི་རིགས་པ་ནི། མི་རྟག་དུ་མ་གཞན་དབང་ཅན་ནོ། །དེས་དེ་འགོག་ནུས་པའི་རྒྱུ་མཚན་ནི། དེ་གཉིས་འགལ་བའི་སྟོབས་ཀྱིས་སོ། །གཉིས་པ་ལ་དགག་བྱ་ནི། དོན་སྣང་གི་ཤེས་པ་ལ་དངོས་སུ་སྣང་བ་དེ་ཕྱི་དོན་ཡིན་པ་དང༌། དེའི་ཚེ་དོན་དང་སྣང་མཁན་གྱི་ཤེས་པ་གཉིས་རྫས་གཞན་ཡིན་པ་དེའོ། །དེ་འགོག་བྱེད་ཀྱི་རིགས་པ་ནི། དམིགས་བྱེད་ཀྱི་བློ་གཅིག་གིས་དུས་གཅིག་པུ་ཉམས་སུ་མྱོང་བའོ། །འགོག་ནུས་པའི་རྒྱུ་མཚན་སྔ་མ་དང་འདྲ་ལ། འགོག་པའི་ཚུལ་ནི། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་ཐོག་མར་འགོད་ལ། འདི་ཙམ་ཞིག་མདོ་སྡེ་པས་ཀྱང་འདོད་མོད། དེའི་འོག་ཏུ་སྔོན་པོ་སྣང་བའི་གཞི་འདིར་ཆོས་ཅན། ཕྱི་དོན་ཡོད་པ་མ་ཡིན་ཏེ། དེ་སྣང་རུང་མ་དམིགས་པའི་ཕྱིར། །ཞེས་འགོད་པ་ཡིན་ཏེ། ཇི་སྐད་དུ། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་བཤད་པའི་ཕྱིར། འདིར་ཡང༌། འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང༌། ཞེས་གསུངས་སོ། །དེ་ཡང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་དོན་དུ་སྣང་བ་སེམས་སུ་བསྒྲུབ་པ་འདི་ནི་མདོ་སེམས་གཉིས་ཀའི་ཐུན་མོང་གི་རིགས་པ་ཡིན་ལ། སེམས་ཙམ་པས་མདོ་སྡེ་པའི་ངོར་དོན་དུ་སྣང་བ་སེམས་ཡིན་ཅིང༌། དེ་ལས་མ་གཏོགས་པའི་ཕྱི་དོན་མངོན་སུམ་གྱིས་མ་དམིགས་པའི་ཕྱིར་ཞེས་པའི་རྟགས་ཀྱིས་ཕྱི་དོན་མེད་པར་བསྒྲུབ་དགོས་པ་ཡིན་ནོ། །དེ་ལ་མདོ་སྡེ་པ་ན་རེ། དེ་མངོན་སུམ་གྱིས་མ་དམིགས་ཀྱང་རྗེས་དཔག་གིས་གྲུབ་པ་ཡིན་ཏེ། རྒྱུའི་ཁྱད་པར་དཔོག་པའི་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སོ། །ཞེས་རྒོལ་བ་ཡིན་ཏེ། ཇི་སྐད་དུ། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །ཞེས་བཤད་པ་ལྟར་རོ། །དེ་ལ་སེམས་ཙམ་པས་ཁྱབ་པ་མ་ངེས་པའི་ལན་འདེབས་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་མཚུངས་པ་དེ་མ་ཐག །ཅེས་སོགས་དང༌། འདིར་འགའ་ཞིག་ནི་འགའ་ཞིག་གིས། །ཞེས་སོགས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་ཡང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་གཏན་ལ་འབེབ་པར་མི་ནུས་པའི་སེམས་ཙམ་པའི་ལྟ་བ་ཅི་ཡང་མེད་དོ་ཞེས་ཟེར་བ་དེ་ཡང་རྣམ་པར་འཁྱམས་སོ། །དེ་ཁོ་ནར་མ་ཟད་ཀྱི་གཏན་ཚིགས་དེས་གཟུང་འཛིན་རྫས་གཞན་དུ་ཞེན་པའི་ཆོས་ཀྱི་བདག་འཛིན་ཁེགས་སུ་ཆུག་ཀྱང༌། དེས་སེམས་ཙམ་གྱི་གཞུང་ནས་འབྱུང་བའི་ཆོས་ཀྱི་བདག་འཛིན་མ་ལུས་པ་ཁེགས་པ་མིན་ཏེ། རྣམ་གཡེང་རྣམ་པར་རྟོག་པ་བཅུ་འགོག་བྱེད་ཀྱི་ལུང་དང་རིགས་པ་རྣམས་ཐེག་བསྡུས་སུ་རྒྱས་པར་གསུངས་པར་གསུངས་པ་བཞིན་ནོ། །གཏན་ཚིགས་འདི་ཇི་ལྟར་འགོད་པའི་ཚུལ་ལ་བོད་ཕྱི་མ་གང་དག སྔོན་པོ་དང་སྔོ་སྣང་དབང་ཤེས་ཆོས་ཅན། ཞེས་པ་དང༌། དེ་དང་དེ་འཛིན་པའི་མངོན་སུམ་དང༌། ཚད་མ་ཆོས་ཅན་དུ་འཛིན་པ་དེ་དག་གིས་ནི། སེམས་ཙམ་གྱི་གྲུབ་པའི་མཐའ་མ་ཤེས་པ་ཡིན་ཏེ། དེ་འཛིན་པའི་མངོན་སུམ་དང་ཚད་མ་སེམས་ཙམ་པས་ཁས་མི་ལེན་པའི་ཕྱིར་དང༌། སྔོ་སྣང་དབང་ཤེས་ཀྱིས་ནི་སྔོན་པོ་དམིགས་པར་ནི་མདོ་སྡེ་པས་ཀྱང་ཁས་མི་ལེན་ན། སེམས་ཙམ་པས་ལྟ་ཅི་སྨོས་པའི་ཕྱིར། དེ་ལྟར་བཤད་པའི་གྲུབ་པའི་དོན་ནི། གཏན་ཚིགས་འདི་ལ་གཉིས་ཏེ། མདོ་སྡེ་པས་རྒོལ་བ་གཞན་གྱི་ངོར་འགོད་པ་དང༌། སེམས་ཙམ་པས་གཞན་གྱི་ངོར་འགོད་པའོ། །དང་པོ་ནི། སྣང་བ་སེམས་ལས་གཞན་མ་ཡིན་པ་དང༌། དེ་སེམས་ཡིན་པ་བསྒྲུབ་བྱར་བྱས་ནས་འགོད་པ་ཡིན་ལ། གཉིས་པ་ནི། ཕྱི་དོན་མེད་པ་བསྒྲུབ་བྱར་བྱས་ནས་དེ་བསྒྲུབ་བྱེད་ཀྱི་གཏན་ཚིགས་གང་ཡིན་པ་དེའི་ཕྱོགས་ཆོས་བསྒྲུབ་བྱེད་ཀྱི་རིགས་པ་ལ་གཏན་ཚིགས་དེ་འགོད་པ་ཡིན་ནོ། །རྣལ་འབྱོར་གྱི་ས་གསུམ་པའི་སྐབས་སུ། དགག་བྱ་ནི་ཕྱི་རོལ་དོན་དུ་སྣང་བའི་བཟུང་རྣམ་ཤེས་པ་ཡིན་པ་དང༌། དེའི་རྒྱུ་ཚན་གྱིས་དེ་བདེན་པར་གྲུབ་པ་དེའོ། །དེ་འགོག་བྱེད་ཀྱི་རིགས་པ་ནི། བཟུང་བ་ཕྱི་དོན་མེད་པའི་ཕྱིར་རོ། །ཞེས་པའོ། །དེས་དེ་འགོག་ནུས་པའི་རྒྱུ་མཚན་ནི། རྒྱུ་མེད་ན་འབྲས་བུ་མི་འབྱུང་བའི་བཟློག་འབྲེལ་གྲུབ་པའི་རྒྱུ་མཚན་ལས་སོ། །དེ་སྐད་དུ་ཡང་སུམ་ཅུ་པ་ལས། བཟུང་བ་མེད་ན་དེ་འཛིན་མེད། །ཞེས་དང༌། རྣམ་འགྲེལ་ལས། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །འོ་ན་འདིར་ཡང་ཕྱི་དོན་མེད་ཀྱང་དོན་སྣང་གི་ཤེས་པ་བག་ཆགས་ལས་རེ་འགའ་སྐྱེ་བའི་ཕྱིར་ཁྱབ་པ་འཁྲུལ་ལོ། །ཞེས་པའི་ལན་འབྱུང་བ་མ་ཡིན་ནམ་ཞེ་ན། བག་ཆགས་ལས་སྐྱེ་བ་ཉིད་ཀྱིས་དངོས་པོར་མ་གྲུབ་བོ་ཞེས་བྱ་བ་འདི་ནི་རྣམ་བརྫུན་པའི་གྲུབ་པའི་མཐའ་འོ། །དེ་ལ་རྣམ་བདེན་པ་ན་རེ། དོན་མེད་ཀྱང་དེར་སྣང་གི་ཤེས་པ་ཡོད་དེ། དེ་བསྙོན་མི་ནུས་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་སྙམ་ན། དེ་ནི་ཕྱི་དོན་ལ་ཡང་མཚུངས་སོ། །མི་མཚུངས་སྟེ། དེར་སྣང་གི་ཤེས་པ་འཁྲུལ་བའི་ཕྱིར་སྙམ་ན། མཚུངས་ཏེ་དེའི་རྣམ་པ་སྣང་བའི་ཤེས་པ་ཡང་འཁྲུལ་བའི་ཕྱིར། ཞེས་འཆད་པ་ཡིན་ལ། དེའི་ཚེ་ན་དོན་དང་དོན་སྣང་གི་ཤེས་པ་གཉིས་ཀ་ཚད་མས་མི་འགྲུབ་པ་ནི་རྣམ་བརྫུན་པའི་གྲུབ་པའི་མཐའ་ཡིན་ལ། དེ་གཉིས་ཀ་འཁྲུལ་ངོར་ཡོད་མཉམ་དང༌། དོན་ལ་མེད་མཉམ་དུ་འདོད་པ་ནི། དབུ་མ་པ་དག་གི་གྲུབ་པའི་མཐའོ། །དེ་ཡང་རྣམ་བརྫུན་པས་དེ་ལྟར་ཁས་བླངས་པ་ལ། དབུ་མ་པས་བདེན་པ་གཉིས་ལས་ཉམས་པའི་སྐྱོན་ཡོད་པའི་ཉེས་པ་བརྗོད་པར་མཛད་དོ། །མདོར་ན་རིགས་པ་འདི་དག་གྲུབ་མཐའ་སྨྲ་བ་འོག་མ་འོག་མ་དག་དང༌། དབུ་མ་གཉིས་ཀའི་ཐུན་མོང་གི་རིགས་པ་ཡིན་མོད། བསྒོམ་པའི་འབྲས་བུར་བཤད་པ་དེ་དག་ནི། གྲུབ་མཐའ་འོག་མ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ཏེ། དཔེར་ན་ཇི་སྐད་དུ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཞེས་གསུངས་པ་བཞིན་ནོ། །རྣལ་འབྱོར་གྱི་ས་བཞི་པ་ལ། རིགས་པའི་དགག་བྱ་ནི། བཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་བདེན་པར་གྲུབ་པ་དེའོ། །འགོག་བྱེད་ཀྱི་རིགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། ཞེས་པའོ། །འགོག་ནུས་པའི་རྒྱུ་མཚན་ནི་འགལ་བ་དམིགས་པའི་གཏན་ཚིགས་ཡིན་པ་ལས་སོ། །རྣལ་འབྱོར་གྱི་ས་དང་པོ་གསུམ་སྔོན་དུ་སོང་བའི་རྣལ་འབྱོར་པའི་ངོར། ཕྱི་དོན་སོགས་བདེན་མེད་དུ་བསྒྲུབ་མི་དགོས་ཏེ། དེ་གྲུབ་ཟིན་པའི་ཕྱིར་རོ། །བོད་གང་དག་རྣམ་བརྫུན་པ་མན་ཆད་ན། ཕྱི་དོན་སོགས་བདེན་མེད་དུ་བསྒྲུབ་བྱེད་ཀྱི་རིགས་པ་དང༌། དེ་བདེན་མེད་དུ་རྟོགས་པའི་ཚད་མ་དག་མེད་དོ་ཞེས་ཟེར། དེ་ནི་རིགས་པ་མ་ཡིན་ཏེ། ཕྱི་དོན་དང་དེ་སྣང་བའི་བཟུང་རྣམ་བདེན་མེད་དུ་བསྒྲུབ་བྱེད་ཀྱི་རིགས་པ་ལ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཞེས་བྱ་བ་ཞིག་བཤད་ལ། དེའི་ཚུལ་ལ་ནི་དབུ་སེམས་གཉིས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར། གལ་ཏེ་དམིགས་ན། གཞུང་སོ་སོ་ལས་འབྱུང་བ་དེ་དང་དེའི་ཁྱད་པར་ནི། འདི་དང་འདིའོ་ཞེས་སྟོན་པར་བྱོས་ཤིག དེས་ན་འདི་དཔྱད་པར་བྱ་སྟེ། རྟེན་འབྲེལ་གྱི་གཏན་ཚིགས་དེས་དབུ་མའི་ལྟ་བ་མ་ལུས་པར་གཏན་ལ་འབེབས་པར་ནུས་སམ་ཞེ་ན། གཏན་ཚིགས་འདི་ཕྱོགས་ཆོས་བསྒྲུབ་བྱེད་དང༌། ཁྱབ་འབྲེལ་བསྒྲུབ་བྱེད་དུ་བྱས་ནས་ནི་བདེན་མེད་བདེན་པར་གྲུབ་པ་ཡང་འགོག་ནུས་མོད། རྩ་བའི་གཏན་ཚིགས་སུ་བཀོད་ནས་ནི། དེ་འགོག་ནུས་པ་མ་ཡིན་ཏེ། བདེན་མེད་ཆོས་ཅན་དུ་བཟུང་ནས། ཡོད་པ་མ་ཡིན་ནོ་ཞེས་བཀོད་ན་ནི་ཁྱབ་པ་འགལ་ལ། བདེན་པར་ཡོད་པ་མ་ཡིན་ཏེ་ཞེས་བསྒྲུབ་ན་ནི་གྲུབ་ཟིན་པ་ཡིན་ཏེ། དུས་དེར་ཁྱབ་བྱེད་བདེན་གྲུབ་ཁེགས་ཟིན་པའི་ཕྱིར། འོ་ན་ཅི་ཞེ་ན། དགག་བྱ་བདེན་གྲུབ་མེད་པའི་རྟགས་ཀྱིས་དེ་བཀག་པའི་བདེན་མེད་ཀྱང་ཡོད་པ་མ་ཡིན་པར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཞེས་དང༌། དགག་བྱ་ཡོད་པ་མ་ཡིན་པས། །ཞེས་གསུངས་པས་སོ། །དེ་ལྟར་རྣལ་འབྱོར་གྱི་ས་བཞི་པའི་བསམ་བྱུང་གི་རིགས་པ་ཡོངས་སུ་རྫོགས་པ་ནི། ཡང་དག་པར་གཅིག་དུ་ན་ཞེས་སོགས་ཀྱིས་སྟོན་པ་ཡིན་ཏེ། རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་ནི་དངོས་པོར་བཏགས་པ་འགོག་ནུས་ཀྱང༌། དངོས་མེད་དུ་བཏགས་པ་དངོས་སུ་འགོག་མི་ནུས་པའི་ཕྱིར་དང༌། འགོག་ནུས་སུ་ཆུག་ཀྱང༌། དེ་དེའི་འགོག་བྱེད་ཀྱི་གཞུང་དུ་ཚད་ལྡན་གྱི་གཞུང་ལ་གསུངས་པ་མེད་དོ། །འདིར་བསྒོམ་བྱུང་གི་རྣལ་འབྱོར་འཆད་པ་ན། སྣང་བཅས་དང་སྣང་མེད་ཀྱི་ལུང་གཉིས་དང༌། དང་པོ་ལ་ཡང་གཟུགས་སོགས་ཀྱི་སྣང་བ་གང་ཤར་འཁྲུལ་སྣང་དུ་འདོད་པའི་ལུགས་དང༌། མན་ངག་གི་སྟོབས་ཀྱིས་དུ་བ་ལ་སོགས་པའི་སྣང་བ་ཤར་བ་ན། སྣང་བ་དེ་ཉིད་དོན་དམ་པའི་བདེན་པར་འདོད་པའི་ལུགས་གཉིས་ཡོད་ལ། ཕར་ཕྱིན་ཐེག་པའི་སྐབས་འདིར་ནི། ཕྱི་མ་ཁས་མི་ལེན་ཏེ། དེའི་ཤེས་བྱེད་ཀྱང་ཀུན་རྫོབ་ཀྱི་རྣམ་པར་སྣང་ཞིང༌། སྣང་བ་ལྟར་དོན་བྱེད་མི་ནུས་ན་ལོག་པའི་ཀུན་རྫོབ་ཡིན་དགོས་པའི་ཕྱིར། ཐེག་པ་བླ་ན་མེད་པའི་ལུགས་ལ་བསྒོམ་སྟོབས་ཀྱིས་དེ་ལྟར་སྣང་བ་དེ། ས་ལ་སོགས་པར་སྣང་ཡང་དེའི་དོན་བྱེད་མི་ནུས་པའི་རྒྱུ་མཚན་གྱིས་འཁྲུལ་པའི་སྣང་བ་ཡིན་ཞེས་དངོས་གཞིའི་དུས་སུ་ཅི་ཡང་ཡུལ་དུ་མི་བྱེད་པ་དང༌། དེ་མ་བཏང་བར་དངོས་གཞིའི་དུས་སུ་ཅི་ཡང་ཡིད་ལ་མི་བྱེད་པ་གཉིས་ལས། དང་པོ་ནི། དབུ་མའི་ལུགས་ཀྱི་སྒོམ་བྱུང་གི་རྣལ་འབྱོར་མཐར་ཐུག་པ་ཡིན་ལ། ལུགས་ཕྱི་མ་དེ་ནི་རྒྱ་ནག་མཁན་པོའི་ལུགས་མཁས་པའི་དབང་པོ་པདྨའི་ངང་ཚུལ་གྱིས་ལེགས་པར་བཀག་པ་དེ་ཡིན་ནོ། །འདི་ལ་གངས་ཅན་པ་ཕྱི་མ་དག་ན་རེ། དེ་ལྟ་ན་གཉིད་ལོག་ཁར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་ཅིག་སྔོན་དུ་བཏང་ནས། གཉིད་ལོག་ན་ཡང༌། མི་རྟོག་ཡེ་ཤེས་སུ་ཐལ་བར་འགྱུར་རོ། །ཞེས་ཟེར་རོ། །དེ་སྐད་ཅེས་འདོན་པའི་རྒལ་ལན་དེ་ནི་རྒྱས་པར་གཞན་དུ་གཏན་ལ་ཕབ་ཟིན་པས་འདིར་མི་སྤྲོའོ། །སློབ་དཔོན་བདག་ཉིད་ཆེན་པོ་འདིའི་ལུགས་ཀྱིས་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་ལ་ཀུན་རྫོབ་ཀྱི་སྣང་བ་མངའ་བར་མི་བཞེད་ཅིང༌། དེ་ལྟར་སྣང་ཡང་སྣང་བ་དེ་ལ་སྤྲོས་པའི་མཚན་མ་གང་དུ་ཡང་མི་འཛིན་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་ཞེས་བཤད་པས་སོ། །གཞན་དག་ན་རེ། གཞུང་འདིས་བློ་དེ་ཉིད་སྒྱུ་མ་ལྟ་བུར་སྟོན་པ་ཡིན་གྱི། མི་རྟོག་ཡེ་ཤེས་ལ་སྒྱུ་མའི་སྣང་བ་འཆར་བ་སྟོན་པ་ནི་མ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་རིགས་པ་མིན་ཏེ། སྣང་བ་ཞེས་པའི་གཞུང་གི་ཚིག་ལ་ནུས་པ་མེད་པར་ཐལ་བའི་ཕྱིར་དང༌། རྩ་བར་ཡང་དག་ཉིད་ལ་ཞེས་པའི་གཞུང་གི་ལྟ་བའི་ཡུལ་ཡང༌། ཡང་དག་ལྟ་ཞེས་པའི་གཞུང་གི་ལྟ་བའི་ངོ་བོ་དང༌། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པའི་གཞུང་གིས་ལྟ་བ་བསྒོམ་པའི་འབྲས་བུ་དེ་བསྟན་པ་ཡིན་ལ། དེའི་ཚེ་སློབ་དཔོན་འདིས་ནི་ལྟ་བའི་ཡུལ་ཀུན་རྫོབ་ཀྱི་བདེན་པ་དང༌། གང་གིས་ལྟ་བའི་ངོ་བོ་སྤྲོས་བྲལ་གྱི་རྣམ་པ་ཅན་དུ་བཞེད་པའི་ཕྱིར། དེ་སྐད་དུ་ཡང་དེ་ཉིད་ཀྱི་འགྲེལ་པར། གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ། ཞེས་གསུངས་སོ། །དེ་ནས་ཞར་ལ་སློབ་དཔོན་འདིའི་བཞེད་པས་གཞི་དབུ་མ་ནི་ལྟ་བའི་ཡུལ་ཡིན་ལ། དེ་ཡང་བདེན་གཉིས་ཟུང་དུ་འཇུག་པས་ན་སྣང་བཅས་ཡིན་གྱི། ཆོས་དབྱིངས་མེད་དགག་གི་ཆ་ལ་མི་འཆད་དོ། །ལམ་དབུ་མ་ནི་ལྟ་བའི་ངོ་བོ་ཡིན་ལ། དེ་ཡང་ཡུལ་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་ནས། ཡུལ་ཅན་རང་བཞིན་མེད་པའི་རྣམ་པ་ཅན་ཡིན་པས་ཟུང་འཇུག་རྟོགས་པའི་ཤེས་རབ་ལ་འཆད་ཀྱི། མེད་དགག་ཁོ་ན་ལ་དམིགས་པ་མ་ཡིན་ནོ། །འབྲས་བུ་དབུ་མ་ཡང་ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲས་བུ་ཡིན་པས། སྐུ་གཉིས་ཟུང་དུ་འཇུག་པ་ཡིན་གྱི། སངས་རྒྱས་ཀྱི་སྟེང་དུ་བདེན་པ་བཀག་ཙམ་གྱི་མེད་པར་དགག་པ་དེ་ལ་སངས་རྒྱས་ཀྱི་དོན་དམ་པའི་སྐུར་འདོད་པ་ཡིན་ནོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་དངོས་བཤད་པ་ལ། སྦྱིན་པ་ལ་སོགས་རེ་རེར་ནི། །ཞེས་པའི་གཞུང་འདིས་བར་ཆད་མེད་པའི་ལམ་དང༌། འགྲེལ་པར་དེ་སྐྱེས་ན་ཞེས་སོགས་ཀྱིས་རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་ལ་མཉམ་རྗེས་གཉིས་ལས་མཉམ་གཞག་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་རྐང་པ་གཉིས་དང༌། གཉིས་པ་ནི། རྟེན་ཅིང་འབྲེལ་འབྱུང་སོགས་རྐང་པ་གཉིས་ཀྱིས་འཆད་དོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ། སྦྱིན་པ་ལ་སོགས་ཅེས་པའི་གཞུང་འདིས་མཐོང་ལམ་གྱི་རྗེས་ཐོབ་བསྟན་པ་ཡིན་ཏེ། སྦྱིན་སོགས་ཉམས་སུ་ལེན་པར་བཤད་པའི་ཕྱིར། ཞེས་ཟེར་བ་ནི་རིགས་པ་མིན་ཏེ། དེ་ཙམ་གྱིས་རྗེས་ཐོབ་དུ་འགྱུར་ན། མཉམ་གཞག་ཏུ་ཕྱིན་དྲུག་ཉམས་སུ་ལེན་པར་འགྱུར་ལ། དེ་ལྟ་ན་ཤེས་ཕྱིན་གཅིག་པུ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་མེད་པར་འགྱུར་རོ། །དེས་ན་གཞུང་འདིས་མཉམ་གཞག་ཁོ་ན་དང༌། ཁྱད་པར་དུ་བར་ཆད་མེད་པའི་ལམ་ཁོ་ན་བཤད་པ་ཡིན་ཏེ། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་ཞེས་བཤད་པའི་ཕྱིར། །འདིར་མཐོང་བའི་ལམ་ཞེས་བྱ་བ་ནི། སྐབས་གཞན་གྱི་མཐོང་ལམ་ལས་ཁྱད་པར་བྱས་པའི་ཚིག་ཡིན་ཏེ། འདི་རྟོག་པའི་སྤོང་གཉེན་གྱི་ཆ་ནས་བཤད་ལ། གཞན་དུ་དེ་ལྟར་མ་བཤད་པའི་ཕྱིར། བཟོད་པ་འདི་ཡང་ཉི་སྣང་དུ་ཕྱེ་གསལ་མེད་པ་སྤྱིར་བཤད་པ་དེ་ཉིད་ལེགས་ལ། སློབ་དཔོན་གྱིས་སྡུག་བསྔལ་ལ་ཆོས་བཟོད་དུ་བཤད་པ་ནི་མཚན་གཞི་འཛིན་པ་ཡིན་ཏེ། དེས་ཀུན་འབྱུང་མཐོང་སྤངས་སོགས་མི་སྤོང་བར་སློབ་དཔོན་རང་ཉིད་ཀྱིས་རྒྱས་པར་བཤད་པའི་ཕྱིར་རོ། །གཉིས་པ་ཁྱད་པར་གྱི་ལམ་འཆད་པ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། དང་པོ་ནི། སྡུག་བསྔལ་ལ་རྗེས་བཟོད་དང་རྗེས་ཤེས་སོགས་བདེན་པ་བཞི་ཆར་གྱི་དབང་དུ་བྱས་པའི་བཟོད་ཤེས་ཕྱི་མ་གཉིས་པོ་རྣམས་སོ། །སྐབས་དེར་སེང་གེ་རྣམ་བསྒྱིངས་ལ་སྙོམས་པར་འཇུག་པ་ཡིན་ཏེ། དེར་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་གཉིས་ཀྱི་སྒོ་ནས་སྙོམས་པར་འཇུག་པའི་ཕྱིར། དེར་དེ་ལྟར་འཇུག་པའི་ཤེས་བྱེད་ཀྱང༌། མཐོང་ལམ་མཉམ་གཞག་དུ་དྲུག་ཚན་དྲུག་གིས་ཉམས་སུ་ལེན་པར་བཤད་པ་དེའི་ནང་ནས་ཤེས་ཕྱིན་ལ་གནས་ནས་བསམ་གཏན་ལ་འཇུག་པའི་མཚན་གཞི་ནི་མདོ་ལས་གང་གསུངས་པ་དེ་ཉིད་གཞུང་འདིས་བསྡུས་ཀྱིས། དེ་ལས་གཞན་བསྡུད་བྱེད་ཀྱི་གཞུང་མེད་པས་སོ། །དེ་ནས་བརྟེན་འབྲེལ་ལ་རྟོག་པ་ནི་མཐོང་བསྒོམ་གཉིས་ཀྱི་མཚམས་འཛིན་པའོ། །སློབ་དཔོན་ཤནྟི་པ་གཞུང་འདིས་བསྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན་པར་འདོད་པ་ལྟ་བུར་སྣང་བས། དེ་ནི་རིགས་པ་མིན་ཏེ། གཞུང་འདིས་ནི་མཐོང་ལམ་རྩེ་སྦྱོར་འཆད་བྱེད་ཀྱི་མདོའི་དོན་བསྡུས་པ་ཡིན་པའི་ཕྱིར་དང༌། འདིས་དེ་མ་བསྡུས་ན། མཐོང་ལམ་རྩེ་སྦྱོར་ལ་དྲུག་ཚན་དྲུག་མེད་པར་ཐལ་བ་དང༌། དྲུག་ཚན་དྲུག་པའི་ནང་གི་ལྔ་པ་དེ་བསྒོམ་ལམ་གྱི་རྣལ་འབྱོར་ཉིད་དུ་འཆད་རིགས་པ་ཉིད་དུ་ཐལ་བར་འགྱུར་བས་སོ། །དེ་ཡང་དེ་ལྟར་ན། དེ་དག་ཕན་ཚུན་བསྡུས་པ་གང༌། །དེ་འདིར་མཐོང་བའི་ལམ་ཞེས་གསུངས་པ་མི་འཐད་པར་འགྱུར་རོ། །དེ་ན་སྐབས་འདིར་སེང་གེ་རྣམ་བསྒྱིངས་ལ་གཉིས་ཏེ། མཐོང་ལམ་གྱི་དང༌། བསྒོམ་ལམ་གྱིའོ། །དང་པོ་ནི། མཐོང་སྤངས་རྟོག་པའི་ཐག་བསྲིངས་པའི་གཉེན་པོ་ཡིན་ལ། གཉིས་པ་ནི། སྒོམ་སྤང་རྟོག་པའི་སྤོང་བ་གཉེན་པོའི་དབང་དུ་བྱས་པའོ། །གཉིས་པོའི་ཁྱད་པར་ཡང་རྟེན་གྱི་གང་ཟག་དང༌། དགོས་པ་གང་གི་ཆེད་དུ་སྒོམས་པར་འཇུག་པ་ལས་ཕྱེ་བ་ཡིན་གྱི། སྙོམས་འཇུག་རང་གི་ངོ་བོ་ལ་ཁྱད་པར་ཡོད་པ་མིན་ཏེ། གཉིས་ཀ་ཡང་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་མི་མཐུན་གྱི་སྒོ་ནས། ཆོས་གཞན་སྤེལ་བ་དང་བོར་བ་གང་ཡང་མེད་པར་སྙོམས་པར་འཇུག་པ་ཙམ་དུ་འདྲ་བའི་ཕྱིར། དེ་ལ་དགོངས་ནས་མཐོང་ལམ་བསྒོམ་ལམ་གྱི་དབང་དུ་བྱས་པའི་སེང་གེ་རྣམ་བསྒྱིངས་ཀྱི་མིང་གཉིས་པོ་སོ་སོར་བསྟན་ནས། ངོས་འཛིན་གཅིག་ཁོ་ན་མདོ་ལས་བཤད་པ་ཡིན་ནོ། །འདི་དག་ནི་འཕགས་སེང་གི་དགོངས་པ་སྟེ། རྩ་བའི་དགོངས་པ་གང་དུ་གནས་ཞེས་སོགས་ཀྱི་དཔྱད་པ་ནི་གཞན་ལས་ཤེས་པར་བྱའོ། །གཉིས་པ་རྟེན་འབྲེལ་གྱི་རྣམ་བཞག་ལ་གཉིས་ཏེ། དབྱེ་གཞི་ངོས་བཟུང༌། དབྱེ་ངོ་ཀུན་བྱང་གི་རྟེན་འབྲེལ་སོ་སོར་བཤད་པའོ། །དང་པོ་ལ། དངོས་པོར་སྨྲ་བ་དང༌། དབུ་མ་པ་དག་གི་རྟེན་འབྲེལ་གྱི་ངོས་འཛིན་ཚུལ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ནི་ཤིན་ཏུ་ཆེ་བ་ཡིན་ཏེ། དབུ་མ་པས་ནི། ཇི་སྐད་དུ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་ཤེས་བྱ་ཐམས་ཅད་རྟེན་འབྲེལ་དུ་འཆད་ལ། དེ་ཡང་བསྡུ་ན། སྒྲ་བཤད་འཇུག་གཉིས་ཀ་ཚང་བ་བརྟེན་ནས་སྐྱེས་པའི་རྟེན་འབྲེལ་དང༌། བཤད་པ་མ་ཚང་ཡང་འཇུག་པ་ཚང་བ་བརྟེན་ནས་བཏགས་པའི་རྟེན་འབྲེལ་ལོ། །གཉིས་པ་ལ་ཡང་ངོ་བོ་བརྟེན་ནས་བཏགས་པ་གཡས་གཡོན་དང༌། རིང་ཐུང་ལ་སོགས་པ་ལྟ་བུ་དང༌། འཇོག་བྱེད་ལ་བརྟེན་ནས་བཏགས་པ་སྒྲ་དང་རྟོག་པས་ཐ་དད་དུ་བྱས་པའི་ཤེས་བྱ་གང་ཡོད་པ་རྣམས་སོ། །དེ་ལྟར་ལུགས་གཉིས་ལས་འདིར་ནི་དང་པོའི་དབང་དུ་བྱས་ནས་བཤད་པར་བྱ་དགོས་པ་ཡིན་ཏེ། འདིར་བཅུ་གཉིས་ཀྱི་རྣམ་པར་བཞག་པ་ནི་སྤྱིར་དངོས་པོར་སྨྲ་བ་དང༌། ཁྱད་པར་དུ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་དེ་ཉིད་འཆད་པར་འདོད་པས་སོ། །འདི་ལ་རྟེན་འབྲེལ་ཙམ་གྱི་མཚན་ཉིད་ནི། ཁྱད་པར་གསུམ་ལྡན་གྱི་རྐྱེན་ལས་བྱུང་བའོ། །གསུམ་པ་ནི། གཡོ་བ་མེད་པའི་དང༌། མི་རྟོག་པ་དང༌། ནུས་པའི་རྐྱེན་ལས་བྱུང་བའོ། །དང་པོ་ནི། དབང་ཕྱུག་ལ་སོགས་པའི་བློ་སྔོན་དུ་བཏང་ནས་བྱས་པ་མ་ཡིན་གྱི། རང་གི་རྒྱུ་ལས་བྱུང་པའོ། །གཉིས་པ་ནི་རྒྱུ་དེ་ཡང་གཙོ་བོ་ལ་སོགས་པའི་རྒྱུ་རྟག་པ་ལས་བྱུང་བ་མ་ཡིན་གྱི། རྒྱུ་མི་རྟག་པ་ཞིག་ལས་བྱུང་བའོ། །གསུམ་པ་ནི། རྒྱུ་མི་རྟག་པ་དེ་ཡང་རང་རང་སྐྱེ་བའི་ནུས་པ་ཡོད་པ་ལས་ཡིན་གྱི། ཐམས་ཅད་ལས་ཐམས་ཅད་སྐྱེ་བ་མ་ཡིན་པའོ། །དེ་ལྟར་གསུམ་པོ་དེ་ཡང་མདོ་ལས། འདི་ཡོད་པས་འདི་འབྱུང་ཞེས་པ་དང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་པ་དང༌། འདི་ལྟར་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ། །ཞེས་སོགས་གསུམ་དང་གོ་རིམ་བཞིན་དུ་སྦྱར་རོ། །དེ་ལྟར་གསུམ་ལས་དང་པོས་ནི་སྔོན་གྱི་མཐའ་ལ་རྨོངས་པ་སེལ་ཏེ། འབྲས་བུ་འདི་དག་སྔོན་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་གཞན་གྱིས་བློ་སྔོན་དུ་བཏང་ནས་བྱས་སམ་སྙམ་པའི་དོགས་པ་སེལ་བའི་ཕྱིར། གཉིས་པས་ནི། ད་ལྟར་གྱི་ངོ་བོ་ལ་རྨོངས་པ་སེལ་ཏེ། གཙོ་བོ་རྟག་པ་སོགས་རྒྱུ་རྟག་པ་ལས་བྱུང་བས། རང་གི་ངོ་བོ་སྐད་ཅིག་གིས་སྐྱེ་འཇིག་མི་བྱེད་དམ་སྙམ་པའི་དོགས་པ་བཟློག་པའི་ཕྱིར། གསུམ་པས་ནི། ཕྱི་མའི་མཐའ་ལ་རྨོངས་པ་སེལ་ཏེ། རྒྱུ་མི་མཐུན་པ་སྲོག་གཅོད་པའི་མཆོད་སྦྱིན་ལ་སོགས་པ་ལས་འབྲས་བུ་མི་མཐུན་པ་མཐོ་རིས་ཀྱི་སྐྱེ་བ་སོགས་འཛིན་པར་འདོད་པའི་དོགས་པ་སེལ་བའི་ཕྱིར་རོ། །འདིར་གཞན་དག་རྒྱུ་རྐྱེན་ལས་སྐྱེས་པ་ཙམ་གྱི་རྟེན་འབྲེལ་གྱི་གོ་དོན་དུ་འཆད་པ་ནི་ནོར་བ་ཡིན་ཏེ། ཕྱི་རོལ་པ་དག་གིས་ནི་དེ་ཙམ་ཞིག་ཁས་བླངས་ཀྱང་རྟེན་འབྲེལ་གྱི་དོན་ཁས་མ་བླངས་པའི་ཕྱིར། དེ་ཁས་ལེན་ཏེ། དངོས་པོ་རྣམས་དབང་ཕྱུག་དང་ཚངས་པ་ལ་སོགས་པའི་བློས་སྔོན་དུ་བཏང་ནས་བྱས་པ་དང༌། གཙོ་བོ་རྟག་པ་སོགས་ལས་སྐྱེ་བ་དང༌། མཆོད་སྦྱིན་གྱིས་ལྷའི་དབང་པོའི་གོ་འཕངས་ཐོབ་པ་ལ་སོགས་པར་ཁས་ལེན་པའི་ཕྱིར། གཉིས་པ་གྲུབ་སྟེ། རིགས་པ་དང་ལུང་ལས་སོ། །དང་པོ་ནི། དེ་ལྟར་རྐྱེན་གསུམ་གྱི་ལོག་ཕྱོགས་ཁས་བླངས་པ་དེ་དག་གིས་ནི། རྟེན་འབྲེལ་གྱི་དོན་ཁས་མ་བླངས་ཏེ། དེའི་དོན་སངས་རྒྱས་ཀྱིས་གསུངས་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར། གཉིས་པ་ནི། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཅེས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ནང་ནས་ཀྱང་ཆེས་ཤིན་ཏུ་མཆོག་དམ་པར་གསུངས་པའི་ཕྱིར། འོ་ན་ཆོས་འདི་ལ་ཞུགས་པ་རྣམས་ཀྱིས་རྟེན་འབྲེལ་མ་ལུས་པར་ཁོང་དུ་ཆུད་པ་ཡིན་ནམ་ཞེ་ན། རྟེན་འབྲེལ་ནི་གཉིས་ཏེ། ནང་གི་དང་ཕྱིའོ། །དང་པོ་ནི་ཉན་ཐོས་སྡེ་པས་ཀྱང་རྟོགས་པ་ཡིན་ཏེ། མ་རིག་པའི་རྐྱེན་གྱི་འདུ་ཤེས་འབྱུང་བ་སོགས་རྟོགས་ནས་གང་ཟག་གི་བདག་དུ་རྨོངས་པ་སོགས་བཟློག་ནུས་པའི་ཕྱིར། དེ་ལྟ་ན་ཡང་དེའི་འཇོག་ཚུལ་ཇི་བལྟ་བ་བཞིན་དུ་ཤེས་པ་ནི་མ་ཡིན་ཏེ། བཅུ་གཉིས་པོ་ཕན་འགྲུབ་ཡན་ལག་བཞིའི་སྒོ་ནས་འཇོག་ཚུལ་མ་ཤེས་པས། བཅུ་གཉིས་པོ་ཚེ་གསུམ་ལ་ངེས་པར་འཇོག་དགོས་པ་དང༌། དེ་ཡང་རྣམ་སྨིན་གྱི་ཕུང་པོ་མི་འདྲ་བ་གཉིས་ཀྱི་དབང་དུ་བྱས་པ་དང༌། ཕུང་པོ་ལྔ་ཀའི་གནས་སྐབས་ལ་མ་རིག་པའི་རྟེན་འབྲེལ་དུ་འཇོག་པ་སོགས་ནོར་བ་དུ་མ་ཡོད་པས་སོ། །ཉན་ཐོས་སྡེ་པས་ཕྱིའི་རྟེན་འབྲེལ་ནི་ཁོང་དུ་མ་ཆུད་དེ། དོན་དུ་སྣང་བའི་ཤེས་པས་དོན་ཐུག་ཕྲད་དུ་འཛིན་པ་དང༌། དོན་ལྐོག་ན་མོ་དང༌། དོན་གྱི་གནས་ལུགས་རྡུལ་ཕྲན་ཆ་མེད་དུ་ཁས་ལེན་པ་ལ་སོགས་པ་ཕྱིའི་རྟེན་འབྲེལ་ལ་རྨོངས་ལ། དེའི་རྒྱུ་མཚན་གྱི་གཟུང་འཛིན་རྫས་གཞན་གྱི་ཤེས་སྒྲིབ་ཀྱི་གཉེན་པོ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དག་ལ་རྟེན་འབྲེལ་མ་ལུས་པ་ཁོང་དུ་ཆུད་པ་མེད་ལ། རྟེན་འབྲེལ་ལ་མཁས་པར་བཤད་པ་དེ་ནི་ནང་གི་རྟེན་འབྲེལ་གྱི་དབང་དུ་བྱས་སོ། །ཐེག་པ་ཆེན་པོ་པ་ལ་གཉིས་ལས། རྣལ་འབྱོར་སྤྱོད་པ་དག་གིས་ནི། ཕྱི་ནང་གཉི་ཀའི་ཀུན་རྫོབ་འདུས་བྱས་ཀྱི་རྟེན་འབྲེལ་ཁོང་དུ་ཆུད་པ་ཡིན་ཏེ། སྣང་བ་ཐམས་ཅད་སེམས་སུ་ཁོང་དུ་ཆུད་པའི་ཕྱིར། དེའི་རྒྱུ་མཚན་གྱི་གང་ཟག་གི་བདག་དུ་འཛིན་པ་དང༌། བཟུང་བ་ཆོས་ཀྱི་བདག་དུ་འཛིན་པའི་གཉེན་པོ་ལ་རྨོངས་པ་མེད་དོ། །དོན་དམ་འདུས་མ་བྱས་ཀྱི་རྟེན་འབྲེལ་ནི་ཁོང་དུ་མ་ཆུད་དེ། དེ་དག་བདེན་གྲུབ་ཏུ་ཁས་བླངས་པས། དེའི་གནས་ཚུལ་ལ་རྨོངས་པའི་ཕྱིར། དེའི་ཕྱིར་དེ་དག་ལ་འཛིན་པ་ཆོས་ཀྱི་བདག་དུ་འཛིན་པའི་གཉེན་པོ་མེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མ་ལུས་པར་ཁོང་དུ་ཆུད་པ་ནི། མཁས་པ་དབུ་མ་པ་ཁོ་ན་སྟེ། དེས་ཆོས་ཐམས་ཅད་རྟེན་འབྲེལ་དུ་རྟོགས་པས་སྒྲིབ་པ་མཐའ་དག་གི་གཉེན་པོ་ལ་རྨོངས་པ་མེད་པའི་ཕྱིར། གཉིས་པ་དབྱེ་བ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དང༌། རྣམ་བྱང་གིའོ། །དང་པོ་ལ་མཚན་ཉིད་ནི། ཁྱད་པར་གསུམ་ལྡན་གྱི་རྐྱེན་ལས་སྐྱེས་པ་གང་ཞིག སྡུག་ཀུན་གང་རུང་གི་བདེན་པ་དངོས་སམ། དེ་དང་རྗེས་སུ་མཐུན་པའོ། །རྗེས་མཐུན་པ་ཞེས་པ་དངོས་པོར་སྨྲ་བའི་ལུགས་ལ་མི་དགོས་ཀྱང༌། དབུ་མ་པའི་ལུགས་དང་བསྲེས་པའི་དབང་དུ་བྱས་པ་ཡིན་ཏེ། མ་རིག་བག་ཆགས་ཀྱི་སའི་དབང་གིས་སྐྱེ་བ་ལེན་པའི་དུས་ཀྱི་ཡན་ལག་བཅུ་གཉིས་པོ་ལ་བཅུ་གཉིས་ཀྱི་ཆ་མཐུན་རྩི་བ་རྒྱུད་བླའི་འགྲེལ་པར་གསུངས་པས། དེ་དག་བསྡུ་བའི་དབང་དུ་བྱས་པའོ། །དབྱེ་ན་བཅུ་གཉིས་ལས་འདི་དག་གི་རྣམ་པར་བཞག་པ་ལ། ཡན་ལག་སོ་སོའི་ངོས་འཛིན་རྒྱས་པར་བཤད། ཡན་ལག་མདོར་བསྡུ་བའི་ཚུལ་གཉིས་འཕྲོས་དོན་དང་བཅས་པ་བཤད། སྔ་མ་རྣམས་ཕྱི་མའི་རྐྱེན་དུ་འགྱུར་ཚུལ་བཤད་པའི་སྒོ་ནས་ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་བཤད། ཚེ་དུ་ལ་རྫོགས་དཔྱད་པའི་སྒོ་ནས་ཉན་ཐོས་སྡེ་པའི་འདོད་ཚུལ་དང་མི་འདྲ་བའི་ཁྱད་པར་བཤད། དེ་ལྟར་བཤད་པ་ན་བཅུ་གཉིས་པོ་ས་མཚུངས་མི་མཚུངས་ལ་དཀའ་བའི་གནས་འབྱུང་བའི་རྒྱུ་མཚན་གྱིས་དེ་བཤད་པའོ། །དང་པོ་ནི། འདིར་བཅུ་གཉིས་ཀྱི་རྣམ་པར་བཞག་པ་ནི་སྤྱིར་རྣལ་འབྱོར་སྤྱོད་པའི་གཞུང་དང༌། བྱེ་བྲག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་མཐུན་པར་འཆད་པ་ཡིན་པས། གཞན་དང་མ་འདྲེས་པའི་ཚུལ་ཇི་ལྟ་བ་བཞིན་བཤད་པར་བྱའོ། །དེ་ཡང་ཐོག་མར་མ་རིག་པ་ལ། ངོ་བོ་ངོས་བཟུང༌། དེ་བཅུ་གཉིས་ཀྱི་ཐོག་མར་འབྱུང་བའི་ཤེས་བྱེད་འགོད། སྤངས་བྱ་གཉིས་ལས་གང་ཡིན་དཔྱད། དེ་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ལ་མཚན་ཉིད་ནི། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་དེ་སྤྱིར་མ་རིག་པའི་མཚན་ཉིད་ཡིན་ལ། དབྱེ་ན་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས། འདིར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། ཀུན་འབྱུང་གི་བདེན་པ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། ཅིག་ཤོས་ནི་ཟག་བཅས་ཀྱི་ལས་ཀྱི་ཀུན་སློང་གི་རིགས་སུ་གནས་པའི་ཕྱིར་དང༌། དེའི་རྩ་བ་ཡིན་པ་ཙམ་གྱིས་དེའི་ཀུན་སློང་ཡིན་མི་དགོས་ལ། དེ་མ་ཡིན་ན་བཅུ་གཉིས་ཀྱི་དང་པོར་འགལ་བའི་ཕྱིར། དེའི་ཕྱིར་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ནི་དང་པོ་ཁོ་ནའོ། །དེའི་མཚན་ཉིད་ནི་སྤྱིའི་མཚན་ཉིད་ཚང་བ་ལ་རང་འབྲས་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཀྱི་རིགས་སུ་གནས་པའོ། །མཚན་གཞི་ནི། གང་ཟག་གི་བདག་དུ་རྨོངས་པའི་མ་རིག་པ་ཞིག་ཡིན་ལ། དེ་ལ་དབྱེ་ན་ལས་འབྲས་ལ་རྨོངས་པ་དང༌། དེ་ཁོ་ན་ཉིད་ལ་རྨོངས་པའོ། །སྤྱིར་དེ་ཁོ་ན་ཉིད་ལ་རྨོངས་པ་ལ། ཆོས་ཀྱི་བདག་ཏུ་རྨོངས་པ་ཞིག་ཀྱང་ཡོད་མོད། དེ་ནི་ཉོན་མོངས་པ་ཅན་ཀྱི་རིགས་མ་ཡིན་པའི་ཕྱིར། འདིར་སྐབས་ཀྱི་དོན་མ་ཡིན་པས། གང་ཟག་གི་བདག་མེད་ལ་རྨོངས་པའོ། །དང་པོ་ནི་ངན་འགྲོའི་ལས་ཀྱི་ཀུན་སློང་དང༌། གཉིས་པ་ནི་བདེ་འགྲོའི་ལས་ཀྱི་ཀུན་སློང་ཡིན་པར་ཀུན་ལས་བཏུས་ལས་གསུངས་སོ། །དེ་ལྟར་གསུངས་པ་དེ་ཡང་དེ་གཉིས་ཀྱི་ཀུན་སློང་འགལ་བར་ངེས་པ་ནི་མིན་ཏེ། དེ་གཉིས་ཀ་ཡང་རྒྱུ་དུས་ཀྱི་ཀུན་སློང་ནི་དེ་ཁོ་ན་ཉིད་ཀྱི་མ་རིག་པ་དགོས་པར་འདྲ་ལ། དུས་ཀྱི་ཀུན་སློང་ནི་བདེ་འགྲོ་འཕེན་བྱེད་ཀྱི་ལས་ལ་གཏི་མུག་མེད་པའི་དགེ་བའི་རྩ་བས་བྱེད་པ་ཡིན་གྱི། མ་རིག་པས་བྱེད་པ་མ་ཡིན་པའི་ཕྱིར། གལ་ཏེ་བྱེད་ན་ལས་དེ་དག་དགེ་བ་མིན་པར་འགྱུར་ཏེ། ཉོན་མོངས་པ་དང་མཚུངས་ལྡན་དུ་བྱུང་བའི་ཕྱིར་རོ། །འོ་ན་གཞུང་གི་དོན་ཅི་ཞེ་ན། ངན་འགྲོ་འཕེན་བྱེད་ཀྱི་ལས་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དུས་ཀྱི་ཀུན་སློང་དུ་ངེས་པར་ཡོད་དགོས་ལ། བདེ་འགྲོ་འཕེན་བྱེད་ཀྱི་ལས་ལ་ནི་མ་རིག་པ་དེ་རྒྱུ་དུས་དང༌། དེ་དུས་ཀྱི་ཀུན་སློང་གང་དུ་ཡང་མི་སྲིད་པ་ལ་དགོངས་པའོ། །ཡང་ཐོག་མའི་མ་རིག་པ་ནི་རང་གི་ངོ་བོ་ཁ་ནང་ཁོ་ནར་བལྟས་པར་ཡིན་པར་མཚུངས་ཀྱང༌། ཁ་ཕྱི་རོལ་དུ་བལྟས་པའི་ཆགས་སྡང་གཉིས་དང་མཚུངས་ལྡན་བྱུང་མ་བྱུང་གཉིས་སོ། །དང་པོ་ནི། ཡིད་ཤེས་འཁོར་གྱི་མ་རིག་པ་ཁོ་ན་ལ་འདྲེས་པ་དང༌། མ་འདྲེས་པ་གཉིས་ལས་དང་པོ་དེ་ཡིན་ལ། གཉིས་པ་ནི་ཉོན་ཡིད་འཁོར་གྱི་མ་རིག་པའོ། །ཡང་ངན་འགྲོར་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་བཤད་པའི་ལས་འབྲས་ལ་རྨོངས་པའི་མ་རིག་པ་ཞེས་བྱ་བ་དེ་ནི། སྤྱིར་ཡིད་ཤེས་འཁོར་དང༌། བྱེ་བྲག་ཏུ་ཁ་ཕྱིར་བལྟའི་ཆགས་སོགས་ཉོན་མོངས་དང་མཚུངས་ལྡན་དུ་བྱུང་བ་དེ་ཁོ་ན་ཡིན་ལ། བདེ་འགྲོ་འཕེན་བྱེད་དུ་བཤད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དེ་ལ་ནི། ཉོན་ཡིད་འཁོར་དང༌། ཡིད་ཤེས་འཁོར་གཉིས་ཡོད་ཅིང༌། ཡིད་ཤེས་འཁོར་ལའང་འདྲེས་པ་དང་མ་འདྲེས་པའི་མ་རིག་པ་གཉིས་ཀ་སྲིད་དོ། །གཉིས་པ་དེ་ཡན་ལག་དང་པོར་འཇོག་པའི་རྒྱུ་མཚན་ནི། དེས་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་བྱེད་པའི་ཚུལ་ལ་གཉིས་ཏེ། རྒྱུ་དུས་ཀྱི་དང༌། དེ་དུས་ཀྱིའོ། །དང་པོ་ནི། ལས་དེའི་རྒྱུད་པའི་ཀུན་སློང་སྟེ་ལས་དེ་མ་སྐྱེས་པའི་དུས་ན་ཡོད་ཅིང༌། ལས་དེ་སྐྱེ་བཞིན་པ་དང༌། སྐྱེས་ཟིན་པའི་དུས་ན་མེད་པའོ། །གཉིས་པ་ནི། ལས་དེའི་དངོས་ཀྱི་ཀུན་སློང་སྟེ། སྐྱེ་བཞིན་པ་དང་སྐྱེས་པའི་དུས་ན་ཡོད་ཅིང༌། ལས་དེ་འཕྲལ་ནས་འཕྲལ་དུ་ཀུན་ནས་སློང་བར་བྱེད་པའོ། །དེ་ལ་ཉོན་ཡིད་འཁོར་གྱི་མ་རིག་པས་ནི། རྒྱུའི་ཀུན་སློང་ཁོ་ན་བྱེད་ཅིང་དུས་ཀྱི་ཀུན་སློང་མི་བྱེད་དེ། དེར་གྱུར་པའི་མ་རིག་པ་ནི། ཕྱི་རོལ་ཡུལ་ལ་སྲེད་པའི་འདུན་པ་འདོད་ཆགས་དང་རྟེན་དང་དུས་མཚུངས་པའི་སྒོ་ནས་མཚུངས་ལྡན་དུ་བྱུང་བ་ཞིག་ངེས་པར་དགོས་ལ། ཉོན་ཡིད་འཁོར་དུ་ནི་དེ་འདྲ་མི་སྲིད་པའི་ཕྱིར། ཡིད་ཤེས་འཁོར་དུ་བྱུང་བའི་མ་རིག་པས་ཀྱང་བདེ་འགྲོའི་འཕེན་བྱེད་ཀྱི་ལས་ཀྱི་རྒྱུའི་ཀུན་སློང་ཁོ་ན་བྱེད་ཀྱི། དུས་ཀྱི་ཀུན་སློང་བྱེད་པ་མི་སྲིད་དེ། སྤྱིར་དེ་ལ་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་མི་སྲིད་པའི་ཕྱིར་ཏེ། དེ་ཡི་དུས་ཀྱི་ཀུན་སློང་ཡིན་ན་དགེ་བའི་རྩ་བ་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་དགེ་བ་ཡིན་དགོས་པའི་ཕྱིར་རོ། །དེའི་ཕྱིར་བདེ་འགྲོར་འཕེན་བྱེད་ཀྱི་ལས་ལ་དུས་ཀྱི་ཀུན་སློང་མ་རིག་པ་མི་སྲིད་ལ། རྒྱུའི་ཀུན་སློང་ནི་མ་རིག་པས་ངེས་པར་བྱེད་དགོས་པའི་ཕྱིར། མ་རིག་པ་ཡན་ལག་དང་པོར་བཞག་གོ དེ་ལ་དགོས་པ་ཅི་ཞེ་ན། བདེ་འགྲོ་འཕེན་བྱེད་ཀྱི་ལས་ཡིན་ན་བདེ་འགྲོའི་ཕུང་པོ་ལ་སྲེད་པའི་འདུན་པ་ལ་འདོད་ཆགས་ཀྱིས་ཀུན་ནས་སླང་བས་ཁྱབ། དེ་ཡང་བདག་དུ་འཛིན་པ་ལས་ངེས་པར་འབྱུང་བའི་ཕྱིར། འདོད་ཆགས་དེ་ཡང་དུས་ཀྱི་ཀུན་སློང་ནི་མ་ཡིན་ཏེ། དེ་དང་འཕེན་བྱེད་ཀྱི་ལས་གཉིས་ཀྱི་བར་དུ་དགེ་བའི་ཀུན་སློང་གིས་ཆོད་པའི་ཕྱིར་རོ། །དཔེར་ན། ལྷ་མིའི་གོ་འཕང་དོན་དུ་གཉེར་བས་ཚུལ་ཁྲིམས་བསྲུང་བའི་ལས་ལྟ་བུའོ། །འོ་ན་ཅི་མ་རིག་པ་འདུ་བྱེད་ཀྱི་དུས་ཀྱི་ཀུན་སློང་དུ་འགྱུར་བ་མི་སྲིད་དམ་ཞེ་ན། མི་སྲིད་པ་མ་ཡིན་ཏེ། ངན་འགྲོར་འཕེན་བྱེད་ཀྱི་ལས་ཐམས་ཅད་ཀྱི་དུས་ཀྱི་ཀུན་སློང་ན་དེ་ངེས་པར་ཡོད་དགོས་པའི་ཕྱིར། དེ་ལྟར་ངན་འགྲོར་འཕེན་བྱེད་ཀྱི་ལས་ལ་ནི་མ་རིག་པས་ཀུན་སློང་གཉིས་ཀ་བྱེད་པའི་ཕྱིར། ཡན་ལག་དང་པོར་བཞག་གོ །ཞར་ལ་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་ན་ཡང་ཆགས་སྡང་གཉིས་ཀ་ཡོད་ཅིང༌། འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་ན་ཡང་དེ་གཉིས་ཀ་ཡོད་ན། གཉིས་པོའི་ཁྱད་པར་ཅི་ཞེ་ན། དང་པོ་ནི། བདག་དུ་ཆགས་པའི་འདོད་ཆགས་ཡིན་ལ། ཕྱི་མ་ནི་ཕྱི་རོལ་ཡུལ་ལ་ཆགས་པའི་འདོད་ཆགས་ཡིན་པའི་ཁྱད་པར་ལས་དང༌། ཡང་དང་པོ་ནི་མ་འོངས་པའི་ཕུང་པོ་དོན་དུ་གཉེར་བའི་འདུན་པ་ཡིན་ལ། གཉིས་པ་ནི། ད་ལྟར་གྱི་ཕུང་པོ་ལ་སྲེད་པའི་འདོད་ཆགས་ཡིན་པའི་ཁྱད་པར་ལས་སོ། །གཉིས་པ་སྤང་བྱ་གང་ཡིན་པ་ལ། དོན་གསང་རྣམ་པར་བཤད་པ་ལས་ནི། མཐོང་སྤངས་ཁོ་ན་ཡིན་ཏེ། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་བྱེད་མེད། །ཞེས་འཕགས་པ་རྣམས་ལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་མེད་པར་བཤད་ལ། སྒོམ་སྤངས་སུ་གྱུར་པའི་མ་རིག་པ་ནི་འཕགས་པ་ལ་ངེས་པར་ཡོད་པའི་ཕྱིར་ཞེས་བཞེད། གཞན་དག་ན་རེ་སྒོམ་སྤངས་ཁོ་ན་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར། དེ་ལས་ཀྱང་ཉོན་ཡིད་འཁོར་དུ་འབྱུང་བའི་མ་རིག་པ་ཁོ་ན་ཡིན་གྱི། ཡིད་ཤེས་འཁོར་དུ་བྱུང་བ་ནི་མིན་ཏེ། དེ་ནི་བསོད་ནམས་དང་མི་གཡོ་བའི་ལས་གཉིས་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཞེས་ཟེར་རོ། །ལུགས་དང་པོ་མི་རིགས་ཏེ། བདེན་པ་མཐོང་ལ་འཕེན་བྱེད་མེད། །ཞེས་པའི་དོན་འཕགས་རྒྱུད་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་མེད་པའི་དོན་ཡང་མ་ཡིན་ཏེ། དེ་ལ་དེའི་ཀུན་སློང་དུ་གྱུར་པའི་མ་རིག་པ་མེད་པའི་དོན་ཡང་མ་ཡིན་གྱི། དེའི་རྒྱུད་ཀྱི་མ་རིག་པ་དེས་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བར་མི་བྱེད་པ་ལ་དགོངས་པའི་ཕྱིར། གཏན་ཚིགས་དང་པོ་གྲུབ་སྟེ། གཞན་དུ་ན་ཉན་ཐོས་འཕགས་པ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པ་མེད་པར་འགྱུར་བའི་ཕྱིར། གཉིས་པ་ཡང་གྲུབ་སྟེ། དེའི་རྒྱུད་ལ་ཉོན་མོངས་པ་ཅན་གྱི་མ་རིག་པ་ལྷན་སྐྱེས་ཡོད་ལ། དེས་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པའི་གོ་ཆོད་པའི་ཕྱིར། གཞན་དུ་ན་འབྲས་བུ་བསྐྱེད་ངེས་མིན་ན། རྒྱུ་དེ་དང་དེའི་གོ་མི་ཆོད་པར་འགྱུར་རོ། །དེ་ལྟ་ན་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཚོར་བས་ཀྱང་བཅུ་གཉིས་ཀྱི་ཚོར་བའི་གོ་མི་ཆོད་པར་ཧ་ཅང་ཐལ་ལོ། །ཞར་ལ་འདི་ཤེས་དགོས་ཏེ། བདེན་པ་མཐོང་ལ་འཕེན་བྱེད་མེད། །ཞེས་པ་མངོན་པ་གོང་མ་པ་དག་གི་ལུགས་ཡིན་པར་གྲུབ་པ་ན། འཕགས་པ་ཐོབ་རྗེས་སུ་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཆགས་བྲལ་བྱས་པ་མི་སྲིད་པ་དང༌། དེ་འདྲ་བྱེད་པ་ལྟ་ཞོག་ཉེར་བསྡོགས་དེ་མངོན་དུ་བྱེད་པ་ཡང་མི་སྲིད་པར་གྲུབ་སྟེ། གཞན་དུ་ནི། དེ་འདྲ་དེ་ལ་བཅུ་གཉིས་ཀྱི་ཆ་ཤས་སུ་གྱུར་པའི་འདུ་བྱེད་ཀྱི་དོན་ཚང་བའི་ཕྱིར་ཏེ། གཟུགས་ཁམས་ཀྱི་ཕུང་པོ་མ་འོངས་པ་དོན་དུ་གཉེར་བའི་འདུན་པ་འདོད་ཆགས་ཀྱིས་ཀུན་ནས་བླངས་པའི་ལས་དགེ་བ་གང་ཞིག དུས་དེར་ས་དེའི་དངོས་གཞིས་བསྡུས་པའི་ཚོར་བའི་ཕུང་པོ་མ་སྐྱེས་པའི་ཕྱིར། ཞེས་བྱ་བའི་རིགས་པ་ལས་སོ། །དེ་ལྟར་གྲུབ་པ་ན་ལུགས་འདི་ལ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལམ་ཟག་བཅས་ཀྱིས་ཐོབ་པ་ཞེས་བྱ་བ་ཡང་མི་སྲིད་པར་འགྲུབ་ཅིང༌། དེ་ལྟར་བཤད་པ་ཡང་མེད་དོ། །འཕགས་པ་རྣམས་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་འོག་མ་ལ་ཆགས་བྲལ་བྱེད་མི་སྲིད་པའི་ཤེས་བྱེད་ཀྱང༌། གཏན་ལ་དབབ་པ་བསྡུ་བ་ལས། དེ་ལྟ་བས་ན་འཕགས་པ་ཉན་ཐོས་ནི་བསམ་གཏན་དང་པོ་ཡན་ཆད། དངོས་གཞི་ལས་བྱུང་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོ་ནས་བཅོམ་པར་བྱེད་ཀྱི། ཉེ་བར་བསྡོགས་པ་ལས་བྱུང་བ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་འོག་མ་ལ་ཆགས་བྲལ་བྱེད་པ་དེ་དག་ནི། ས་གོང་མར་འཕེན་བྱེད་ཀྱི་ལས་བསོག་པ་ཁོ་ནར་ངེས་སོ། །ལུགས་གཉིས་པ་ཡང་མི་འཐད་དེ། མཐོང་སྤངས་སུ་གྱུར་པའི་མ་རིག་པས་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བར་མི་ནུས་ན། རྟག་ཅིག་རང་དབང་ཅན་གྱི་གང་ཟག་གི་བདག་དུ་འཛིན་པས་དེ་སློང་མི་ནུས་པར་འགྱུར་ལ། དེ་ལྟ་ན་གང་ཟག་གི་བདག་དུ་འཛིན་པའི་མ་རིག་པ་ཙམ་གྱིས་ཀྱང་དེ་སློང་མི་ནུས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་དང༌། མུ་སྟེགས་པའི་གྲུབ་མཐས་བཏགས་པའི་མ་རིག་པས་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བར་མི་ནུས་ན། དེས་བཏགས་པའི་ཆགས་སྡང་གིས་ཀྱང་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་མི་ནུས་པར་ཧ་ཅང་ཐལ་ལོ། །རང་གི་ལུགས་ལ་མ་རིག་པ་དེ་ལ་སྤང་བྱ་གཉི་ཀའི་ཆ་ཡོད་དེ། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤངས་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་ཏེ། གང་ཡང་རིལ་གྱིས་སྤངས་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་ལ་གཞན་དག་ན་རེ། ངན་སོང་གི་འགྲོ་བས་བསྡུས་པ་རྣམས་སྤངས་པ་ཡིན་གྱི། བདེ་འགྲོའི་འགྲོ་བས་བསྡུས་པ་རྣམས་མ་སྤངས་པར་སྟོན་པ་ཡིན་ནོ། །ཞེ་ན། དེ་ལྟ་ན་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་རྣམས་མཐོང་སྤངས་སུ་འཆད་པ་ཆོས་འདིའི་ལུགས་ཡིན་པའི་ཕྱིར། རིགས་པས་ཀྱང་འགྲུབ་སྟེ། འདིའི་མ་རིག་པ་ལ་ཡིད་ཤེས་འཁོར་དུ་འབྱུང་བ་ཡོད་པར་གྲུབ་ལ། དེ་ལ་ཡང་ཀུན་བཏགས་དང༌། ལྷན་སྐྱེས་གཉིས་ཀ་ཡོད་པར་གྲུབ་པའི་ཕྱིར། ཡིད་ཤེས་འཁོར་དུ་བྱུང་བ་ཡོད་པར་མི་འགྲུབ་བོ་ཅེ་ན། དེ་ནི་ངེས་པར་ཁས་ལེན་དགོས་ཏེ། ཐོག་མའི་མ་རིག་པ་ཡང་ཡིན། ཕྱི་རོལ་ཡུལ་ལ་སྲེད་པའི་འདོད་ཆགས་དང་བརྟེན་དང་དུས་མཚུངས་པ་ཡང་ཡིན་པའི་གཞི་མཐུན་ཞིག་ངེས་པར་ཁས་ལེན་དགོས་ལ། ཉོན་ཡིད་འཁོར་དུ་ནི་དེ་འདྲ་མི་སྲིད་པའི་ཕྱིར། དེ་དགོས་ཏེ། ཡང་སྲིད་ཕྱི་མའི་ཕུང་པོ་ལ་སྲེད་པའི་འདོད་ཆགས་ཀྱིས་ཀུན་ནས་མ་བླངས་པའི་ལས་ཀྱིས་སྤྱིར་ཡང་སྲིད་འཕེན་མི་ནུས་ཤིང༌། བྱེ་བྲག་ཏུ་ཁམས་གོང་མའི་སྐྱེ་བ་འཕེན་མི་ནུས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཉེར་སྡོགས་ཞི་རགས་ཀྱི་རྣམ་པ་ཅན་དུ་གྱུར་པའི་ལས་མིན་ན། ཁམས་གོང་གི་སྐྱེ་བ་འཕེན་བྱེད་དུ་འགལ་ལ། དེར་འཇོག་པ་ལ་ནི། ཁམས་གོང་མའི་ས་ལ་སྲེད་པའི་འདོད་ཆགས་ཀྱིས་ཀུན་ནས་སློང་དགོས་པའི་ཕྱིར། དེ་བཞིན་དུ་དམྱལ་བའི་སྲེད་པ་འཕེན་བྱེད་ཀྱི་ལས་ལ་ཡང༌། ཞེ་སྡང་དང་བརྟེན་མཚུངས་པའི་མ་རིག་པ་ཀུན་སློང་དུ་ངེས་པར་དགོས་པ་ཡིན་ཏེ། དེས་ཀུན་ནས་མ་བླངས་པའི་ལས་ཀྱིས་དེ་འཕེན་པར་མི་ནུས་པའི་ཕྱིར། དེ་ལྟར་གྲུབ་པ་ན། དེའི་ཀུན་སློང་དུ་གྱུར་པའི་མ་རིག་པ་ལ་ཡིད་ཤེས་འཁོར་གྱི་མ་རིག་པ་ཡོད་པར་གྲུབ་པ་ཡིན་ཏེ། ཉོན་ཡིད་འཁོར་གྱི་མ་རིག་པ་ལ་ཞེ་སྡང་དང་བརྟེན་མཚུངས་པ་མི་སྲིད་པའི་ཕྱིར་རོ། །བཞི་པ་གཞན་གྱིས་བཏགས་པའི་མཐའ་བསལ་བ་ནི། གཞན་དག་ན་རེ། མཐོང་བས་སྤང་བར་བྱ་བའི་མ་རིག་པ་ཡན་ལག་དང་པོར་འཇོག་པ་མི་འཐད་དེ། འདི་ལྟར་འདོད་པའི་སས་བསྡུས་ཀྱི་མཐོང་སྤངས་སུ་གྱུར་པའི་མ་རིག་པ་ཡིན་ན། མི་དགེ་བ་ཡིན་པས་ཁྱབ་ལ། དེ་ལྟར་ཁྱབ་པ་དེའི་ཚེ་ན། འདོད་པར་བསགས་པའི་བསོད་ནམས་དང༌། མི་གཡོ་བའི་ལས་དེ་དག་ཆོས་ཅན། མི་དགེ་བ་ཡིན་པར་འགྱུར་ཏེ། འདོད་པའི་མཐོང་སྤངས་སུ་གྱུར་པའི་མ་རིག་པའི་རྐྱེན་ལས་བྱུང་བའི་ཕྱིར། དཔེར་ན་བསོད་ནམས་མ་ཡིན་པའི་ལས་བཞིན་ནོ། །དེས་ན་འདིའི་མ་རིག་པ་ནི་ཉོན་ཡིད་འཁོར་གྱི་མ་རིག་པ་ཁོ་ན་ལ་བྱ་དགོས་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་དེ་ལྟར་བཤད་པའི་ཕྱིར་དང༌། འདུ་བྱེད་སྤྱིའི་རྐྱེན་ཅན་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། རིགས་པ་དང་འགལ་བ་དང༌། དེ་མ་ཐག་ཏུ་ཁས་བླངས་ནང་འགལ་བའི་ཕྱིར་དང༌། སྒྲུབ་བྱེད་མ་ངེས་པའི་ཕྱིར་རོ། །དང་པོ་ནི། མི་དགེ་བས་ཀུན་ནས་བླངས་པའི་ལས་ཡིན་པས་མི་དགེ་བའི་ལས་ཡིན་དགོས་ན། རྒྱུའི་ཀུན་སློང་མི་དགེ་བས་བྱས་ཤིང༌། དུས་ཀྱི་ཀུན་སློང་དགེ་བས་བྱས་པའི་ལས་མི་སྲིད་པར་འགྱུར་བ་དང༌། ལུང་མ་བསྟན་གྱིས་ཀུན་ནས་བླངས་པའི་ལས་ཡིན་ན། ལུང་མ་བསྟན་གྱི་ལས་ཡིན་དགོས་པར་འགྱུར་རོ། །གལ་ཏེ་དེ་མི་དགོས་ཏེ། རྒྱུའི་ཀུན་སློང་དེ་དང་དེ་ཡིན་པ་ལ་དེ་དང་དེ་ཡིན་མི་དགོས་པས་སོ། །ཞེ་ན། ཁོ་བོ་ཅག་གི་འདོད་པ་དེ་ཉིད་ཁྱེད་ཀྱིས་སྨྲས་པ་ཡིན་ཏེ། བསོད་ནམས་དང་མི་གཡོ་བའི་འདུ་བྱེད་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་ཡིན་ན། རྒྱུའི་ཀུན་སློང་ཡིན་དགོས་ཏེ། དེ་ལ་དུས་ཀྱི་ཀུན་སློང་མ་རིག་པ་མི་སྲིད་ཅིང༌། དེའི་ཀུན་སློང་དུ་གྱུར་པའི་མ་རིག་པ་ཞིག་ནི་འདོད་དགོས་པའི་ཕྱིར། དེའི་ཕྱིར་ཁྱེད་ཀྱི་ཐལ་བ་དེ་ཡང་མ་ངེས་པ་ཡིན་ནོ། །གཉིས་པ་ཁས་བླངས་འགལ་བ་ནི། བསོད་ནམས་མ་ཡིན་པའི་ལས་དེ་མཐོང་སྤངས་སུ་གྱུར་པའི་མ་རིག་པ་ལས་བྱུང་བའི་རྟགས་ཀྱིས། བསོད་ནམས་དང་མི་གཡོ་བའི་ལས་མི་དགེ་བར་ཐལ་བའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེར་བཞག་པ་ན། འོ་ན་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ལ་མཐོང་སྤངས་ཤིག་སྲིད་པར་ཐལ། བསོད་ནམས་མ་ཡིན་པའི་ལས་དེ་དེར་གྱུར་པའི་མ་རིག་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །དེ་གཞན་གྱིས་ཁས་བླངས་པའི་དཔེའོ་སྙམ་ན། འོ་ན་མཐོང་སྤངས་སུ་གྱུར་པའི་མ་རིག་པས་ཟག་བཅས་ཀྱི་ལས་གཏན་ནས་སློང་མི་སྲིད་པའམ། དེས་བླངས་པའི་ལས་ཡིན་ན་བསོད་ནམས་དང༌། མི་གཡོ་བའི་ལས་གང་རུང་ཡིན་དགོས་པར་འགྱུར་རོ། །གསུམ་པ་བསྒྲུབ་བྱེད་མ་ངེས་པ་ནི། འདུ་བྱེད་སྤྱིའི་རྐྱེན་ཅན་ཡིན་པའི་ཕྱིར་ཞེས་པའི་གོ་བ་ནི། བསོད་ནམས་ཀྱི་ལས་བསོག་འདུ་བྱེད་གསུམ་ཀའི་ཀུན་སློང་ཡིན་ལ། དེ་མཐོང་སྤངས་ལ་རིགས་པ་མིན་ཏེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤངས་སུ་གྱུར་པའི་མ་རིག་པས་བསོད་ནམས་དང་མི་གཡོ་བའི་ལས་སློང་མི་ནུས་པ་དང༌། གྲུབ་མཐས་བློ་ཁ་མ་སྒྱུར་བ་རྣམས་ལ་དེ་མེད་པའི་ཕྱིར། ཞེས་པའི་དོན་ཡིན་པར་སྣང་ལ། དེ་ལས་གཞན་པའི་གོ་བ་ཚོལ་རྒྱུ་གང་ཡང་མེད་དོ། །དེ་ལྟ་ན། འདིའི་མ་རིག་པ་ཉོན་ཡིད་འཁོར་གྱི་མ་རིག་པ་ཁོ་ན་ལ་འཇོག་པ་ཡང་མི་རིགས་པར་འགྱུར་ཏེ། འདི་ནི་འདུ་བྱེད་སྤྱིའི་རྐྱེན་ཅན་ཡིན་ལ། ཉོན་ཡིད་འཁོར་གྱི་མ་རིགས་པས་བསོད་ནམས་མ་ཡིན་པའི་ལས་སློང་བར་མི་ནུས་པའི་ཕྱིར། སེམས་ལུང་མ་བསྟན་བརྐྱང་པས་བླངས་པའི་ལས་མི་དགེ་བ་ནི་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་དེ་ལ་ཡང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་གཞན་གྲོགས་སུ་དགོས་པ་ཡིན་ནོ་སྙམ་ན། འོ་ན་དེའི་ཀུན་སློང་དུ་གྱུར་པའི་ཡིད་ཤེས་འཁོར་གྱི་མ་རིག་པ་ཡོད་པར་གྲུབ་སྟེ། ལས་ཀྱི་ཀུན་སློང་དུ་གྱུར་པའི་ཞེ་སྡང་ཡིན་ན། དེ་དང་མཚུངས་ལྡན་དུ་བྱུང་བའི་ཡིད་ཤེས་འཁོར་གྱི་མ་རིག་པ་ཡོད་པས་ཁྱབ་པའི་ཕྱིར་ཏེ། དེ་བས་ན་འདུ་བྱེད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་དེ་ནི། མ་རིག་པ་ལ་མཐོང་སྤངས་དང༌། སྒོམ་སྤངས་གཉིས་ཡོད་པའི་ཤེས་བྱེད་དུ་ལེགས་པར་འབྲེལ་བ་ཡིན་གྱི། གང་རུང་རེ་རེ་བ་ཁོ་ནར་ངེས་པ་དང༌། སྒོམ་སྤངས་ཁོ་ན་ཡིན་པའི་ཤེས་བྱེད་དུ་ཇི་ལྟར་འབྲེལ། དེ་བས་ན་ཕྱོགས་སྔ་མ་འདི་དག་ནི་གངས་ཅན་དུ་ཕྱིས་བྱོན་པའི་ཤིང་རྟ་ཆེན་པོ་ཀུ་མཱ་ར་ལ་སོགས་པ་རྣམས་ཀྱིས་སྨྲས་པ་ཡིན་ཀྱང༌། ཡིད་བརྟན་དུ་རུང་བར་མི་སྣང་བས། རི་བོང་གི་ཅལ་དང་དུ་བླང་བར་མི་བྱའོ། །གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་ནི། རང་རྒྱུ་མ་རིག་པའི་རྟེན་འབྲེལ་གྱིས་ཀུན་ནས་བླངས་ཤིང༌། རང་འབྲས་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་རྟེན་བྱེད་པའོ། །དབྱེ་ན་བསོད་ནམས་ཀྱི་དང༌། བསོད་ནམས་མ་ཡིན་པའི་དང༌། མི་གཡོ་བའི་ལས་སོ། །དང་པོ་ནི་འདོད་པ་ཁམས་ཀྱི་བདེ་འགྲོ་འཕེན་པའི་ལས་དང༌། གཉིས་པ་ནི། ངན་འགྲོ་འཕེན་པའི་ལས་དང༌། གསུམ་པ་ནི། ཁམས་གོང་མ་འཕེན་པའི་ལས་སོ། །ཆོས་མངོན་པ་ལས། གསུམ་པོ་འདི་རྣམ་སྨིན་གྱི་རྒྱུར་བཤད་པའི་ཕྱིར། འཕེན་བྱེད་ཀྱི་ལས་སུ་ངེས་ལ། དེ་རེ་རེ་ལ་མྱོང་བར་ངེས་པ་དང༌། མ་ངེས་པ་གཉིས་སུ་ཕྱེ་ཞིང༌། དང་པོ་ལ། མཐོང་ཆོས་ལ་དང༌། སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོ། །དང་པོ་ནི། རྣམ་སྨིན་མཐོང་ཆོས་ལ་མྱོང་བ་ཞེས་པའི་དོན་ཡིན་ལ། དེ་ཡང་རྣམ་སྨིན་དངོས་མྱོང་བ་ནི་མ་ཡིན་ཏེ། སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་ཕྱིར། འོ་ན་ཅི་ཞེ་ན། རྣམ་སྨིན་རྒྱུ་མཐུན་གྱི་འབྲས་བུར་བསྒྱུར་བའི་ཚུལ་གྱིས་མྱོང་བའོ། །ཞེས་པ་ནི་མངོན་པ་འོག་མ་རྩ་འགྲེལ་གྱི་དགོངས་པའོ། །འོ་ན་ལས་གསུམ་པོ་དེ་མ་རིག་པ་གང་གིས་ཀུན་ནས་བླང་བ་དང༌། དེས་རྣམ་པར་ཤེས་པའི་རྟེན་འབྲེལ་གྱི་རྐྱེན་བྱེད་ཚུལ་ཇི་ལྟ་བུ་ཞེ་ན། ལས་དགེ་བ་གཉིས་པོའི་ཐོག་མའི་ཀུན་སློང་ནི་ཉོན་ཡིད་འཁོར་གྱི་མ་རིག་པ་སྟེ། དེ་ལས་བདག་དུ་ལྟ་བ་དང་ཆགས་པ་འབྱུང༌། དེ་ལས་བདག་གི་བ་བདག་གི་བདེ་བ་བསྒྲུབ་བྱེད་དུ་ལེན་པའི་འདོད་ཆགས་འབྱུང༌། འདོད་ཆགས་གཉིས་པ་འདི་དང་མཚུངས་ལྡན་དུ་བྱུང་བའི་མ་རིག་པ་ནི། ཡིད་ཤེས་འཁོར་གྱི་མ་རིག་པ་ཁོ་ན་ཡིན་ཏེ། འདོད་ཆགས་དེ་ཁ་ཕྱིར་བལྟ་བའི་ཕྱིར། དེ་ལྟ་བུའི་མ་རིག་པ་སྔ་ཕྱི་གཉིས་ཀ་ཡང་ཐོག་མའི་མ་རིག་པ་ཡིན་ཏེ། ཉོན་ཡིད་འཁོར་གྱི་དེ་མེད་ན་བདག་དུ་ཆགས་པ་མི་འབྱུང༌། ཡིད་ཤེས་འཁོར་གྱི་དེ་མེད་ན་བདག་གི་བ་ལ་སྲེད་པ་མི་འབྱུང༌། དེ་མེད་ན་བདག་གི་བདེ་བ་བསྒྲུབ་བྱེད་དུ་ལས་བསོག་པ་མི་འབྱུང་བའི་ཕྱིར། དོན་དེ་ལ་དགོངས་ནས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པ་ཡིན་ཏེ། ཡིད་ཤེས་འཁོར་དུ་བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མངོན་དུ་གྱུར་པ་དེའི་ཚེ། དེའི་འཁོར་གྱི་ཆགས་པས་བདག་གི་བདེ་བ་བསྒྲུབ་བྱེད་དུ་ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་མི་ནུས་པའི་ཕྱིར་རོ། །མ་རིག་པ་དེ་གཉིས་ཀ་ཡང་ལས་གཉིས་པོའི་དེ་དུས་ཀྱི་ཀུན་སློང་དུ་འགྱུར་བ་མི་སྲིད་ཅིང༌། མ་རིག་པ་དང་པོ་སྒོམ་སྤངས་ཁོ་ན་ཡིན་པར་མ་ཟད། གཉིས་པ་ལ་ཡང་མཐོང་སྤངས་དང་སྒོམ་སྤངས་ཀྱི་ཆ་གཉིས་ཡོད་པ་ཡིན་ཏེ། གྲུབ་མཐའ་ལ་ཞུགས་པ་དག་གིས་བདག་སྐྱེ་བ་ཕྱི་མ་ཕན་ཆད་དུ་ཡོད་པར་འཛིན་པའི་རྨོངས་པས་ཀུན་ནས་བླངས་ཏེ། བདེ་བ་བསྒྲུབ་བྱེད་དུ་ལས་སོག་པ་དང༌། གྲུབ་མཐའ་ལ་མ་ཞུགས་པ་དག་གིས། སྤྱིར་བདག་ཙམ་དུ་རྨོངས་ནས། ཚེ་འདིའི་བདེ་བ་བསྒྲུབ་བྱེད་དུ་དགེ་བའི་ལས་སོག་པ་དག་ཡོད་པའི་ཕྱིར། གཉིས་པ་བསོད་ནམས་མ་ཡིན་པའི་ལས་ལ། རྒྱུ་དུས་ཀྱི་ཀུན་སློང་གི་རིམ་པ་ནི་སྔ་མ་དང་འདྲ་ལ། དེ་དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་ནི། ལས་འབྲས་ལ་རྨོངས་པའི་མ་རིག་པ་དེའོ། །འོ་ན་འདིའི་དེ་དུས་ཀྱི་ཀུན་སློང་ཆགས་སྡང་གཉིས་གཙོ་ཆེ་བ་ཡིན་པ་ལ། མ་རིག་པ་ཁོ་ན་ཀུན་སློང་དང༌། ཡན་ལག་དང་པོར་འཇོག་པ་མི་རིགས་སོ་ཞེ་ན། དེ་ལྟར་ཡིན་མོད་ཀྱང༌། མ་རིག་པ་མེད་ན་གཉིས་པོས་ལས་ཀུན་ནས་སློང་བར་མི་ནུས་ཏེ། དེ་མེད་ན་བདག་ཏུ་ཆགས་པ་མི་འབྱུང་ཞིང༌། དེ་མེད་ན་ཚེ་འདིའི་བདེ་བ་བསྒྲུབ་བྱེད་དུ་བསོད་ནམས་མ་ཡིན་པའི་ལས་སོག་པ་མི་འབྱུང་བའི་ཕྱིར་རོ། །དཔེར་ན་ལས་དགེ་བའི་དེ་དུས་ཀྱི་ཀུན་སློང་དགེ་བའི་རྩ་བ་གསུམ་པོ་གང་རུང་ཡིན་ཀྱང༌། དེ་གསུམ་བཅུ་གཉིས་ཀྱི་ཡན་ལག་དང་པོར་མི་འཇོག་པ་བཞིན་ནོ། །འོ་ན་མ་རིག་པ་འགྲུབ་བྱེད་ཀྱི་ཀུན་སློང་དུ་ཡང་འཇོག་རིགས་པར་འགྱུར་ཏེ། དེ་མེད་ན་སྲེད་ལེན་རྐྱང་པས་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བ་མི་ནུས་པའི་ཕྱིར་ཅེ་ན། དེ་མཚུངས་པ་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཚེ་ཆགས་སོགས་ཀྱིས་རྣམ་སྨིན་གྱི་ངོ་བོ་འཕེན་པའི་ལས་ཀུན་ནས་མི་སློང་ལ། ཁྱད་པར་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བ་དུ་མ་ཡོད་པའི་ཕྱིར། དཔེར་ན་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བཞིན་ནོ། །དེའི་ཁྱད་པར་ཡང༌། འཕེན་བྱེད་ཀྱི་ལས་སོག་པ་ནི་བདག་དུ་རྨོངས་པ་ཁོ་ན་ཡིན་ལ། འགྲུབ་བྱེད་ཀྱི་ལས་སོག་པ་ནི་བདག་གི་བ་ལ་སྲེད་པའི་འདོད་ཆགས་ཀྱི་དབང་གིས་ཡིན་པར་ངེས་པའི་ཕྱིར། དེའི་རྒྱུ་མཚན་གྱིས་བྱིས་པ་རྣམས་ཀྱིས་རྣམ་སྨིན་གྱི་ངོ་བོ་ལ་བདག་ཏུ་འཛིན་ཅིང༌། ཁྱད་པར་ལ་བདག་གི་བ་ཉིད་དུ་ཆགས་པར་བྱེད་པ་ཡིན་ནོ། །དེ་ལའང་གཉིས་ཏེ། ནང་མིག་སོགས་སྐྱེ་མཆེད་ལ་བདག་གི་བར་ཆགས་པ་དང༌། ཕྱི་རོལ་གཟུགས་སོགས་ཕྱིའི་སྐྱེ་མཆེད་ལ་བདག་གི་བར་ཆགས་པའི་དབྱེ་བས་རྣམ་པ་གཉིས་ཡིན་ལ། རྣམ་སྨིན་འགྲུབ་བྱེད་ལ་ནི་དང་པོ་ཁོ་ན་ངེས་པར་དགོས་སྟེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ལས་གསུམ་པོ་དེས་རྟེན་གྱི་གང་ཟག་དེའི་རྒྱུད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རང་རང་གི་བག་ཆག་བསྒོས་པ་ལས། དེའི་སྟེང་དུ་དེ་གསུམ་གྱི་རྣམ་སྨིན་གྱི་ས་བོན་གསར་དུ་བཏབ་པར་གྱུར་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་དང་དེའི་རྟེན་འབྲེལ་གྱི་ཁྱད་པར་སོ་སོར་ཕྱེའོ། །གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ནི། རང་གི་བདག་རྐྱེན་འདུ་བྱེད་ལས་བྱུང་ཞིང༌། རང་འབྲས་མིང་གཟུགས་ནས་ཚོར་བའི་བར་གྱི་རྒྱུའི་རྐྱེན་བྱེད་པའོ། །ཀུན་གཞི་ཁས་མི་ལེན་པའི་གྲུབ་པའི་མཐའ་ལ་ནི། རྣམ་ཤེས་ཀྱི་རྟེན་འབྲེལ་འདི་འབྲས་དུས་ཀྱི་རྣམ་ཤེས་ཁོ་ན་ལ་ངོས་བཟུང་ནས། སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་གནས་སྐབས་ཀྱི་རྣམ་པར་ཤེས་པ་ཁོ་ན་ལ་འཆད་ལ། ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་བཞག་པའི་གྲུབ་པའི་མཐའ་ལ་ཡང་འབྲས་དུས་ལ་འཛིན་པ་དབུས་དང་མཐའ་རྣམ་པར་འབྱེད་པ་རྩ་འགྲེལ་གྱི་ལུགས་དང༌། རྒྱུ་དུས་ཀྱི་ཆ་ཁོ་ན་ལ་འཆད་པ་མངོན་པ་ཀུན་ལས་བཏུས་དང༌། རྟེན་འབྲེལ་མདོ་འགྲེལ་ལ་སོགས་པ་སྐུ་མཆེད་གཉིས་ཀྱི་གཞུང་ཕལ་ཆེ་བ་རྣམས་སོ། །གསུམ་པ་མིང་གཟུགས་ནས་ཚོར་བའི་རྟེན་འབྲེལ་གྱི་བར་བཞི་པོའི་ངོས་འཛིན་ནི། ཀུན་གཞིའི་སྟེང་གི་ས་བོན་དེའི་རྣམ་སྨིན་གྱི་ཆ་མ་འོངས་པ་ན་འབྱུང་འགྱུར་དེ་ཡིན་ལ། དེ་དག་ཀྱང་འོག་གི་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་མ་བཏབ་པ་དེ་སྲིད་དུ། མངོན་དུ་མི་འགྱུར་བ་ཡིན་ནོ་ཞེས་ཤེས་པར་བྱས་ནས། འདི་ལ་གཉིས་ཏེ། མ་འོངས་པ་ན་འབྱུང་འགྱུར་གྱི་ངོ་བོ་ངོས་བཟུང༌། ད་ལྟ་ཇི་ལྟར་ཡོད་པའི་ཚུལ་ལོ། །དང་པོ་ལ། མིང་གཟུགས་ཀྱི་རྟེན་འབྲེལ་ནི། རང་རྒྱུ་རྣམ་པར་ཤེས་པའི་རྟེན་འབྲེལ་གྱིས་རྒྱུའི་རྐྱེན་བྱས་པ་ལས་བྱུང་ཞིང༌། སྐྱེ་གནས་སུ་ཉིང་མཚམས་སྦྱར་ནས་མིང་གཟུགས་དང་པོར་གྲུབ་པའི་གནས་སྐབས་ཀྱི་ཕུང་པོ་གང་ཞིག རང་འབྲས་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་གྱི་རྐྱེན་དུ་གྱུར་པའོ། །འདི་ལ་རྒྱུ་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ལས། འབྲས་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་འབྱུང༌། དེ་ལས་ས་དེ་བསྡུས་ཀྱི་ཉོན་མོངས་ཅན་གྱི་ཡིད་འབྱུང༌། དེའི་འཁོར་དུ་ཚོར་བ་དང༌། འདུ་ཤེས་དེ་དང་དུས་སྙམ་དུས་དེའི་གཟུགས་ཀྱི་ཕུང་པོ་དང་པོར་གྲུབ་པ་དེའི་ཚེ། དེ་ཐམས་ཅད་ཀྱི་ཚོགས་པ་དེ་ལ་མིང་གཟུགས་ཀྱི་རྟེན་འབྲེལ་ཞེས་བྱའོ། །གནས་སྐབས་འདིར་མིག་སོགས་དབང་པོ་ལྔ་མ་ཐོབ་པར་མ་ཟད། ཡིད་ཀྱི་སྐྱེ་མཆེད་ཀྱང་མ་བཞག་གོ །དེའི་ཤེས་བྱེད་ཀྱང༌། སྐྱེ་མཆེད་དྲུག་གི་ཟླས་ཕྱེ་བའི་ཡིད་ཀྱི་སྐྱེ་མཆེད་ནི་ཚོགས་དྲུག་འདས་མ་ཐག་པ་ལ་འཆད་པའི་དབང་དུ་བྱས་པའོ། །དེར་མ་ཟད་འདིར་རེག་པ་ཡང་མ་བཞག་སྟེ། དེ་ཡང་སྐྱེ་མཆེད་དྲུག་གི་རྐྱེན་ལས་འབྱུང་དགོས་པའི་ཕྱིར། ཚོར་བ་ཡང་མ་བཞག་སྟེ། དེ་ཡང་རེག་པའི་རྐྱེན་གྱིས་སྐྱེ་དགོས་པའི་ཕྱིར། འོ་ན་མིང་དང་གཟུགས་ཇི་ལྟ་བུ་ཞེ་ན། མིང་ནི་རྣམ་པར་ཤེས་པའི་ཕུང་པོ་དང༌། གཟུགས་ནི་གཟུགས་ཀྱི་ཕུང་པོའི་འོ། །རྣམ་པར་ཤེས་པ་དེ་ཡང་འབྲས་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དོ། །འོ་ན་དེའི་འཁོར་ན་ཀུན་འགྲོ་ལྔ་མེད་པ་ཅི་ཞེ་ན། ཀུན་གཞིའི་འཁོར་གྱི་ཀུན་འགྲོ་ལྔའི་མིང་ཅན་དེ་ལ་ནི། དེ་དང་དེའི་མཚན་ཉིད་མ་ཚང་ལ། ཉོན་ཡིད་འཁོར་ན་ནི། དུས་འདིར་ངེས་པའི་འཁོར་བཞི་པོ་མ་གཏོགས། ཀུན་འགྲོ་ལྔ་པོ་མ་སྐྱེས་པ་ཡིན་ཏེ། དེ་སྐྱེ་བའི་རྒྱུ་རྐྱེན་མ་ཚོགས་པའི་ཕྱིར་རོ། །དེ་ཚང་ན་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ཇི་ལྟར་ངེས་ཞེས་བསམ་པར་བྱའོ། །ལྔ་པ་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་ནི། རང་རྒྱུ་མིང་གཟུགས་ཀྱི་རྟེན་འབྲེལ་ལས་བྱུང་ཞིང༌། མིག་སོགས་སྐྱེ་མཆེད་དྲུག་དང་པོར་དོད་ཙམ་གྱི་ཕུང་པོ་ལྔའི་ཚོགས་པ་གང་ཞིག་རང་འབྲས་རེག་པའི་རྐྱེན་བྱེད་པའོ། །དུས་འདིར་མིག་སོགས་དབང་པོ་ལྔ་དོད་པར་མ་ཟད། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ལྔ་གྲུབ་ཅིང༌། དེས་བདག་པོའི་རྐྱེན་བྱས་ནས་ཡིད་ཀྱི་རྣམ་པར་ཤེས་པ་མ་འོངས་པ་སྐྱེ་བའི་སྒོ་ཕྱེ་བ་དེ་ལ་ནི། ཡིད་ཀྱི་དབང་པོ་ཞེས་བྱའོ། །སྐབས་འདིར་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་མ་སྐྱེས་ཤིང༌། དེའི་རྒྱུ་མཚན་གྱིས་ཀུན་འགྲོ་ལྔ་མངོན་དུ་མ་གྱུར་པ་ཡིན་ནོ། །དྲུག་པ་རེག་པའི་རྟེན་འབྲེལ་ནི། རང་རྒྱུ་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་ལས་བྱུང་ཞིང༌། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས། ཡུལ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་གང་ཞིག རང་འབྲས་ཚོར་བའི་རྐྱེན་བྱེད་པའོ། །རེག་ཚོར་གཉིས་ཀ་ཀུན་འགྲོར་བཤད་ཀྱང༌། དང་པོར་སྐྱེ་བའི་ཚེ་ནི་རིམ་ཅན་ཁོ་ནར་སྐྱེ་དགོས་པ་ཡིན་ཏེ། ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ངེས་པས་སོ། །བདུན་པ་ཚོར་བའི་རྟེན་འབྲེལ་ནི། རང་རྒྱུ་རེག་པའི་རྐྱེན་ལས་བྱུང་ཞིང༌། སེམས་གདུང་སོགས་ཀྱི་ངོ་བོར་ཉམས་སུ་མྱོང་བའི་སེམས་བྱུང་གང་ཞིག རང་འབྲས་སྲེད་པའི་རྐྱེན་བྱེད་པའོ། །རྟེན་འབྲེལ་འདི་དག་ཀྱང་རང་རང་དང་པོར་སྐྱེས་ཤིང༌། ཡན་ལག་ཕྱི་མ་མ་སྐྱེས་པའི་བར་དེ་ཁོ་ན་ལ་འཛིན་དགོས་པ་ཡིན་གྱི། སྤྱིར་དེ་དང་དེ་ཡིན་པ་ཙམ་གྱིས་རྟེན་འབྲེལ་དེ་དང་དེར་འཇོག་ནུས་པ་མ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། མ་རིག་པ་ཅིའི་ལས་ཅན་ཞེ་ན། སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་པ་དང༌། འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ཡིན་ནོ། །འདུ་བྱེད་རྣམས་ཅིའི་ལས་ཅན་ཞེ་ན། འགྲོ་བ་རྣམས་སུ་སེམས་ཅན་དག་རྣམ་པར་འབྱེད་པ་དང༌། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཀྱང་ཡིན་ནོ། །རྣམ་པར་ཤེས་པ་ཅིའི་ལས་ཅན་ཞེ་ན། སྲིད་པ་ལ་སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན་པ་དང༌། མིང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ནོ། །ཞེས་སོགས་བཅུ་གཉིས་པོ་ཐམས་ཅད་ལ་སྦྱར་ནས་གསུངས་པའི་ཕྱིར་དང༌། སྤྱིར་མིང་གཟུགས་ཀྱི་ཕུང་པོ་ཙམ་ལ་ནི་སྐྱེ་བ་དང་རྒ་ཤིའི་རྟེན་འབྲེལ་ཞེས་བསྡུས་ནས་འཇོག་པ་དང༌། གནས་སྐབས་སོ་སོ་བ་དེ་རྣམས་ལ་སོ་སོའི་མིང་གིས་བཏགས་ནས་འཇོག་པའི་ཁྱད་པར་ཕྱེད་དགོས་པས་སོ། །གཉིས་པ་ད་ལྟ་གནས་པའི་ཚུལ་ནི། འོ་ན་བཞི་པོ་དེ་མ་འོངས་པ་ན་འབྱུང་ཚུལ་དེ་ལྟར་ཡིན་མོད། ད་ལྟ་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་མ་བཏབ་པའི་ཚེ་ཇི་ལྟར་དུ་གནས་ཤེ་ན། བཞི་པོ་རྒྱུ་དུས་ཀྱི་ཀུན་གཞིའི་སྟེང་ན་ས་བོན་གྱི་ཚུལ་གྱིས་གནས་སོ་ཞེས་ཟེར་བ་དང༌། རྣམ་སྨིན་གྱི་ཚུལ་དུ་གནས་སོ་ཞེས་ཟེར་བ་གཉིས་ལས། ཕྱི་མ་ལེགས་པ་ཡིན་ཏེ། དེ་དག་དེའི་རྣམ་སྨིན་དུ་ཁས་ལེན་དགོས་པའི་ཕྱིར། གནས་ཚུལ་ཇི་ལྟར་ཞེ་ན། རང་དུས་ཀྱི་ཀུན་གཞི་དེས་རྣམ་སྨིན་བཞི་པོ་དེ་འཛིན་པའི་ཚུལ་གྱིས་སོ། །དེའི་རྒྱུ་མཚན་ཡང་དེའི་སྟེང་ན་བཞི་པོ་དེའི་ས་བོན་ཡོད་པའི་རྒྱུ་མཚན་གྱིས་སོ། །འོ་ན་དེའི་སྟེང་གི་བཞི་པོའི་ས་བོན་དེ་དང་དེའི་རྟེན་འབྲེལ་དུ་ཁས་ལེན་པ་ཡིན་ནམ་ཞེ་ན། མིན་ཏེ། ས་བོན་ནི་འཕེན་བྱེད་ཀྱིས་འཕངས་པའི་ཡན་ལག་མ་ཡིན་པའི་ཕྱིར་དང༌། རྟེན་འབྲེལ་བཞི་པོ་དེ་ནི་རྣམ་སྨིན་དངོས་སུ་ཁས་ལེན་དགོས་པའི་ཕྱིར། གཞན་དག་མིང་གཟུགས་ལ་སོགས་པའི་རྟེན་འབྲེལ་བཞི་པོ་འདི། རྒྱུ་དུས་ཀྱི་ཀུན་གཞིའི་རྣམ་ཤེས་ལས་འབྱུང་བ་ལ་མི་འཆད་པར། བྱུང་ཟིན་ལ་འཆད་པ་ནི་གྲུབ་མཐའ་གཞན་དང་འདྲེས་པ་ཡིན་ཏེ། རྣམ་པར་ཤེས་པའི་རྟེན་འབྲེལ་འབྲས་དུས་ཀྱི་ཆ་ལ་ངོས་འཛིན་པ་དེའི་ཚེ། དེ་ལྟར་ཡིན་ཀྱང༌། འདིར་ནི་རྒྱུའི་ཆ་ལ་འཛིན་དགོས་པས། མ་འོངས་པ་ན་འབྱུང་འགྱུར་གྱི་རྣམ་སྨིན་ལ་འཆད་དགོས་པའི་ཕྱིར། དེ་ལས་གཞན་དུ་ན། རྒྱུའི་ཆ་དང་འབྲས་བུའི་ཆ་ཞེས་པ་ཡང་ཚིག་ཏུ་འདོན་པ་ཙམ་དུ་ཟད་པའི་ཕྱིར། དེ་ལྟ་ན་བཞི་པོ་དེ། རྒྱུ་དུས་ཀྱི་ཀུན་གཞིའི་སྟེང་ན་རྣམ་སྨིན་གྱི་ཆ་དང༌། ས་བོན་གྱི་ཆ་གཉིས་ཡོད་པའི་ནང་ནས་དང་པོ་དང་རྣམ་སྨིན་དངོས་སུ་འཆད་དགོས་ལ། ཇི་སྲིད་འགྲུབ་བྱེད་ཀྱིས་བསོས་མ་བཏབ་པ་དེ་སྲིད་དུ་རྣམ་སྨིན་འབྱིན་མི་ནུས་པ་ཡིན་ཏེ། དེ་འབྱིན་པའི་རྐྱེན་མ་ཚང་བའི་ཕྱིར། དེས་ན་རྣམ་སྨིན་དངོས་དང༌། དེ་ལས་བྱུང་བའི་ཁྱད་པར་གཞུང་ལས་ཇི་ལྟར་གསུངས་པ་བཞིན་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། དོན་གསང་རྣམ་པར་བཤད་པ་ལས། སྡུག་བསྔལ་ལ་རྨོངས་པའི་བདག་ཉིད་བདེ་བར་བྱ་བའི་ཕྱིར་དུ་འདུ་བྱེད་རྣམ་པ་གསུམ་ལ་འཇུག་སྟེ། དེ་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡིན་ནོ། །དེ་དག་ཀུན་ཏུ་སྤྱད་པས་མ་འོངས་པའི་འབྲས་བུ་རྣམ་པར་ཤེས་པའི་ས་བོན་མ་འོངས་པའི་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པར་བཞག་པ་ནི། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །དེ་དེ་ལྟར་རྣམ་པར་འཇོག་པ་ན། མིང་དང་གཟུགས་ཀྱི་ས་བོན་ཡང༌། མ་འོངས་པའི་མིང་གཟུགས་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པ་ནི། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན། སྐྱེ་མཆེད་དྲུག་གི་ས་བོན་ཡང་མ་འོངས་པའི་སྐྱེ་མཆེད་དྲུག་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པར་བྱེད་པ་ནི། མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན། རེག་པའི་ས་བོན་ཡང༌། མ་འོངས་པའི་རེག་པ་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པར་བྱེད་པ་ནི། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན། ཚོར་བའི་ས་བོན་ཡང༌། མ་འོངས་པའི་ཚོར་བ་སྐྱེ་བའི་ཕྱིར་རྣམ་པར་འཇོག་པ་ནི། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་སྟེ། ས་བོན་དེ་ཅིག་ཅར་ཡོངས་སུ་བསོས་ཀྱང༌། འབྲས་བུར་གྱུར་པའི་རྣམ་པར་ཤེས་པ་ལ་སོགས་པ་སྔ་མ་ལ་ཕྱི་མ་བརྟེན་པ་ཉིད་དུ་དམིགས་པའི་ཕྱིར། ཇི་ལྟར་སྨོས་པའི་གོ་རིམ་བཞིན་དུ་རྐྱེན་དུ་རྣམ་པར་བཞག་པ་བརྗོད་དོ། །ཞེས་གསུངས་སོ། །འདི་དག་གི་དོན་ནི་ཚོར་བའི་ས་བོན་ལས་ཚོར་བ་འབྱུང་བ་དེ་རེག་པའི་ས་བོན་ལས་རེག་པ་འབྱུང་རུང་དུ་བྱས་པའི་རྒྱུ་མཚན་གྱིས་ཡིན། དེ་ལས་དེ་འབྱུང་བ་དེ་ཡང་སྐྱེ་མཆེད་དྲུག་གི་ས་བོན་ལས་སྐྱེ་མཆེད་དྲུག་འབྱུང་རུང་ལས་ཡིན། ཞེས་པའི་རྣམ་གྲངས་གཅིག་དང༌། རྒྱུ་དུས་ཀྱི་ཀུན་གཞིའི་སྟེང་ན་བཞི་པོའི་ས་བོན་གཅིག་ཅར་དུ་ཡོད་ཀྱང༌། འབྲས་དུས་སུ་བཞི་པོ་རིམ་ཅན་དུ་འབྱུང་བའི་ཕྱིར་ན་དེའི་རྐྱེན་གྱིས་དེ་ཞེས་བྱའོ། །ཞེས་པའི་འཆད་ལུགས་གཉིས་སོ། །བརྒྱད་པ་སྲེད་པ་ནི། རང་རྒྱུ་ཚོར་བའི་རྐྱེན་ལས་བྱུང་ཞིང༌། རང་འབྲས་ལེན་པའི་རྐྱེན་གང་ཞིག ཚོར་བ་གསུམ་ལ་བླང་དོར་དུ་ཆགས་པའི་སེམས་བྱུང་ངོ༌། །དབྱེ་ན་འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། འཇིགས་པའི་སྲེད་པའོ། །དང་པོ་ནི། འདོད་པའི་ལུས་དང་ལོངས་སྤྱོད་ལ་སྲེད་པའོ། །གཉིས་པ་ནི། ཁམས་གོང་མ་གཉིས་ཀྱི་སས་བསྡུས་པའི་སྲེད་པ་སྟེ། འདི་ནི་ལུས་ལ་སྲེད་པ་ཡིན་གྱི། ཕྱི་རོལ་ཡུལ་ལ་སྲེད་པ་མེད་དོ། །གསུམ་པ་ནི། སྡུག་བསྔལ་གྱི་ཕུང་པོ་རྒྱུན་ཆད་པར་འདོད་པའི་སྲེད་པའོ། །ཞེས་བྱ་བ་ནི་ཆོས་མངོན་པའི་ལུགས་ཡིན་ལ། རྣམ་འགྲེལ་ནི། སྲོག་ཆགས་བདེ་སྡུག་ཐོབ་པ་དང༌། །འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིགས་སྲེད་ཡིན་པར་འདོད། །ཞེས་གསུངས་ལ། སྲིད་པའི་སྲེད་པ་ནི། མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པར་བྱས། །ཞེས་སྤྱིར་ཟས་ཀྱི་དངོས་པོ་ལ་སྲེད་པའི་འདོད་ཆགས་ལ་བཤད་དོ། །ཚོར་བ་ལས་སྲེད་པ་འདི་ཇི་ལྟར་སྐྱེ་བའི་ཚུལ་ནི། འདོད་པའི་ཁམས་སུ་ཚོར་བ་བདེ་བ་སྐྱེས་པ་ན་དེ་ཉིད་ལ་སྲེད། སྡུག་བསྔལ་སྐྱེས་པ་ན། དེ་དང་བྲལ་བར་འདོད་པའི་ཚོར་བ་བདེ་བ་ལ་སྲེད་པ་དང༌། ཁམས་གོང་མའི་བདེ་བ་ལ་སྲེད་པ་གཉིས་ཡོད་ཀྱང༌། འདོད་པ་ཁམས་ཀྱི་འགྲུབ་བྱེད་ནི་དང་པོ་གཉིས་ཁོ་ནའོ། །བསམ་གཏན་དང་པོ་གསུམ་ན་ཚོར་བ་བདེ་བ་ལ་སྲེད་པ་དང༌། བཞི་པ་ཡན་ཆད་ན་ཚོར་བ་བཏང་སྙོམས་ལ་སྲེད་པར་བྱེད་དོ། །དེ་ཡང་འདིར་འགྲུབ་བྱེད་ཀྱི་ཀུན་སློང་དུ་གྱུར་པའི་སྲེད་པ་ལ་ནི། ཚོར་བ་དང་ས་གཅིག་པ་ཞིག་དགོས་ཏེ། ས་གཞན་གྱི་སྲེད་པས་ས་གཞན་གྱི་ཚོར་བ་ཉོན་མོངས་ཅན་དུ་བྱེད་མི་ནུས་པ་དང༌། ས་གཞན་གྱི་རྣམ་སྨིན་འགྲུབ་པར་བྱེད་མི་ནུས་པའི་ཕྱིར་རོ། །དགུ་པ་ལེན་པ་ནི། རང་རྒྱུ་སྲེད་པའི་རྐྱེན་ལས་བྱུང་ཞིང༌། རང་འབྲས་སྲེད་པའི་རྐྱེན་གང་ཞིག སྲེད་པ་དེ་ཉིད་ཤས་ཆེར་འཕེལ་བའི་འདོད་ཆགས་སོ། །དབྱེ་ན་འདོད་པ་ཉེ་བར་ལེན་པ་དང༌། ལྟ་བ་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲེད་ལེན་གཉིས་པོའི་ཁྱད་པར་ཅི་ཞེ་ན། གཉིས་ཀའི་ངོ་བོ་འདོད་ཆགས་སུ་མཚུངས་ཀྱང་ཤས་ཆེ་ཆུང་གི་ཁྱད་པར་ལས་དང༌། ཡང་ན་ད་ལྟར་གྱི་ཚོར་བ་ལ་ཆགས་པ་ནི་སྲེད་པ་ཡིན་ལ། ཉེ་བར་ལེན་པ་ནི་འཆི་བའི་གནས་སྐབས་སུ་ཕུང་པོ་ཁོ་ན་ལ་ལྷག་པར་ཆགས་པའི་འདོད་ཆགས་སོ། །དེའི་ཕྱིར་ན་ངན་སོང་ནས་མཐོ་རིས་སུ་སྐྱེ་བའི་ཚེ་ཉེ་བར་ལེན་པ་འདིས། བདེ་འགྲོར་འཕེན་བྱེད་ཀྱི་ལས་བསོས་འདེབས་པར་བྱེད་པ་ཡིན་ནོ། །སྲིད་པ་ནི། རང་རྒྱུ་སྲེད་ལེན་གྱིས་ཀུན་ནས་བླངས་ཤིང༌། རང་འབྲས་སྐྱེ་བའི་རྐྱེན་དུ་གྱུར་པའི་ལས་གང་ཞིག ཡང་སྲིད་ཕྱི་མ་འགྲུབ་བྱེད་དུ་གྱུར་པའི་སེམས་པའོ། །སྐྱེ་བ་དང་རྒ་ཤི་ནི། གོང་དུ་བཤད་པའི་མིང་གཟུགས་ནས་ཚོར་བའི་བར་མངོན་དུ་གྱུར་པའི་གནས་སྐབས་སོ། །མདོར་ན་འཕེན་བྱེད་ཀྱི་ཡན་ལག་གསུམ་པོ་ནི་ནས་ཀྱི་ས་བོན་ལྟ་བུའོ། །འཕངས་པའི་ཡན་ལག་བཞི་ནི། དེའི་ལོ་ཐོག་སྟོན་གྱི་དུས་སུ་འབྱུང་འགྱུར་ལྟ་བུའོ། །འགྲུབ་བྱེད་ཀྱི་ཡན་ལག་གསུམ་ནི་ཆུ་ལུད་དྲོད་བཤེར་ལྟ་བུའོ། །གྲུབ་པའི་ཡན་ལག་གཉིས་ནི། སྟོན་དུས་སུ་ལོ་ཐོག་གྲུབ་ཟིན་པ་ལྟ་བུའོ། །དེ་ཡང་འཕེན་བྱེད་ཀྱི་རྒྱུ་དང༌། གྲུབ་པའི་འབྲས་བུ་གསུམ་ནི་ད་ལྟར་བའི་ཆ་ནས་བཞག འཕངས་པའི་འབྲས་བུ་ནི་མ་འོངས་པའི་ཆ་ནས་བཞག འགྲུབ་བྱེད་ཀྱི་རྒྱུ་ནི་འདས་པའི་ཆ་ནས་བཞག་པ་ཡིན་ལ། དེར་བཞག་པ་ན་སྔོན་དང་ཕྱི་མའི་མཐའ་དང༌། ད་ལྟར་གྱི་རང་གི་ངོ་བོ་ལ་རྨོངས་པ་བཟློག་ནུས་པའོ། །གཉིས་པ་ཡན་ལག་མདོར་བསྡུ་བའི་ཚུལ་ལ། དངོས་དང༌། འཕྲོས་པའི་དོན་ནི། དང་པོ་ལ། བཅུ་གཉིས་པོ་ཡན་ལག་བཞིར་བསྡུ་བ་དང༌། ཀུན་ནས་ཉོན་མོངས་པ་གསུམ་དུ་བསྡུ་བའོ། །དང་པོ་ནི། བཅུ་གཉིས་པོ་བཞིར་འདུས་ཏེ། འཕེན་བྱེད་དང༌། འཕངས་པ་དང༌། འགྲུབ་བྱེད་དང༌། གྲུབ་པའི་ཡན་ལག་གོ །དང་པོ་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ་གསུམ་མོ། །གཉིས་པ་ནི། མིང་གཟུགས་ནས་ཚོར་བའི་བར་བཞིའོ། །གསུམ་པ་ནི། སྲེད་ལེན་སྲིད་པ་གསུམ་མོ། །བཞི་པ་ནི། སྐྱེ་བ་དང་རྒ་ཤིའོ། །འདི་ཡང་གང་གིས་དང༌། ཇི་ལྟར་དང༌། གང་འཕངས་པ་དང༌། གྲུབ་པའི་སྒོ་ནས་བཤད་པར་བྱ་བ་ལས། འཕངས་སོ་ཞེས་པ་བཤད་པའི་གཞི་སྟེ། དང་པོ་དོན་ཙམ་སྟོན་པའོ། །བྱེད་པ་པོ་གང་གིས་ན། མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་ཀྱིས་སོ། །ལས་སུ་བྱ་བ་གང་འཕངས་ན། མིང་གཟུགས་ནས་ཆར་བའི་བར་རོ། །ཚུལ་ཇི་ལྟར་ན། ཀུན་གཞིའི་རྐྱེན་དུ་བཞི་པོ་དེ་འབྱུང་རུང་གི་ས་བོན་བཏབ་པའོ། །ཡང་གྲུབ་བོ་ཞེས་པ་བཤད་པའི་གཞི། བྱེད་པ་པོ་གང་གིས་ན། སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །གང་ན་སྐྱེ་བ་དང་རྒ་ཤིའོ། །ཚུལ་ཇི་ལྟར་ན། འཕེན་བྱེད་ཀྱི་ལས་ཀྱིས་ནུས་པ་མཐུ་ཅན་དུ་གྱུར་ནས་སྲིད་པར་སོང་བའི་ཚུལ་གྱིས་སོ། །དེ་སྐད་དུ་ཡང༌། རྟེན་འབྲེལ་མདོ་འགྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང༌། །དེ་འགྲུབ་བྱེད་པ་དེ་ལ་ཡང༌། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །གཉིས་ཀྱི་ཡན་ལག་གཅིག་གིས་དང༌། །རྣམ་པ་བཞི་དང་གཉིས་ཀྱིས་དང༌། །གཅིག་གིས་གཅིག་གིས་གཅིག་གིས་ནི། །དོན་བདུན་དག་དུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོ་ཕྱིར་དང༌། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །དེའི་ས་བོན་ཡོངས་བརྟས་ཕྱིར། །འཕངས་པ་བཞིན་དུ་སྐྱེས་པའི་མ། །ཚོར་བས་བསྐྱེད་པའི་སྲེད་པ་ལས། །ལེན་པ་བྱུང་བས་དེ་ཡིས་ལས། །བསྒོས་པ་མངོན་དུ་གྱུར་པ་ཡིན། །གྲུབ་པ་སྐྱེ་ཡིན་དེ་ལ་ཡང༌། །རྒ་སོགས་ཉེས་དམིགས་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་འབྱུང་བ་མེད། །ཞེས་གསུངས་སོ། །གཞུང་འདི་ལྟར་ན། ལེན་པ་འགྲུབ་བྱེད་དངོས་སུ་བསྟན་པས། ལེན་པ་ནི་ལས་དང༌། སྲིད་པ་ནི་ལས་ནུས་པ་མཐུ་ཅན་དང་ལྡན་པའི་རྒྱུ་དུས་ཀྱི་ཀུན་གཞི་ལ་མཛད་པ་འདྲའོ། །དེ་ལས་གཞན་དུ་ན་ལེན་པ་ཆོས་ཅན། མཐོ་རིས་ཀྱི་རྣམ་སྨིན་འགྲུབ་བྱེད་དངོས་མ་ཡིན་པར་ཐལ། ཉོན་མོངས་ཅན་ཡིན་པའི་ཕྱིར། ཞེས་པའི་ཉེས་པར་འགྱུར་རོ། །འདོར་ན་འཕེན་བྱེད་ཀྱི་ལས་དེ་ཉིད་འགྲུབ་བྱེད་ཀྱིས་བསོས་བཏབ་ནས་འཕངས་པ་དེ་ཉིད་གྲུབ་པའི་ཚུལ་དུ་འཇོག་མ་ཤེས་པར། འཕེན་བྱེད་རྒྱུ་འབྲས་སྔོན་ལ་བཏང་ནས། འཕངས་ཟིན་པའི་རྟེན་དེ་ལ་འགྲུབ་བྱེད་ཀྱི་ལས་ཀྱིས་ལས་གཞན་ཞིག་བསོས་བཏབ་ནས། གྲུབ་པའི་འབྲས་བུ་གཞན་ཞིག་འབྱུང་བར་འཆད་པ་དག་གིས་ནི། བཅུ་གཉིས་པོ་འཕེན་འགྲུབ་ཡན་ལག་བཞིར་བསྡུས་པའི་གོ་བ་མ་ཤེས་པ་ཡིན་ཏེ། རྒྱུ་འབྲས་ཆ་གཉིས་སུ་སོང་བའི་ཕྱིར་དང༌། རྣམ་པར་ཤེས་པ་རྒྱུའི་ཆ་འཛིན་མ་ཤེས་པའི་ཕྱིར་ཏེ། འཕངས་པའི་ཡན་ལག་བཞི་པོ་ད་ལྟར་བ་དང༌། ཚེ་གསུམ་གྱི་བར་མ་ལ་བཞག་ན། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་བར་སོང་བའི་ཕྱིར་རོ། །གཉིས་པ་ནི། ཀུན་ལས་བཏུས་ལས། མ་རིག་པ་དང༌། སྲེད་ལེན་གཉིས་ཏེ་གསུམ་ལ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་ལ། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། སྲིད་པ་གསུམ་ལ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱ། ལྷག་མ་དྲུག་ལ་ནི་ཚེའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །འདི་ཡང་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུའི་ཆ་འཛིན་པའི་དབང་དུ་བྱས་པ་ཡིན་ལ། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་ན་ནི། ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་བདུན་དུ་འགྱུར་རོ། །དེ་སྐད་དུ་ཡང་མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་དང༌། དབུ་མ་རྟེན་འབྲེལ་སྙིང་པོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་བཤད་དོ། །གཉིས་པ་འཕྲོས་པའི་དོན་ནི། གལ་ཏེ་ཡན་ལག་བཅུ་གཉིས་ཀྱི་བསྡུ་ཚུལ་དེ་ལྟ་ཡིན་པ་དེའི་ཚེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མི་རིགས་པར་འགྱུར་ཏེ། སྲེད་ལེན་སྲིད་པ་གསུམ་པོ་དེ་མིང་གཟུགས་ནས་ཚོར་བའི་བར་འགྲུབ་བྱེད་ཀྱི་རྒྱུ་ཡིན་པས། བཞི་པོ་དེའི་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེ་ན། འདིའི་ལན་ལ་དོན་གྱི་ཁོག་ཕུབ་པ་དང༌། དངོས་ཀྱི་ལན་གདབ་པའོ། །དང་པོ་ནི། དཔེར་ན་མི་བཅུ་གཉིས་གྲལ་ལ་བཤིབས་ནས་སྒྲིག་པ་ལྟར། རྟེན་འབྲེལ་བཅུ་གཉིས་པོ་ཚར་གཅིག་ལ་སྒྲིགས་ནས་བཞག་པ་ནི་བཤད་པའི་གཞིའོ། །དེ་ལ་རྒྱུ་འབྲས་ཆ་གཉིས་སུ་འདོད་པའི་ལུགས་དང༌། རྒྱུ་འབྲས་ཆ་གཅིག་དུ་འདོད་པའི་ལུགས་གཉིས་ལས། དང་པོ་ནི། དཔེར་ན་མི་བཅུ་གཉིས་པོ་མི་རིགས་མི་འདྲ་བ་གཉིས་ཀྱིས་བསྡུས་པར་འདོད་པའི་ལུགས་ལྟ་བུའོ། །གཉིས་པ་ནི་མི་བཅུ་གཉིས་པོ་མི་རིགས་གཅིག་གིས་བསྡུས་པར་འདོད་པའི་ལུགས་ལྟ་བུའོ། །འདིར་ནི་རྒྱུ་འབྲས་ཆ་གཅིག་པའི་ལུགས་དེ་ཁས་བླངས་པར་བྱ་བ་ཡིན་ལ། འདི་ལ་བོད་ཀྱི་མངོན་པ་བ་རྣམས་ལ་ལུགས་གསུམ་བྱུང་སྟེ། བཅུ་གཉིས་པོ་རྒྱུ་དྲུག་དང་འབྲས་བུ་དྲུག་ཏུ་འཆད་པའི་ལུགས་དང༌། རྒྱུ་བཅུ་དང་འབྲས་བུ་གཉིས་སུ་འཆད་པའི་ལུགས་དང༌། རྒྱུ་ཕྱེད་དང་བཅུ་དང་འབྲས་བུ་ཕྱེད་དང་གསུམ་དུ་འཆད་པའི་ལུགས་སོ། །དང་པོ་ནི་མིང་གཟུགས་ནས་ཚོར་བའི་བར་རྣམ་སྨིན་དངོས་སུ་བཤད་ནས། མ་འོངས་པ་ན་འབྱུང་འགྱུར་ག་ཆ་དང༌། སྐྱེ་རྒ་གཉིས་རྣམ་སྨིན་གྱི་ཁྱད་པར་དུ་བཤད་ནས། རྣམ་སྨིན་ཕྱུང་ཟིན་པའི་ཆ་ལ་འདོད་པའི་ལུགས་སོ། །ལུགས་གཉིས་པ་ནི། མིང་གཟུགས་སོགས་བཞི་པོ་ཀུན་གཞིའི་སྟེང་གི་ས་བོན་གྱི་ཆ་ལ་བཤད་ནས། མ་རིག་པ་ནས་སྲིད་པའི་བར་བཅུ་ནི་རྣམ་སྨིན་གྱི་རྒྱུ་དང༌། སྐྱེ་རྒ་གཉིས་ནི་རྣམ་སྨིན་གྱི་འབྲས་བུར་འཆད་པའི་ལུགས་སོ། །གསུམ་པ་ནི་དེ་དང་འདྲ་བ་ལ། ཚོར་བའི་རྟེན་འབྲེལ་ལ་ས་བོན་གྱི་ཆ་དང་འབྲས་བུའི་ཆ་གཉིས་སུ་ཕྱེ་ནས། དང་པོ་རྒྱུ་དང་ཕྱི་མ་འབྲས་བུར་བཞག་པའོ། །དེ་ལྟར་འཇོག་དགོས་པའི་རྒྱུ་མཚན་ཡང༌། ཚོར་བ་མངོན་དུ་མ་གྱུར་པ་ལ་སྲེད་པ་མི་འབྱུང་བས། དེའི་རྐྱེན་གྱིས་དེ་འབྱུང་བ་དེ་བཤད་བདེ་བའི་དོན་དུའོ། །དེ་ལྟར་ལུགས་གསུམ་ལས། ཕྱི་མ་གཉིས་མི་རིགས་ཏེ། མིང་གཟུགས་སོགས་རྒྱུར་བཞག་ན། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་བཞི་པོ་འཕངས་པའི་ཡན་ལག་ཏུ་བཤད་པས། རྣམ་སྨིན་དངོས་སུ་འཆད་དགོས་པ་དེ་དང་འགལ་བའི་ཕྱིར། དེ་ལྟ་ན་ཡང་ཚོར་བའི་རྟེན་འབྲེལ་གྱི་ཆ་གཅིག་ལས། སྲེད་པ་འབྱུང་བའི་ཚུལ་དེ་ལ་ཅུང་ཟད་ལེགས་པར་བཤད་པ་ཡོད་ན་འོག་ཏུ་བླང་བར་བྱའོ། །དེ་བས་ན་ལུགས་དང་པོ་རིགས་ལ། དེའི་ཚེ་ན་བཅུ་གཉིས་པོ་འདི་རྒྱུ་འབྲས་ཀྱི་ཆ་ཡང་གཅིག་ཁོ་ན་ཡིན་ཏེ། དེའི་ཚེ་བཅུ་གཉིས་པོ་འཕེན་འགྲུབ་བཞི་དང༌། ཀུན་ནས་ཉོན་མོངས་པ་གསུམ་དུ་བསྡུ་ཚུལ་དེ་ངེས་པར་ཁས་བླངས་དགོས་པའི་ཕྱིར། དེའི་ཚེ་རྟེན་འབྲེལ་ཚར་གཅིག་པོ་འདིའི་ཚོར་བའི་རྐྱེན་གྱིས་ཚར་གཅིག་པོའི་སྲེད་པ་འབྱུང་བ་མེད་དེ། འབྱུང་ན་རྒྱུ་འབྲས་གོ་ལོག་པར་ཐལ་བའི་ཕྱིར་དང༌། རྟེན་འབྲེལ་ཚར་གཅིག་རྒྱུ་འབྲས་ཆ་གཅིག་གིས་བསྡུས་པར་འདོད་པའི་ཕྱོགས་འདི་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བར་ཁས་མི་ལེན་པའི་ཕྱིར། འོ་ན་མདོ་ལས་དེ་ལས་དེ་འབྱུང་བར་གསུངས་པ་ཅི་ཞེ་ན། འདི་ལ་དོན་གསང་རྣམ་པར་བཤད་པའི་ལན་དང༌། དེ་ལས་གཞན་པའི་ལན་ནོ། །དང་པོ་ནི། ཇི་སྐད་དུ། ཚེ་རབས་གཞན་གྱི་ལས་ཀྱིས་མངོན་པར་འགྲུབ་པའི་ཚོར་བ་ཀུན་དུ་སྤྱོད་པའི་གནས་སྐབས་ལ་བརྟེན་ནས། དེ་ལ་དམིགས་པའམ། དེ་དང་མཐུན་པའི་དངོས་པོ་ལ་དམིགས་པའི་སྲེད་པ་ཆུང་ངུ་སྐྱེ་བ་ནི། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །ཞེས་གསུངས་སོ། །དེའི་དོན་ནི། ཚོར་བའི་རྟེན་འབྲེལ་ལ་གཉིས་ཏེ། མ་འོངས་པ་ན་འབྱུང་རུང་རྣམ་སྨིན་གྱི་ངོ་བོར་གྱུར་པ་གཅིག་དང༌། ད་ལྟ་ལས་བྱེད་པ་པོའི་རྒྱུད་ལ་སྐྱེས་ཐོབ་བམ། སྦྱོར་བྱུང་གི་ངོ་བོར་གནས་པ་གཅིག་སྟེ་གཉིས་ལས། དེ་གཉིས་ཀ་ཡང་རྟེན་འབྲེལ་ཚར་གཅིག་གི་ཚོར་བའི་རྟེན་འབྲེལ་ལོ། །དེའི་ཚེ་ཆ་སྔ་མ་ལས་ཚར་དེ་དུས་ཀྱི་སྲེད་པ་མི་འབྱུང་ཡང༌། ཚོར་བའི་ཆ་ཕྱི་མ་ལས་ཚར་དེ་དུས་ཀྱི་སྲེད་པ་འབྱུང་བའོ། །དང་པོ་དེ་ཡང་ཇི་ལྟར་ཞེ་ན། ཁམས་གོང་མར་སྐྱེ་ཚུལ་ལ་མཚོན་པ་དང༌། འདོད་པར་སྐྱེ་ཚུལ་ལ་མཚོན་པ་སྟེ་གཉིས་ཀྱིས་བཤད་པར་བྱའོ། །དང་པོ་ནི། དཔེར་ན་འདོད་པའི་རྟེན་འབྲེལ་ལ་བསམ་གཏན་དང་པོའི་ཉེར་བསྡོགས་ཟག་བཅས་མངོན་དུ་བྱས་པ་ཞིག་ཡོད་ལ། དེ་ལྟར་བྱས་པ་དེ་ནི་མ་རིག་པ་དང་འདུ་བྱེད་ཀྱིས་རྒྱུ་དུས་ཀྱི་ཀུན་གཞིའི་སྟེང་དུ་བསམ་གཏན་དང་པོའི་མིང་གཟུགས་ནས་ཚོར་བའི་བར་འཕངས་པ་ཞེས་བྱ་བ་དེའི་དོན་ཏོ། །ཉེར་བསྡོགས་དེ་ལས་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཡང་མངོན་དུ་བྱས་ཏེ། དངོས་གཞིའི་ཚོར་བ་དགའ་བདེ་ལ་སྲེད་པའི་འདོད་ཆགས་སྐྱེས་ཏེ། ཡང་དངོས་གཞིའི་སྙོམས་འཇུག་ལ་སྙོམས་པར་འཇུག་པ་ཞིག་ཡོད་ལ། དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་ལེན་དང༌། དེའི་རྐྱེན་གྱིས་སྲིད་པ་མངོན་པར་འདུ་བྱས་པའི་དོན་ཏོ། །དེ་ནས་ཤི་འཕོས་ནས་ཚངས་རིགས་ལྟ་བུར་སྐྱེས་པ་དེ་ནི། སྐྱེ་བ་དང་རྒ་ཤི་མངོན་དུ་གྱུར་པའི་དོན་ཏོ། །དེའི་ཚེ་ན་ཚོར་བའི་རྟེན་འབྲེལ་གྱི་ཆ་ཤས་གཉིས་ཀ་བསམ་གཏན་དང་པོའི་སས་བསྡུས་ཁོ་ན་ཡིན་པའི་ཕྱིར། རྟེན་འབྲེལ་ཚར་གཅིག་པོ་རྒྱུ་འབྲས་ཆ་གཅིག་ཁོ་ནས་བསྡུས་པར་འཆད་པ་དང༌། རྒྱུ་འབྲས་ཚར་གཅིག་གི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་གཉིས་འགལ་བ་མེད་དོ། །གཉིས་པ་ནི། འདོད་པའི་མིའི་རྟེན་ལ། འདོད་པའི་ལྷར་སྐྱེ་བའི་ཕྱིར་དུ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཙམ་གྱི་ཚེ་ན་ནི། མ་རིག་པ་ནས་ཚོར་བའི་རྟེན་འབྲེལ་གྱི་བར་གྱི་དོན་ཚང་བ་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་ཀུན་ནས་བླངས་པའི་བསོད་ནམས་ཀྱི་ལས་ཀྱིས། རྒྱུ་དུས་ཀྱི་ཀུན་གཞིའི་སྟེང་དུ་འདོད་ལྷའི་མིང་གཟུགས་ནས་ཚོར་བའི་བར་འབྱུང་རུང་དུ་འཕངས་པའི་ཕྱིར། ཚུལ་ཁྲིམས་བླངས་པ་དེའི་འོག་ཏུ་འདོད་པའི་ཚོར་བ་བདེ་བ་ལ་སྲེད་པའི་འདོད་ཆགས་ཀྱིས་ཀུན་ནས་བླངས་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་བསྲུང་བ་དེ་ལ་ནི་ཚོར་བའི་རྐྱེན་གྱིས་སྲེད་ལེན་དང༌། དེའི་རྐྱེན་གྱིས་སྲིད་པ་མངོན་པར་འགྲུབ་པ་ཞེས་བྱ་ལ། དེ་ནས་འདོད་པའི་ལྷར་སྐྱེས་པ་དེའི་ཚེ་ན། སྐྱེ་བ་དང་རྒ་ཤི་མངོན་དུ་གྱུར་པ་ཞེས་བྱ་སྟེ། འདོད་ལྷའི་མིང་གཟུགས་སོགས་མངོན་དུ་གྱུར་པའི་སྐབས་ཡིན་པའི་ཕྱིར། དེའི་ཚེ་ན་ཚོར་བའི་རྟེན་འབྲེལ་དེ་ལ། མ་འོངས་པ་ན་འབྱུང་རུང་གཅིག་དང༌། ད་ལྟ་མངོན་དུ་འགྱུར་བཞིན་པ་གཅིག་སྟེ་གཉིས་ལས། གཉིས་ཀ་ཡང་འདོད་པའི་མི་ནས་ལྷར་སྐྱེ་བའི་རྟེན་འབྲེལ་ཚར་གཅིག་པོ་དེའི་རྒྱུ་འབྲས་ཆ་གཅིག་གི་དབང་དུ་བྱས་པའི་ཚོར་བའི་རྟེན་འབྲེལ་དུ་འཐད་པ་ཡིན་ཏེ། གཉིས་ཀ་ཡང་ས་མཚུངས་པའི་ཕྱིར། ཆ་གཉིས་པོ་དེའི་ནང་ནས་ལྷའི་ཚོར་བ་མ་འོངས་པ་ན་འབྱུང་རུང་དེ་ནི་རྣམ་སྨིན་དངོས་ཡིན་པའི་ཕྱིར། རྒྱུ་འབྲས་ཆ་གཅིག་གི་ཚོར་བའི་རྟེན་འབྲེལ་དུ་བཞག་རིགས་ལ། ཆ་ཕྱི་མ་དེ་རྣམ་སྨིན་དངོས་མ་ཡིན་ཀྱང༌། རྣམ་སྨིན་དངོས་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བར་བྱེད་པའི་སྲེད་པ་གང་ལ་སྐྱེ་བའི་གཞིར་གྱུར་པའི་ཚོར་བ་དེ་ཡིན་པས་སོ། །འོ་ན་སྲེད་པ་གང་ལ་སྐྱེ་བའི་གཞིར་གྱུར་པའི་ཚོར་བ་དེ་རྟེན་འབྲེལ་གྱི་ཚར་དེ་ཉིད་དུ་གཏོགས་སམ། གཞན་དུ་གཏོགས་ཞེ་ན། དེ་ཉིད་དུ་གཏོགས་པ་ཡིན་ཏེ། ཚར་དེ་ཉིད་ཀྱི་སྲེད་པ་གང་ལ་སྐྱེ་བའི་གཞི་ཡིན་པའི་ཕྱིར། ཚར་གཞན་དུ་མ་གཏོགས་ཏེ། དེར་གཏོགས་ན་དེའི་རྣམ་སྨིན་དངོས་ཡིན་དགོས་པ་ལས། སྙོམས་འཇུག་དངོས་གཞིའི་ཚོར་བ་ནི་དགེ་བ་ཡིན་པ་དང༌། རྒྱུའི་སྙོམས་འཇུག་ཡིན་གྱི། འབྲས་བུ་སྐྱེ་བས་ཐོབ་པ་མ་ཡིན་པའི་ཕྱིར་དང༌། འདོད་པའི་མིའི་རྟེན་ལ་ཚོར་བ་སྡུག་བསྔལ་སྐྱེས་ནས་དེ་དང་བྲལ་བར་འདོད་པའི་བདེ་བ་དོན་གཉེར་གྱི་སྲེད་པ་སྐྱེས་པ་དེའི་ཚེ་ན། སྲེད་པ་དེ་འདོད་པའི་སྐྱེ་བ་འགྲུབ་བྱེད་ཀྱི་ཀུན་སློང་མཚན་ཉིད་པ་ཡིན་ཀྱང༌། དེ་གང་ལ་སྐྱེ་བའི་གཞིར་གྱུར་པའི་ཚོར་བ་བདེ་སྡུག་གཉིས་ཀ་ཡང་རྣམ་སྨིན་དངོས་མ་ཡིན་པའི་ཕྱིར། གཉིས་པ་དེ་ལས་གཞན་པའི་ལན་བཏབ་པ་ནི། རྟེན་འབྲེལ་ཚར་གཅིག་པོ་རྒྱུ་འབྲས་ཆ་གཅིག་གིས་བསྡུས་པར་འདོད་པའི་ལུགས་འདི་ཁོ་ན་ལ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་འདི་འཐད་པ་ཡིན་ཏེ། རྒྱུ་འབྲས་ཆ་གཉིས་ཀྱིས་བསྡུས་པར་འདོད་པའི་ལུགས་ལ། དེ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། དེ་མེད་པ་ཅི་ཞེ་ན། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་དང༌། དེ་ནས་འདོད་པར་སྐྱེ་བ་ལྟ་བུ་ལ་དེ་མི་སྲིད་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། དེ་དུས་ཀྱི་ཚོར་བ་གཉིས་པོ་དེ་ནི་ས་དེ་དང་དེས་བསྡུས་པའི་རྣམ་སྨིན་ཡིན་པས། དེ་དུས་ཀྱི་སྲེད་པ་དེ་ནི་ས་གཞན་གྱི་རྣམ་སྨིན་འགྲུབ་བྱེད་ཀྱི་རྒྱུ་ཡིན་པས་གཉིས་པོ་ས་མི་གཅིག་པའི་ཕྱིར། དེ་ལ་ཁྱབ་འབྲེལ་ཡོད་པའི་རྒྱུ་མཚན་ཡང༌། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་དེའི་ཚེ། གཉིས་པོ་ས་གཅིག་དགོས་པ་ཡིན་ཏེ། ས་གཞན་གྱི་ཚོར་བ་ལས་གཞན་གྱི་སྲེད་པས་རོ་མྱང་བ་མེད་པའི་ཕྱིར། ས་མི་གཅིག་པ་ལྟ་ཞོག ས་གཅིག་པ་རྣམས་ལ་ཡང་རྒྱུ་འབྲས་ཆ་གཉིས་བྱས་ན་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མི་སྲིད་དེ། བསམ་གཏན་དང་པོ་ནས་དང་པོར་སྐྱེ་བའི་ཚེ། རྒྱུ་འབྲས་ཀྱི་ཆ་སྔ་མའི་ཚོར་བ་དེ་ལས། ཆ་ཕྱི་མའི་སྲེད་པ་མི་འབྱུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྙོམས་འཇུག་ཉོན་མོངས་ཅན་གང་ལ་སྐྱེ་བའི་གཞིར་གྱུར་པའི་སྙོམས་འཇུག་ནི་དག་པ་བ་ཁོ་ན་ཡིན་དགོས་ལ། འཕངས་པའི་ཡན་ལག་ཏུ་བཞག་དགོས་པའི་ཚོར་བ་ནི་ལུང་མ་བསྟན་ཁོ་ནར་ངེས་དགོས་པའི་ཕྱིར། དེ་ཡང་འཕངས་ཏེ་ཡན་ལག་ཏུ་བཞག་པ་བཞི་པོ་ནི་ལུང་མ་བསྟན་ཁོ་ན་དང༌། དེ་ཡང་བེམས་པོ་དང་རིག་པ་ཅི་རིགས་པར་ངེས་པ་དང༌། གྲུབ་པའི་ཡན་ལག་ཏུ་བཞག་པ་དག་ནི་སྤྱིར་ལུང་མ་བསྟན་དང༌། ཁྱད་པར་ལྡན་མིན་འདུ་བྱེད་དུ་ངེས་པ་དང༌། འཕེན་བྱེད་ཀྱི་རྒྱུ་རྣམས་ནི་དགེ་མི་དགེ་གང་རུང་དུ་ངེས་ལ། འགྲུབ་བྱེད་ཀྱི་རྒྱུ་ལ་ལུང་མ་བསྟན་ཡང་སྲིད་དོ། །དེའི་ཕྱིར་གང་དག་འདིའི་རེག་ཚོར་ལ་ཟག་མེད་ཡོད་པར་འདོད་པ་དེ་དག་ནི་མ་ཤེས་པ་ཡིན་ཏེ། དེ་དག་སྡུག་བདེན་དུ་ཐལ་བའི་ཕྱིར་རོ། །འོ་ན་ཆ་གཉིས་པ་ལ་དེ་འདྲ་མི་སྲིད་པ་དེའི་ཚེ། མཛོད་དུ། ཉོན་མོངས་པ་ལས་ཉོན་མོངས་དང༌། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །ཞེས་དང༌། ཇི་སྐད་དུ། གསུམ་པོ་དག་ལ་གཉིས་འབྱུང་ཞིང༌། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་འདི། །དེ་ཉིད་ཡང་དང་ཡང་དུ་འཁོར། །ཞེས་རྒྱུ་འབྲས་ཆ་གཉིས་སུ་བཞེད་པ་དང༌། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་གཉིས་ཀ་བཤད་པ་མིན་ནམ། དེ་ནི་འདོད་པ་ནས་འདོད་པར་སྐྱེ་བ་ཁོ་ནའི་དབང་དུ་བྱས་ཀྱི། དེ་ལས་གཞན་གང་ལ་ཡང་མི་འགྲིག་པ་དེ་ལྟ་བས་ན། བོད་སྔ་ཕྱི་མང་པོ་དག་རྒྱུ་འབྲས་ཆ་གཅིག་གི་ལུགས་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མི་འགྲིག་པ་དང༌། ཆ་གཉིས་ཀྱི་ལུགས་ལ་དེ་འགྲིག་པར་འདོད་པ་དག་གིས་ནི། རྣམ་པར་མ་བརྟགས་པར་དཀའ་བའི་གནས་ཡོད་པ་ལ་དེར་མ་བྱས་ཤིང༌། མེད་པ་ལ་དེར་བྱས་པས་རྣམ་པར་འཁྱམས་སོ། །གསུམ་པ་ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ནི། ཀུན་ལས་བཏུས་ལས། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། བག་ཆགས་དང༌། ཤུགས་དང༌། ཡིད་ལ་བྱེད་པ་དང༌། ལྷན་ཅིག་འབྱུང་བས་ཀྱང་ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པར་བྱ་སྟེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །ཞེས་གསུངས་སོ། །འདིའི་དོན་ལ་དར་ཊཱིཀ་བྱེད་པ་དག མ་རིག་པས་འདུ་བྱེད་ལ་རྐྱེན་བཞི་ཀ་བྱེད་པ་དང༌། དེ་བཞིན་དུ་སྦྱར་ནས། རིག་པས་རིག་པ་རྣམས་ལ་རྐྱེན་བཞི་དང༌། རིག་པས་བེམས་པོ་ལ་བདག་རྐྱེན་ཁོ་ན་དང༌། བེམས་པོས་བེམས་པོ་ལ་རྒྱུ་རྐྱེན་དང༌། བདག་རྐྱེན་གཉིས་དང༌། བེམས་པོས་རིག་པ་ལ་དམིགས་རྐྱེན་དང༌། བདག་རྐྱེན་གཉིས་བྱེད་པ་ཡོད་དོ་ཞེས་ཟེར་བ་དེ་དག་ནི་རིགས་པ་མ་ཡིན་ཏེ། རིགས་པས་མི་འཐད་པ་དང༌། ལུང་གིས་མི་འཐད་པའོ། །དང་པོ་ནི། ཡན་ལག་སྔ་མ་རྣམས་ཀྱིས་ཕྱི་མ་ལ་དམིགས་རྐྱེན་བྱེད་པ་མི་འཐད་དེ། རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ལུགས་ལ། སྤྱིར་དམིགས་རྐྱེན་མཚན་ཉིད་པ་ཁས་མི་ལེན་པ་དང༌། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་དེའི་རྣམ་བཞག་ཙམ་ཞིག་བྱེད་པའི་ཚེ་ཡང༌། དུས་མཉམ་པ་དགོས་པའི་ཕྱིར་དང༌། དམིགས་རྐྱེན་གྱི་གོ་དོན་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་འདོད་པ་ནི། དོན་སྨྲ་བ་ཁོ་ནའི་ལུགས་ཡིན་པའི་ཕྱིར། དེས་ན་འདིར་ཡན་ལག་སྔ་མ་རྣམས་ཕྱི་མའི་དམིགས་རྐྱེན་དུ་འགྱུར་བ་མི་སྲིད་དོ། །ཡན་ལག་སྔ་མ་འགའ་ཞིག་ཕྱི་མ་འགའ་ཞིག་གི་དེ་མ་ཐག་རྐྱེན་དུ་འགྱུར་བ་སྲིད་མོད། འདིར་རིག་པས་རིག་པ་ལ་རྐྱེན་བཞི་ཀ་བྱེད་ཅེས་འཆད་པ་སྐབས་སུ་བབ་པ་མ་ཡིན་ཏེ། འདིར་དེ་ལ་དེ་བྱེད་པར་མ་ངེས་པའི་ཕྱིར་དང༌། དེ་མ་ཐག་རྐྱེན་ཙམ་སྐབས་འདིའི་རྐྱེན་གྱི་དོན་མ་ཡིན་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། འདིའི་ཡན་ལག་དང་པོ་ཉོན་ཡིད་འཁོར་གྱི་མ་རིག་པ་ལ་བྱེད་པ་དེའི་ཚེ། དེ་དང་འདུ་བྱེད་གཉིས་ཀྱི་བར་དུ་རིག་པ་གཞན་གྱིས་ཆོད་པའི་ཕྱིར། དེ་ཡིན་ཏེ། ལས་དེ་མི་དགེ་བ་ཡིན་ན་ཕྱི་རོལ་ཡུལ་ལ་བལྟ་བའི་ཆགས་སྡང་གཉིས་ཀྱིས་ཆོད། དགེ་བ་ཡིན་ན་དེའི་ཀུན་སློང་དུ་གྱུར་པའི་རྩ་བ་གསུམ་གྱིས་ཆོད་པའི་ཕྱིར། དེ་བཞིན་དུ་འདུ་བྱེད་ཀྱིས་རྣམ་པར་ཤེས་པ་ལ་དེ་མ་ཐག་པའི་རྐྱེན་བྱེད་པ་མིན་ཏེ། ཀུན་གཞི་དེ་འཁོར་བའི་གནས་སྐབས་ཐམས་ཅད་དུ་རྒྱུན་བརྟན་པས། རང་གི་རིགས་འདྲ་སྔ་མ་ཁོ་ནས་བྱེད་པར་ངེས་པས། ཀུན་གཞི་ལ་དེ་ལས་གཞན་པའི་རིགས་པ་གང་གིས་ཀྱང་དེ་མ་ཐག་པའི་རྐྱེན་བྱེད་དགོས་པ་མི་སྲིད་པའི་ཕྱིར་དང༌། སྤྱིར་སེམས་བྱུང་རྣམས་ཀྱིས་གཙོ་བོ་རྣམ་རིག་ལ་དེ་མ་ཐག་པའི་རྐྱེན་བྱེད་པ་མི་སྲིད་པའི་ཕྱིར་དང༌། བྱེ་བྲག་ཏུ་འདིར་ནི་ལས་ཀྱི་བག་ཆགས་ཀུན་གཞི་ལ་བསྒོས་པ་ཙམ་ཡིན་གྱི། དེ་ལ་དེ་མ་ཐག་རྐྱེན་གྱི་གོ་དོན་ཅི་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རྟེན་འབྲེལ་གྱིས་ཀྱང༌། མིང་གི་རྟེན་འབྲེལ་ལ་དེ་མ་ཐག་པའི་རྐྱེན་དུ་བྱེད་པ་མ་ཡིན་ཏེ། རྣམ་ཤེས་ཀྱི་རྟེན་འབྲེལ་དུ་འགྲོ་རྒྱུ་ནི་ཤེས་པའི་ཆ་ནས་མ་ཡིན་གྱི། དེའི་ས་བོན་གྱི་ཆ་ནས་ཡིན་ལ། དེ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་བསྡུས་པའི་ཕྱིར་དང༌། ཀུན་གཞིའི་གསལ་ཆ་ལས་མིང་གཞིའི་ཕུང་པོའི་གསལ་ཆ་ཙམ་སྐྱེས་པ་འདིར་རྐྱེན་གྱི་དོན་དུ་འཇོག་པ་མ་ཡིན་གྱི། ལས་དགེ་བ་དང་མི་དགེ་བའི་བག་ཆགས་ལས། དེ་ནི་རྣམ་སྨིན་དང་པོར་བྱུང་བའི་རྐྱེན་བྱེད་ཚུལ་ལ་བཤད་པའི་ཕྱིར། རྩ་བའི་རྟགས་གཉིས་པ་གྲུབ་སྟེ། དེ་མ་ཐག་རྐྱེན་ཙམ་གྱིས་འདིའི་རྐྱེན་གྱི་གོ་ཆོད་ན། མ་རིག་པའི་རྐྱེན་གྱིས་ལམ་གྱི་བདེན་པ་འབྱུང་བ་སོགས་ཀྱང་འདིའི་སྐབས་ཀྱི་རྟེན་འབྲེལ་གྱི་འབྱུང་རིམ་དུ་ཁས་ལེན་དགོས་པར་འགྱུར་ལ། དེ་འདོད་ན་མ་རིག་པ་འགག་པས། ལམ་བདེན་འགག་པ་སོགས་སུ་ཧ་ཅང་ཐལ་བར་འགྱུར་རོ། །བཞི་པ་རྒྱུའི་རྐྱེན་བྱེད་ཚུལ་ཡང་མི་འཐད་དེ། མངོན་པ་གོང་མའི་ལུགས་འདིར། རྒྱུའི་རྐྱེན་ཞེས་པ་འབྲས་བུ་དེ་དང་དེའི་ས་བོན་ཀུན་གཞིའི་སྟེང་ན་ཡོད་པ་ཁོ་ན་ལ་འཆད་པ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཚེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་འབྱུང་བ་མ་གཏོགས། གཞན་རྣམས་ལ་རྒྱུའི་རྐྱེན་རྩི་རྒྱུ་མེད་པའི་ཕྱིར་རོ། །ལུང་གིས་ཀྱང་གྲུབ་སྟེ། སའི་དངོས་གཞི་ལས། ཅིའི་ཕྱིར་ཡན་ལག་འདི་དག་རྒྱུའི་རྐྱེན་གྱི་རྐྱེན་དུ་མི་འགྱུར་ཞེ་ན། རྒྱུའི་རྐྱེན་ནི་རང་རང་གི་ས་བོན་གྱི་རྐྱེན་གྱིས་ཕྱེ་བའི་ཕྱིར་རོ། །གལ་ཏེ་རྒྱུའི་རྐྱེན་གྱིས་རྐྱེན་དུ་མི་འགྱུར་ན། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་རྒྱུ་དང་འབྲས་བུའི་ཚུལ་དུ་བསྟན་ཅེ་ན། བདག་པོའི་རྐྱེན་གྱིས་བསྡུས་པ་འདྲེན་པའི་རྒྱུ་དང༌། འཕེན་པའི་རྒྱུ་དང༌། མངོན་པར་འགྲུབ་པའི་རྒྱུའི་དབང་དུ་བྱས་པའི་ཕྱིར་རོ། །ཅེས་གསུངས་སོ། །གཉིས་པ་ལུང་གིས་མི་འཐད་པ་ནི། ཐེག་པ་ཆེན་པོ་བསྡུས་པ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཅིའི་ཕྱིར་རྐྱེན་ཞེས་བརྗོད་པར་བྱ་ཞེ་ན། བདག་པོའི་རྐྱེན་ཏོ། །ཞེས་དང༌། དོན་གསང་རྣམ་པར་བཤད་པ་ལས། དེ་ལ་འདིར་མ་རིག་པ་ལ་སོགས་པ་ནི་ཕྱི་མ་རྣམས་ཀྱི་དམིགས་པ་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་འཁྲུལ་བའི་ཕྱིར་དང༌། ངོ་བོ་ཉིད་དང་རྣམ་པའི་ཁྱད་པར་དག་གིས་ཀྱང་རིགས་ཐ་དད་པའི་ཕྱིར། རྒྱུ་དང་དམིགས་པ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཁས་མི་ལེན་གྱི་ཁྱབ་པའི་ཕྱིར། རིགས་ཐ་དད་པའི་ཕྱིར་བདག་པོའི་རྐྱེན་ཉིད་ཁོ་ནར་རྣམ་པར་བཞག་གོ །ཞེས་གསུངས་པ་དང༌། གོང་གི་སའི་དངོས་གཞིའི་ལུང་དྲངས་མ་ཐག་པ་དེ་གཉིས་ལ་ཁྱད་པར་ཅི་ཡང་མེད་པས་སོ། །གཉིས་པ་རང་གི་ལུགས་ནི། བག་ཆགས་ཞེས་པ་ནི་རྒྱུའི་རྐྱེན་ཏེ། རྣམ་པར་ཤེས་པའི་རྟེན་འབྲེལ་གྱིས་འཕངས་པ་དང༌། གྲུབ་པའི་རྟེན་འབྲེལ་དྲུག་པོའི་རྐྱེན་ཇི་ལྟར་བྱེད་པའི་ཚུལ་ལོ། །ཤུགས་ཞེས་པ་ནི། དེ་མ་ཐག་པའི་རྐྱེན་ཏེ། མ་རིག་པ་སོགས་རྟེན་འབྲེལ་རེ་རེ་ཡང་རྒྱུན་ཆགས་པར་སྟོན་པའོ། །ཡིད་ལ་བྱེད་པ་ཞེས་པ་ནི་དམིགས་པའི་རྐྱེན་ཏེ། ཚོར་བ་ལ་དམིགས་ནས་སྲེད་པ་སྐྱེ་བ་ལྟ་བུ་ཡིན་ལ། འདི་ནི་དམིགས་པའི་རྐྱེན་མཚན་ཉིད་པ་མ་ཡིན་ཏེ། དྲན་བློ་རྟོག་པས་འདས་པའི་ཡུལ་ལ་དམིགས་པ་ཡིན་པའི་ཕྱིར། ལྷན་ཅིག་འབྱུང་བ་ཞེས་པ་ནི་བདག་པོའི་རྐྱེན་ཏེ། མ་རིག་པ་ཡན་ལག་ཕྱི་མ་ཐམས་ཅད་ཀྱི་བདག་པོའི་རྐྱེན་ཡིན་པ་དང༌། འདུ་བྱེད་ཀྱང་ཕྱི་མ་ཐམས་ཅད་ཀྱི་དང༌། རྒྱུ་དུས་ཀྱི་ཀུན་གཞི་དེ་ཡན་ལག་ཕྱི་མ་ཐམས་ཅད་ཀྱི་དེར་འགྱུར་བ་སོགས་སོ། །མདོར་ན་འདིར་རྒྱུ་རྐྱེན་གྱི་གཙོ་བོ་ནི་འཕེན་འགྲུབ་ཀྱི་རྒྱུ་དྲུག་པོ་ཡིན་ལ། དེ་དག་ཀྱང་འབྲས་བུ་དྲུག་པོ་དེའི་རྣམ་སྨིན་གྱི་རྒྱུ་ཡིན་ལ། དེ་རྐྱེན་དུ་འཇོག་པའི་ཚེ་བདག་པོའི་རྐྱེན་དུ་འཇོག་དགོས་པའི་རྒྱུ་མཚན་གྱི་ཡིན་ནོ། །དེ་ཡང་ཞིབ་མོར་ན། བག་ཆགས་འཇོག་བྱེད་གང་ཡིན་པ་དེ་ནི་བདག་པོའི་རྐྱེན་ནོ། །དེས་བཞག་པའི་བག་ཆགས་རྣམས་རྒྱུའི་རྐྱེན་ནོ། །བག་ཆགས་དེ་ལས་བྱུང་བའི་ཕྱི་ནང་གི་སྐྱེ་མཆེད་དུ་སྣང་བ་དེ་དང་དེ་ནི་དམིགས་པའི་རྐྱེན་ནོ། །ཡིད་ལ་བྱེད་པ་སྔ་མ་ནི་དེ་མ་ཐག་པའི་རྐྱེན་ནོ། །བཞི་པ་ཚེ་དུ་ལ་རྫོགས་པ་ལ། རང་ལུགས་བཞག་པ་དང༌། གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི། ལུགས་འདི་ལ་ཡན་ལག་བཅུ་གཉིས་པོ་བུལ་ན་ཚེ་གསུམ་དང༌། མྱུར་དུ་ཚེ་གཉིས་ལ་རྫོགས་པ་སྲིད་དོ། །དང་པོའི་ཤེས་བྱེད་ནི། འཕེན་བྱེད་ཀྱི་ལས་བསྐལ་པ་དུ་མའི་གོང་དུ་བསགས་པ་ནས། སྐྱེ་བ་སྔ་མ་ཁོ་ན་ལ་བསགས་པ་གང་ཡིན་ཀྱང་རུང༌། ཚེ་འདི་ལ་འགྲུབ་བྱེད་ཀྱི་ལས་ཀྱིས་བསོས་བཏབ་ནས། དེའི་རྣམ་སྨིན་སྐྱེ་བ་ཕྱི་མ་ལ་འབྱུང་བ་སྲིད་པས་སོ། །གཉིས་པའི་ཤེས་བྱེད་ནི། འཕེན་འགྲུབ་ཀྱི་ལས་གཉིས་དུས་གཅིག་ལ་བསགས་པའམ། ཡང་ན་ཚེ་སྟོད་ལ་འཕེན་བྱེད་ཀྱི་ལས་བསགས། འཆི་ཀ་ཚུན་དུ་འགྲུབ་བྱེད་ཀྱི་ལས་མངོན་དུ་གྱུར་ནས། རྣམ་སྨིན་སྐྱེ་བ་ཕྱི་མ་ཁོ་ན་ལ་མྱོང་བའོ། །དེ་ཡང་འཕེན་བྱེད་དང་རྣམ་སྨིན་གྱི་བར་དུ་སྐྱེ་བ་དུ་མས་ཆོད་པ་སྲིད་དེ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུངས་པས་སོ། །འགྲུབ་བྱེད་དང་རྣམ་སྨིན་གྱི་བར་དུ་སྐྱེ་བ་གཞན་གྱིས་ཆོད་པ་མི་སྲིད་དེ། འགྲུབ་བྱེད་ཅེས་པའི་གོ་དོན་ནི། དེར་སྐྱེ་བའི་ལས་ནུས་པ་མཐུ་ཅན་ལ་ཟེར་བ་ཡིན་ལ། དེའི་རྣམ་སྨིན་སྤྱིར་མི་མྱོང་བ་གཅིག་སྲིད་མོད། མྱོང་ཕྱིན་ཆད་དེ་གཉིས་ཀྱི་བར་དུ་སྐྱེ་བ་གཞན་གྱིས་ཆོད་པ་མི་སྲིད་པས་སོ། །འོ་ན་དམྱལ་བ་ནས་མཐོ་རིས་སུ་སྐྱེ་བ་དེའི་ཚེ། འགྲུབ་བྱེད་ཀྱི་ལས་མངོན་དུ་གྱུར་རམ་མ་གྱུར། གཉིས་པ་ལྟར་ན་ནི། འགྲུབ་བྱེད་དང་རྣམ་སྨིན་གྱི་བར་དུ་སྐྱེ་བ་གཞན་གྱིས་ཆོད་པར་འགྱུར་ཏེ། དེ་དུས་ཀྱི་འགྲུབ་བྱེད་ཞིག་ནི་ཡོད་ལ། དམྱལ་བའི་རྟེན་ལ་དེ་མངོན་དུ་མ་གྱུར་པའི་ཕྱིར། དང་པོ་ལྟར་ན། དམྱལ་བའི་རྟེན་ལ་དགེ་བའི་ལས་སོག་པ་ཡོད་པར་འགྱུར་རོ་ཞེ་ན། ཉེས་པ་དེ་མེད་དེ། ཇི་སྲིད་དམྱལ་བ་མྱོང་ངེས་ཀྱི་ལས་མ་ཟད་པ་དེ་སྲིད་དུ་དེ་ནས་མི་འཆི་ལ། དེ་ཟད་ནས་དེའི་འཆི་སྲིད་ལ་གནས་པ་དེའི་ཚེ་བདེ་འགྲོ་འགྲུབ་བྱེད་ཀྱི་ལས་དང༌། དེ་ཀུན་ནས་སློང་བྱེད་ཀྱི་ལེན་པ་གཉིས་ཀ་མངོན་དུ་འགྱུར་བའི་ཕྱིར་རོ། །འགྲུབ་བྱེད་ཀྱི་ལས་དེ་ཡང་དམྱལ་བའི་རྟེན་ལ་བྱས་པ་མ་ཡིན་གྱི། སྔར་བདེ་འགྲོའི་རྟེན་ལ་ལེན་པ་སྔོན་དུ་མ་སོང་བའི་སྲེད་པས་བྱས་པ་ཡིན་ལ། དུས་དེར་ལེན་པ་མ་ཚང་བའི་དབང་གིས་རྣམ་སྨིན་འབྱིན་མ་ནུས་པས། བར་དེར་དམྱལ་བ་མྱོང་ངེས་ཀྱི་ལས་ཀྱིས་དམྱལ་བར་སྐྱེས་ནས་ཕྱིས་ལས་དེ་ཟད་ནས་འཆི་འཕོ་བའི་ཚེ། ཕུང་པོ་ལ་ལྷག་པར་ཆགས་པའི་ཉེ་བར་ལེན་པའི་རྐྱེན་བྱས་ནས། སྔར་གྱི་ལས་ཀྱི་བག་ཆགས་དྲན་སྣང་ལ་ཤར་བའི་སྟོབས་ཀྱིས་དེའི་སྐྱེ་བ་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་འཆད་པ་འདི་ནི་མངོན་པ་གོང་འོག་གི་ལུགས་ཐུན་མོང་བ་ཡིན་ལ། ཡང་ས་གོང་མ་ནས་འོག་མར་སྐྱེ་བའི་ཚེ། གོང་མའི་རྟེན་ལ་འོག་མའི་སྲེད་ལེན་སྲིད་པ་གསུམ་མངོན་དུ་འགྱུར་རོ་ཞེས་པ་ནི། མངོན་པ་གོང་མ་འཆད་པ་པོ་རྣམས་ཀྱི་ལུགས་སུ་སྣང་ལ། འོག་མ་ལྟར་ན། དེའི་ཚེ་ཡང་འཆི་ཀའི་དུས་ཀྱི་དྲན་སྣང་ལ་སྔར་གྱི་ལས་ཀྱི་བག་ཆགས་ཤར་བ་དེ་ཉིད་རྫོགས་བྱེད་དུ་དངོས་སུ་འདོད་དོ། །གཉིས་པ་ནི། གངས་ཅན་གྱི་ཤིང་རྟ་ཆེན་པོ་ཀུ་མ་ར་ན་རེ། ཡན་ལག་བཅུ་གཉིས་པོ་འདི་ཚེ་གསུམ་ཁོ་ན་ལ་རྫོགས་པར་འགྱུར་གྱི། དེ་ལས་མང་བའམ། ཉུང་བ་མ་ཡིན་ཏེ། འདི་ལྟར་མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ནི་སྔོན་གྱི་སྐྱེ་བ་ལ་རྫོགས་ཏེ། དེ་དག་ནི་སྐྱེ་བ་འཕེན་བྱེད་ཡིན་པའི་ཕྱིར་དང༌། ལས་བསགས་མ་ཐག་དེའི་སྐྱེ་བ་འགྲུབ་པ་མེད་པའི་ཕྱིར། མིང་གཟུགས་ནས་ཚོར་བའི་བར་ནི་ཚེ་བར་པ་ལ་རྫོགས་ཏེ། དེ་དག་ནི་རྣམ་པར་སྨིན་པའི་རང་བཞིན་ཡིན་པའི་ཕྱིར། སྲེད་པ་དང་ལེན་པ་དང་སྲིད་པ་གསུམ་ཡང་ཚེ་བར་པ་ལ་རྫོགས་ཏེ། རྣམ་པར་སྨིན་པའི་རྐྱེན་ཅན་ཡིན་པའི་ཕྱིར། སྐྱེ་བ་དང་རྒ་ཤི་ནི་ཚེ་ཕྱི་མ་ལ་རྫོགས་ཏེ། ཚེ་འདིའི་ཐ་མ་སྲིད་པ་ཡིན་ལ། དེའི་རྐྱེན་ལས་སྐྱེ་བ་འགྲུབ་པའི་ཕྱིར་དང༌། སྐྱེ་བའི་རྐྱེན་ལས་ཀྱང་རྒ་ཤི་འབྱུང་བའི་ཕྱིར། དེ་ལ་སྐྱེ་བ་དང་པོ་གཉིས་ནི་བར་མ་ཆད་དུ་འབྱུང་བའི་ངེས་པ་མེད་དེ། ད་ལྟར་གྱི་མིང་གཟུགས་འདི་དག་བསྐལ་པ་བརྒྱའི་སྔ་རོལ་ནས་ཀྱི་མ་རིག་པ་དང་འདུ་བྱེད་ཀྱིས་འཕངས་པ་སྲིད་པའི་ཕྱིར། ཅི་སྟེ་སྐྱེས་ནས་མྱོང་འགྱུར་གྱི་རྣམ་སྨིན་ཡིན་ན་ཚེ་དང་པོ་གཉིས་བར་མ་ཆད་དུ་འབྱུང་བ་ཡང་སྲིད་དོ། །ཚེ་ཐ་མ་གཉིས་ནི་བར་མ་ཆད་ཁོ་ནར་འབྱུང་བ་ཡིན་ཏེ། ཚེ་ཕྱི་མའི་སྐྱེ་བ་དང༌། རྒ་ཤི་གང་ཡིན་པ་དེ་དག་ཚེ་འདིའི་སྲིད་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །དེ་བས་ན་ཚེ་འདིའི་མིང་གཟུགས་སོགས་དང་རྟེན་འབྲེལ་ཚར་གཅིག་པ་མིན་ཏེ། འདིའི་སྲེད་ལེན་སྲིད་པ་གསུམ་གྱི་རྐྱེན་ལས་བྱུང་བའི་ཕྱིར། འོ་ན་ཅི་ཞེ་ན། སྐྱེ་བ་སྔ་མའི་མིང་གཟུགས་རྣམས་དང་རྟེན་འབྲེལ་ཚར་གཅིག་པ་ཡིན་ཏེ། དེ་དག་གི་སྲེད་ལེན་སྲིད་པའི་རྐྱེན་ལས་ཚེ་འདིའི་སྐྱེ་བ་དང་རྒ་ཤི་འབྱུང་བའི་ཕྱིར་རོ། །དེ་བས་ན་ཚེ་འདིར་ཡང༌། བྱིས་པ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བར་ཡོད་མོད། དེ་དག་ཐམས་ཅད་ནི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། བར་གསུམ་ཀའི་རྟེན་འབྲེལ་གྱི་ཡན་ལག་ཚོགས་པ་ཡིན་ཏེ། སྐྱེ་བ་དང་རྒ་ཤི་ནི་སྔོན་གྱི་རྟེན་འབྲེལ་མ་ཡིན་ནོ། །འདིར་བསགས་པའི་མ་རིག་པ་དང་འདུ་བྱེད་རྣམས་ནི། ཕྱི་མའི་རྟེན་འབྲེལ་ཡིན་ཏེ། མ་འོངས་པའི་སྐྱེ་བ་འགའ་ཞིག་འཕེན་པར་བྱེད་པའི་ཕྱིར་རོ། །མིང་གཟུགས་ནས་སྐྱེ་བའི་རྟེན་འབྲེལ་ནི་ཚེ་འདིའི་རྟེན་འབྲེལ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་འཆད་པ་དེ་ནི་ཐོགས་མེད་ཞབས་ཀྱི་གཞུང་འཆད་ཚུལ་ཤིན་ཏུ་ནོར་བ་ཡིན་ཏེ། བཅུ་གཉིས་པོ་རྫོགས་པ་ལ་ཚེ་གསུམ་ཁོ་ན་ངེས་པར་དགོས་ན། ཚར་གཅིག་གིས་མ་རིག་པ་སོགས་གསུམ་གྱིས་འཕངས་པའི་རྣམ་སྨིན་གྲུབ་ཟིན་པའི་འོག་དུ། ཚར་གཅིག་པོ་དེའི་སྲེད་ལེན་སྲིད་པ་གསུམ་གྱིས་རྣམ་སྨིན་འབྱིན་དགོས་པར་འགྱུར་ལ། དེ་ལྟ་ན་བཅུ་གཉིས་པོ་འཕེན་འགྲུབ་ཡན་ལག་བཞིར་བསྡུས་པ་དང་འགལ་བའི་ཕྱིར་དང༌། ཁྱེད་ཀྱི་འཆད་ཚུལ་དེ་ནི་བྱེ་བྲག་སྨྲ་བས། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་བཤད་པ་དེ་དང༌། ཀུན་གཞིའི་རྣམ་ཤེས་འཕེན་བྱེད་དུ་འཆད་མི་འཆད་ཙམ་མ་གཏོགས་ཁྱད་པར་ཅུང་ཟད་མེད་པའི་ཕྱིར་དང༌། ཁྱེད་ཀྱི་འཆད་ཚུལ་དེ་ལྟ་ན་བྱེ་བྲག་དུ་སྨྲ་བའི་ལུགས་ལ་འཕེན་འགྲུབ་ཡན་ལག་བཞིར་བསྡུ་ཚུལ་གྱི་རྣམ་བཞག་བྱས་ཀྱང་སྐྱོན་མེད་པར་ཐལ་བའི་ཕྱིར་དང༌། ཁྱེད་ཀྱིས་བཅུ་གཉིས་པོ་འགྲོ་བ་རིགས་མི་འདྲ་བ་གཉིས་ཀྱི་རྟེན་འབྲེལ་དུ་བཤད་ནས། སྔ་མའི་ལས་དང་རྣམ་སྨིན་གྱི་བར་དུ་སྐྱེ་བ་གཞན་གྱིས་ཆོད་པ་སྲིད་པ་དང༌། ཕྱི་མའི་དེ་གཉིས་ཀྱི་བར་དུ་དེས་ཆོད་པ་མི་སྲིད་པར་བཤད་པ་དེ་ལ་རྒྱུ་མཚན་དང་དགོས་པ་གང་ཡང་མི་འདུག་པའི་ཕྱིར་དང༌། གལ་ཏེ་སྔ་མ་འཕེན་བྱེད་རྒྱུ་འབྲས་དང༌། ཕྱི་མ་འགྲུབ་བྱེད་རྒྱུ་འབྲས་ཀྱི་དབང་དུ་བྱས་པར་འདོད་ན། རྟེན་འབྲེལ་ཚར་གཅིག་ལ་རྒྱུ་འབྲས་ཆ་གཅིག་དུ་བསྡུས་ནས་འཕེན་འགྲུབ་སོ་སོར་འབྱེད་པ་དེ་ནི་ཐོགས་མེད་ཞབས་ཀྱི་ལུགས་ཡིན་ལ། ཚར་གཅིག་ལ་རྒྱུ་འབྲས་ཆ་གཉིས་སུ་ཕྱེ་ནས་འཕེན་འགྲུབ་སོ་སོར་འབྱེད་པ་དེ་ནི་ཤིང་རྟ་ཆེན་པོ་སུ་ཡི་ཡང་ལུགས་མ་ཡིན་པའི་ཕྱིར། ཡང་ཁྱེད་ཀྱི་སྐྱེ་བ་ཕྱི་མའི་རྒ་ཤི་དང༌། ཚེ་འདིའི་མིང་གཟུགས་སོགས་རྟེན་འབྲེལ་ཚར་གཅིག་ཡིན་པའི་ཤེས་བྱེད་དུ། སྐྱེ་བ་སྔ་མའི་སྲེད་ལེན་ལས་ཚེ་འདིའི་སྐྱེ་བ་དང་རྒ་ཤི་འབྱུང་བ་ཤེས་བྱེད་དུ་བཀོད་པ་དང༌། ཚེ་འདིའི་མིང་གཟུགས་སོགས་དང༌། ཚེ་འདིའི་སྐྱེ་བ་དང་རྒ་ཤི་རྟེན་འབྲེལ་ཚར་གཅིག་མ་ཡིན་པའི་ཤེས་བྱེད་དུ། ཚེ་འདིའི་སྲིད་ལེན་སྲིད་པའི་རྐྱེན་ལས་ཚེ་འདིའི་སྐྱེ་བ་དང་རྒ་ཤི་འབྱུང་བ་མ་ཡིན་པའི་ཕྱིར། ཞེས་འཆད་པ་དེ་དག་ལ་ནི་རྒྱུ་མཚན་དང་དགོས་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཚེ་འདིའི་སྲེད་ལེན་ལས་བྱུང་བའི་རྒྱུ་མཚན་གྱིས་ཚེ་འདིའི་མིང་གཟུགས་སོགས་དང་རྟེན་འབྲེལ་ཚར་གཅིག་དུ་འཇོག་ན། མི་ནས་ལྷར་སྐྱེ་བའི་ཚེ་མིའི་མིང་གཟུགས་སོགས་དང༌། ལྷའི་སྐྱེ་བ་དང་རྒ་ཤིའི་རྟེན་འབྲེལ་ཚར་གཅིག་དུ་ཁས་ལེན་དགོས་པར་ཐལ་བ་དང༌། ཚེ་འདིའི་སྲེད་ལེན་སྲིད་པ་རྣམས་ལས་མ་བྱུང་བའི་རྒྱུ་མཚན་གྱིས་ཚེ་འདིའི་མིང་གཟུགས་སོགས་དང་རྟེན་འབྲེལ་ཚར་གཅིག་པ་མ་ཡིན་ཏེ། ཚེ་འདིའི་མིང་གཟུགས་སོགས་དང་ཚར་གཅིག་པའི་རྟེན་འབྲེལ་ཤེས་བྱ་ལ་མི་སྲིད་པར་ཐལ་བས་སོ། །ཡང་ཁྱེད་ཀྱི་སྐྱེ་བ་དང༌། རྒ་ཤི་སྔོན་གྱི་རྟེན་འབྲེལ་ཡིན་པར་འདོད་པ་དང༌། མིང་གཟུགས་ནས་སྲིད་པའི་བར་ཚེ་འདིའི་རྟེན་འབྲེལ་ཡིན་པའི་ཁྱད་པར་དབྱེ་མི་ནུས་པ་དང༌། མ་རིག་པ་སོགས་གསུམ་ཕྱི་མའི་རྟེན་འབྲེལ་ཡིན་པའི་ཤེས་བྱེད་དུ། ཕྱི་མའི་སྐྱེ་བ་འཕེན་པ་རྟགས་སུ་བཀོད་པ་དེ་ལ་ནི། སྲིད་པ་ཆོས་ཅན་དུ་བཟུང་ནས་མ་ངེས་པ་འཕངས་ན་འཁོར་གསུམ་ཁས་ལེན་དགོས་སོ། །མདོར་ན། མཁས་པ་ཆེས་ཆེན་གྲགས་པ་དག་གིས་ཀྱང་རྟེན་འབྲེལ་བཅུ་གཉིས་ཀྱི་རྒྱུ་འབྲས་ཀྱི་རྣམ་བཞག་འཆད་པ་ན་གང་གི་རྣམ་བཞག་བྱེད་རྒྱུ་བཅུ་གཉིས་པོ་དང་བཅུ་གཉིས་པོ་གང་ལ་ལྡན་པའི་ལུས་རྟེན་དེའི་བཅུ་གཉིས་པོ་གཅིག་དུ་བཤད་པར་བྱས་པས་ནོངས་པ་ཡིན་ཏེ། མི་ནས་འདོད་པའི་ལྷར་སྐྱེ་བའི་དུས་ཀྱི་རྒྱུ་དྲུག་པོ་དེ་མིའི་རྟེན་ལ་ཡོད་ཅིང༌། འབྲས་བུ་དྲུག་པོ་དེ་ལྷའི་རྟེན་ལ་འབྱུང་བ་དེ་འཆད་མི་ཤེས་པར། རྒྱུ་དྲུག་པོ་གང་ལ་རྟེན་པའི་མིའི་མིང་གཟུགས་སོགས་བཞི་པོ་ད་ལྟ་གྲུབ་ཟིན་པ་དེ་ཉིད་ལ་འཕངས་པའི་འབྲས་བུ་བཞིའི་ངོས་འཛིན་བྱས་ཤིང༌། གྲུབ་པའི་ཡན་ལག་དུ་གྱུར་པའི་སྐྱེ་བ་དང་རྒ་ཤི་གཉིས་པོ་དེ་ལྷའི་རྟེན་ལ་འབྱུང་བའི་བཤད་པ་བྱས་པས་སོ། །དེས་ན་མ་ནོར་བའི་དོན་ནི་འདི་ཡིན་ཏེ། མི་ནས་ལྷར་སྐྱེ་བ་ལྟ་བུའི་ཚེ་འཕངས་པའི་འབྲས་བུར་བཞག་པ་དྲུག་པོ་དེ་ནི་མ་འོངས་པ་ན་ལྷའི་རྟེན་ལ་འབྱུང་འགྱུར་ཁོ་ན་ཡིན་ལ། དེ་སྐྱེ་བ་ཕྱི་མ་ལ་བཞག་པས་ཕྱི་མའི་མཐའ་ལ་རྨོངས་པ་སེལ། རྒྱུ་དྲུག་ལས་འགྲུབ་བྱེད་ཀྱི་རྒྱུ་གསུམ་པོ་དེ་ནི། ངེས་པར་ཚེ་འདིས་བསྡུས་ཤིང༌། དེ་ཡང་ཕལ་ཆེར་འཆི་བའི་དུས་ཀྱི་སྲིད་པ་ལ་གནས་པའི་ཚེ་མངོན་དུ་འགྱུར་བས། ཚེ་འདི་ཁོ་ན་ལ་བཞག་ཅིང༌། འཕེན་བྱེད་ཀྱི་རྒྱུ་གསུམ་པོ་ནི། ཚེ་སྔ་མ་ལ་བྱས་པ་ཡང་སྲིད་མོད། དེ་སྔོན་མཐའི་དབང་དུ་བྱས་པའི་རྟེན་འབྲེལ་མ་ཡིན་གྱི། ཚེ་འདི་ལ་གཏོགས་པའི་རྟེན་འབྲེལ་ཡིན་པས། མདོར་ན་རྒྱུ་དྲུག་པོ་ཚེ་བར་པ་ལ་བཞག་པས། ད་ལྟར་གྱི་རང་གི་ངོ་བོ་ལ་རྨོངས་པ་སེལ། ད་ལྟ་མིའི་རྟེན་ལ་འབྲས་བུ་དྲུག་མངོན་དུ་གྱུར་པ་འདི་ནི། བཤད་མ་ཐག་པའི་རྟེན་འབྲེལ་གྱི་རྒྱུ་དྲུག་པོ་གང་ལ་བརྟེན་པའི་ལུས་རྟེན་ཡིན་གྱི། རྟེན་འབྲེལ་གྱི་ཚར་དེར་མི་གཏོགས་ཏེ། མིར་འཕེན་འགྲུབ་ཀྱི་ལས་ཤིག་སྐྱེ་བ་སྔ་མ་རྣམས་སུ་བསགས་པ་ལས་བྱུང་བའི་རྟེན་འབྲེལ་གྱི་ཚར་དུ་གཏོགས་པའི་ཕྱིར། དེ་ལྟར་ན་ལུས་རྟེན་གྱི་མིང་གཟུགས་སོགས་དྲུག་པོ་འདི་སྔོན་གྱི་མཐའ་ལ་བརྟེན་པའི་རྟེན་འབྲེལ་ཡིན་ཏེ། སྔོན་དུས་སུ་མིར་སྐྱེ་བའི་ལས་བསགས་པའི་རྣམ་སྨིན་ཡིན་པའི་ཕྱིར། དེ་དེར་བཞག་པ་ན་སྔོན་མཐའ་ལ་རྨོངས་པ་སེལ་བ་ཡིན་ཏེ། སྔོན་གྱི་དུས་སུ་ལས་དེ་ལྟ་བུ་ཞིག་བསགས་པས། ད་ལྟ་རྣམ་སྨིན་འདི་ལྟ་བུ་ཞིག་མྱོང་ཞེས་ངེས་པ་འདྲེན་ནུས་པའི་ཕྱིར། རྣམ་པར་བཤད་པ་ལས་དོན་གསང་བཤད་པའི་ལུགས་མི་རིགས་སོ་ཞེས་བཤད་པ་དེ་ནི་ཡི་གེ་ནོར་བ་ཡིན་ཏེ། གོང་གི་འཕྲོས་ལས་གསལ་ལོ། །མདོར་ན། ཡན་ལག་བཅུ་གཉིས་རྒྱུ་འབྲས་ཆ་གཅིག་གིས་བསྡུས་པ་དང༌། འབྲས་བུ་དྲུག་པོ་མ་འོངས་པའི་ཆ་ཁོ་ན་ལ་འཇོག་པ་དང༌། སྐྱེ་བ་དང་རྒ་ཤི་གཉིས་མིང་གཟུགས་སོགས་མངོན་དུ་གྱུར་པའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་པས། རྫས་ལོག་པ་མ་ཡིན་པ་དང༌། རྒྱུ་འབྲས་ཆ་གཅིག་པོ་འདི་མྱུར་ན། ཚེ་གཉིས་ཁོ་ན་ལ་ངེས་པར་རྫོགས་དགོས་པ་ཞེས་བྱ་བ་འདི་རྣམས་ནི། བྱེ་བྲག་ཏུ་སྨྲ་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དང༌། དབུས་དང་མཐའ་རྣམ་པར་འབྱེད་པའི་ལུགས་ཏེ་གསུམ་ལས་མི་འབྱུང་ཞིང༌། དེ་དག་ལས་བཤད་པའི་སྲོལ་གཞན་དུ་གྱུར་པ་འཕགས་པ་ཐོགས་མེད་ཀྱིས་མདོའི་དགོངས་པ་བཀྲལ་བའི་ཚུལ་ལོ། །བཞི་པ་ས་མཚུངས་དཔྱད་པ་ལ། རང་གི་ལུགས་དང༌། གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི། ཡན་ལག་བཅུ་གཉིས་པོ་རྒྱུ་འབྲས་ཚར་གཉིས་ཀྱིས་བསྡུས་པའི་ཕྱོགས་ལ་ནི། ས་མཚུངས་ལ་དཀའ་བའི་གནས་ཡོད་པ་མ་ཡིན་ལ། བཅུ་གཉིས་པོ་རྒྱུ་འབྲས་ཆ་གཅིག་གིས་བསྡུས་པ་དེ་ལྟ་ན་བཅུ་གཉིས་པོ་ས་མཚུངས་སམ་མི་མཚུངས་ཞེ་ན། ཁམས་གསུམ་ས་དགུ་ལ་རང་ས་ནས་རང་ས་དང༌། འོག་ས་ནས་གོང་ས་དང༌། གོང་ས་ནས་འོག་སར་སྐྱེ་བའི་གནས་སྐབས་གསུམ་དུ་ངེས་ཤིང༌། དེའི་ཚེ་ན་འདུ་བྱེད་ལ་སོགས་པ་བཅུ་གཅིག་ནི་སྤྱིར་ས་མཚུངས་ཤིང༌། བྱེ་བྲག་དུ་གང་དུ་སྐྱེ་འགྱུར་གྱི་ས་དེར་གཏོགས་པའོ། །དང་པོའི་ཤེས་བྱེད་ནི། ས་གཞན་གྱི་འཕེན་བྱེད། ས་གཞན་གྱི་རྣམ་སྨིན་འཕེན་བྱེད་དུ་འགལ་བའི་ཕྱིར་དང༌། ས་གཞན་གྱི་འགྲུབ་བྱེད་ས་གཞན་གྱི་རྣམ་སྨིན་ཁྱད་པར་འགྲུབ་བྱེད་དུ་འགལ་བའི་ཕྱིར་དང༌། ས་གཞན་གྱི་རྣམ་སྨིན་ས་གཞན་གྱི་རྣམ་སྨིན་དུ་འགལ་བས་སོ། །གཉིས་པའི་ཤེས་བྱེད་ནི། འདིར་རྒྱུ་འབྲས་ཀྱི་རྣམ་བཞག་བྱས་པ་དེ་ཐམས་ཅད་རྒྱུ་ད་ལྟར་བ་དང༌། རྣམ་སྨིན་མ་འོངས་པ་ཁོ་ནའི་དབང་དུ་བྱས་ནས་འཆད་པའི་ཕྱིར། འོ་ན་རྒྱུ་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ལས་བསོག་པའི་ས་དེར་གཏོགས་དགོས་པ་ཡིན་ཏེ། སུམ་ཅུ་པ་ལས། གང་དུ་སྐྱེས་པ་དེའི་འོ། །ཞེས་གསུངས་པའི་ཕྱིར་རོ་སྙམ་ན། དེ་དེར་གཏོགས་པ་བདེན་ཡང༌། འདིར་རྣམ་ཤེས་ཀྱི་རྟེན་འབྲེལ་དུ་བཟུང་བྱ་ནི་དེའི་སྟེང་གི་ས་བོན་ལ་འཆད་དགོས་པ་ཡིན་ཏེ། རྣམ་སྨིན་གྱི་རྒྱུ་འཆད་པའི་སྐབས་ཡིན་ཅིང༌། ཀུན་གཞིའི་རྣམ་ཤེས་ནི་རྣམ་སྨིན་དངོས་ཡིན་པའི་ཕྱིར། དེའི་ཚེ་ན་ས་བོན་ནི་གང་དུ་སྐྱེ་འགྱུར་གྱི་ས་དེར་གཏོགས་པ་ཡིན་ཏེ། དཔེར་ན་མི་གཡོ་བའི་ལས་ཀྱི་ས་བོན་འདོད་པའི་ཀུན་གཞིའི་རྟེན་ལ་གནས་པ་བཞིན་ནོ། །གལ་ཏེ་འོ་ན་དེའི་ས་བོན་རྣམ་སྨིན་གྱི་རྒྱུར་མི་རུང་སྟེ། ལུང་མ་བསྟན་ཡིན་པས་སོ་སྙམ་ན། མངོན་པ་གོང་འོག་གི་ཁྱད་པར་ཞིབ་མོ་འདི་ལྟ་སྟེ། འོག་མ་ལས་ནི། རྣམ་སྨིན་གྱི་རྒྱུ་དངོས་དེ་ཡིན་ན་མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་ཡིན་དགོས་པ། གོང་མ་ལྟར་ན། རྣམ་སྨིན་གྱི་བག་ཆགས་འཇོག་བྱེད་ཡིན་ན་དེ་ཡིན་དགོས་ཀྱང༌། རྣམ་སྨིན་གྱི་རྒྱུ་དངོས་ཡིན་ན་དེ་ཡིན་མི་དགོས་ཏེ། རྣམ་སྨིན་གྱི་རྒྱུ་འབྲས་གཉིས་ཀ་ཀུན་གཞིའི་སྟེང་དུ་ཚང་བར་འཇོག་པའི་ཕྱིར། ཡང་མངོན་པ་འོག་མའི་ལུགས་ལ། རྣམ་སྨིན་དངོས་ཡིན་ན་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་དགོས་ཀྱང༌། གོང་མའི་ལུགས་ལ་དེ་ཡིན་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་དགོས་པའོ། །འོ་ན་བཅུ་གཅིག་པོ་གང་དུ་སྐྱེ་འགྱུར་གྱི་སར་གཏོགས་པ་དེའི་ཚེ། གོང་མའི་རྟེན་ལ་འོག་མའི་ཉོན་མོངས་ཡོད་པར་འགྱུར་ཏེ། བསམ་གཏན་དང་པོ་ནས་ཤི་ནས་འདོད་པར་སྐྱེ་བ་ལེན་པའི་ཚེ། འདོད་པའི་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་འདོད་པའི་སྲེད་ལེན་གཉིས་པོ་དེ་བསམ་གཏན་དང་པོའི་རྟེན་ལ་འབྱུང་དགོས་ཤིང༌། དེ་གཉིས་འདོད་པའི་སར་གཏོགས་པའི་ཕྱིར་ཅེ་ན། དེའི་ལན་ལ་གཉིས་ལས། མངོན་པ་གོང་མ་པ་དག་གིས་འཆད་ཚུལ་ནི། ས་གོང་མའི་དངོས་གཞིའི་སེམས་ལས་མ་ཉམས་པ་དེ་སྲིད་དུ། ས་འོག་མའི་ཉོན་མོངས་མངོན་གྱུར་དུ་མི་འབྱུང་ཡང༌། ཉམས་ནས་ནི་གོང་སའི་རྟེན་ལ་འོག་མའི་ཉོན་མོངས་མངོན་གྱུར་དུ་འབྱུང་བ་ཡིན་ཏེ། དཔེར་ན་བསམ་གཏན་བཞི་པའི་བར་སྲིད་ཀྱི་རྟེན་ལ་ཐར་པ་ལ་བསྐུར་འདེབས་ཀྱི་ལོག་ལྟ་སྐྱེས་པར་བཤད་པ་བཞིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་ཞིག་གིས་དགྲ་བཅོམ་པ་ཐོབ་པར་རློམ་ནས། ཚེའི་དུས་བྱས་པ་ན་ལྷག་མེད་དུ་མྱ་ངན་ལས་འདའོ་སྙམ་པ་ལས། བསམ་གཏན་བཞི་པའི་བར་དོ་གྲུབ་པ་དེའི་ཚེ་ཐར་པ་ལ་ཡིད་བརྟན་མི་རུང་ངོ་སྙམ་དུ་ལོག་ལྟ་སྐྱེས་པས། དམྱལ་བའི་བར་དོ་གྲུབ་པར་འགྲེལ་པ་རྒྱལ་སྲས་མ་ལས་གསུངས་ཤིང༌། རྩ་བ་ལས་ཀྱང་ཅི་སྟེ་ན་བཟློག་གོ །དེ་ན་གནས་པ་ཡང་ལས་བསོག་གོ །ཞེས་གསུངས་པས། གོང་སའི་བར་དོའི་རྟེན་ལ་འོག་སའི་སྐྱེ་བ་འགྲུབ་བྱེད་ཀྱི་ལས་ཡོད་པར་གསལ་ལོ། །མངོན་པ་འོག་མ་ལས་ནི། སྔར་གྱི་རྩོད་པ་དེ་སེལ་མི་དགོས་ཏེ། ལུགས་དེ་ལ་སྲེད་ལེན་སྲིད་པ་གསུམ་པོ་གང་དུ་སྐྱེ་འགྱུར་གྱི་ས་དེར་གཏོགས་པ་ཡིན་མོད་ཀྱང༌། འགྲུབ་བྱེད་ཀྱི་རྒྱུ་ཁོ་ནར་ཁས་མ་བླངས་པ་དང༌། དེ་གསུམ་གྱི་ནང་ན་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང༌། ཉོན་མོངས་པ་ཡང་ཡོད་པར་ཁས་བླངས་པས་སོ། །འོ་ན་གོང་ས་ནས་ས་འོག་སར་སྐྱེ་བའི་ཚེ་གོང་སའི་རྟེན་ལ་འོག་ས་འགྲུབ་བྱེད་ཀྱི་ལས་གསར་དུ་བསགས་དགོས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། སྔར་འདོད་པའི་རྟེན་ལ་འདོད་པར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང༌། ཁམས་གོང་མར་སྐྱེས་ནས་མྱོང་འགྱུར་གྱི་ལས་གཉིས་བསགས་པ་ལས། ཁམས་གོང་མར་སྐྱེས་ནས་དེའི་ལས་ཟད་པ་ན། དེ་ནས་གོང་སར་འཆི་འཕོ་བ་ཡིན་ལ། དེའི་ཚེ་ཁམས་གོང་མར་སྐྱེ་བའི་ལས་གསར་དུ་མ་བསགས་ན། འོག་མར་སྐྱེ་བ་ལས་འོས་གཞན་གང་ཡང་མེད་པའི་ཕྱིར་ཞེས་བཞེད་ལ། དེ་ཡང་ཞིབ་མོར་འབྱེད་ན། གོང་སའི་རྟེན་ལ་འཆི་སྲིད་མངོན་དུ་མ་གྱུར་པ་དེ་སྲིད་དུ། ས་འོག་མའི་ཉོན་མོངས་མངོན་དུ་འགྱུར་བ་མི་སྲིད་ལ། འཆི་སྲིད་མངོན་དུ་གྱུར་པ་ན་གོང་མའི་ལུས་རྟེན་མ་དོར་ཡང༌། འོག་མའི་ཉོན་མོངས་མངོན་དུ་འགྱུར་བ་སྲིད་པ་ཡིན་ཏེ། ཇི་སྐད་དུ། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །ཞེས་དང༌། འཆི་འཕོ་དག་ལས་ཉོན་མོངས་ཀུན། །ཞེས་གསུངས་སོ། །མ་རིག་པའི་ས་མཚུངས་ལ། འོ་ན་མ་རིག་པ་ཡང་གང་དུ་སྐྱེ་འགྱུར་གྱི་ས་དེ་ཉིད་དུ་གཏོགས་པར་འགྱུར་ཏེ། ས་གཞན་གྱི་ཉོན་མོངས་པས་ས་གཞན་གྱི་ལས་ཀུན་ནས་སློང་བར་མི་ནུས་པའི་ཕྱིར་ཞེ་ན། ལན་ལ། ཡིད་ཤེས་འཁོར་གྱི་མ་རིག་པའི་ས་མཚུངས་དང༌། ཉོན་ཡིད་འཁོར་གྱི་མ་རིག་པའི་ས་མཚུངས་དཔྱད་པའོ། །དང་པོ་ནི། འདི་ལ་མུ་བཞི་སྟེ། སྐྱེ་ས་ཁོ་ནར་གཏོགས་པ་དང༌། འཆི་ས་ཁོ་ནར་གཏོགས་པ་དང༌། གཉིས་ཀར་གཏོགས་པ་དང༌། གང་དུའང་མ་གཏོགས་པའོ། །དང་པོ་ནི་བསམ་གཏན་དང་པོ་ནས་ཤི་ནས་འདོད་པར་སྐྱེ་བ་ལྟ་བུའོ། །གཉིས་པ་ནི་འདོད་པ་ནས་ཤི་ནས་བསམ་གཏན་དང་པོར་སྐྱེ་བ་ལྟ་བུའོ། །གསུམ་པ་ནི་འདོད་པ་ནས་འདོད་པར་སྐྱེ་བ་ལྟ་བུའོ། །བཞི་པ་ནི་འདོད་པ་ནས་བསམ་གཏན་གཉིས་པར་སྐྱེ་བ་ལྟ་བུའོ། །དེ་དག་གི་ཤེས་བྱེད་ཀྱང་གོ་རིམ་བཞིན་དུ། གོང་ས་ནས་ཤི་འཕོས་ནས་འོག་སར་སྐྱེ་བ་ཐམས་ཅད་ཀྱི་ཚེ་ན། མ་རིག་པ་འོག་ས་ཁོ་ནར་གཏོགས་དགོས་པ་ཡིན་ཏེ། གོང་སའི་རྟེན་ལ་འོག་སར་སྐྱེ་བ་འཕེན་བྱེད་ཀྱི་ལས་བསོག་པ་མེད་པའི་ཕྱིར་དང༌། འདོད་པའི་རྟེན་ལ་འདོད་པར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པའི་དབང་གིས་དེར་སྐྱེ་བ་ཡིན་པའི་ཕྱིར། མུ་གཉིས་པའི་ཤེས་བྱེད་ཀྱང༌། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ལེན་པ་དེའི་ཚེ་དེར་འཕེན་བྱེད་ཀྱི་ལས་དེ་ལ་ཀུན་སློང་མ་རིག་པ་གཅིག་ཡོད་ཅིང༌། ལས་དེའི་སྔོན་དུ་བསམ་གཏན་དང་པོ་ཡན་ཆད་ཀྱི་སེམས་མ་ཐོབ་པའི་ཕྱིར་རོ། །འདི་ལ་ཁ་ཅིག་ན་རེ། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ཉེར་སྡོགས་ཀྱི་ཚེ་བསོག་པའི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང༌། དངོས་གཞིའི་དུས་སུ་དེར་འཕེན་བྱེད་ཀྱི་ལས་བསོག་པ་ཞིག་ཡོད་ལ། དེའི་ཚེ་ནི་བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་དེ་ནི་བསམ་གཏན་དང་པོ་ཉིད་དུ་གཏོགས་པ་ཡིན་ཏེ། དཔེར་ན་ཚངས་རིས་ཀྱི་རྟེན་ལ་ཚངས་ཆེན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསར་དུ་བསོག་པ་ཡོད་པ་བཞིན་ནོ། །དེ་ཡོད་པ་ཡིན་ཏེ། རྟེན་དེ་ལ་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཆེན་པོ་བསྒོམ་པས་ཚངས་ཆེན་དུ་སྐྱེ་བ་ཡོད་པས་སོ། །ཞེས་ཟེར་བ་དེ་ནི་འགྲུབ་བྱེད་དང་འཕེན་བྱེད་ཀྱི་ཁྱད་པར་མ་ཕྱེད་པས་ནོངས་པ་ཡིན་ཏེ། རྟེན་དེ་ལ་དངོས་གཞིའི་ཚོར་བ་ལ་སྲེད་པའི་རོ་མྱང་གིས་ཀུན་ནས་བླངས་ཏེ་དངོས་གཞིའི་སྙོམས་འཇུག་ཆེན་པོ་བསྒོམ་པ་དེ་ནི་དེར་སྐྱེ་བའི་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་དང༌། བསམ་གཏན་དང་པོའི་གནས་གསུམ་པོ་ལ་འཕེན་བྱེད་ཀྱི་ལས་གཅིག་ཡིན་ཀྱང༌། འགྲུབ་བྱེད་ཀྱི་དབང་གིས་གནས་མཐོ་དམན་གྱི་རིམ་པ་བྱུང་བ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། ཀུན་ལས་བཏུས་ལས། ལས་གཅིག་གིས་ལུས་དུ་མ་འཕེན་པ་ཡང་ཡོད་དོ་ཞེས་གསུངས་པས། སྐྱེ་བ་རེ་རེ་ལ་འཕེན་བྱེད་ཀྱི་ལས་མི་འདྲ་བ་རེ་རེ་དགོས་པ་ཡང་མ་ཡིན་པའི་ཕྱིར་རོ། །མུ་གསུམ་པའི་སྒྲུབ་བྱེད་ནི་ཤེས་པར་སླ་ལ། བཞི་པའི་སྒྲུབ་བྱེད་ནི། འདོད་པ་ནས་གཉིས་པ་ལྟ་བུར་མ་ཟད་གཉིས་པ་ནས་གཉིས་པར་སྐྱེ་བའི་ཚེ་ཡང་མ་རིག་པ་བསམ་གཏན་དང་པོར་གཏོགས་དགོས་ཏེ། ས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཀྱི་མ་རིག་པ་ཡིན་ན་དེའི་འོག་སར་གཏོགས་པས་ཁྱབ་པའི་ཕྱིར། འདི་ལ་ཁ་ཅིག་ན་རེ། སྒོམ་སྤངས་སུ་གྱུར་པའི་མ་རིག་པས་བྱས་ན་དེ་ལྟར་ངེས་ཀྱང༌། མཐོང་སྤངས་སུ་གྱུར་པའི་མ་རིག་པས་བྱེད་ན་འདོད་པའི་སས་བསྡུས་ཀྱི་མ་རིག་པས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་ཐམས་ཅད་དུ་འཕེན་བྱེད་ཀྱི་ལས་ཀྱིས་ཀུན་སློང་བྱེད་པ་སྲིད་དེ། ཅི་ཡང་མེད་མན་ལ་ཆགས་བྲལ་བྱས་པའི་བྱིས་པས་འདོད་པའི་སས་བསྡུས་ཀྱི་མ་རིག་པ་ཅུང་ཟད་ཀྱང་མ་སྤངས་པར་ཡོད་པའི་ཕྱིར་ཅེ་ན། འདིའི་ལན་ལ་བོད་སྔ་མ་རྣམས་ནི་འདི་སྐད་ཅེས། འདོད་པའི་མཐོང་སྤངས་ཀྱི་ཉོན་མོངས་པ་ནི་མི་དགེ་བ་ཁོ་ན་ཡིན་ལ། མི་དགེ་བས་མི་གཡོ་བའི་ལས་སློང་བར་མི་བྱེད་དོ་ཞེས་གསུངས་མོད། དེ་ལྟ་ན་མ་རིག་པ་མི་གཡོ་བའི་ལས་དེའི་དེ་དུས་ཀྱི་ཀུན་སློང་དུ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་བུ་ནི་སྒོམ་སྤངས་ཀྱི་མ་རིག་པ་ལ་ཡང་མི་སྲིད་དོ། །རང་གི་ལན་ནི། ཇི་སྲིད་ས་འོག་མའི་ཆགས་བྲལ་ལས་མ་ཉམས་པ་དེ་སྲིད་དུ། ས་འོག་མའི་ཉོན་མོངས་མ་སྤངས་པ་རྣམས་ཀྱང་མངོན་དུ་མི་འགྱུར་སྟེ། ཆགས་བྲལ་གྱི་གོ་རིམ་ངེས་པས་སོ། །དཔེར་ན་བསམ་གཏན་དང་པོའི་དངོས་གཞིའི་སེམས་ཐོབ་ལ་མ་ཉམས་པ་དེ་སྲིད་དུ། འདོད་པའི་མཐོང་སྤངས་སུ་གྱུར་པའི་ཉོན་མོངས་པ་རྣམས་མངོན་དུ་མི་འགྱུར་བ་བཞིན་ནོ། །འདི་ཡང་ཆགས་བྲལ་གྱི་རིམ་པས་ཡིན་གྱི། སྤངས་པས་མི་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་བསམ་གཏན་དང་པོའི་རྟེན་ཅན་གྱི་སོ་སོ་སྐྱེ་བོས་འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་མ་རིག་པ་དང༌། ང་རྒྱལ་སོགས་མ་སྤངས་ཀྱང་མངོན་དུ་མི་འགྱུར་བ་བཞིན་ནོ། །དེའི་ཕྱིར་ས་འོག་མ་ལ་ཆགས་བྲལ་བྱས་པའི་བྱིས་པ་དག་གིས་ནི། ས་འོག་མའི་མཐོང་སྤངས་དང་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་གཉིས་ལ་སྤངས་མ་སྤངས་ཀྱི་ཁྱད་པར་ཅི་ཡང་མེད་དོ། །ཞེས་བྱ་བ་འདི་ལན་ཡིན་ནོ། །གཉིས་པ་ཉོན་ཡིད་འཁོར་གྱི་མ་རིག་པའི་ས་མཚུངས་ནི། ལས་བསོག་པའི་ལུས་རྟེན་དེ་ཉིད་དུ་མ་རིག་པ་ཡང་དེར་གཏོགས་པ་ཡིན་ཏེ། འོག་སའི་རྟེན་ལ་གོང་སའི་ཉོན་ཡིད་འཁོར་གྱི་མ་རིག་པ་མི་འབྱུང་བའི་ཕྱིར་རོ། །འོ་ན་འོག་སའི་རྟེན་ལ་ས་གོང་མའི་ཡིད་ཤེས་འཁོར་གྱི་མ་རིག་པ་འབྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཇི་སྲིད་གོང་མའི་དངོས་གཞི་མ་ཐོབ་པ་དེ་སྲིད་དུ་ནི་གོང་སའི་ཉོན་མོངས་མངོན་དུ་མི་འགྱུར་ཏེ། ཉེར་སྡོགས་ཀྱི་རྫས་ལ་ཉོན་མོངས་ཅན་མེད་པས་སོ། །དངོས་གཞིས་སྐྱེས་པ་དེའི་ཚེ་ནི་ས་འོག་མའི་ཡིད་ཤེས་འཁོར་དང་བཅས་པ་གོང་མའི་སྙོམས་འཇུག་གི་རྫས་སུ་སྐྱེ་བ་ཡིན་ནོ། །གཉིས་པ་གཞན་གྱིས་བཏགས་པའི་མཐའ་བསལ་བ་ནི། དོན་འདི་ལ་རྗེ་བཙུན་ཀུ་མཱ་རའི་གསུང་གིས་འདོད་པའི་རྟེན་ལ་མི་གཡོ་བའི་ལས་བསགས་པ་དེ། དེ་ནས་ཤི་འཕོས་ནས་བསམ་གཏན་དང་པོར་སྐྱེ། དེ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པར་སྐྱེ་བ་དེའི་ཚེ། མ་རིག་པ་དང་རྣམ་པར་ཤེས་པ་ནི་འདོད་པའི་ས་པ་ཡིན་ནོ། །འདུ་བྱེད་དང་མིང་གཟུགས་ནས་སྲེད་པའི་བར་ནི་བསམ་གཏན་དང་པོའི་ས་པ་ཡིན་ནོ། །ལྷག་མ་རྣམས་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། །ཅིའི་ཕྱིར་སྲེད་པ་བསམ་གཏན་དང་པོའི་ས་པ་ཡིན་ཞེ་ན། བསམ་གཏན་དང་པོའི་ཚོར་བ་ལ་རྗེས་སུ་ཆགས་པའི་འདོད་ཆགས་ཡིན་པའི་ཕྱིར། ཅིའི་ཕྱིར་ལེན་པ་དང་སྲིད་པ་བསམ་གཏན་གཉིས་པའི་ས་པ་ཡིན་ཞེ་ན། སྲིད་པ་ནི་བསམ་གཏན་གཉིས་པའི་མི་གཡོ་བའི་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་ངོ་བོ་ཡིན་པའི་ཕྱིར་དང༌། ལེན་པ་ནི་བསམ་གཏན་གཉིས་པའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར། དེ་ལྟ་ན་བསམ་གཏན་དང་པོའི་སྲེད་པ་བསམ་གཏན་གཉིས་པའི་ལེན་པའི་རྐྱེན་དུ་ཇི་ལྟར་འགྱུར་ཞེ་ན། གང་གི་ཚེ་བསམ་གཏན་དང་པོ་ནས་འཆི་འཕོ་བ་དེའི་ཚེ། བསམ་གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་ལ། དེའི་འཁོར་གྱི་བདག་ལ་ཆགས་པའི་དབང་གིས་གཉིས་པའི་ཕུང་པོ་ལ་སྲེད་པའི་ལེན་པ་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །དེ་བས་ན་ལེན་པའི་རྐྱེན་དུ་གྱུར་པའི་སྲེད་པ་གང་ཡིན་པ་ནི། འཆི་བའི་ས་པར་གཏོགས་པ་ཡིན་པས། དོན་གསང་རྣམ་པར་བཤད་པ་ལས། སྐྱེ་བའི་ས་པ་གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པའོ། །ཞེས་བཤད་པ་གང་ཡིན་པ་དེ་འཐད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་སྐད་གསུང་པ་དེ་ཡང་དོན་གྱི་རྩ་བ་མ་ཆོད་པར་ཚིག་གི་སྦུ་བའི་འཕྲེང་བ་གཅིག་ནས་གཅིག་དུ་བར་མ་ཆད་པར་སྟར་ལ་བརྒྱུས་པས་བློ་གྲོས་ཞན་པ་རྣམས་མགོ་རྨོངས་བྱེད་ཙམ་ཡིན་གྱི། དོན་གྱི་སྙིང་པོ་བཅང་རྒྱུ་ཅི་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་འབྲས་ཆ་གཅིག་པོ་དེ་ལས་སོག་པ་དང༌། རྣམ་སྨིན་མྱོང་བའི་སྐྱེ་བ་གཉིས་པོ་དེ་གང་དུ་གཏོགས་ཞེས་པ་དཔྱོད་དགོས་རྒྱུ་ཡིན་པ་ལ། འཕེན་བྱེད་ཀྱི་ལས་མི་འདྲ་བ་གསུམ་གྱིས་འཕངས་པའི་སྐྱེ་བ་གསུམ་ལ་རྟེན་འབྲེལ་བཅུ་གཉིས་པོ་བགོ་ཤ་བྱས་པས་དོན་སྟོན་རྒྱུ་ཅི་ཡང་མི་སྣང་བའི་ཕྱིར། དེ་ཡང་སྐྱེ་བ་གསུམ་བརྒྱུད་པ་དེའི་ཚེ་རྟེན་འབྲེལ་ཚར་གཉིས་དང༌། རྒྱུ་འབྲས་ཆ་གཉིས་ཡོད་པ་ཡིན་ཏེ། འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བའི་རྒྱུ་འབྲས་ཚར་གཅིག་དང༌། བསམ་གཏན་དང་པོ་ནས་གཉིས་པར་སྐྱེ་བའི་རྟེན་འབྲེལ་ཚར་གཅིག་སྟེ། ཡན་ལག་བཅུ་གཉིས་ཡོངས་སུ་རྫོགས་པ་ཆ་གཉིས་ཡོད་ལ། དེའི་ཚེ་དེ་གཉིས་ཀའི་འཕེན་བྱེད་ཀྱི་ལས་བསོག་པའི་རྟེན་ནི་འདོད་པའི་རྟེན་ཁོ་ན་ཡིན་ཏེ། རྟེན་དེ་ལ་བསམ་གཏན་དང་པོར་སྐྱེས་ནས་མྱོང་འགྱུར་དང༌། གཉིས་པར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པའི་ཕྱིར། འགྲུབ་བྱེད་ཀྱི་ལས་ལ་གཉིས་ལས། བསམ་གཏན་དང་པོའི་དེ་ནི་འདོད་པའི་རྟེན་ལ་བསགས་ལ། གཉིས་པའི་དེ་ནི་བསམ་གཏན་དང་པོའི་རྟེན་ལ་བསགས་པའོ། །རྣམ་སྨིན་ནི་ཡོངས་སུ་རྫོགས་པ་གཉིས་ལས་གཅིག་ནི་བསམ་གཏན་དང་པོ་ཁོ་ནར་གཏོགས། གཅིག་ཤོས་ནི་བསམ་གཏན་གཉིས་པ་ཁོ་ནར་གཏོགས་པ་ཡིན་ནོ། །འདི་ཡང་ཞིབ་ཏུ་བཤད་ན། འདོད་པའི་རྟེན་ལ་བསམ་གཏན་དང་པོའི་ཉེར་སྡོགས་དང་དངོས་གཞིས་གཉིས་ཀ་ཡོངས་སུ་རྫོགས་པར་བྱས་ནས། བསམ་གཏན་གཉིས་པའི་ཉེར་སྡོགས་འབྲིང་པོ་མན་ཆད་ཙམ་ཞིག་རྒྱུད་ལ་བསྐྱེད་ཅིང༌། དེ་ཕན་ཆད་མ་སྐྱེད་པ་ཞིག་ཡོད་པ་དེ་ནི། བསམ་གཏན་དང་པོར་འཕེན་འགྲུབ་ཀྱི་ལས་གཉིས་ཀ་བསགས་པ་དང༌། གཉིས་པར་འཕེན་བྱེད་ཀྱི་ལས་ཙམ་ཞིག་བསགས་པ་ཡིན་གྱི། དེས་དེར་འགྲུབ་བྱེད་ཀྱི་ལས་ནི་མ་བསགས་ཏེ། བསམ་གཏན་དང་པོ་ལ་ཆགས་བྲལ་མ་བྱས་པའི་ཕྱིར་དང༌། དུས་དེར་གཉིས་པའི་སས་བསྡུས་ཀྱི་ཉོན་མོངས་མ་སྐྱེས་པའི་ཕྱིར། དེའི་རྒྱུ་མཚན་གྱིས་དེ་འདྲ་དེ་སྐྱེ་བ་ལེན་ན་བསམ་གཏན་དང་པོ་ལས་འོས་མེད་དོ། །དེ་འདྲ་དེ་བསམ་གཏན་དང་པོར་སྐྱེས་པ་དེའི་ཚེ། བསམ་གཏན་དང་པོའི་རྣམ་སྨིན་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཚར་གཅིག་པོ་དེ་ནི་དེས་རྫོགས་པ་ཡིན་ཏེ། དེར་སྐྱེ་བའི་མིང་གཟུགས་ནས་ཚོར་བའི་བར་མངོན་དུ་གྱུར་པ་གང་ཞིག གནས་སྐབས་དེ་ལ་སྐྱེ་བ་དང་རྒ་ཤིའི་ཡང་ཐ་སྙད་འདོགས་པའི་ཕྱིར། དེ་འདྲ་དེ་བསམ་གཏན་དང་པོའི་རྟེན་ལ་བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག་རྫོགས་པར་སྐྱེ་སྟེ། དེ་ལ་རོ་མྱང་བའི་སྲེད་པ་དང་ལེན་པ་སྐྱེ་ལ། དེའི་དབང་གིས་བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག་དེ་རྣམ་སྨིན་འབྱིན་པ་ལ་ནུས་མཐུ་ཅན་དུ་བྱས་ནས་བསམ་གཏན་གཉིས་པར་སྐྱེས་སོ། །བསམ་གཏན་གཉིས་པའི་རྣམ་སྨིན་རྒྱུ་འབྲས་ཀྱི་དབང་དུ་བྱས་པའི་ཡན་ལག་བཅུ་གཉིས་པོ་དེ་ནི་དེས་རྫོགས་ལ། དེའི་ཚེ་དེའི་འཕེན་བྱེད་འདོད་པའི་རྟེན་ལ་དང༌། འགྲུབ་བྱེད་བསམ་གཏན་དང་པོའི་རྟེན་ལ་དང༌། རྣམ་སྨིན་བསམ་གཏན་གཉིས་པའི་རྟེན་ལ་སྨིན་པ་ཡིན་ནོ། །དེ་ལྟར་ན་དེ་ལྟ་བུའི་རྣམ་གཞག་གོ་བདེ་ཞིང་ཚད་ལྡན་གྱི་གཞུང་ཀུན་དང་མི་འགལ་བར་འཇོག་མ་ཤེས་པས། བསམ་གཏན་གཉིས་པའི་སྐྱེ་བ་འགྲུབ་བྱེད་ཀྱི་སྲེད་པ། བསམ་གཏན་དང་པོའི་སས་བསྡུས་སོ་ཞེས་ཟེར་བ་དང༌། ས་གཞན་གྱི་འགྲུབ་བྱེད་ས་གཞན་གྱི་རྣམ་སྨིན་འགྲུབ་བྱེད་དུ་ཁས་ལེན་པ་དང༌། རྟེན་འབྲེལ་ཚར་གཅིག་གི་འཕེན་འགྲུབ་ཀྱི་རྒྱུ་གཉིས་པོ་ཟུང་དུ་འཇུག་པ་མི་ཤེས་པར། འཕེན་འགྲུབ་གཉིས་ཀྱི་བར་དུ་རྣམ་སྨིན་གྱིས་ཆོད་པ་དང༌། འཕེན་བྱེད་ཀྱིས་འཕངས་པའི་རྣམ་སྨིན་དང༌། འགྲུབ་བྱེད་ཀྱིས་གྲུབ་པའི་འབྲས་བུ་གཉིས་སྐྱེ་བ་སྔ་ཕྱི་ལ་འཇོག་དགོས་པ་སོགས་ཐོགས་མེད་ཞབས་ཀྱི་གཞུང་ལུགས་ལས་ཆེས་ཤིན་ཏུ་ཕྱིན་ཅི་ལོག་དུ་གྱུར་པ་མང་དུ་སྨྲ་ཞིང༌། དེའི་རྗེས་སུ་འཇུག་པ་དུ་མ་དག་སྣང་ཡང༌། རྣམ་དཔྱོད་དང་ལྡན་པ་དག་གིས་ཡིད་བརྟན་པར་མི་བྱའོ། །ཡང་ལ་ལ་ན་རེ། དོན་གསང་ལས། སྐྱེ་བའི་ས་གང་ཡིན་པ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པའོ། །ཞེས་བཤད་པ་དེ་འོག་ས་ནས་གོང་སར་སྐྱེ་བ་ལ་རིགས་སུ་ཆུག་ཀྱང༌། གོང་ས་ནས་འོག་སར་སྐྱེ་བ་ལ་མི་འགྲིག་སྟེ། གོང་སའི་རྟེན་ལ་འོག་མའི་ཉོན་མོངས་མེད་པའི་ཕྱིར། ཞེས་ཟེར་བ་ཡང་མ་བརྟགས་པ་ཡིན་ཏེ། གོང་ས་ནས་འོག་སར་སྐྱེ་བའི་ཚེ་སྲིད་པ་དགོས་སམ་མི་དགོས། མི་དགོས་ན་ཡན་ལག་བཅུ་གཉིས་ཀྱི་གྲངས་དེས་ཉམས། དགོས་ན་དེ་རྟེན་གང་ལ་ཡོད། འོག་མའི་རྟེན་ལ་ཡོད་ན་ནི་ཉེས་པ་སྔ་མ་དེ་ཉིད་སོ་ན་འདུག་པ་དང༌། སྲིད་པ་དེ་སྐྱེ་བའི་ནང་དུ་གཏོགས་པར་འགྱུར་ལ། གོང་མའི་རྟེན་ལ་གཏོགས་ན་ནི། སྲིད་པ་དེ་ས་གང་གིས་བསྡུས། གོང་མས་བསྡུས་ན་ནི་འོག་མའི་སྐྱེ་བ་འགྲུབ་བྱེད་དུ་འགལ། འོག་མས་བསྡུས་ན། འོ་ན་གོང་མའི་རྟེན་ལ་འོག་མའི་ཉོན་མོངས་ཡོད་པར་ཐལ། རྟེན་དེ་ལ་འོག་མའི་སས་བསྡུས་ཀྱི་ལས་ཀྱི་ཀུན་སློང་ཡོད་པའི་ཕྱིར། ཞེས་པའི་ཉེས་པ་རྣམས་སྤོང་བར་མི་ནུས་སོ། །ཡང་སྔོན་གྱི་ཁ་ཅིག མིང་གཟུགས་ནས་ཚོར་བའི་བར་ཀུན་གཞིའི་སྟེང་གི་ས་བོན་ལ་འཆད་པ་འགྲེལ་པ་རྒྱལ་སྲས་མ་དང༌། དོན་གསང་གི་དགོངས་པ་ལ་ཡོད་ལ། དེའི་ལྟར་ན་བཞི་པོ་དེ་ཡང་རྒྱུ་དུས་ཀྱི་ཀུན་གཞི་ས་གང་དུ་གཏོགས་པ་དེར་གཏོགས་སོ། །ཞེས་འཆད་པ་དག་སྣང་ཡང༌། ཁོ་བོ་ཅག་ནི་ཀུན་གཞི་གང་དུ་གཏོགས་པ་དེར་དེའི་ས་བོན་གཏོགས་པས་ཁྱབ་པར་ཁས་མི་ལེན་ཏེ། ཀུན་གཞི་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར། དཔེར་ན་དེའི་སྟེང་གི་ཟག་མེད་ཀྱི་ས་བོན་བཞིན་ནོ། །གཞན་ཡང་དེ་དག་གི་འདོད་པ་དེ་ལྟ་ན། གཟུགས་མེད་ཀྱི་རྟེན་ལ་ཁམས་འོག་མ་གཉིས་ཀྱི་མིང་གཟུགས་ནས་ཚོར་བའི་བར་གྱི་ས་བོན་ཡོད་པར་ནི་ཁས་ལེན་དགོས་ལ། དེ་གཟུགས་མེད་ཀྱི་སས་བསྡུས་པར་ཁས་ལེན་ན། གཟུགས་མེད་ཀྱི་སས་བསྡུས་པའི་རྟེན་འབྲེལ་བཅུ་གཉིས་ཚང་བར་འགྱུར་རོ། །ཡང་ཕྱིས་ཀྱི་མངོན་པ་གོང་མ་འཆད་པར་རློམ་པ་གང་དག མིང་གཟུགས་ནས་ཚོར་བའི་བར་འབྱུང་འགྱུར་ལ་མི་འཆད་པར། གྲུབ་ཟིན་ལ་བཤད་ནས། འོག་གི་སྲེད་ལེན་སྲིད་པ་གསུམ་གོང་དུ་རྒྱུའི་གནས་སྐབས་སུ་ལེན་ཅིང༌། རྒ་ཤི་གཉིས་གོང་གི་འབྲས་བུའི་གནས་སྐབས་སུ་བླངས་ནས་འཆད་པ་དག་སྣང་བ་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་འབྲས་དུས་ཀྱི་ཆ་ནས་འཛིན་པའམ། དེ་མི་འཛིན་ན་ཡང་མིང་གཟུགས་ནས་འབྲས་དུས་ཀྱི་ཆ་འཛིན་རིགས་པར་འགྱུར་ཏེ། ཚར་གཅིག་པོ་འདིའི་མིང་གཟུགས་ཀྱི་རྟེན་འབྲེལ་དེ་འོག་གི་སྲེད་ལེན་སྲིད་པ་གསུམ་སྔོན་དུ་སོང་བའི་རྟེན་འབྲེལ་ཡིན་པའི་ཕྱིར། དེ་ལ་འདོད་ནུས་པ་མ་ཡིན་ཏེ། མིང་གཟུགས་སོགས་འབྲས་བུའི་ཆ་འཛིན་ན་རྣམ་ཤེས་ཀྱང་དེར་འཛིན་དགོས་ཏེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*