ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྨད་ཆ། ག ༽

དཔེར་ན་རྟག་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པ་བཞིན་ནོ། །ཞེས་བཤད་པས་འདི་རྣམ་པའི་མཚན་ཉིད་དུ་འཆད་པ་ནི། སྐབས་འདིར་རྣམ་པའི་དབྱེ་བ་རྒྱས་པར་བཤད་པ་འདིས་ཅི་བྱེད་མ་ཤེས་པའོ། །དེས་ན་ཁ་ཅིག་དོན་རྣམ་དང་ཤེས་རྣམ་གཉིས་སུ་ཕྱེ་ནས་བསྒོམ་བྱ་གང་ཡིན་སོ་སོར་འདོད་པ་ལ་ནི། སྙིང་པོ་ཅུང་ཟད་ཀྱང་མེད་དེ། མི་རྟག་པ་ལ་སོགས་པའི་ཡེ་ཤེས་བསྒོམ་བྱར་འདོད་པ་དེས་མི་རྟག་པ་བསྒོམ་པར་ཁས་ལེན་དགོས་པ་ཡིན་ལ། མི་རྟག་པར་བསྒོམ་པར་འདོད་པ་དེས་ཀྱང༌། དེ་རྟོགས་པའི་ཡེ་ཤེས་བསྒོམ་པར་མི་འདོད་ན་གཞི་སྟོར་བར་འགྱུར་བའི་ཕྱིར། ཞེས་མདོར་བསྟན་གྱི་གཞུང་འགྲེལ་རྣམས་ཀྱིས་རྣམ་པའི་མཚན་ཉིད་མི་སྟོན་པར་རྣམ་མཚན་གཞིར་བཞག་ནས་གཉེན་པོའི་མཚན་ཉིད་སྟོན་པ་ཡིན་ནོ། །ཞེས་གསུང་བ་དེ་ནི་རིགས་པ་མིན་ཏེ། ལུང་དང་འགལ་བས་ཡི་གེའི་དོན་མ་ཡིན་པ་དང༌། མཚན་གཞི་དང་མཚོན་བྱའི་ངོས་འཛིན་ནོར་བ་རིགས་པ་དང་འགལ་བ་དང༌། བསྒོམ་བྱ་དོན་གཅིག་ལ་འདུ་བར་འཆད་པ་གཞུང་ལུགས་དང་འགལ་བའོ། །དང་པོ་ནི། ཇི་སྐད་དུ། རྣམ་པ་ཞེས་བྱ་མཚན་ཉིད་དེ། ཞེས་གསུངས་པ་མེད་པ་དང༌། ལུས་རྣམ་གཞག་དུ། རྣམ་པ་སྦྱོར་བ་བཅས་རྣམས་དང༌། །ཞེས་རྣམ་པ་དེ་སྐབས་བཞི་པའི་ཆོས་ཅིག་དུ་བཞག་ནས། དེའི་མཚན་ཉིད་དང་མཚན་གཞི་ངོས་འཛིན་པ་སྐབས་སུ་བབ་པ་ཡིན་གྱི། གཉེན་པོ་ཆོས་གཅིག་དུ་བཞག་ནས་དེའི་མཚན་གཞི་སོགས་ངོས་འཛིན་པ་མ་ཡིན་ནོ། །གཉིས་པ་ནི། རྣམ་པ་མཚན་གཞིར་བཞག་ནས་གཉེན་པོར་བསྒྲུབ་པ་ནི་སྐབས་སུ་བབ་པ་མ་ཡིན་ཏེ། སྐབས་འདིར་རྣམ་པ་ངོས་འཛིན་པའི་སྐབས་ཡིན་གྱི། གཉེན་པོ་ངོས་འཛིན་པའི་སྐབས་མ་ཡིན་པའི་ཕྱིར་དང༌། རྣམ་པ་མཚན་གཞིར་བཞག་ན་དེ་འདིར་ངོས་བཟུང་ཟིན་པར་འགྱུར་བ་ལས། དེ་ཡང་མིན་ཏེ། རྣམ་པ་ངོས་བཟུང་ནས་དེ་བསྒོམ་པའི་སྦྱོར་བ་ངོས་འཛིན་དགོས་པའི་སྐབས་ཡིན་པའི་ཕྱིར། དེས་ན་གཞུང་གི་དོན་མ་ནོར་བ་ནི་འདི་ཡིན་ཏེ། ཆོས་བཅུ་གཅིག་ལས་རྣམ་པ་ངོས་འཛིན་པ་ན་མཚན་མཚོན་གཞི་གསུམ་གྱི་སྒོ་ནས་གཏན་ལ་འབེབས་སོ། །མཚན་ཉིད་ནི། གཞི་ཤེས་པའི་བྱེ་བྲག་རྣམས། ཞེས་པའོ། །མཚོན་བྱ་ནི། རྣམ་པ་ཞེས་བྱ་སྟེ། ཞེས་པའོ། །མཚན་གཞི་ནི། མདོ་ལས་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པ་རྣམས་སོ། །འགྲེལ་པར་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ཞེས་གསུངས་པ་ནི། མདོ་ལས་གསུངས་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཅན་རྣམས་ལ་ཟེར་བ་ཡིན་ལ། མཚན་ཉིད་དེ་ཞེས་པ་ནི། འདིར་བསྟན་རྣམ་པའི་མཚན་གཞི་ངོས་བཟུང་བ་ཡིན་ནོ། །དེ་ཡང་མཚན་གཞི་ལ་མཚན་ཉིད་ཀྱི་སྒྲ་དངོས་མིང་དུ་འཇུག་པ་ནི་འོག་ནས་འཆད་པར་འགྱུར་རོ། །གསུམ་པ་ནི། བསྒོམ་བྱ་གང་ཡིན་སོ་སོར་འབྱེད་དགོས་པ་ཡིན་ཏེ། དཔེར་ན། རྣམ་འགྲེལ་མཛད་པའི་གཞུང་དུ། སྔོ་སྣང་དབང་ཤེས་ཀྱིས་དོན་སྔོན་པོ་དངོས་སུ་རྟོགས་པ་ཡིན་ནམ། སྔོན་པོའི་ཤེས་རྣམ་དངོས་སུ་རྟོགས་པ་ཡིན་ཞེས་དཔྱོད་དགོས་པར་བཤད་པ་བཞིན་ནོ། །དེ་ལྟར་དཔྱད་པའི་ཚེ་ན་དེས་དོན་སྔོན་པོ་རྟོགས་པ་ནི་འཇིག་རྟེན་གྱི་གྲགས་པ་དང༌། འཁྲུལ་ངོར་ཡིན་ལ། ཡིན་ལུགས་ལ་སྔོན་པོའི་རྣམ་པ་རྟོགས་པར་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཕྱི་རོལ་དོན་ནི་དངོས་སུ་མིན། །རང་བདག་རིག་བྱེད་ཅེས་གསུངས་པས་སོ། །དཔེ་དེ་བཞིན་དུ། འདིར་ཡང་མཁྱེན་གསུམ་གྱི་སྦྱོར་བའི་ཡུལ་དང༌། བསྒོམ་བྱ་ནི་མ་བརྟགས་ཤིང་མ་དཔྱད་ན་ཡུལ་སྐྱེ་མེད་གསུམ་པོ་དེ་ཉིད་ཡིན་ལ། བརྟགས་ཤིང་དཔྱད་པ་ན་དེ་རྟོགས་པའི་བློ་ཉམས་སུ་མྱོང་བ་ལ་ཡུལ་དེ་རྟོགས་པར་ཐ་སྙད་བྱེད་དགོས་པ་ཡིན་ནོ། །དེ་ཉིད་ཟླ་བ་གྲགས་པས་ཀྱང་བཤད་པ་ཡིན་ཏེ། ཇི་སྐད་དུ། དེ་ཚེ་དེ་རྣམས་བརྟེན་ལས་དེའི་དེ་ཉིད་རྟོགས་པ་ལྟ་བུ་སྟེ། ཞེས་གསུངས་སོ། །དེ་ལྟར་རྣམ་པ་སྤྱིར་བསྟན་ནས། སོ་སོར་བཤད་པ་ལ་གསུམ་ལས། དང་པོ་གཞི་ཤེས་ཀྱི་རྣམ་པ་ལ། ལམ་བདེན་གྱི་ཤེས་རྣམ་ལ་བཅོལྔར་ཕྱེ་བའི་དཀའ་བའི་གནས་རྣམས་བཤད་པ་དང༌། དེ་ལས་འཕྲོས་ནས་སྒྲིབ་པ་གཉིས་ཀྱི་རྣམ་པར་བཞག་པའོ། །དང་པོ་ལ། གཞི་ཤེས་ཀྱི་ཤེས་རྣམ་གྱིས་གང་ལ་དམིགས་པའི་ལམ་བདེན་ངོས་བཟུང༌། དེ་རྟོགས་པའི་ཤེས་རྣམ་གང་ཡིན་པའོ། །དང་པོ་ནི། སློབ་དཔོན་བཟང་པོའི་ཞབས་ཀྱི་དགོངས་པས། རྟེན་ལམ་གྱི་བདེན་པ་ཡང་གཞི་ཤེས་ཁོ་ན་ཡིན་ལ། དེ་ལས་ཀྱང་ཉན་རང་གི་གཞི་ཤེས་སུ་བཤད་ནས་ཟག་བཅས་ཟག་མེད་ཀྱི་དབྱེ་བས་གསུམ་དུ་བཤད་དོ། །འདི་ལ་ལོ་ཙཱ་བ་ཆེན་པོའི་གསུང་གིས། སློབ་དཔོན་གྱི་བཤད་པ་འདི་ནི་ནོར་བ་ཁོ་ན་ཡིན་ཏེ། གཞི་ཤེས་ཀྱིས་གང་ལ་དམིགས་པའི་ལམ་གྱི་བདེན་པ་དེ་ནི། སྤྱིར་གཞི་ཤེས་དང༌། བྱེ་བྲག་ཉན་རང་གི་གཞི་ཤེས་སུ་བསྡུ་བར་མི་ནུས་ཏེ། བདེན་པ་དང་པོ་གསུམ་བཞིན་ནོ། །གལ་ཏེ་འདིར་བསྟན་པ་དེ་ཡུལ་ཅན་ཤེས་རྣམ་ཁོ་ན་ལ་འདོད་ན། ཡུལ་ལམ་བདེན་གྱི་རྣམ་པ་མ་བསྟན་པར་འགྱུར་ལ། དེ་ལྟ་ན། མེད་པ་དང་ཞེས་སོགས་ཀྱིས་ཀྱང་ཡུལ་བདེན་པ་དང་པོ་གསུམ་གྱི་རྣམ་པ་མ་བསྟན་པར་འགྱུར་རོ། །དེས་ན་འདིར་ལམ་གྱི་བདེན་པ་ནི། འཕགས་པ་གསུམ་ཀའི་ལམ་ཡིན་ལ། ཁྱད་པར་དུ་ཤེས་སྒྲིབ་ཀྱི་གཉེན་པོ་འདི་དག་རང་སངས་རྒྱས་དང་བྱང་སེམས་ལ་མངའ་བའི་མཐོང་ལམ་དང༌། སྒོམ་ལམ་དུ་འཕགས་པས་བཤད་པ་ལྟར་འཆད་དགོས་པ་ཡིན་པས། སློབ་དཔོན་གྱིས་རང་སངས་རྒྱས་རྣམས་ཀྱང་བསྡུས་པས་ཤེས་དང༌། ཤེས་སྒྲིབ་གཟུང་རྟོག་ཁོ་ནའི་གཉེན་པོར་བཤད་པ་ནི་ནོར་བ་ཁོ་ནའོ། །ཞེས་གསུང་ངོ༌། །སློབ་དཔོན་གྱི་བཤད་པ་འདི་ནི་ནོར་བ་མིན་ཏེ། གཞི་ཤེས་ཀྱི་དམིགས་པར་གྱུར་པའི་ལམ་གྱི་བདེན་པ་ནི། ཐེག་ཆེན་གྱི་ལམ་གྱི་བདེན་པ་མ་ཡིན་ཏེ། འདི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་རིགས་ཡིན་ལ། དེ་གཉིས་ཀྱིས་ནི་བདེན་པ་བཞི་ལ་དམིགས་ནས་རྣམ་པ་མི་རྟག་སོགས་སུ་བསྒོམ་པ་དེའི་ཚེ། ཐེག་ཆེན་གྱི་ལམ་བདེན་ལ་དམིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལས་གཞན་དུ་ན། ལམ་ཤེས་ཀྱིས་བདེན་པ་བཞི་ལ་དམིགས་པ་དང་འདྲ་བར། དམིགས་པ་རྒྱ་ཆེ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཉན་རང་གིས་ནི། རང་རྒྱུད་ཀྱི་ལམ་ཁོ་ན་ལ་དམིགས་པ་ཡིན་པས། ཐེག་ཆེན་ལས་དམིགས་པ་རྒྱ་ཆུང་བར་དབུས་མཐའི་འགྲེལ་པར་དབྱིག་གཉེན་ཞབས་ཀྱིས་བཤད་པ་དེ་ཡིན་ནོ། །དེ་ལྟར་སྤྱིར་བཤད་ནས་བྱེ་བྲག་འདི་ལྟར་ཤེས་དགོས་ཏེ། ཐེག་དམན་གྱི་གཞི་ཤེས་ཀྱིས་གང་ལ་དམིགས་པའི་ལམ་གྱི་བདེན་པ་ཡང་གཞི་ཤེས་ཁོ་ནར་ངེས་པས། དེ་ལ་གསུམ་སྟེ། ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་དང༌། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་དང་ཟག་མེད་གཉིས་སུ་ཕྱེ་བས་གསུམ་མོ། །འོ་ན་གསུམ་པོ་གང་ཞེ་ན། འཕགས་པས་ལམ་དང་པོ་མཐོང་སྒོམ་སོ་སོར་མ་ཕྱེ་བར་སྤྱིར་བཤད་ལ། ལམ་ཕྱི་མ་གཉིས་ཟག་མེད་མཐོང་ལམ་དང༌། ཟག་བཅས་སྒོམ་ལམ་ཡིན་པར་བཤད་ལ། འགྲེལ་པ་དོན་གསལ་འདི་ལྟར་ན། ཕྱི་མ་གཉིས་ཀ་སྒོམ་ལམ་དུ་གསལ་ཞིང༌། འགྲེལ་ཆེན་ནི་ཉི་སྣང་དང་མཐུན་ནོ། །འོ་ན་ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་ཁོ་ནར་འཆད་པ་དང༌། ཅིག་ཤོས་ལ་མཉམ་རྗེས་གཉིས་འཆད་པ་ཅི་ཞེ་ན། དང་པོ་ནི། ཇི་ལྟ་བ་ལ་སྒྲིབ་བྱེད་ཁོ་ནར་ངེས་ཤིང༌། དེ་ཡང་མཉམ་གཞག་ཁོ་ནར་སྤོང་བས་དང༌། གཉིས་པ་ནི་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་ཀ་ལ་སྒྲིབ་ཅིང༌། ཇི་སྙེད་པ་ལ་སྒྲིབ་བྱེད་རྗེས་ཐོབ་ཏུ་སྤོང་དགོས་ཏེ། མདོ་སྡེ་རྒྱན་ལས། ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོག་པ་ཙམ་རིག་བསྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་པས་རྗེས་ཐོབ་དུ་སྤོང་ཚུལ་དང༌། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་པས་མཉམ་གཞག་དུ་སྤོང་ཚུལ་འཆད་པར་འགྲེལ་པ་ལས་བཤད་པ་དང་མཐུན་ནོ། །གཞན་དག་ཤེས་སྒྲིབ་སྤང་དཀའ་བའི་རྒྱུ་མཚན་གྱིས་གཉེན་པོ་གཉིས་སུ་ཕྱེ་བར་འཆད་པ་དག་གིས་ནི། ཇི་སྙེད་པ་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་ཀྱི་རྣམ་དབྱེ་འཆད་མ་མཁྱེན་པར་ཟད་པས་དཔྱིས་ཕྱིན་པ་མ་ཡིན་ནོ། །གཉིས་པ་ནི། འོ་ན་ཡུལ་ལམ་བདེན་དང༌། ཡུལ་ཅན་ཤེས་རྣམ་གཉིས་ཀ་དམན་པའི་གཞི་ཤེས་ལ་འཆད་ན། འདིར་ཐེག་ཆེན་སྦྱོར་བའི་བསྒོམ་བྱ་ཤེས་རྣམ་ཅི་ཞེ་ན། དེ་ལྟར་བཤད་པ་དེ་ནི་རྟོགས་རིགས་ཀྱི་རྟེན་སོ་སོར་ངེས་པའི་དཔེ་ཡིན་གྱི། འདིར་ཡུལ་ལམ་བདེན་དང༌། ཡུལ་ཅན་ཤེས་རྣམ་དུ་འཇོག་པའི་རྒྱུ་ནི། བྱང་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་ཐོབ་པའི་ཐེག་དམན་གྱི་ལམ་གྱི་རྟོགས་རིགས་དེ་ཉིད་དོ། །དེ་ལྟ་ན་གཞི་ཤེས་ཀྱིས་ཤེས་རྣམ་ནི་དེའི་རྟོགས་རིགས་ཉིད་ཡིན་ལ། དེ་ལའང་གང་ཟག་གི་བདག་མེད་དང༌། བཟུང་བ་ཆོས་ཀྱི་བདག་མེད་ཀྱི་རྟོགས་རིགས་ཀྱི་དབྱེ་བས་གཉིས་ཡིན་ལ། གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་རྣམས་ཀྱང་བསྡུས་པས་ཤེས་པ་དེའོ། །གཉིས་པ་ལ། སྒྲིབ་གཉིས་སོ་སོའི་མཚན་ཉིད། མཚན་གཞི་ངོས་བཟུང་བ། གྲངས་ངེས་དང་གསུམ་གྱིས་བཤད་པར་བྱའོ། །དང་པོ་ནི། ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དངོས་སམ། དེའི་རིགས་སུ་གནས་པ་དང༌། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་ལ་གེགས་བྱེད་ཀྱི་སྒྲིབ་པ་དངོས་སམ། དེའི་རིགས་སུ་གནས་པའོ། །འདི་ལ་ཐོབ་བྱ་ཐར་པ་ངོས་བཟུང༌། དེ་ལ་ཇི་ལྟར་སྒྲིབ་པའི་ཚུལ་ལོ། །དང་པོ་ལ་ཐར་པ་ནི་གཉིས་ཏེ། ཐེག་དམན་གྱི་དང༌། ཐེག་ཆེན་གྱིའོ། །དང་པོ་ལ། དམན་པའི་མྱང་འདས་ཀྱི་དབྱེ་བས་གཉིས་སོ། །འདི་ཉིད་མྱང་འདས་མཚན་ཉིད་པ་མ་ཡིན་ཀྱང༌། ཐར་པ་མཚན་ཉིད་པ་ཡིན་ཏེ། འཁོར་བར་འཆིང་བྱེད་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཅིག་ཤོས་མ་ཡིན་ཏེ། གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མ་ཐོབ་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མདོ་ལས། འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ད་དུང་ཁྱེད་ནི་མྱ་ངན་ཡོངས་མི་འདའ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པའོ། །འདི་མྱང་འདས་གོ་ཆོད་པོ་ཡིན་ཅིང༌། ཐར་པའི་དོན་ཚང་ཡང༌། ཐར་པ་ཞེས་པའི་སྒྲ་གང་ལ་འཇུག་པའི་གཞི་མཚན་ཉིད་པ་མ་ཡིན་ཏེ། རྒྱུ་ཉོན་མོངས་སྤངས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་དང༌། འབྲས་བུ་སྡུག་བསྔལ་སྤངས་པས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར། སྡུག་ཀུན་ཆེད་དུ་གཉེར་ནས་སྤོང་བྱེད་ཀྱི་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན། ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཡིན་པ་ཙམ་གྱིས། སྤྱིར་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་མི་དགོས་སོ། །འོ་ན་ཇི་སྐད་དུ། ཐར་པ་གང་དེ་དེ་བཞིན་གཤེགས་པ། །ཞེས་རྒྱུད་བླ་མར་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་མྱང་འདས་ལ་ཟེར་བ་ཡིན་ཏེ། དེ་ནི་ཐེག་དམན་ལ་མྱང་འདས་མཚན་ཉིད་པ་མེད་པར་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། དེ་དག་ལ་ཐར་པ་མེད་པར་འཆད་པའི་སྐབས་མི་སྣང་བའི་ཕྱིར། གཉིས་པ་ནི། འཁོར་བར་འཆིང་བྱེད་ཀྱི་སྒྲིབ་པས་ནི་ཐར་པ་ཙམ་ལ་སྒྲིབ་པར་བྱེད་ལ། བག་ལ་ཉལ་གྱི་སྒྲིབ་པས་ནི། ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་སྒྲིབ་པར་བྱེད་དོ། །འོ་ན་འདི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པར་འགྱུར་རོ་སྙམ་ན། འདི་ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དངོས་ཡིན་ཀྱང༌། སྤྱིར་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པས་མ་ཁྱབ་སྟེ། དེའི་གཉེན་པོ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དེ་ཉོན་མོངས་པའི་ས་བོན་དྲུངས་འབྱིན་བྱེད་ཡིན་ཀྱང༌། དེའི་གཉེན་པོའི་རིགས་སུ་མི་གནས་པ་བཞིན་ནོ། །ཡང་ཅི། ཐམས་ཅད་མཁྱེན་པ་དེ་གང༌། སྒྲིབ་པ་དེས་དེ་ལ་གེགས་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ལ་གཉིས་ཏེ། ཇི་ལྟ་བ་ཐམས་ཅད་མཁྱེན་པ་དང༌། ཇི་སྙེད་པ་ཐམས་ཅད་མཁྱེན་པའོ། །དང་པོ་ལ་ཡང་རང་བཞིན་རྣམ་དག་གི་དང༌། བློ་བུར་རྣམ་དག་གི་དབྱེ་བས་གཉིས་ལས། དང་པོ་ནི་བྱང་སེམས་འཕགས་པ་ལ་ཡང་ཡོད་ལ། གཉིས་པ་གཉིས་ནི་སངས་རྒྱས་ཁོ་ནའོ། །གཉིས་པ་ལ་གཉིས་ཏེ། ཇི་ལྟ་བ་ལ་སྒྲིབ་པའི་ཚུལ་དང༌། ཇི་སྙེད་པ་ལ་སྒྲིབ་པའི་ཚུལ་ལོ། །དང་པོ་ནི། མཉམ་གཞག་དུ་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པ་སྟེ། དེ་ལ་ཆགས་པའི་སྒྲིབ་པ་ཞེས་བྱའོ། །དེ་ལའང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དབྱེ་བས་གཉིས་སོ། །གཞན་དག་ཆགས་པའི་སྒྲིབ་པ་གང་ཡིན་ཉོན་སྒྲིབ་དུ་འདོད་པ་དེ་དག་གིས་ནི། ཇི་སྐད་དུ། དྲི་མེད་དབྱིངས་ལ་ཆགས་མེད་དང༌། །ཞེས་པ་རྩ་འགྲེལ་གྱི་དོན་ལ་རྣམ་པར་མ་བརྟགས་པ་ཡིན་ནོ། །གཉིས་པ་ནི། རྗེས་ཐོབ་དུ་ཤེས་བྱ་ཇི་སྙེད་པའི་ཚོགས་རྣམས་ཀྱི་ཀུན་རྫོབ་ཀྱི་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྟེ། དེ་ལ་ནི་ཐོགས་པའི་སྒྲིབ་པ་ཞེས་བྱའོ། །དེ་གང་གིས་སྤོང་བ་ནི་སྤྱིར་སངས་རྒྱས་ཀྱི་གསུང་རབ་དང༌། བྱེ་བྲག་ཏུ་ཆོས་མངོན་པའི་ཚིག་དོན་ལ་ཐོགས་པ་མེད་པའི་ཤེས་རབ་ཀྱིས་སེལ་བར་བྱེད་དོ། །སྒྲིབ་པ་འདིའི་རྩ་བ་ཡང་ཆོས་ཀྱི་བདག་འཛིན་ལ་ཐུག་པས། འདིའི་ས་བོན་འབྱིན་བྱེད་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཡིན་མོད། གང་དུ་སྤོང་བའི་གནས་སྐབས་ནི། རྗེས་ཐོབ་ཀྱི་གནས་སྐབས་དེ་ཉིད་དུའོ། །དེ་དུས་ཀྱི་བར་ཆད་མེད་ལམ་དེའི་མིང་ལ་ནི། ཇི་སྐད་དུ། ཀུན་དུ་འགྲོ་དོན་མཆོག་གི་དོན། །ཞེས་སོགས་ཀྱི་མིང་གིས་བསྟན་པ་དེ་ཉིད་དོ། །དེ་ལྟར་བྱས་ན། བར་ཆད་མེད་ལམ་ལ་མཉམ་གཞག་བར་ཆད་མེད་ལམ་གྱིས་མ་ཁྱབ་པ་དང༌། སྤངས་པ་སྔ་མ་ལ་ལྟོས་པའི་ཁྱད་པར་གྱི་ལམ་ཡིན་ཀྱང༌། སྤངས་པ་ཕྱི་མ་ལ་ལྟོས་པའི་བར་ཆད་མེད་ལམ་དུ་མི་འགལ་བ་རྣམས་ཤེས་པར་འགྱུར་རོ། །དེ་དག་རྒྱས་པར་མ་བསླབས་ན། ཤེས་སྒྲིབ་རྗེས་ཐོབ་དུ་སྤོང་ཞེས་པ་ནི་ཚིག་ཙམ་དུ་ཟད་དོ། །གཉིས་པ་མཚན་གཞི་ལ་གཉིས་ཏེ། ཉོན་སྒྲིབ་ཀྱི་དང༌། ཤེས་སྒྲིབ་ཀྱིའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། རིགས་གནས་ཁོངས་སུ་བསྡུ་བའོ། །དང་པོ་ནི་ཉོན་མོངས་པ་ས་བོན་དང་བཅས་པའོ། །གཉིས་པ་ནི་དེས་ཀུན་ནས་བླངས་པའི་ལས་དང༌། ལས་དེས་བསྐྱེད་པའི་སྡུག་བསྔལ་གྱི་ཕུང་པོའོ། །འདི་གཉིས་ལ་ནི། ཆོས་མངོན་པ་ལས། ལས་ཀྱི་སྒྲིབ་པ་དང་རྣམ་སྨིན་གྱི་སྒྲིབ་པ་ཞེས་བཤད་དོ། །ལས་སྒྲིབ་དུ་འཇོག་པ་ལ། ཉོན་མོངས་པས་ཀུན་ནས་བླངས་པ་ཙམ་གྱིས་མི་ཆོག་སྟེ། དེ་ཙམ་ཞིག་ནི་ཟག་པ་དང་བཅས་པའི་དགེ་བ་ལའང་སྲིད་པའི་ཕྱིར། ཡང་དེར་འཇོག་པ་ལ། རྒྱུའི་ཀུན་སློང་ཉོན་མོངས་པས་བྱས་པ་ཞིག་ངེས་པར་དགོས་པ་མིན་ཏེ། རྒྱུའི་ཀུན་སློང་དགེ་བས་བྱས་པའི་མི་དགེ་བའི་ལས་དུ་མ་ཞིག་སྣང་བས་སོ། །འོ་ན་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཉོན་སྒྲིབ་དུ་བསྡུ་ནུས་པ་དང༌། མི་ནུས་པ་གཉིས་ལས་གང་ཡིན་ཞེ་ན། དེའི་བག་ཆགས་ནི་གཉིས་ཏེ། ཉོན་མོངས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པ་དང་མེད་པའོ། །དང་པོ་ནི་ཉོན་མོངས་པའི་ས་བོན་ཡིན་པའི་ཕྱིར་ཉོན་སྒྲིབ་ཁོ་ནའོ། །གཉིས་པ་ནི། དེས་བཞག་པའི་གནས་ངན་ལེན་ཙམ་ཡིན་གྱི། དེ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་བག་ལ་ཉལ་གྱི་ཉོན་སྒྲིབ་ཅེས་བྱ་ལ། དེ་ནི་ཉོན་སྒྲིབ་དངོས་མིན་ཏེ། གང་ཟག་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱི་སྤང་བྱའི་རིགས་སུ་མི་གནས་པའི་ཕྱིར་དང༌། ཐར་པ་ཙམ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་མ་ཡིན་པའི་ཕྱིར། དེའི་ཕྱིར་ཐེག་ཆེན་གྱི་ཐར་པ་ནི་མེད་དགག་གི་ཆ་ནས་བཞག་ན་ཡོན་ཏན་དང་མི་ལྡན་པར་འགྱུར་བས། མ་ཡིན་པར་དགག་པའི་ཆ་ནས་འཇོག་ལ་དེའི་ཚེ། དེ་ཉིད་ཐམས་ཅད་མཁྱེན་པ་ཡང་ཡིན་པས། ཉོན་མོངས་པའི་བག་ཆགས་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཁོ་ནའོ། །འོ་ན་ཉོན་མོངས་པས་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་དམ། ཅིས་ཏེ་མི་བྱེད་ཅེ་ན། མདོ་སྡེ་གཞན་ལས་ནི་མི་བྱེད་པར་བཤད་དེ། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེས་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ཀྱང༌། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་གསུངས་ལ། འཕགས་པ་གྲོལ་སྡེའི་དགོངས་པས་ནི། དེ་ལྟར་བཤད་པ་དེ་འདོད་སྲིད་ཀྱི་བག་ལ་ཉལ་ལ་འཆད་ལ། དེ་ཡང་ཇི་ལྟ་བ་མཐོང་བའི་ཐམས་ཅད་མཁྱེན་པ་ལ་སྒྲིབ་བྱེད་ཡིན་ཀྱང༌། ཇི་སྙེད་པ་གཟིགས་པའི་ཐམས་ཅད་མཁྱེན་པ་ལ་སྒྲིབ་བྱེད་ནི་མིན་ཏེ། དེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་སྒྲུབ་བྱེད་ཡིན་ལ། དེ་ཡང་ནི་གཟུགས་སྐུ་གཉིས་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེ་ལྟ་བས་ན། བག་ལ་ཉལ་གྱི་ཉོན་སྒྲིབ་ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་དུ་བཤད་པ་ཡིན་ལ། རྟོག་གེ་འབར་བར། ཉོན་སྒྲིབ་ཀྱི་དབྱེ་བར་བཤད་པའི་དགོངས་པ་ཡང་དེ་ཙམ་མོ། །གཉིས་པ་ཤེས་སྒྲིབ་ཀྱི་མཚན་གཞི་ལ། དངོས་དང་ཆ་མཐུན་ཁོངས་སུ་བསྡུ་བའོ། །དང་པོ་ནི་འཁོར་གསུམ་དུ་རྣམ་པར་རྟོག་པའི་བློ་ས་བོན་དང་བཅས་པ་དེ། འདི་ལ་དབྱེ་ན། རགས་པ་བདེན་འཛིན་དང༌། ཕྲ་བ་བདེན་མེད་དུ་ཞེན་པའི་བློ་དང༌། ཤིན་ཏུ་ཕྲ་བ་སྤྲོས་བྲལ་དུ་ཞེན་པའི་བློའོ། །དེ་ཡང་ཇི་སྐད་དུ། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་དང༌། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལས་ཤེས་སོ། །གཞན་དག་མཚན་འཛིན་གང་ཡིན་སྤང་བྱར་མི་འདོད་པ་དང༌། ཁྱད་པར་དུ་མཚན་མེད་དུ་ཞེན་པའི་བློ་སྤྱིར་བླང་བྱ་དང༌། བྱེ་བྲག་ལམ་གྱི་ངོ་བོར་འཆད་པ་དག་སྣང་ལ། དེ་དག་ལ་ནི་སྟོང་པ་ལ་མཚན་མར་འཛིན་པའི་ལྟ་བ་ཞེས། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱིས་རྣམ་པར་སྨད་པ་དེ་ཉིད་ཡིན་ནོ། །གཉིས་པ་ནི། ཤེས་སྒྲིབ་དེས་བཞག་པའི་གནས་ངན་ལེན་དང༌། ཉོན་མོངས་པས་བཞག་པའི་གནས་ངན་ལེན་རྣམས་སོ། །དེ་ཡང་ཚད་ལྡན་གྱི་གཞུང་དུ་མ་ལས། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། གནས་ངན་ལེན་གྱི་སྒྲིབ་པ་ཞེས་བཤད་པ་དང༌། བར་ཆད་མེད་པའི་རྩེ་སྦྱོར་སྒོམ་ལམ་རྩེ་སྦྱོར་ལས་ལོགས་སུ་བཤད་པ་དང་མཐུན་པ་ཡིན་ནོ། །མངོན་པ་ཀུན་ལས་བཏུས་སུ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཅིག་ཅར་དུ་སྤོང་ངོ་ཞེས་གསུངས་པ་དེ་ནི། ཉོན་མོངས་པའི་བག་ལ་ཉལ་ལ་དགོངས་པ་ནི་མིན་ཏེ། གཞུང་དེ་ནི། ཐེག་ཆེན་གྱི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཉོན་མོངས་མཚན་ཉིད་པར་ཁས་བླངས་ནས། དེ་ཇི་ལྟར་སྤོང་བའི་ཚུལ་འཆད་པའི་སྐབས་ཡིན་པས་སོ། །གསུམ་པ་གྲངས་ངེས་ནི། དབུས་མཐའ་ལས། ཉོན་མོངས་པའི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་འདོད། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པ་དེ་ནི། སྒྲིབ་བྱ་ཐར་པ་དང༌། ཐམས་ཅད་མཁྱེན་པ་གཉིས་དང༌། མཐོང་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་གཉིས་དང༌། མཐོང་བྱེད་གང་ཟག་གི་བདག་མེད་རྟོགས་པའི་ལྷག་མཐོང་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ལྷག་མཐོང་དང༌། སྒྲིབ་བྱེད་ཀྱི་རྩ་བ་བདག་འཛིན་གཉིས་སུ་གྲངས་ངེས་པ་དང༌། དེའི་ས་བོན་དྲུངས་འབྱིན་བྱེད་ཀྱི་གཉེན་པོ་བར་ཆད་མེད་ལམ་ལ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་དེར་བཤད་པ་ཡིན་ནོ། །ཡང་ཇི་སྐད་དུ། རྒྱུད་བླར། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་དང༌། ཆོས་མངོན་པ་ལས་ཀྱང༌། སྒྲིབ་པ་གཉིས་པོ་གང་དུ་ཡང་མ་འདུས་པའི་སྙོམས་འཇུག་གི་སྒྲིབ་པ་གསུངས་པ་དེ་ནི། སྒྲིབ་བྱ་ཞི་གནས་དང༌། ལྷག་མཐོང་གཉིས་དང༌། ཐོབ་བྱ་འགོག་པའི་བདེན་པ་དང༌། རྣམ་ཐར་དང༌། མངོན་ཤེས་དང༌། ཟད་པར་དང་ཟིལ་གནོན་དང༌། ཚད་མེད་པ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གཉིས་སུ་ངེས་པ་དང༌། བགྲོད་བྱེད་ཀྱི་ལམ་ལ་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། མི་མཐུན་པའི་ཕྱོགས་སྤོང་བའི་ལམ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་སྙོམས་འཇུག་གི་སྒྲིབ་པ་ལོགས་སུ་བཤད་པ་ཡིན་ནོ། །འདི་ཡང་ལེགས་པར་བརྟགས་ན་ཤེས་བྱའི་སྒྲིབ་པར་འདུས་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་དང༌། ཉོན་མོངས་པའི་སྒྲིབ་པ་དངོས་དང༌། ཆ་མཐུན་གང་གི་ཡང་ཁོངས་སུ་མི་གཏོགས་པའི་ཕྱིར། ཉོན་སྒྲིབ་ནི་དེར་མེད་ལ། ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པའི་ཕྱིར་རོ། །བོད་མཁས་པ་གང་དག འདི་སྒྲིབ་པ་ཕུང་གསུམ་པར་བཤད་པ་དེ་དག་གི་བསམ་པ་ནི། ཉན་རང་ལ་ཤེས་བྱའི་སྒྲིབ་པ་ཅུང་ཟད་ཀྱང་སྤངས་པ་མེད་པ་ལ་བསམ་པ་ཡིན་མོད། དེ་ལ་དེ་མེད་པ་མིན་ཏེ། རྒྱན་རྩ་འགྲེལ་དུ། རང་རྒྱལ་ལ་ཤེས་སྒྲིབ་ཀྱི་ཁྱད་པར་སྤངས་པ་ཡོད་པར་བཤད་པ་དང༌། ཆོས་མངོན་པ་ལས་ཀྱང༌། དེ་ལ་ཤེས་བྱ་ཤེས་པའི་གེགས་བྱེད་ཀྱི་ཁྱད་པར་འགའ་ཞིག་བར་ཆད་མེད་པའི་ལམ་གྱིས་སྤངས་པ་ཡོད་པར་བཤད་པས་སོ། །དཔེར་ན་དབང་པོ་འཕོ་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་དེ་ཤེས་བྱའི་སྒྲིབ་པར་མི་འཆད་ན། གཞན་གཉིས་པོ་གང་དུ་ཡང་མི་འདུ་བས་བཞི་པ་ཞིག་ཁས་ལེན་དགོས་པར་འགྱུར་རོ། །འོ་ན་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པའི་ལམ་གྱི་ཁྱད་པར་དེ་གང་ཡིན། དེ་ལ་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བ་བཤད་དམ་ཞེ་ན། དང་པོ་ལ་ཐེག་པ་གསུམ་གྱི་ཐུན་མོང་གི་དབང་དུ་བྱས་པ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པའོ། །དང་པོ་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཏེ། འདི་ལའང༌། ཉེར་བསྡོགས་དང༌། དངོས་གཞིའི་དབྱེ་བས་གཉིས་སོ། །དང་པོ་ནི་ཆོས་མངོན་པ་གོང་མ་ལས་བྱུང་བའི་ཡིད་ལ་བྱེད་པ་དྲུག་དང༌། མངོན་པ་འོག་མ་ལས་བཤད་པའི་བར་ཆད་མེད་པའི་ལམ་དགུའི་རྣམ་གཞག་འབྱུང་བ་དེ་དག་ནི་འདི་མིན་ཏེ། དེ་དག་ནི་ཉོན་སྒྲིབ་ཀྱི་གཉེན་པོའི་དབང་དུ་བྱས་པས་སོ། །འོ་ན་ཅི་ཞེ་ན། ས་འོག་མའི་ཉོན་མོངས་སྤངས་ཟིན་ནས། དངོས་གཞི་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང་བྱེད་ཀྱི་ལམ་གང་ཡིན་པ་དེ་ཡིན་ལ། དེ་ལ་ཡང་གཉིས་ལས། བར་ཆད་མེད་པའི་ལམ་ནི་ཉེར་བསྡོགས་དངོས་ཡིན་ལ། རྣམ་པར་གྲོལ་བའི་ལམ་ནི་དངོས་གཞི་སྐྱེས་པ་དེའི་ཚེའོ། །གཉིས་པ་དངོས་གཞི་ནི། དཔེར་ན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་རྣམ་པར་ཐར་པ་བརྒྱད་བསྒྲུབ་དགོས་པར་མངོན་པ་འོག་མ་ལས་གསུངས་པ་ཡིན་ལ། དེའི་ཚེ་དེ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་སྤོང་བཞིན་པ་དེའི་ཚེ་ན་ནི། བར་ཆད་མེད་པའི་ལམ་ཡིན་ལ། དེ་ལས་གྲོལ་ནས་རྣམ་ཐར་མངོན་དུ་བྱེད་པ་དེའི་ཚེ། རྣམ་པར་གྲོལ་བའི་ལམ་མོ། །འོ་ན་དེ་ལ་སྒྲིབ་བྱེད་དེ་གང་ཞེ་ན། འོག་ཏུ་སྤྲུལ་པའི་ལམ་གྱི་སྐབས་ནས་འཆད་པ་ལྟར། སྣ་ཚོགས་སུ་སྤྲུལ་པ་ལ་སྒྲིབ་པ་ཞེས་བྱ་བ་དེ་དང༌། གཟུགས་སྡུག་པ་དང༌། མི་སྡུག་པར་སྤྲུལ་པ་ལ་དགའ་བ་དང་མི་དགའ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའི་མིང་གིས་བཏགས་པ་དེ་ཉིད་དོ། །དེ་ལྟར་ན་སྒྲིབ་པ་འདི་སྤོང་བའི་བར་ཆད་མེད་ལམ་ནི། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཡང་འབྱུང་བ་ཡིན་ཏེ། ཤེས་རབ་རྐྱང་པས་རྣམ་གྲོལ་གཉིས་ཀའི་ཆ་ལས་རྣམ་གྲོལ་དུ་འགྱུར་སྲིད་པས་སོ། །དེའི་རྒྱུད་ལ་དེ་མེད་པར་ཕར་ཕྱིན་པ་དག་ལ་གྲགས་པ་ནི། སྒྲིབ་པ་གཉིས་པོའི་གཉེན་པོ་ཁོ་ན་ལ་བསམ་པ་ཡིན་ཞིང༌། ཅིག་ཤོས་ཀྱི་རྣམ་གཞག་རྒྱན་རྩ་འགྲེལ་དང་བཅས་པ་ལས་གསལ་བར་མ་གྲགས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་གཙོ་བོར་སྤྱོད་པས་ཉན་ཐོས་དང་རང་སངས་རྒྱས་དག་གིས་མིང་ཙམ་ཡང་མི་ཤེས་པར་སྙོམས་འཇུག་ལ་སྙོམས་པར་འཇུག་ནུས་པ་ཡོད་པར་མདོ་སྡེ་ས་བཅུ་པ་ལས་གསུངས་པ་དང༌། མངོན་པ་ཀུན་ལས་བཏུས་སུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་སྙོམས་པར་འཇུག་པའི་སྙོམས་འཇུག་གི་མིང་ཙམ་ཡང་ཉན་རང་གིས་མི་ཤེས་པར་བཤད་ལ། དེ་སྤོང་བྱེད་ཀྱི་གཉེན་པོ་དངོས་ནི། ཐུན་མོང་མ་ཡིན་པའི་བསམ་གཏན་གྱི་ཕར་ཕྱིན་ལ་འཆད་དགོས་ཤིང༌། སྒྲིབ་པ་དེའི་རྩ་བ་དྲུངས་འབྱིན་པའི་གཉེན་པོ་ནི་ཤེར་ཕྱིན་དུ་འདུ་བ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་ཤེས་རྣམ་ལ། མདོ་ལས་སོ་དྲུག་ཏུ་གསུངས་ལ། དེ་ཡང་བདག་མེད་གཉིས་ཀའི་རྣམ་པ་ཅན་དུ་གསུངས་པ་དེ་ནི། ལམ་ཤེས་ཀྱི་ཚེ་ཐེག་པ་འོག་མ་གཉིས་ཀྱི་ལམ་ཤེས་དགོས་པ་དང༌། རྟོགས་རིགས་ཡར་ལྡན་དུ་འདུ་བ་ལ་དགོངས་པ་ཡིན་ནོ། །གནས་སྐབས་འདི་ན་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་དང༌། ཆོས་ཀྱི་བདག་མེད་ཀྱི་རྣམ་པ་གཉིས་དོན་གཅིག་དུ་སྦྱར་ནས་བཤད་པའི་སྐབས་མང་ལ། དེའི་དགོངས་པ་ནི་བྱང་འཕགས་ཀྱི་རྒྱུད་ཀྱི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཉིད་ཀྱིས་གང་ཟག་གི་བདག་མེད་ཀྱང་མངོན་སུམ་དུ་རྟོགས་པ་ལ་དགོངས་པ་ཡིན་ལ། དེའི་རྒྱུ་མཚན་ཡང་དེ་གཉིས་ལ་རྣམ་པ་མི་འདྲ་བ་ཐ་དད་དུ་འཆར་རྒྱུ་མེད་ཅིང༌། གང་ཟག་གི་བདག་འཛིན་གྱི་རྩ་བ་ནི། ཆོས་ཀྱི་བདག་འཛིན་ཉིད་ཡིན་པ་ལ་དགོངས་པའམ། ཡང་ན་ཆོས་ཀྱི་བདག་མེད་རྟོགས་པའི་ཚེ་ཅིག་ཤོས་ཀྱི་རྟོགས་པ་ཡར་ལྡན་དུ་འདུ་བ་ལ་དགོངས་པ་ཡིན་ནོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་རྣམ་ལ། ངོ་བོ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །འདི་ལ་ཡང་རྟོགས་རིགས་གསུམ་ཡར་ལྡན་དུ་འདུས་པའི་རྒྱུ་མཚན་གྱིས། ཉན་ཐོས་ལ་ཡོད་པ་དང༌། རྗེས་སུ་མཐུན་པའི་ཤེས་རྣམ་དང༌། བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ཤེས་རྣམ་དང༌། ཐུན་མོང་མ་ཡིན་པའི་ཤེས་རྣམ་གྱི་དབྱེ་བས་གསུམ་མོ། །འདི་དག་གི་དངོས་བསྟན་དེ་དང་དེ་ངོས་འཛིན་པའི་ཚེ། སློབ་ལམ་གྱི་ཆ་ནས་བཤད་ཀྱང༌། བསྟན་བྱའི་གཙོ་བོ་བརྒྱ་དང་བཅུ་པོ་ཐམས་ཅད་སངས་རྒྱས་ཀྱི་ས་ཁོ་ནར་བཞག་དགོས་པ་ཡིན་ཏེ། ཇི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པས། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར། ཟག་པ་མེད་པ་དག་ཁོ་ན་ཡིན་ནོ། །ཞེས་བཤད་པས་སོ། །དེ་ཡང་བསྡུ་ན་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །གཉིས་པོའི་ཁྱད་པར་ཅི་ཞེ་ན། འདི་ལ་འཆད་ཚུལ་གཉིས་ལས། ཤེས་རྣམ་རང་གི་ངོ་བོའི་ཆ་ནས་དང༌། ཡུལ་ལམ་བདེན་གྱི་ཆ་ནས་སོ། །དང་པོ་ནི། རྣམ་མཁྱེན་རང་གི་ངོ་བོའི་ཆ་ནས་འཕགས་པ་འོག་མ་དང་ཐུན་མོང་མ་ཡིན་ཀྱང༌། དེའི་སྟེང་གི་འཕགས་པ་འོག་མའི་རྟོགས་རིགས་ལ་ཐུན་མོང་བ་ཞེས་བྱ། འཕགས་པ་འོག་མ་ལ་མེད་པའི་རྟོགས་རིགས་རྣམས་ལ་ནི། ཐུན་མོང་མ་ཡིན་པ་ཞེས་བྱའོ། །གཉིས་པ་ནི། ཡུལ་ཅན་རྣམ་མཁྱེན་གྱི་ཤེས་རྣམ་ལ་ཐུན་མོང་མ་ཡིན་པ་གཉིས་སུ་འཆད་པ་ནི་མིན་གྱི། དེས་གང་ལ་དམིགས་པའི་ཡུལ་ལམ་བདེན་ལ་གཉིས་སུ་ཕྱེ་བ་ཡིན་ཏེ། འཕགས་པ་འོག་མའི་ལམ་བདེན་རྣམས་ནི་ཐུན་མོང་བ་ཡིན་པ་དང༌། སངས་རྒྱས་ཉིད་ཀྱི་མི་སློབ་པའི་ལམ་ནི་ཐུན་མོང་མ་ཡིན་པའོ། །དེ་ལྟ་ན་གཞུང་དུ་བཤད་པ་ནི་ཡུལ་ལམ་གྱི་བདེན་པ་ཡིན་གྱི། ཡུལ་ཅན་ཤེས་རྣམ་གྱི་ལྡོག་པ་ནས་བཤད་པ་མིན་ནོ། །དེའི་ཤེས་བྱེད་ཀྱང་དོན་བསྡུ་ན། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་ཞེས་རྟེན་སོ་སོར་ངེས་པར་བཤད་པས་སོ། །ཞེས་འཆད་པར་བྱེད་དོ། །ཡང་འོ་ན་གོང་དུ་བཤད་པའི་མཁྱེན་པ་གཉིས་ཀྱི་རྣམ་པ་དང༌། འདིར་འཆད་པའི་མཁྱེན་པ་དང་པོ་གཉིས་ཀྱི་རྣམ་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། རྟེན་གྱི་ཁྱད་པར་ཤིན་ཏུ་གསལ་མོད། རྟོགས་རིགས་ཀྱི་ཁྱད་པར་ནི་མཚུངས་པ་ཁོ་ན་ཡིན་ལ། དེ་ལྟ་ན་ཡང་གང་ལ་དམིགས་པའི་ཡུལ་བདེན་པ་བཞི་ཅར་ལ་དམིགས་པ་དང༌། ལམ་བདེན་ཁོ་ན་ལ་དམིགས་པའི་ཁྱད་པར་ལས་ཕྱེ་བ་ཡིན་ཏེ། གོང་དུ་བདེན་པ་སོ་སོ་ལ་ཞེས་དང༌། རྒྱུ་དང་ལམ་དང་ཞེས་སོགས་དང༌། འདིར་ནི་ལམ་གྱི་བདེན་པའི་རྗེས་མཐུན་པར། ཞེས་ལམ་བདེན་ཁོ་ནའི་དབང་དུ་བྱས་པར་བཤད་པ་ལས་སོ། །དེ་ལྟར་གཉིས་ལས། དང་པོ་ཐུན་མོང་བ་ལ། ཉན་རང་གི་རྟོགས་རིགས་དང་ཐུན་མོང་བ་དང༌། བྱང་སེམས་ཀྱི་དེ་དང་དེའོ། །དང་པོ་ནི་སངས་རྒྱས་ཀྱི་སའི་བྱང་ཕྱོགས་སོ་བདུན་ནི་འདིར་བསྟན་པའི་རྣམ་མཁྱེན་གྱི་ཤེས་རྣམ་དངོས་ཡིན་ལ། བསྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་སོ་བདུན་པོ་དེའོ། །ཚིག་གིས་ཟིན་པར་བསྟན་པ་ནི། ཉན་ཐོས་ཀྱི་སོ་བདུན་པོ་དེའོ། །འདིའི་རྣམ་པར་བཞག་པ་ལ་གསུམ་སྟེ། མཚོན་བྱའི་སྒྲ་བཤད་པའི་སྒོ་ནས་མཚོན་བྱེད་ངོས་བཟུང་བ་དང༌། མཚན་གཞིའི་དབྱེ་བས་མཚམས་དང་བཅས་པ་དང༌། སོ་སོའི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི་མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་དབྱེ་བ་དང༌། ས་མཚམས་སོ། །དང་པོ་ནི། དྲན་པ་ཉེ་བར་བཞག་པ་བཞི་ནས་འཕགས་ལམ་ཡན་ལག་གི་བར་སྡེ་ཚན་བདུན་ནོ། །འདི་དག་གི་མིང་ལ། མངོན་པ་ཀུན་ལས་བཏུས་སུ་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནས། རྣམ་དག་ངེས་འབྱིན་གྱི་ལམ་གྱི་བར་རྣམས་ཀྱི་མིང་གིས་བཏགས་ལ། འགྲེལ་པ་དོན་གསལ་འདིར་ཡང་དེ་བཞིན་ནོ། །མིང་འདི་དག་ནི་དང་པོར་ཐོབ་པའི་ས་མཚམས་ཀྱི་དབང་དུ་བྱས་སོ་ཞེས། བོད་ཀྱི་རྣམ་བཤད་མཛད་པ་དག་གསུང་ལ། མངོན་པར་རྟོགས་པ་སྦྱོར་འབྲེལ་དང༌། རྣམ་དག་ངེས་འབྱིན་གྱི་མིང་ལ་བསམ་ན་དེ་ལྟར་བཤད་ཀྱང་མི་འགལ་ལ། དེ་ལྟ་ན་ཡང་ཁུངས་ཐུབ་པའི་ལུང་བཙལ་བར་བྱའོ། །གཉིས་པ་ནི་མཛོད་ལས། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་འཕགས་ལམ་ཡན་ལག་བརྒྱད་སྒོམ་ལམ་དང༌། བྱང་ཆུབ་ཡན་ལག་མཐོང་ལམ་ལ་བཞག་ལ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས། མངོན་པར་རྟོགས་པའི་ལམ་མཐོང་ལམ་དང༌། རྣམ་དག་ངེས་འབྱིན་སྒོམ་ལམ་ལ་སྦྱར་བ་བཞིན་དུ། དོན་གསལ་འདིར་ཡང་དེ་དང་མཐུན་པར་བཤད་དོ། །འདི་དག་གི་རྣམ་པར་བཞག་པ་ལ། བོད་ཀྱི་སློབ་དཔོན་ཕལ་ཆེར། མཛོད་ནས་བཤད་པ་དེ་བྱེ་སྨྲའི་འདོད་པ་འཁྲུལ་པ་དང༌། གཞན་ནས་བྱུང་བ་དེ་དག་དོན་ལ་མ་འཁྲུལ་ཞིང༌། དང་པོར་ཐོབ་པའི་ས་མཚམས་ཀྱི་དབང་དུ་བྱས་སོ་ཞེས་གསུང་ཡང༌། ཞིབ་མོར་བཤད་ན། འདི་ལྟར་ཡིན་ཏེ། འཕགས་ལམ་ཡན་ལག་བརྒྱད་ཀྱང་མཐོང་ལམ་ནས་ཐོབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང༌། །ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །ཅེས་གསུངས་སོ། །དེ་བཞིན་དུ་དད་སོགས་ལྔ་ཡང་ཚོགས་ལམ་ནས་ཐོབ་སྟེ། ཇི་སྐད་དུ། སངས་རྒྱས་སོགས་དམིགས་དད་པ་དང༌། །ཞེས་སོགས་གསུངས་པ་ལྟར་རོ། །ཡང་ལུས་ཚོར་སེམས་ཆོས་ལ་དམིགས་ནས་སོ་སོར་རྟོག་པའི་དྲན་པ་ཉེར་བཞག་ཀྱང༌། ལམ་མ་ཞུགས་ཀྱི་གནས་སྐབས་ནས་ཀྱང་ཡོད་པར། མཛོད་རྩ་འགྲེལ་ལས་གསལ་ལོ། །དེ་བཞིན་དུ་དགེ་སྡིག་ལ་བླང་དོར་བྱེད་པའི་བརྩོན་འགྲུས་ཀྱང་ལམ་མ་ཞུགས་ནས་ཀྱང་སྲིད་དོ། །འོ་ན་ཅི་ཞེ་ན། ལམ་མ་ཞུགས་ཀྱི་གནས་སྐབས་ཀྱི་སོ་བདུན་པོའི་མིང་ཅན་གང་བྱུང་ཡང༌། དངོས་པོ་ལ་ཡོངས་སུ་རྟོག་པ་ལ་སོགས་པའི་མིང་མི་ཐོབ་ལ། ཚོགས་ལམ་ཆུང་ངུའི་སྐབས་སུ། སོ་བདུན་པོའི་རྫས་གང་བྱུང་ཡང་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དུ་འཇོག་པ་དང༌། དེ་འབྲིང་དུ། དེའི་རྫས་གང་བྱུང་ཡང་རྩོལ་བ་ལས་བྱུང་བའི་ལམ་དང༌། ཆེན་པོར་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་དང༌། དྲོད་རྩེ་གཉིས་དང་བཟོད་མཆོག་གཉིས་སུ་དེ་གང་བྱུང་ཡང༌། མངོན་པར་རྟོགས་པ་ལ་སྦྱོར་འབྲེལ་གྱི་མིང་དང༌། མཐོང་ལམ་དུ་སོ་བདུན་པོའི་རྫས་གང་བྱུང་ཡང་མངོན་པར་རྟོགས་པའི་ལམ་དང་སྒོམ་ལམ་དུ་རྣམ་དག་ངེས་འབྱིན་གྱི་ལམ་གྱིས་བཏགས་སོ། །སངས་རྒྱས་ཀྱི་སར་ནི་སོ་བདུན་པོའི་རྫས་ཐམས་ཅད་ཚང་བར་ཡོད་ཀྱང༌། དེ་དག་གི་མིང་གིས་མི་འདོགས་ཏེ། དེ་དང་དེར་འགལ་བའི་ཕྱིར་རོ། །སོ་བདུན་པོ་ལ་ཡང༌། སྤྱིར་རྟོགས་རིགས་གསུམ་ཀ་ཚང་བ་ཡིན་ཏེ། དཔེར་ན་དྲན་པ་ཉེར་བཞག་གི་སྐབས་སུ་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དང༌། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གཉིས་ཀ་བཤད་པ་བཞིན་ནོ། །འདིར་འཆད་ཚུལ་ནི་རྟོགས་རིགས་དང་པོའི་ཆ་ནས་འཆད་དགོས་ཏེ། གཞི་ཤེས་ཀྱི་རྣམ་པ་འཆད་པའི་སྐབས་ཡིན་པས་སོ། །གསུམ་པ་ལ་བདུན་ལས། དང་པོ་དྲན་ཉེ་ལ། མངོན་པ་གོང་མ་ལས། དམིགས་པ། ངོ་བོ། གྲོགས། སྒོམ་ཚུལ། བསྒོམ་པའི་འབྲས་བུ་སྟེ་ལྔ་གསུངས་པ་ལས། རིམ་པ་བཞིན་བཤད་དེ། དང་པོ་ལ། དམིགས་པ་ནི། ལུས་དང་ཚོར་བ་དང༌། སེམས་དང༌། ཆོས་རྣམས་སོ། །གཉིས་པ་ནི། དེ་རྣམས་ལ་རང་དང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱི་སྒོ་ནས་ཡོངས་སུ་བརྟགས་ཏེ་བསྒོམ་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འོ་ན་དམིགས་པ་ལུས་སོགས་དེ་ཅི། མཚན་ཉིད་གཉིས་པོ་གང༌། དེ་དག་གི་རྟོགས་ཚུལ་ཇི་ལྟ་བུ་ཞེ་ན། དམིགས་པ་ལུས་ནི་གསུམ་སྟེ། ཕྱི་དང་ནང་དང་གཉིས་ཀའོ། །དང་པོ་ནི། ཕྱི་རོལ་གྱི་གཟུགས་སོགས་ལྔའོ། །གཉིས་པ་ནི། ནང་གི་དབང་པོ་གཟུགས་ཅན་པ་ལྔའོ། །གསུམ་པ་ནི། རང་གི་དབང་པོའི་རྟེན་བྱེད་པའི་གཟུགས་སོགས་བཞི་དང༌། གཞན་རྒྱུད་ཀྱི་དབང་པོ་ལྔའོ། །ལུས་གསུམ་པོ་དེ་ལ་བརྟེན་པའམ། དེ་ལ་དམིགས་པའི་ཚོར་སེམས་ཆོས་གསུམ་ལའང་ཕྱི་ནང་སོགས་གསུམ་གསུམ་དུ་ཕྱེའོ། །དེ་ཡང་ཚོར་བ་ནི། བདེ་སྡུག་བཏང་སྙོམས་སོ། །སེམས་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཆོས་ནི་ཚོར་བ་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང༌། ལྡན་མིན་འདུ་བྱེད་དང༌། འདུས་མ་བྱས་ཐམས་ཅད་དོ། །གཉིས་པ་མཚན་ཉིད་ལ། སྤྱིའི་མཚན་ཉིད་ནི། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའོ། །རང་གི་མཚན་ཉིད་ལ། ལུས་འབྱུང་བ་ལ་འབྱུང་འགྱུར་གྱི་ཚོགས་པ་དང༌། ཚོར་བ་མྱོང་བའི་ཆ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང༌། ཐུན་མོང་མ་ཡིན་པར་མཚོན་བྱེད་རེ་རེ་ཡོད་པ་དེ་དག་གོ །གསུམ་པ་རྟོགས་ཚུལ་ནི། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྟོགས་ཚུལ་ལམ་སྤྱི་དང་མཐུན་ལ། རང་གི་མཚན་ཉིད་ཀྱི་རྟོགས་ཚུལ་ནི། མདོ་ལས། ལུས་ལ་ལུས་ཀྱི་རྗེས་སུ་བལྟ། །ཞེས་པ་ནས། ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ། །ཞེས་པའི་བར་གསུངས་སོ། །དེའི་དོན་ནི་ལུས་ལ་ཞེས་པ་ད་ལྟར་གྱི་རང་གི་ལུས་སོ། །ལུས་ཀྱི་ཞེས་པ་འདས་པའི་གཞན་གྱི་ལུས་སོ། །རྗེས་སུ་ཞེས་པ་མ་འོངས་པ་ན་འབྱུང་ཚུལ་རྟོག་པའོ། །དེ་ཡང་འདི་ལྟར། དུར་ཁྲོད་ལ་སོགས་པའི་རོ་རྣམ་པར་བམ་པ་དང༌། རྣམ་པར་འབུས་ཞིག་པ་སོགས་ཡིད་ལ་བྱས་ནས། དེའི་རྗེས་སུ་རང་གི་ལུས་དང་གཞན་གྱི་ལུས་ད་ལྟར་བ་འདི་ཡང་དེ་ལྟ་བུའི་ངང་ཚུལ་ཅན་དུ་འགྱུར་རོ་ཞེས་རྟོག་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་སྡུག་བསྔལ་བ་དང༌། སེམས་མི་རྟག་པ་དང༌། ཆོས་བདག་མེད་པར་རྟོགས་པའི་ཚུལ་ནི་སྔ་མ་བཞིན་ནོ། །འདི་ཡང་ཉན་རང་གི་དྲན་ཉེའི་དམིགས་པ་ནི་རྒྱ་ཆུང་བ་སྟེ། རང་རྒྱུད་ཀྱི་ལུས་སོགས་སོ། །རྣམ་པ་ཡང་གང་ཟག་གི་བདག་མེད་པའོ། །བྱང་སེམས་ཀྱིས་ནི་དམིགས་རྣམ་གཉིས་ཀ་རྒྱ་ཆེ་སྟེ། དམིགས་པ་རང་གཞན་ཐམས་ཅད་ཀྱི་ལུས་སོགས་དང༌། རྣམ་པ་བདག་མེད་གཉིས་ཀའི་རྣམ་པ་ཅན་ནོ། །གྲོགས་ནི། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་མངོན་པ་གོང་མར་གསུངས་པ་དེ་ཐམས་ཅད་ཀྱང༌། དྲན་པ་དང་ཤེས་རབ་དངོས་མ་ཡིན་ཀྱང༌། དྲན་ཉེའི་ནང་དུ་འདུས་ལ། མཛོད་ལས་ཀྱང༌། དྲན་པ་ཉེར་གཞག་ཤེས་རབ་སྟེ། །ཞེས་སོགས་བདུན་པོ་རེ་རེའི་ངོ་བོ་ངོས་བཟུང་བའི་འོག་དུ། གཙོ་བོ་སྨོས་པས་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་གསུངས་སོ། །བཞི་པ་སྒོམ་ཚུལ་ནི། ངོ་བོ་དང་ལྷན་ཅིག་ཏུ་བཤད་ཟིན་ཏོ། །འབྲས་བུ་ནི། ཉན་རང་དང་ཐུན་མོང་གི་དབང་དུ་བྱས་ན་མཛོད་ལས། ཕྱིན་ཅི་ལོག་གི་གཉེན་པོར་བཞི། །ཞེས་པ་ལྟར། གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤངས་པའོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། ཤེས་བྱའི་སྒྲིབ་པ་ལས་གྲོལ་བའོ། །བྱེ་བྲག་དུ་ཚོགས་ལམ་དུ་དེ་བསྒོམ་པའི་འབྲས་བུ་ནི་དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞིའི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་གསུངས་པ་ལྟར་རོ། །ཅིའི་ཕྱིར་ངོ་བོ་ཤེས་རབ་ཡིན་ན་དྲན་པ་ཉེར་གཞག་ཞེས་བྱ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། སྟེའུས་ཤིང་གཤག་པ་ཁྱིའུས་འཛིན་པ་ལྟར། དྲན་པས་དམིགས་རྣམ་མ་བརྗེད་པའི་སྟོབས་ཀྱིས་ཤེས་རབ་ཡུལ་འཇོག་པའོ། །ཞེས་ཟེར་ལ། སློབ་དཔོན་དང་མདོ་སྡེ་པ་ནི། ཤེས་རབ་ཀྱིས་ཡུལ་སོ་སོར་ཕྱེ་བའི་རྗེས་སུ་དྲན་པས་འཛིན་པར་བྱེད་པའི་ཕྱིར་ན། ཤེས་རབ་ཀྱིས་ཡུལ་ལ་དྲན་པ་ཉེ་བར་བཞག་པ་ཞེས་གསུངས་སོ། །གཉིས་པ་ཡང་དག་པར་སྤོང་བ་ལ་ཡང་ལྔ་ལས། དམིགས་པ་ནི་ཀུན་བྱང་གི་ཆོས་སྐྱེས་པ་དང་མ་སྐྱེས་པ་དག་གོ །ངོ་བོ་ནི་བརྩོན་འགྲུས་སོ། །གྲོགས་ནི་སྔ་མ་བཞིན་ནོ། །སྒོམ་ཚུལ་ནི་ཀུན་ནས་ཉོན་མོངས་པའི་ཆོས་མ་སྐྱེས་པ་མི་བསྐྱེད། སྐྱེས་ཟིན་སྤོང༌། རྣམ་བྱང་གི་ཆོས་མ་སྐྱེས་པ་བསྐྱེད། སྐྱེས་ཟིན་སྤེལ་བ་སྟེ་བཞི་ལ་འདུན་པ་བསྐྱེད། འབད་རྩོལ་བ་བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། སེམས་རབ་ཏུ་འཇོག་པའི་ཚུལ་གྱིས་བསྒོམ་མོ། །འདུན་སོགས་ལྔ་པོ་འདིས་ཅི་ཞིག་བསྟན་ཞེ་ན། བརྩོན་འགྲུས་རྩོམ་པའི་ཚུལ་གནས་དང་བཅས་པ་བསྟན་ཏེ། དེ་ཡང་འདུན་པ་ནི་གནས་ཏེ། བརྩོན་འགྲུས་ཀྱི་སྔོན་དུ་ངེས་པར་འགྲོ་དགོས་པས་སོ། །འབད་པ་ནི་བརྩོན་འགྲུས་རྩོམ་པའི་དུས་དངོས་ཏེ། ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་སྟེ། དེ་གསུམ་གྱི་སྒོ་ནས་རྩོམ་པའོ། །གསུམ་པོ་དེའི་ངོས་འཛིན་གང་ཞེ་ན། གང་གི་ཚེ་ལྷག་མཐོང་ཤས་ཆེ་བ་དེའི་ཚེ། ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་དགོས་པ་ཡིན་ཏེ། དེའི་ཚེ་མར་མེ་རླུང་གིས་བསྐྱོད་པ་བཞིན་དུ་སེམས་རབ་ཏུ་གཡོ་བས། དེ་ཁོ་ན་ཉིད་གསལ་བར་མི་མཐོང་བའི་ཕྱིར་རོ། །ཡང་ཞི་གནས་ཤས་ཆེ་ཞིང་ལྷག་མཐོང་ཤས་ཆུང་བར་གྱུར་བ་དེའི་ཚེ། རབ་ཏུ་འཛིན་པའི་མཚན་མ་ཡིད་ལ་བྱེད་དགོས་པ་ཡིན་ཏེ། དེའི་ཚེ་སེམས་ནང་དུ་འཐུམས་པས། དེ་ཁོ་ན་ཉིད་གསལ་བར་མི་མཐོང་བའི་ཕྱིར། གང་གི་ཚེ་ཞི་ལྷག་ཆ་མཉམ་དུ་འཇུག་པ་དེའི་ཚེ། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་དགོས་པ་ཡིན་ཏེ། དེའི་ཚེ་དེ་ཉིད་ཀྱི་ངང་དུ་འཇོག་དགོས་པའི་ཕྱིར། གསུམ་པ་བརྩོན་འགྲུས་རྩོམ་ཞེས་པ་ནི་མདོར་བསྟན་པ་སྟེ། བྱིངས་རྒོད་སེལ་བའི་བརྩོན་འགྲུས་རྩོམ་པའོ། །དེ་ཡང་བྱིངས་ན་སངས་རྒྱས་ཀྱི་སྐུ་ལྟ་བུ་ལ་སེམས་འཛིན་པ་དང༌། རྒོད་ན་ཡིད་འབྱུང་བའི་དངོས་པོ་ལ་སེམས་རབ་ཏུ་འཇོག་པའོ། །ལྔ་པ་འབྲས་སུ་ནི། མི་མཐུན་པའི་ཕྱོགས་ཉམས་པ་དང༌། གཉེན་པོ་འཕེལ་བའོ། །སྒྲ་དོན་ནི་ཕྱོགས་གཅིག་གི་མིང་གིས་བཏགས་པ་སྟེ། ཕྱོགས་གཞན་ནས་ནི་ཡང་དག་འཇོག་ཅེས་ཀྱང་བྱའོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་ཡང་སྔ་མ་ལྟར་བཤད་པར་བྱ་བ་ལས། དམིགས་པ་ནི། སྤྲུལ་བསྒྱུར་ལ་སོགས་པའི་བྱ་བའོ། །ངོ་བོ་ནི་ཏིང་ངེ་འཛིན་ནོ། །གྲོགས་ནི་སྔ་མ་བཞིན་ནོ། །སྒོམ་ཚུལ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པའོ། །ལྔ་ནི་དབུས་མཐའ་ལས། ལེ་ལོ་དང་ནི་གདམ་ངག་རྣམས། །བརྗེད་དང་བྱིངས་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་བྱིང་རྒོད་གཉིས་གཅིག་ཏུ་བྱས་སོ། །དེ་ལ་དང་པོ་ནི་སྦྱོར་བའི་དུས་སུ་སྐྱོན་ཡིན། གཉིས་པ་ནི་སྦྱོར་བར་བྱེད་པའི་དུས་སུ་དང༌། གསུམ་པ་ནི། མཉམ་པར་འཇོག་པའི་དུས་སུ་དང༌། བཞི་པ་ནི། བྱིང་རྒོད་བྱུང་བ་སེལ་བའི་དུས་སུ་དང༌། ལྔ་པ་ནི། བྱིང་རྒོད་བསལ་ཟིན་པའི་དུས་སུ་སྐྱོན་ནོ། །སྤོང་བའི་འདུ་བྱེད་བརྒྱད་ནི། འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་མངོན་པར་འདུ་བྱེད་པ་དང༌། བཏང་སྙོམས་སོ། །བརྒྱད་པོ་འདི་ལ་ནི། ཉེས་པ་ལྔ་པོ་སྤོང་བའི་ཕྱིར་མངོན་པར་འདུ་བྱེད་དགོས་པས་ན་སྤོང་བའི་འདུ་བྱེད་ཅེས་བྱའོ། །དེ་ཡང་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། དེ་ཐམས་ཅད་བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་ཕྱིར། དེ་ཡང་དང་པོ་གཉིས་རྟེན་བརྟེན་པ་དང༌། ཕྱི་མ་གཉིས་རྒྱུ་དང་འབྲས་བུའི་དབང་དུ་བྱས་པ་ཡིན་ཏེ། དད་པ་ནི་འདུན་པའི་ཡང་རྒྱུ་ཡིན་ལ། ཤིན་ཏུ་སྦྱངས་པ་ནི་རྩོལ་བའི་འབྲས་བུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་གསུངས་སོ། །འབྲས་བུ་ནི་སྤྲུལ་བསྒྱུར་སོགས་གང་འདོད་པ་དེ་མངོན་དུ་འགྱུར་བའོ། །སྒྲ་དོན་ནི། རྫུ་འཕྲུལ་གྱི་རྟེན་ཡིན་པས་ན་དེའི་རྐང་པ་ཞེས་བྱའོ། །ལྔ་པ་དབང་པོ་དང་སྟོབས་ཀྱི་རྣམ་གཞག་ནི་གཞུང་ན་གསལ་ལ། དེ་ཡང་དད་སོགས་ལྔ་པོ་མཉམ་གཞག་དུ་བདེན་པའི་རྣམ་པ་ཅན་དུ་སྐྱེས་པ་དེའི་ཚེ་དབང་པོ་ཞེས་བྱ་སྟེ། རང་འབྲས་འཕགས་ལམ་བསྐྱེད་པ་ལ་བདག་པོར་གྱུར་པའི་ཕྱིར་རོ། །རྗེས་ཐོབ་དུ་མི་མཐུན་པའི་ཕྱོགས་མ་དད་པ་སོགས་ཀྱིས་གནོན་པར་མི་ནུས་པ་དེའི་ཚེ། སྟོབས་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་ལམ་ཡན་ལག་ཀྱང་ཕལ་ཆེར་གཞུང་ན་གསལ་ཞིང༌། ཁྱད་པར་ཞིབ་མོར་ཕྱེ་ན། དབང་པོ་ཡན་ཆད་དམིགས་པ་བདེན་པ་བཞི་ལ་དམིགས་པར་འདྲ་ཡང༌། སྔ་མ་གཉིས་སུ་དམིགས་པ་དེ་ལ་དམིགས་ནས་དེའི་སྤང་བླང་ལ་དད་པ་དང་སྤྲོ་བ་སོགས་ཡིན་ལ། འདི་ནས་བདེན་པ་བཞི་བླང་དོར་དངོས་ལ་ཞུགས་ཟིན་པ་ཡིན་ནོ། །དེ་ལ་དགོངས་ནས། མངོན་པ་ཀུན་ལས་བཏུས་སུ། འདི་གཉིས་ཀྱི་སྐབས་སུ་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས། དེས་དབེན་པ་འཚོལ་བ་ལ་གནས། ཞེས་སོགས་གསུངས་པ་ཡིན་ནོ། །སྒྲ་དོན་ནི་བྱང་ཆུབ་ཅེས་པ་མཐོང་བའི་ལམ་ནས་སངས་རྒྱས་ཀྱི་བར་ལ་རྣམ་པར་བཞག་ནས། དེའི་ཡན་ལག་གམ་དེ་དང་དེ་བྱང་ཆུབ་ཏུ་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་པའི་ཕྱིར། དེའི་ཡན་ལག་ཅེས་བྱ་སྟེ། དཔེར་ན་རྒྱལ་སྲིད་སྣ་བདུན་པོ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འཇོག་པའི་ཡན་ལག་བཞིན་ནོ། །དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་དང༌། དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་གསུངས་སོ། །འཕགས་ལམ་ཡན་ལག་བརྒྱད་པོ་མཐོང་ལམ་ནས་ཐོབ་ཀྱང་སྒོམ་ལམ་དུ་རྫོགས་པར་མངོན་དུ་འགྱུར་བ་ནི། སྒོམ་ལམ་གྱི་གནས་སྐབས་ཡིན་པས་གནས་སྐབས་དེར་རྣམ་དག་ངེས་འབྱིན་གྱི་ལམ་ཞེས་བྱ་ལ། དེ་ཡང་འཕགས་ལམ་གྱི་ཡན་ལག་གམ། ཆ་ཤས་སུ་གྱུར་པའི་དོན་གྱིས་ན་དེ་སྐད་ཅེས་བྱའོ། །དེ་ཡང་དཔེར་ན་ཡང་དག་པའི་ལྟ་བ་ནི། མཐོང་ལམ་གྱི་མཉམ་གཞག་དུ་རྟོགས་པའི་དེ་ཁོ་ན་ཉིད་ནི་འདི་ལྟ་བུ་ཞེས་སྒོམ་ལམ་གྱི་སྐབས་སུ་འཛིན་པ་ལ་འཆད་པར་དབུས་མཐའི་འགྲེལ་པ་ལས་འབྱུང་བ་བཞིན་ནོ། །དེ་བཞིན་དུ་ཡང་དག་པའི་རྟོག་པ་ཡང་རང་གི་ཇི་ལྟར་རྟོགས་པ་དེ་ཉིད་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བྱེད་ཡིན་ལ། རྟོགས་པ་དེ་ཡང་ཐོག་མ་མཐོང་ལམ་ནས་འཛིན་དགོས་པར་གསལ་ལོ། །ངག་ཅེས་བརྗོད་བྱེད་ཀྱི་སྒྲ་ལ་ངོས་འཛིན་པ་མ་ཡིན་པ་ནི་རྒྱས་པར་ཡང་དང་ཡང་དུ་བཤད་ཟིན་པ་ལས་རྟོགས་ནུས་ལ། ཡང་དག་པའི་རྟོག་པ་ཡང་སྒྲ་དོན་འཛིན་པའི་རྟོག་པ་ཡིན་མིན་གཉིས་སུ་འབྱེད་དགོས་པར་ཤེས་སླའོ། །བརྒྱད་པོ་དེ་བཞིར་བསྡུ་བའི་ཚུལ་དང༌། སོ་སོའི་བྱེད་ལས་དང་བཅས་པ་ནི། དབུས་མཐའ་ལས། ཡོངས་སུ་དཔྱོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དེ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུང༌། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་གསུངས་སོ། །གཉིས་པ་བྱང་སེམས་དང་ཐུན་མོང་བ་ལ། གཉེན་པོའི་ལམ་ལ་སོགས་པ་དྲུག་གོ །འདི་དག་གི་ནང་ན་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དང༌། ཉན་རང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་མང་དུ་བཤད་པ་དེ་དག་ནི། ལམ་ཤེས་ཀྱི་རྟོགས་རིགས་སུ་འགལ་བ་མིན་ཏེ། ལམ་ཤེས་ལ་ནི་ལམ་གསུམ་ཀའི་རྟོགས་རིགས་ཚང་དགོས་པས་སོ། །ལམ་དྲུག་པོའི་དང་པོ་ནི། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་དེ་ཉིད་ལ་བྱ་ལ། དེ་དེ་ཡིན་པའི་ཤེས་བྱེད་ནི། བདག་དང་བདག་གིར་བལྟ་བའི་ངོ་བོ་དང༌། རྒྱུ་དང་འབྲས་བུར་གྱུར་པའི་རྣམ་པར་རྟོག་པ་གསུམ་གྱི་གཉེན་པོ་ཡིན་པས་སོ། །འདིར་ཁ་ཅིག་འཇིག་ལྟའི་རྒྱུར་གྱུར་པའི་རྟོག་པ་ལ་བྱས་ན་དེ་ཤེས་སྒྲིབ་ཡིན་པས། འདིར་དངོས་སུ་བཤད་པའི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པས་སྤོང་མི་ནུས་སོ། །དེའི་ཕྱིར་དོན་གསལ་དུ་རྒྱུ་མཚན་ཞེས་འབྱུང་ཡང༌། འགྲེལ་ཆེན་གཉིས་སུ། རྒྱུ་མཚན་ཅན་ཞེས་བྱ་བ་འབྱུང་བས། འབྲས་བུ་ལ་བཤད་ན་འགྲིག་གོ་ཞེས་གསུངས་མོད། འདི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་སྒྲིབ་ཀྱི་གཉེན་པོར་མི་འགལ་ཏེ། གཞན་དུ་ན་ལམ་ཤེས་ཀྱི་རྟོགས་རིགས་སུ་མི་འགྱུར་བའི་ཕྱིར། རྣམ་ཐར་སྒོ་གསུམ་གྱི་རྣམ་པར་གཞག་པ་འགྲེལ་པ་འདིར་འབྱུང་བ་འདི་ནི། མངོན་པ་གོང་མ་ནས་བཤད་པ་དེ་ཡིན་ལ། མཛོད་ལས། ཚད་མེད་ཞི་བའི་རྣམ་པ་དང༌། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང༌། །ཞེས་འགོག་བདེན་གྱི་རྣམ་པ་བཞི་མཚན་མ་མེད་པའི་ཏིང་ངེ་འཛིན་དུ་བཤད་ནས། ལམ་བདེན་གྱི་རྣམ་པ་བཞི་དེར་མ་བཤད་པར་སྨོན་པ་མེད་པའི་ནང་དུ་བསྡུས་ནས་བཤད་པ་ནི། གཞུང་དེར་ཉན་ཐོས་ཀྱི་དབང་དུ་བྱས་ནས་ཡུལ་གྱི་མཚན་མ་མེད་པ་ཁོ་ན་བཤད་ཅིང༌། འདིར་ཐེག་ཆེན་གྱི་དབང་དུ་བྱས་ནས་ཡུལ་ཅན་མཚན་མའི་རྟོག་པ་སེལ་བའི་ཐབས་ཀྱང་མཚན་མེད་དུ་བསྡུས་པ་ཡིན་ནོ། །འོ་ན་སྟོང་ཉིད་སོགས་གསུམ་དང༌། དེའི་ཏིང་ངེ་འཛིན་གསུམ་དང༌། དེའི་རྣམ་པར་ཐར་པའི་སྒོ་ཞེས་པ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། གཏན་ལ་དབབ་པ་བསྡུ་བ་ལས། གཞུང་གང་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་སྤྱིར་གསུངས་པ་དེ་དག་ནི། ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་དེར་ནི། བསྒོམ་པ་ལས་བྱུང་བ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲར་གསུངས་པ་དེ་དག་ནི། འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྤྲུལ་པའི་ལམ་དང༌། མཐོང་ཆོས་ལ་བདེ་བར་གནས་པའི་ལམ་གཉིས་ཀྱི་མཚན་གཞི་ནི། རྣམ་པར་ཐར་པ་བརྒྱད་ཡིན་ལ། དེ་ཡང་གཟུགས་ཅན་གཟུགས་ལ་དང༌། གཟུགས་མེད་གཟུགས་ལ་དང༌། ཁྱད་པར་དུ་སྡུག་པའི་རྣམ་ཐར་གསུམ་ནི་སྤྲུལ་པའི་ལམ་སྟེ། གཞན་དོན་དུ་སྤྲུལ་པ་སྣ་ཚོགས་འབྱོར་བར་བྱེད་པའི་ཕྱིར། གཟུགས་མེད་བཞིའི་རྣམ་པར་ཐར་པ་དང༌། གོག་པའི་རྣམ་པར་ཐར་པ་སྟེ་ལྔ་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ཡིན་ལ། དེ་ལས་ཀྱང་བཞི་ནི། ཐར་པ་མྱང་འདས་དང་འདྲ་བར་ཉོན་མོངས་པ་མངོན་གྱུར་ཞི་བས་ན། ཞི་བར་གནས་པའི་ལམ་ཞེས་བྱ། གཅིག་ནི་མཚན་འཛིན་གྱི་འདུ་ཤེས་དང༌། ཚོར་བ་བདེ་སྡུག་མངོན་གྱུར་བ་འགོག་པས་ན། ཞི་བར་གནས་པའི་ལམ་ཞེས་བྱའོ། །འདི་ལ་རྣམ་པར་ཐར་པ་སྤྱིའི་རྣམ་གཞག་དང༌། སོ་སོའི་རྣམ་གཞག་གོ །དང་པོ་ལ་རྟེན་དང༌། བརྟེན་པའོ། །དང་པོ་ལ་གསུམ་སྟེ། ལུས་ཀྱི་དང་སེམས་ཀྱི་དང༌། དེ་ལ་བརྟེན་ནས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི་མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེས། །ཞེས་གཟུགས་མེད་ཀྱི་རྣམ་ཐར་བཞི་ཁམས་གསུམ་ཀའི་རྟེན་ཅན་དང༌། དང་པོ་གསུམ་ནི་ལུང་གི་མཐུས་བསྐྱེད་དགོས་པས་མིའི་རྟེན་ཁོ་ན་ལ་སྐྱེ་བར་བཤད་པ་དང༌། འགོག་པ་དང་པོ་མི་ནང་དུ། །ཞེས་བཤད་པ་འདི་དག་ནི་དང་པོར་བསྐྱེད་པའི་རྟེན་གྱི་དབང་དུ་བྱས་ལ། གནས་པའི་རྟེན་ནི་བཞི་པོ་འདི་ཡང་འདོད་པའི་ལྷ་དང༌། གཟུགས་ཀྱི་རྟེན་ལ་བརྟེན་པར་རུང་ངོ༌། །དེའི་ཤེས་བྱེད་ཀྱང༌། རྟེན་དེ་ལ་དེ་བསྐྱེད་པའི་ལུང་མེད་ཀྱང༌། རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ་བས་སོ། །རྟེན་དེ་ལ་གང་ཟག་གང་གིས་འཇུག་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཡན་ཆོད་དང༌། ཐེག་དམན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་འཇུག་དགོས་པ་ཡིན་ནོ་ཞེས་བོད་སྔ་མ་རྣམས་གསུང་ཡང༌། ཐེག་ཆེན་ལ་ཡང་འགོག་པའི་སྙོམས་འཇུག་ངེས་པར་ཐོབ་པ་ཞིག་དགོས་པ་ནི། མངོན་པ་གོང་མའི་དགོངས་པར་གསལ་ལོ། །ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ནས་འཇུག་ནུས་ཟེར་བ་དེ་དག་གིས་ནི། དེར་བསམ་གཏན་གྱི་དངོས་གཞི་ཐོབ་པ་ལ་བསམ་ཞིང༌། རྣམ་ཐར་གྱིས་ངོས་འཛིན་ཡང་མངོན་པ་འོག་མ་ནས་བཤད་པ་ཙམ་ཞིག་ལ་དཔག་པར་སྣང་གི ལུགས་འདིར་ནི་དེ་ལྟ་མ་ཡིན་ཏེ། འདིར་ནི་རྣམ་ཐར་དང་པོ་ཙམ་ཞིག་མངོན་དུ་བྱེད་པ་ལ་ཡང༌། བསམ་གཏན་བཞི་པའི་རབ་མཐའ་ཐོབ་དགོས་ལ། དེ་ལ་ནི་གསུམ་པ་མན་ཆད་ལ་ཆགས་བྲལ་བྱས་པ་དང༌། འདས་ལམ་གྱིས་འགོག་སྙོམས་མངོན་དུ་བྱས་ཟིན་པ་གཉིས་ཀ་དགོས་ལ། དེ་ཡང་འཕགས་པ་གྲོལ་སྡེའི་བཞེད་པ་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་ཆོས་བཟོད་ནས་ཁམས་གསུམ་ཀ་ལ་ཆགས་བྲལ་བྱས་ཟིན་པས། དེ་ནས་རྣམ་པར་ཐར་པ་བརྒྱད་ལ་འཇུག་པའི་ནུས་པ་ཐོབ་ཅིང༌། དེའི་སྔོན་དུ་མི་ཐོབ་ལ། མངོན་པ་གོང་མ་ལྟར་ན། ཆགས་བྲལ་སྔོན་སོང་གི་བྱང་སེམས་ཡིན་ན་དེ་དང་འདྲ་ཞིང༌། དེ་མ་སོང་ན་ས་གང་དུ་འདོད་པ་ལ་ཆགས་བྲལ་བྱས་པ་དེ་ནས་དེ་ལ་འཇུག་པའི་ས་མཚམས་འཛིན་དགོས་ལ། དེ་ཡང་བྱང་ས་ལས་ནི། ས་གསུམ་པ་ཉིད་དུ་འདོད་པ་ལ་ཆགས་བྲལ་བྱས་པར་བཤད་དོ། །ལུགས་འདི་ལ་ཁམས་གསུམ་གྱི་ཉོན་མོངས་སྤོང་ཚུལ་ཅིག་ཆར་བའི་ལུགས་ལྟར་ཁས་ལེན་དགོས་ལ། དེའི་ཚེ་ཕྱིར་མི་འོང་དུ་བཞག་པའི་ཚེ་དགྲ་བཅོམ་དུ་ཐལ་བའི་ཉེས་པ་མི་འཇུག་སྟེ། ཐ་མའི་ཆ་མཐུན་ལྔའམ་ཡང་སྲིད་འགྲུབ་བྱེད་ཀྱི་འདོད་ཉོན་དགུ་པ་སྤངས་ཀྱང༌། འདོད་པའི་ཉོན་ཡིད་གནས་མ་གྱུར་པའི་གནས་སྐབས་དེར། ཕྱིར་མི་འོང་དུ་འཇོག་པའི་ཕྱིར་ཞེས་བྱ་བ་ནི། བྱམས་ཆོས་བར་པ་གསུམ་དང༌། མངོན་པ་གོང་མའི་ལུགས་བླ་ན་མེད་པའོ། །གཉིས་པ་སེམས་རྟེན་ལ། མཛོད་ལས། མི་སྡུག་བསམ་གཏན་གཉིས་ན་ཡོད། །ཅེས་རྣམ་ཐར་དང་པོ་གཉིས་འདོད་པའི་ཁ་དོག་གི་འདོད་ཆགས་ཀྱི་དང༌། བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་བསྒོམ་ལ། ས་ཡང་བསམ་གཏན་དང་པོ་གཉིས་ན་ཡོད་པ་དང༌། ངོ་བོ་མི་སྡུག་པའི་ཏིང་ངེ་འཛིན་དུ་བཤད་ཀྱང༌། ཐེག་པ་ཆེན་པོའི་སྐབས་འདིར་དེ་ལྟར་མི་འཆད་དེ། མངོན་པ་གོང་མ་ལས་འབྱུང་བ་རྣམས་དང་ཤིན་ཏུ་མི་མཐུན་པའི་ཕྱིར་དང༌། འཕགས་སེང་གི་འགྲེལ་པར་ནི་མངོན་པ་གོང་མའི་ལུགས་དེ་ཉིད་གཞིར་བཞག་ནས་བཤད་པའི་ཕྱིར་རོ། །མི་མཐུན་པ་ཅི་ཞེ་ན། གོང་མ་ལས་ནི། བསམ་གཏན་དང་པོ་གཉིས་ལ་བརྟེན་པའི་རྣམ་ཐར་མ་བཤད་པ་དང༌། རྣམ་ཐར་དང་པོ་གཉིས་ཀྱི་ངོ་བོ་སྡུག་མི་སྡུག་སྣ་ཚོགས་སུ་བལྟ་བར་བཤད་པའི་ཕྱིར་དང༌། སྣ་ཚོགས་སུ་སྤྲུལ་པ་ལ་སྒྲིབ་པའི་གཉེན་པོར་བཤད་ཀྱི། ས་འོག་མའི་འདོད་ཆགས་ཀྱི་གཉེན་པོར་མ་བཤད་པའི་ཕྱིར་དང༌། འོག་མར་ནི་སྙོམས་འཇུག་དང་རྣམ་ཐར་གྱི་ཁྱད་པར་གསལ་བར་མ་གསུངས་ཤིང༌། གོང་མ་ལས་དེ་ཐོབ་ནས་དེ་བསྒྲུབ་པའི་ཚུལ་གསལ་བར་གསུངས་པའི་ཕྱིར། དེས་ན་སེམས་རྟེན་ལ་གཉིས་ཏེ། དང་པོར་བསྒྲུབ་པའི་དང༌། གྲུབ་ཟིན་གནས་པའི་འོ། །དང་པོ་ནི། བསམ་གཏན་བཞི་པའི་རབ་ཀྱི་མཐའ་ཡིན་ལ། གཉིས་པ་ནི་གཟུགས་མེད་བཞི་པོ་ཡང་དེར་རུང་ངོ༌། །དེ་དག་ཀྱང༌། དེ་དང་དེའི་སྙོམས་འཇུག་ཡིན་པ་ཙམ་གྱིས་ནི་ཆོག་པ་མིན་ཏེ། རབ་ཀྱིས་མཐར་ཕྱིན་པའི་བསམ་གཏན་དང༌། རྟེན་དེས་བསྒྲུབ་པའི་གཟུགས་མེད་ཀྱི་སྙོམས་འཇུག་ཡིན་པ་ཞིག་དགོས་པས་སོ། །འོ་ན་སྙོམས་འཇུག་ཙམ་དང་དེའི་ཁྱད་པར་ཅི་ཞེ་ན། དངོས་གཞིའི་སྙོམས་འཇུག་ཙམ་ནི་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ཡིན་པ་མི་འགལ་ལ། འདི་ནི་ངེས་པར་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པས་དགེ་བ་དག་པ་བ་ཡིན་ཀྱང༌། ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་མ་ཡིན་པ་ཞིག་དགོས་པས་སོ། །དེ་སྐད་དུ་ཡང༌། མངོན་པ་གོང་མར། གཟུགས་མེད་བཞིའི་རྣམ་ཐར་ངོས་འཛིན་པ་ན། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བ་ཞེས་བཤད་དོ། །གསུམ་པ་ནི། ཀུན་ལས་བཏུས་ལས། ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་བསྒྲུབ་བོ་ཞེས་གསུངས་སོ། །འདི་ལ་ཡོན་ཏན་ལྷག་མ་ངོས་ཟུང༌། རབ་ཀྱི་མཐའི་བསམ་གཏན་བཞི་པ་ངོས་བཟུང༌། དེ་ལ་རྟེན་ནས་དེ་རྣམས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། རྣམ་པར་ཐར་པ་དང༌། ཟད་པར་གྱི་སྐྱེ་མཆེད་དང་ཟིལ་གྱིས་མནོན་པའི་སྐྱེ་མཆེད་དང༌། འཕགས་པའི་རྫུ་འཕྲུལ་དང༌། ཉོན་མོངས་པ་མེད་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །གཉིས་པ་ནི། བསམ་གཏན་དང་པོ་ནས་འགོག་པའི་སྙོམས་འཇུག་གི་བར་རིམ་གྱིས་མངོན་དུ་བྱས་ཟིན་པ་ཞིག་གིས། སླར་ཡང་ལུགས་ལྡོག་གི་ཚུལ་དུ་བསམ་གཏན་དང་པོའི་བར་དུ་ཞུགས། དེ་ནས་ཡང་ལུགས་འབྱུང་དུ་ཞུགས་པའི་བསམ་གཏན་བཞི་པོ་སོ་སོ་ལ་རབ་ཀྱི་མཐར་ཕྱིན་པའི་དེ་དང་དེ་ཞེས་བྱ་ལ། དེའི་ཕྱིར་བཞི་ཀ་ལ་རབ་མཐའ་རེ་རེ་ཡོད་པར་ནི་མངོན་པ་གོང་མ་འཆད་པ་པོ་རྣམས་ཀྱི་ལུགས་ཡིན་ལ། དེའི་ནང་ནས་ཀྱང༌། བཞི་པའི་རབ་མཐའ་ནི་ལམ་སླ་བ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ཡིན་པས། ཡོན་ཏན་ཁྱད་པར་ཅན་ཐམས་ཅད་ཀྱི་རྟེན་དུ་བལྟའོ། །འདི་ལ་ནི། ས་དེ་བསྡུས་ཀྱི་འདོད་ཆགས་ཀྱི་གནས་ཐོབ་པ་མ་ཡིན་ཏེ། འགོག་སྙོམས་ཐོབ་པའི་འཕགས་པ་ལ། གཟུགས་ལ་ཆགས་བྲལ་བྱས་མ་བྱས་གཉིས་ལས། དང་པོའི་དབང་དུ་བྱས་ན། དེ་ལ་ཆགས་པ་དང་བྲལ་བར་བྱས་ཟིན་པའི་ཕྱིར་དང༌། འཕགས་རྒྱུད་ཀྱི་ཆགས་བྲལ་ལ་ཉམས་པ་མི་སྲིད་པའི་ཕྱིར། གཉིས་པའི་དབང་དུ་བྱས་ན་ཡང༌། འདིས་འགོག་སྙོམས་ཐོབ་ལ་མ་ཉམས་པ་ཡིན་པས། གཟུགས་ཀྱི་ཆགས་པས་རོ་མྱང་བར་བྱེད་མི་ནུས་པའི་ཕྱིར། འོ་ན་འདིས་བསྒྲུབ་པའི་སྲིད་རྩེའི་སྙོམས་འཇུག་དེ་ལ་ཡང༌། ས་དེ་བསྡུས་ཀྱི་སྲེད་པས་རོ་མྱང་བར་བྱེད་མི་ནུས་པའི་རྒྱུ་མཚན་ཅི་ཞེ་ན། བཤད་པ། དེ་བསྡུས་ཀྱི་སྲིད་རྩེ་དེ་བསམ་གཏན་བཞི་པ་ལ་བརྟེན་པའི་སྙོམས་འཇུག་ཡིན་པས། ས་དེ་བསྡུས་ཀྱི་སྲེད་པ་སྐྱེ་བ་དང་མི་མཐུན་པའི་ཕྱིར། དེའི་ཕྱིར་དེ་སྲིད་རྩེའི་རྣམ་ཐར་དུ་བཞག་པ་ཡིན་ནོ། །གསུམ་པ་ནི་ལམ་གང་གིས། སྒྲིབ་པ་གང་སྤངས་པས་རྣམ་པར་ཐར་པ་གང་ཐོབ་པ་ཡིན་ཅེ་ན། ལམ་ནི་ལྷག་མཐོང་གི་ལམ་གྱིས་བྱེད་པ་མིན་ཏེ། འདི་སྙོམས་འཇུག་གི་སྒྲིབ་པའི་སྤོང་གཉེན་གྱི་དབང་དུ་བྱེད་པའི་ཕྱིར། དེས་ན་ས་དེའི་སྙོམས་འཇུག་གི་ངོ་བོར་གྱུར་པའི་ཞི་གནས་སོ། །སྤང་བྱ་ནི། སྤྱིར་སྙོམས་འཇུག་གི་སྒྲིབ་པ་དང༌། བྱེ་བྲག་དུ་རྣམ་ཐར་དང་པོ་གཉིས་ཀྱི་སྤང་བྱ་ནི། སྣ་ཚོགས་སུ་སྤྲུལ་པ་ལ་སྒྲིབ་པ་ཞེས་བྱ་བ་དེ་དང༌། གསུམ་པའི་སྤང་བྱ་ནི། གཟུགས་སྡུག་པར་སྤྲུལ་པ་ལ་དགའ་བ་དང༌། མི་སྡུག་པར་སྤྲུལ་པ་ལ་མི་དགའ་བའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ཞིག་ཡིན་ལ། འདི་ཡང་ཉོན་མོངས་མཚན་ཉིད་པ་ནི་མ་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པའི་དབང་དུ་བྱས་པའི་ཕྱིར་དང༌། དགའ་མི་དགའ་མཚན་ཉིད་པ་སྤངས་ཟིན་པའི་ཕྱིར། དེས་ན་སྡུག་མི་སྡུག་སྤྲུལ་པ་ལ་འདུན་པ་བསྐྱེད་མི་བསྐྱེད་ལ་འཆད་དོ། །ཕྱི་མ་གཟུགས་མེད་བཞིའི་རྣམ་ཐར་གྱི་སྤང་བྱ་ནི། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ཞེས་བྱ་བ་དེ་ཡིན་ལ། འདི་ཡང་འདོད་ཆགས་མཚན་ཉིད་པ་མ་ཡིན་ཏེ། འདི་སྙོམས་འཇུག་གི་སྒྲིབ་པའི་དབང་དུ་བྱས་པའི་ཕྱིར། དེས་ན་ས་དེ་སྡུས་ཀྱི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཞིག་ཡིན་ནོ། །བརྒྱད་པའི་སྤང་བྱ་ནི། འགོག་པའི་སྙོམས་འཇུག་གི་སྤང་བྱ་ལ་རིགས་གཞན་མེད་མོད་ཀྱང༌། དེ་གང་ལ་བརྟེན་པའི་སྲིད་རྩེའི་རྣམ་ཐར་ཡིན་པ་ཞིག་ངེས་པར་དགོས་པས་གཟུགས་མེད་ཀྱི་རྣམ་ཐར་ཐོབ་པ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་གང་ཡིན་པ་དེ། དེའི་ཡང་སྒྲིབ་པ་ཡིད་ཡོད། དེར་མ་ཟད་འདུ་ཤེས་དང་ཚོར་བ་འགགས་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་གང་ཡིན་པ་དེ་ཉིད་དེའི་ཡང་སྒྲིབ་པའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། མངོན་པ་འོག་མར་རྣམ་ཐར་གྱི་དོན་ས་འོག་མ་ལ་རྒྱབ་ཀྱི་ཕྱོགས་པ་ལ་བཤད་པས། ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་ལ་དེ་མེད་ལ། དེ་དང་དེའི་རྣམ་གྲོལ་ལམ་དགུ་པ་ནས་རྣམ་ཐར་དུ་འཇོག་ཅིང༌། རང་རང་གི་དངོས་གཞིའི་སྙོམས་འཇུག་དང༌། དེ་དང་དེའི་རྣམ་ཐར་གཉིས་ལ་ངོ་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་མ་གྲོལ་གྱི་ཁྱད་པར་མི་བཞེད་པ་དང༌། བསམ་གཏན་དང་པོ་གཉིས་ལ་རྣམ་ཐར་དང་པོ་གཉིས་བརྟེན་པ་དང༌། རྣམ་ཐར་ཕྱི་མ་རྣམས་ཀྱང་བསམ་གཏན་གྱི་རབ་མཐའ་ལ་བརྟེན་དགོས་པར་བཞེད་པ་མ་ཡིན་པ་དང༌། རྣམ་ཐར་དང་ཡང་སྲིད་འགྲུབ་བྱེད་ཀྱི་གཞི་མཐུན་བཞེད་པ་དང༌། རྣམ་ཐར་དང་པོ་གཉིས་འདས་ལམ་ཐོབ་ཟིན་པ་མི་དགོས་པ་དང༌། རྣམ་ཐར་དང་པོ་གཉིས་ས་འོག་མའི་ཉོན་མོངས་ཐག་བསྲིང་བའི་གཉེན་པོར་འདོད་པ་ཞེས་བྱ་བ་འདི་རྣམས་ཡིན་ལ། གོང་མའི་ལུགས་ལ་ནི། ཉེར་བསྡོགས་ལྟ་ཞོག་དངོས་གཞི་རྣམས་ཀྱང་ཐོབ་ཟིན་པའི་འོག་ཏུ་རྣམ་ཐར་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་སྒོ་ནས། ད་བཟོད་རྣམ་ཐར་བསྒྲུབ་དགོས་པ་དང༌། བསམ་གཏན་དང་པོ་གཉིས་ལ་བརྟེན་པའི་རྣམ་ཐར་མི་བཞེད་པ་དང༌། རྣམ་ཐར་ཡིན་ན་ངེས་པར་འདས་ལམ་སྔོན་དུ་སོང་དགོས་ཤིང༌། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ཁོ་ན་ལ་ངེས་པར་བརྟན་དགོས་པ་དང༌། དེའི་རྒྱུ་མཚན་གྱིས་རྣམ་པར་ཐར་པ་རེ་རེ་ནས་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་རྣམས་ལ་མེད་པ་དང༌། གཟུགས་མེད་ཀྱི་རྣམ་ཐར་རྣམས་ཀྱང་བསམ་གཏན་ལ་བསྟན་དགོས་པ་དང༌། འགོག་པའི་རྣམ་ཐར་གྱི་དུས་སུ་ཡང་བསམ་གཏན་དང་གཟུགས་མེད་ཀྱི་སེམས་གཉིས་ཀ་ལ་བརྟེན་པ་ནི། སྙོམས་འཇུག་ལ་དབང་ཐོབ་པའི་རྒྱུ་མཚན་གྱིས་ཡིན་པ་དང༌། བརྒྱད་པོ་རེ་རེ་ལ་ངོ་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་རེ་རེ་བཞག་ནས། དེ་ལས་གྲོལ་བ་དང༌། དེའི་རྒྱུ་མཚན་གྱིས་དེ་ལ་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་མི་སྲིད་པ་དང༌། དེའི་རྒྱུ་མཚན་གྱིས་ཕྱིར་མི་འོང་ལུས་མངོན་བྱེད་ཡིན་ན་མཐོང་ཆོས་ཞི་ཡིན་པས་ཁྱབ་པ་རྣམས་བཞེད་ལ། དེ་ལ་དགོངས་ནས། མངོན་པ་འོག་མར་གཟུགས་མེད་བཞི་དང༌། འགོག་པའི་སྙོམས་འཇུག་རྣམས་ལ་རྣམ་ཐར་གྱི་ངོས་འཛིན་རེ་དང༌། སྙོམས་འཇུག་གི་ངོས་འཛིན་རེ་སྟེ་ཚན་པ་གཉིས་གསུངས་སོ། །ཞེས་བྱ་བ་འདི་དག་གྲུབ་པ་ཡིན་ནོ། །རྣམ་ཐར་བརྒྱད་པོ་ཡང་སྔ་མ་མ་ཐོབ་པར་ཕྱི་མ་མངོན་དུ་བྱེད་མི་ནུས་པས་གོ་རིམ་ངེས་ལ། རྣམ་ཐར་མ་ཐོབ་པར་ཟིལ་གནོན་མངོན་དུ་བྱེད་མི་ནུས་པ་དང༌། དེ་མ་བྱེད་པར་ཟད་པར་མངོན་དུ་བྱེད་མི་ནུས་པས། དེ་དག་གི་གོ་རིམ་ཀྱང་ངེས་པ་ཡིན་ཏེ། རྣམ་ཐར་གྱིས་དམིགས་པ་ལ་མོས། ཟིལ་གནོན་གྱིས་དབང་འབྱོར། ཟད་པར་གྱིས་ལྷུན་གྱིས་གྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་སོ་སོའི་རྣམ་གཞག་ལ་བརྒྱད་ལས། དང་པོ་གཟུགས་ཅན་གཟུགས་ལ་བལྟ་བ་ནི། རྟེན་གང་གིས་དང༌། ས་གང་ལ་བརྟེན་ནས་དང༌། ཡུལ་གང་ལ་ལྟ་བ་དང༌། ཚུལ་ཇི་ལྟར་བལྟ་བ་དང༌། དགོས་པ་གང་གི་ཕྱིར་ལྟ་བའོ། །དང་པོ་ནི་མཛོད་ལས། ཁམས་གོང་དང༌། འདོད་པའི་ལྷ་ལ་དེ་བསྐྱེད་པའི་ལུང་མེད་པའི་རྒྱུ་མཚན་གྱིས་མི་ཁོ་ནའི་རྟེན་དུ་བཤད་ཀྱང༌། བྱང་སེམས་འཕགས་པས་ནི་འདོད་ལྷ་དང༌། གཟུགས་ཀྱི་རྟེན་ལ་ཡང་བསྒོམ་པར་ཤིན་ཏུ་གསལ་ཏེ། རྟེན་དེ་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལ་དབང་འབྱོར་བ་དག་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་ལ་ཆགས་བྲལ་མ་བྱས་པའམ། གཟུགས་ལ་ཆགས་བྲལ་བྱས་ཀྱང་གཟུགས་ཀྱི་འདུ་ཤེས་ཉེ་བར་བཞག་པ་ཞིག་དགོས་ཏེ། རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པའི་སྒོ་ནས་གཟུགས་ལ་བལྟ་དགོས་པའི་ཕྱིར། ཡུལ་ནི་ཕྱི་རོལ་གྱི་གཟུགས་དབྱིབས་ཀྱི་སྒོ་ནས་ཆེ་ཆུང་དང༌། ཁ་དོག་གི་སྒོ་ནས་མཛེས་མི་མཛེས་སྣ་ཚོགས་སུ་སྣང་བ་ལའོ། །བཞི་པ་ནི། རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་སོ། །འདི་ཡང་གང་ལ་བལྟ་བའི་ཡུལ་དེ་ལ་ཆགས་པ་དང་བྲལ་བ་ཞིག་དགོས་ཏེ། གཞན་དུ་ན་རྣམ་ཐར་དུ་མི་རུང་བའི་ཕྱིར། དེ་ལ་ཆགས་པ་དང་བྲལ་ཡང༌། ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་ལ་དབང་མ་ཐོབ་པ་ཐོབ་པའི་ཕྱིར་དུ་སྤྲུལ་པའོ། །ལྔ་པ་ནི་སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་གཉེན་པོར་རོ། །གཉིས་པ་ལ་ཡང་སྔ་མ་ལྟར་ལྔ་ལས། རྟེན་དང༌། ས་དང༌། ཡུལ་ནི་ཕལ་ཆེར་འདྲ་ལ། གཟུགས་མེད་ཀྱི་སེམས་ཐོབ་ཀྱང་མངོན་དུ་མི་བྱེད་པར་བསམ་གཏན་གྱི་སེམས་ལ་བརྟེན་ནས། གཟུགས་མེད་ཀྱི་འདུ་ཤེས་བཞག་པས་ཀྱང་རུང་བར་བཤད་དོ། །ཁ་ཅིག་འདིའི་སེམས་རྟེན་གཟུགས་མེད་དངོས་གཞི་ཉིད་ལ་འདོད་པ་མི་འཐད་དེ། གཟུགས་མེད་དངོས་གཞིའི་སེམས་ཡིན་ན་གཟུགས་ལ་བལྟ་བར་འགལ་བའི་ཕྱིར་དང༌། རྣམ་ཐར་གཉིས་ཀ་བསམ་གཏན་གྱི་ས་པར་བཤད་པའི་ཕྱིར། ཡང་ཁ་ཅིག་ཉི་སྣང་གི་དགོངས་པ་ལ། རྣམ་ཐར་དང་པོ་གཉིས་བསམ་གཏན་ལ་བརྟེན་པ་དང༌། གཟུགས་མེད་ལ་བརྟེན་པ་འདམ་ཀ་ཅན་དུ་བཤད་དོ་ཞེས་ཟེར་བ་ཡང་དེའི་དགོངས་པ་མིན་ཏེ། རྒྱུ་མཚན་སྔ་མ་དེ་དག་གི་ཕྱིར་རོ། །གཞན་དག་ཉི་སྣང་གི་དགོངས་པ་འཆད་པ་ན། རྣམ་ཐར་སྔ་མ་ལ་གཟུགས་མེད་ཀྱི་སེམས་ཐོབ་པ་ཡང་ཡོད་ལ། ཕྱི་མ་ལ་གཟུགས་མེད་ཀྱི་སེམས་མ་ཐོབ་པ་ཡང་ཡོད་པ་ལ་དགོངས་ནས། འདམ་ཀ་ཅན་དུ་བཤད་པ་ཡིན་ནོ། །ཞེས་ཟེར་བ་ཡང་དགོངས་པ་མིན་ཏེ། སྔ་ཕྱི་གཉིས་ཀ་ལ་གཟུགས་མེད་ཀྱི་སེམས་མ་ཐོབ་པ་མི་སྲིད་པའི་ཕྱིར་ཏེ། རྣམ་ཐར་བརྒྱད་པོ་གང་རུང་ཡིན་ན། གཟུགས་མེད་དངོས་གཞིའི་སེམས་ཐོབ་ལ་མ་ཉམས་པས་ཁྱབ་པའི་ཕྱིར་རོ། །འོ་ན་མངོན་པ་ཀུན་ལས་བཏུས་སུ། རྣམ་ཐར་དང་པོ་འཆད་པ་ན། ཇི་སྐད་དུ། གཟུགས་ལ་འདོད་ཆགས་དང་མ་བྲལ་བའམ། བཞག་པས་ཀྱང་རུང་སྟེ། ཞེས་དང༌། གཉིས་པ་འཆད་པ་ན། གཟུགས་ལ་འདོད་ཆགས་དང་བྲལ་བའམ། བཞག་པས་ཀྱང་རུང་སྟེ། ཞེས་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི། སྒྲ་ཇི་བཞིན་པ་ཉིད་དུ་ཁོ་བོ་ཅག་གིས་ཁས་བླངས་སོ། །དེ་ཡང་གཟུགས་ལ་འདོད་ཆགས་དང་མ་བྲལ་བར་གཟུགས་ཀྱི་འདུ་ཤེས་བཞག་པ་ནི། ཕྱིར་མི་འོང་ལུས་མངོན་བྱེད་སྤོང་ལམ་བསལ་ནས་ཁྱད་པར་གྱི་ལམ་ལ་གནས་པ་དག་ཡིན་ལ། བྲལ་ནས་གཟུགས་ཀྱི་འདུ་ཤེས་བཞག་པ་ནི། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང༌། ཕྱིར་མི་འོང་གཟུགས་ཀྱི་སྐྱེ་བ་དོན་དུ་མི་གཉེར་བས། སྤོང་ལམ་མངོན་དུ་བྱེད་པའི་ལུས་མངོན་བྱེད་དག་ཡིན་ནོ། །གཉིས་པ་ལ་ཡང༌། གཟུགས་ལ་འདོད་ཆགས་དང་བྲལ་ནས་གཟུགས་མེད་ཀྱི་འདུ་ཤེས་བཞག་པ་ནི་དགྲ་བཅོམ་པ་དག་ལ་འབྱུང་ལ། མ་བྲལ་བཞིན་དུ་གཟུགས་མེད་ཀྱི་འདུ་ཤེས་བཞག་པ་ནི། ཕྱིར་མི་འོང་གི་ཁྱད་པར་འགའ་ཞིག་ལ་འབྱུང་སྟེ། འདིའི་རྣམ་གཞག་རྒྱས་པ་ནི་འགོག་སྙོམས་ཀྱི་སྐབས་ནས་འཆད་པར་འགྱུར་ལ། འདི་དག་གི་རྣམ་གཞག་ཞིབ་ཏུ་མ་གོ་བ་ལ་བརྟེན་ནས། བོད་སྔ་མ་མང་པོས། རྣམ་ཐར་གཉིས་པ་གཟུགས་མེད་ལ་བརྟེན་པ་དང༌། བོད་ཕྱི་མ་མང་པོས། གཟུགས་མེད་དངོས་གཞིའི་སེམས་མ་ཐོབ་པ་དག་གིས་ཀྱང༌། རྣམ་ཐར་གཉིས་པ་ལ་འཇུག་ནུས་པ་ཀུན་ལས་བཏུས་ཀྱི་དགོངས་པར་འཆད་པ་གཉིས་ཀ་ནོར་བ་ཡིན་ཏེ། གཟུགས་མེད་དངོས་གཞིའི་སེམས་མ་ཐོབ་པར་གཟུགས་ཀྱི་འདུ་ཤེས་བཤིག་མི་ནུས་པའི་ཕྱིར་ཏེ། ཇི་སྐད་དུ། ཉེར་བསྡོགས་གསུམ་དང་བཅས་པ་ནི། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །ཞེས་དེ་བཤིག་པའི་དང་པོའི་ས་མཚམས་ནམ་མཁའི་དངོས་གཞི་ནས་བཤད་པའི་ཕྱིར་དང༌། གཟུགས་མེད་དངོས་གཞིའི་སེམས་མ་ཐོབ་པ་ལ་བསམ་གཏན་གྱི་རབ་མཐའ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། གསུམ་པ་ནི། རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་སོ། །ཡུལ་དང་དགོས་པ་ནི་སྔ་མ་དང་འདྲའོ། །འོ་ན་དགོས་པ་འདྲ་ན། གཉིས་སུ་བཞག་པས་ཅི་ཞིག་བྱ་ཞེ་ན། སྤྲུལ་པ་བྱེད་པའི་ཚེ་སྤྲུལ་པ་པོ་རང་སྣང་བའི་སྒོ་ནས་སྤྲུལ་པ་དང༌། མི་སྣང་བར་བྱེད་པའི་སྒོ་ནས་སྤྲུལ་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ཕྲ་རགས་གཉིས་ཀྱི་གཉེན་པོའི་ཁྱད་པར་ལས་གཉིས་སུ་བཞག་གོ །རྣམ་ཐར་གསུམ་པ་ལ། རྟེན་དང་ས་ནི་འདྲ་ལ། ཚུལ་ནི་སྦྱོར་བའི་དུས་སུ་སྡུག་མི་སྡུག་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། སྡུག་མི་སྡུག་གཉིས་ཀ་གཞི་གཅིག་གི་སྟེང་དུ་རྗེས་སུ་འབྲེལ་བའི་འདུ་ཤེས་དང༌། དངོས་གཞིའི་དུས་སུ་སྡུག་པ་རོ་གཅིག་པའི་འདུ་ཤེས་དང་གསུམ་གྱི་སྒོ་ནས་བལྟའོ། །ཡུལ་ནི་སྔ་མ་གཉིས་དང་འདྲ་ལ། དགོས་པ་ནི་གཟུགས་སྡུག་པ་དང་མི་སྡུག་པ་སྤྲུལ་པ་ལ། དགའ་བ་དང་མི་དགའ་བའི་གཉེན་པོར། འདི་དང་འགོག་པའི་རྣམ་ཐར་གཉིས་ལ་ལུས་ཀྱིས་མངོན་སུམ་དུ་བྱ་སྟེ་གནས་ཞེས་གསུངས་པ་ནི། འདི་གཟུགས་ཅན་གྱི་རྣམ་ཐར་གསུམ་གྱི་ནང་ནས་མཆོག་ཡིན་པ་དང༌། ཅིག་ཤོས་གཟུགས་མེད་ཀྱི་རྣམ་ཐར་རྣམས་ཀྱི་ནང་ནས་མཆོག་ཡིན་པ་དང༌། འདི་གཉིས་ལ་འཕགས་པ་རྣམས་ལན་མང་དུ་གནས་པས་ན་དེ་སྐད་ཅེས་གསུངས་སོ། །གཉིས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་གཉིས་ཏེ། ཐར་པ་དང་མཐུན་པར་གནས་པ་དང༌། ཞི་བར་གནས་པའི་ལམ་མོ། །དང་པོ་ནི། གཟུགས་མེད་ཀྱི་རྣམ་ཐར་བཞི་ལ་བྱ་ལ། སོ་སོའི་ངོས་འཛིན་ནི་ཀུན་ལས་བཏུས་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་གང་ཞེ་ན། ཐར་པའི་རྗེས་སུ་མཐུན་པ་ཞེས་བཞི་ཀ་ལ་རྗེས་མཐུན་པ་རེ་རེ་སྦྱར་ནས་གསུངས་སོ། །ཐར་པའི་རྗེས་མཐུན་གྱི་གོ་བ་ཡང༌། ཇི་སྐད་དུ། ཞི་བའི་རྣམ་པར་ཐར་པ་ལ་ཆགས་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་གསུངས་སོ། །འདི་རང་སའི་ཉོན་མོངས་མཚན་ཉིད་པ་ལ་བྱ་བ་མིན་ཏེ། སྙོམས་འཇུག་དག་པ་བ་རྐྱང་པས་རང་སའི་ཉོན་མོངས་ལ་ཆགས་བྲལ་བྱེད་མི་ནུས་པའི་ཕྱིར་དང༌། རྣམ་ཐར་རྣམས་ཟག་པ་མེད་པའི་ལམ་གྱིས་ཐོབ་པ་ཡིན་ཀྱང༌། རང་གི་ངོ་བོའི་ཆ་ནས་ཟག་མེད་དུ་འཇོག་པའི་བཤད་པ་མེད་པའི་ཕྱིར་རོ། །དེས་ན་གཅིག་ལ་དཔེར་མཚོན་ན། གཟུགས་མེད་ནམ་མཁའ་ལ་སྲེད་པའི་རོ་མྱང་གི་སྲེད་པ་སྐྱེ་བ་དང་རྗེས་སུ་མི་མཐུན་པའི་ནམ་མཁའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལྟ་བུ་ལ་ཟེར་བ་ཡིན་ནོ། །འོ་ན་དེ་ལྟ་བུའི་ནམ་མཁའི་སྙོམས་འཇུག་དེ་གང་ཞེ་ན། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པས་བསྒྲུབས་ཤིང༌། དེ་ལ་བརྟེན་པ་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའོ། །དེས་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །གཉིས་པ་ཞི་བར་གནས་པའི་ལམ་ནི་འགོག་པའི་རྣམ་ཐར་ལ་བྱ་ལ། འདི་དང་འགོག་སྙོམས་ཙམ་གྱི་ཁྱད་པར་ནི། ཀུན་ལས་བཏུས་སུ་འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་འདོད་ཆགས་དང་བྲལ་ལ་ཞེས་སོགས་གསུངས་པ་དེ་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར། འདུ་ཤེས་མེད་མིན་གྱི་རྣམ་པར་ཐར་པ་ལ་བརྟེན་ཏེ། ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ལས་ཡང་དག་པར་འདས་ནས། ཐར་པ་དང་མཐུན་པར་གནས་པ་ཡང་དག་པར་འབྱོར་བའི་གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །ཞེས་གསུངས་པ་གཉིས་ཀྱི་ཁྱད་པར་གང་ཡོད་པ་དེ་ཡིན་ནོ། །འདིར་འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ཞེས་གསུངས་པ་ཡང༌། དེ་འགོག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལ་ཟེར་བ་ཡིན་གྱི། འགོག་སྙོམས་དངོས་ཀྱི་གེགས་བྱེད་དུ་གྱུར་པའི་སྙོམས་འཇུག་གི་སྒྲིབ་པ་དང་ཁྱད་པར་དབྱེ་དགོས་ཏེ། འགོག་སྙོམས་ཙམ་གྱི་དུས་སུ་ནི། ཚོར་འདུ་རགས་པ་འགོག་ནུས་ཀྱང༌། དེ་འགོག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལས་མ་གྲོལ་ལ། རྣམ་ཐར་གྱི་དུས་སུ་ནི་དེ་ལས་གྲོལ་བས་སོ། །དཔེར་ན་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ལྟ་བུའོ། །དེ་ལྟར་བཤད་པ་ན། ཐེག་པ་ཆེན་པོའི་ལུགས་འདི་ལ་ཡང་འགོག་པའི་སྙོམས་པར་འཇུག་པ་ལ་ཉམས་པ་སྲིད་ཀྱང༌། དེའི་རྣམ་ཐར་ལ་ཉམས་པ་མི་སྲིད་དེ། འདས་ལམ་སྔོན་དུ་བཏང་ནས་ངོ་སྐལ་གྱི་སྤང་བྱ་སྤངས་པས་ཐོབ་པའི་ཕྱིར་རོ། །དེའི་སྤངས་པ་ནི་ཟག་བཅས་ཀྱིས་ཡིན་ཀྱང་ཉམས་པ་མི་སྲིད་པའི་ཕྱིར་རོ། །བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ། སྐབས་དོན་ངོས་བཟུང་བ་དང༌། རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། བྱང་སེམས་འཕགས་པའི་རྒྱུད་ཀྱི་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་པོ་དེ། འདིར་འདས་པའི་ལམ་མོ། །དེའི་ཤེས་བྱེད་ཀྱང་དང་པོ་བརྒྱད་ནི་འདས་ལམ་གྱི་ངོ་བོར་སྐྱེས་པ་དེའི་ཚེ་ན་དེར་འཇོག་ལ། འགོག་སྙོམས་ལ་ནི་འཆད་ཚུལ་གཉིས་ལས། དབུ་མའི་ལུགས་དང་མཐུན་པར་བཤད་ན་རང་གི་ངོ་བོ་འདས་ལམ་ཡིན་ལ། སེམས་ཙམ་གྱི་གཞུང་དང་མཐུན་པར་འཆད་ན། འདས་ལམ་གྱིས་ཐོབ་པའི་ཕྱིར་དེ་ཞེས་བྱའོ། །འདི་འོག་ནས་རྒྱས་པར་འཆད་ལ། སྲིད་རྩེའི་སས་བསྡུས་པ་དང༌། ཀུན་གཞི་ལ་བཏགས་པར་འཆད་ན་འདས་ལམ་དངོས་སུ་བཤད་མི་ནུས་སོ། །ཉི་སྣང་དུ་ནི་ལུགས་ཕྱི་མ་འདི་བཤད་པ་ཡིན་ཏེ། ཇི་སྐད་དུ། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ། །སྲིད་རྩེ་ལ་ཟག་མེད་འཇོག་པ་ནི་མངོན་པ་ན་མེད་ཀྱང༌། སློབ་དཔོན་གྱིས་བྱང་སེམས་ཐབས་ལ་མཁས་པས་དེ་ལ་བརྟེན་པའི་སྒོམ་ལམ་ཡོད་པར་བཤད་པ་དེ་ཉིད་དོ། །གཉིས་པ་ལ་གཉིས་ཏེ། བསམ་གཏན་གཟུགས་མེད་ཀྱི་རྣམ་གཞག་དང༌། འགོག་པའི་སྙོམས་འཇུག་གི་རྣམ་པར་བཞག་པའོ། །དང་པོ་ལ། རྟེན་གྱི་གང་ཟག ཐོབ་བྱེད་ཀྱི་རྒྱུ། ཐོབ་བྱའི་ངོ་བོ། ཐོབ་པའི་རྟགས་སོ། །དང་པོ་ནི། ངན་སོང་གསུམ་དང༌། སྒྲ་མི་སྙན་པའི་རྟེན་ལ་མི་སྐྱེ་སྟེ། རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། མཚམས་མེད་ལྔ་བྱས་པ་ལ་ཡང་དངོས་སུ་མི་སྐྱེ་སྟེ། ལས་ཀྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། འདུ་ཤེས་མེད་པ་དང༌། སྲིད་རྩེའི་རྟེན་ཅན་རྣམས་ལ་ཡང་རྒྱུའི་སྙོམས་འཇུག་མི་སྐྱེ་སྟེ། ཡིད་ཀྱི་ཤེས་པ་མེད་པའི་ཕྱིར་རོ། །འདིར་འདུ་ཤེས་མེད་པའི་རྒྱུད་ལ་སྤྱིར་འདུ་ཤེས་མེད་པའི་སྙོམས་འཇུག་མེད་པ་ནི་མ་ཡིན་ཏེ། དེར་འབྲས་བུ་སྐྱེ་བས་ཐོབ་པའི་དེ་ཡོད་པའི་ཕྱིར། དེ་སྐད་དུ་ཡང༌། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་པའི་རང་འགྲེལ་དུ། གང་དག་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཟུགས་ཀྱི་ཁམས་སུ་མི་འདོད་པ་དེ་དག་གི་ལྟར་ན། ཆོས་མངོན་པའི་གཞུང་ལས། གཟུགས་ཀྱི་སྲིད་པ་ཡིན་ལ། སྲིད་པ་དེ་རྣམ་པར་འདྲི་པ་ཅན་ལྔ་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། གཟུགས་ན་སྤྱོད་པའི་ལྷ་འདུ་ཤེས་ཅན་སེམས་མི་འདྲ་བ་ལ་གནས་པ་རྣམས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང༌། ལྷ་འདུ་ཤེས་མེད་པ། འདུ་ཤེས་མེད་པས་ཐོབ་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ། །ཞེས་འབྱུང་བ་འདི་དང་འགལ་ཏེ། དེའི་ཕྱིར་འདི་གཉི་ཀ་ཡང་འདོད་པ་དང༌། གཟུགས་ལ་བརྟེན་པ་དག་ཡིན་ནོ། །ཞེས་གསུངས་སོ། །དེར་སྲིད་པ་ལྔ་ཞེས་བཤད་པ་ནི་འོག་ནས། ལུས་དང་འདུ་ཤེས་ཐ་དད་དང༌། །ཞེས་སོགས་འབྱུང་བ་དེ་ལ་དགོངས་པར་སྣང་ངོ༌། །དེར་ཡིད་ཤེས་མེད་ཅེས་པ་ཡང༌། སྔོན་དུས་ཀྱི་ཚེ་ན་ཡིན་གྱི། སྐྱེ་སྲིད་དང་འཆི་སྲིད་ཀྱི་ཚེ་ན་མ་ཡིན་ཏེ། དེར་ཡིད་ཀྱི་ཤེས་པ་འབྱུང་བར་བཤད་པའི་ཕྱིར། གོང་འོག་ལ་ཞི་རགས་སུ་བལྟ་བ་མེད་ཅེས་པ་ཡང༌། སྲིད་རྩེའི་རྟེན་ལ་ཉེར་བསྡོགས་ཀྱི་སྙོམས་འཇུག་མེད་པའི་ཤེས་བྱེད་ཡིན་གྱི། ཟག་བཅས་ཀྱི་སྙོམས་འཇུག་ཙམ་མེད་པའི་ཤེས་བྱེད་ནི་མ་ཡིན་ཏེ། ཟག་བཅས་ཀྱི་སྙོམས་འཇུག་ལ་དེས་མ་ཁྱབ་པའི་ཕྱིར་རོ། །དེ་མ་གཏོགས་པའི་འགྲོ་བ་གཞན་རྣམས་ནི། རྒྱུའི་སྙོམས་འཇུག་གི་རྟེན་དུ་རུང་བ་ཡིན་ནོ། །འདི་དག་ལ་ཡང་འོག་ས་དང་རང་སའི་རྟེན་ཅན་གཉིས་ཡིན་ཏེ། འབྲས་བུ་སྐྱེ་བའི་བསམ་གཏན་ནི་རང་ས་དང༌། རྒྱུ་སྙོམས་འཇུག་གི་བསམ་གཏན་ནི་འོག་སའི་རྟེན་ལ་བསྒྲུབ་དགོས་པའི་ཕྱིར། གོང་སའི་རྟེན་ཅན་ནི་མ་ཡིན་ཏེ། རང་ས་ན་སྙོམས་འཇུག་མཆོག་ཏུ་གྱུར་པ་ཡོད་པས། འོག་མ་མངོན་དུ་བྱ་བ་ལ་དགོས་པ་མེད་པའི་ཕྱིར། སྲིད་རྩེ་ལ་གོང་ས་མེད་ཅིང༌། རང་ས་ན་ཟག་མེད་ཀྱང་མེད་པས། འོག་མ་ཅི་ཡང་མེད་ཀྱི་ཟག་མེད་མངོན་དུ་བྱེད་དགོས་པ་ནི་དམིགས་བསལ་ལོ། །དེ་སྐད་དུ་ཡང༌། བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན་འོག་དགོས་མེད། །སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་གསུངས་སོ། །འདི་ཡང་ཞིབ་མོར་ཕྱེ་ན། བསམ་གཏན་བཞི་པའི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དེས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་དུ་བྱེད་པ་དང༌། ཇི་སྐད་དུ། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་རྟོགས། །ཞེས་བསམ་གཏན་གཉིས་པའི་རྟེན་ལ་བསམ་གཏན་དང་པོའི་རྟོག་དཔྱོད་འབྱུང་བར་བཤད་ཅིང༌། དེས་སྙོམས་འཇུག་ཀྱང་མཚོན་པར་ནུས་པ་དང༌། མངོན་པ་གོང་མ་ལྟར་ན་ནི། གོང་ས་ནས་འོག་སར་སྐྱེ་བའི་ཚེ་གོང་མའི་རྟེན་ལ་འོག་མའི་སྙོམས་འཇུག་ཉོན་མོངས་ཅན་མངོན་དུ་འགྱུར་བར་བཤད་པ་ཡིན་ཏེ། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་མངོན་པའི་ང་རྒྱལ་ཅན་བཞིན་ནོ། །མངོན་པ་འོག་མའི་ལུགས་ལ་ཡང༌། གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་དག་པ་བ་མི་འབྱུང་བ་ཤས་ཆེ་བའི་དབང་དུ་བྱས་ནས། དེ་ལྟར་གསུངས་ཀྱི། ཟག་མེད་ནི་ངེས་པར་འབྱུང་བ་ཡིན་ཏེ། གཟུགས་མེད་དུ་སྐྱེས་པའི་འཕགས་པ་ཕྱིར་མི་འོང་བ་ལ་ཡང༌། བསམ་གཏན་གྱི་སྙོམས་འཇུག་ཟག་མེད་ལྡན་པར་བཤད་ན། གཟུགས་ཁམས་སུ་སྐྱེས་པ་ལ་འོག་མའི་ཟག་མེད་ལྡན་པ་དང༌། ཡོད་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །གཉིས་པ་ཐོབ་བྱེད་ཀྱི་རྒྱུ་ལ་ལྔ་སྟེ། རྒྱུའི་སྟོབས་དང་ལས་ཀྱི་སྟོབས་ཀྱིས་དང༌། ཆོས་ཉིད་ཀྱི་སྟོབས་དང༌། ཐོས་པའི་སྟོབས་དང༌། མན་ངག་གི་སྟོབས་ཀྱིས་སྐྱེ་བའོ། །དང་པོ་ནི། སྔོན་ཏིང་ངེ་འཛིན་གོམས་པར་བྱེད་པའི་རྒྱུས་ཉམས་ན་སླར་ཡང་སྐྱེ་བ་ལྟ་བུའོ། །གཉིས་པ་ནི་ཁམས་གོང་མར་སྐྱེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པ་ལས་རྐྱེན་ཅུང་ཟད་གཅིག་གིས་བག་ཆགས་སད་པར་བྱས་པ་ལས་སྐྱེ་བས་ཏེ། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི། བསྐལ་པ་འཇིག་པའི་ཚེ་ལྟ་བུ་སྟེ། དེའི་ཚེ་བསམ་གཏན་སྐྱེ་བ་དང་རྗེས་སུ་མཐུན་པའི་རང་བཞིན་དུ་གནས་པས། ལུང་ངམ་སློབ་དཔོན་ལ་ལྟོས་པ་མེད་པར་སྐྱེ་བའི་ཕྱིར། གཟུགས་མེད་པའི་སྙོམས་འཇུག་རྣམས་ནི་ཆོས་ཉིད་ཀྱིས་མི་སྐྱེ་སྟེ། བསྐལ་པ་འཇིག་པའི་དབང་གིས་དེར་སྐྱེ་བ་མེད་པའི་ཕྱིར། བཞི་པ་ནི། སྙོམས་འཇུག་གི་དབང་དུ་བྱས་པའི་ཆོས་མང་པོ་ཐོས་པས། མན་ངག་ལ་མ་ལྟོས་པར་བསྒོམ་སྟོབས་ཀྱིས་སྐྱེ་བའོ། །ལྔ་པ་ནི། གཞན་གྱི་མན་ངག་གི་སྟོབས་ཀྱིས་སྐྱེ་བའོ། །འདི་ཡང་ཞིབ་མོར་བཤད་ན། མཛོད་ལས། ཁམས་གཉིས་དག་དུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་ཏེ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང༌། །ཞེས་རྒྱུ་གསུམ་གསུངས་ལ། དེ་ཡང་གོང་དུ་བཤད་པའི་ཕྱི་མ་གཉིས་ནི། སྔ་མ་གཉིས་ཀྱི་ནང་དུ་འདུས་སོ། །རྒྱུ་གསུམ་པོ་འདི་ཡང་འདོད་པའི་རྟེན་ལ་སྐྱེ་ཚུལ་གྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེར་དེ་བསྐྱེད་པའི་ལུང་ཡོད་པས། དེའི་དོགས་པ་གཅོད་མི་དགོས་པའི་ཕྱིར། ཁམས་གོང་ན་སྙོམས་འཇུག་དེར་བསྐྱེད་པའི་ལུང་མེད་པར་ཇི་ལྟར་བསྐྱེད་སྙམ་པའི་དོགས་པ་སེལ་དགོས་པས་ཁམས་གོང་མ་གཉིས་སུ་བསམ་གཏན་དང༌། གཟུགས་མེད་ཀྱི་སྐྱེ་ཚུལ་སྟོན་པའོ། །དང་པོ་རྒྱུའི་སྟོབས་ནི། འདོད་པའི་རྟེན་ལ་སྲིད་རྩེའི་སྙོམས་འཇུག་ལས་ཉམས་ནས་ཁམས་གོང་མའི་ས་གང་རུང་ཞིག་དུ་སྐྱེས་པ་ན། དེ་བསྐྱེད་པའི་ལུང་མེད་ཀྱང༌། སྔོན་ཡང་ཡང་གོམས་པའི་ཤུགས་ཀྱིས་སྐྱེ་བ་ལྟ་བུའོ། །ལས་ཀྱི་སྟོབས་ཀྱིས་ཞེས་པ་ནི། འདོད་པའི་རྟེན་ལ་སྲིད་རྩེར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་ངེས་ཀྱི་ལས་བྱས་པ་དེ་ལས་ཉམས་ནས་ཁམས་གོང་གི་གནས་གང་རུང་དུ་སྐྱེས་པ་དེའི་ཚེ། སྲིད་རྩེ་བསྐྱེད་པའི་ལུང་དང་མན་ངག་མེད་ཀྱང༌། ས་གོང་མའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་སྟོབས་ཀྱིས་སྐྱེ་བའོ། །དེ་ལྟར་བཤད་པ་ན། ཁམས་གོང་གི་རྟེན་ལ་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་སྐྱེ་བ་རྒྱུ་དང་ལས་དང་ཆོས་ཉིད་གསུམ་པོར་ངེས་ཀྱི། ལུང་གི་མཐུས་བསྐྱེད་པ་མེད་དོ། །ཞེས་པ་འདི་མཛོད་ཀྱི་ངེས་པའོ། །རྒྱུ་དང་ལས་ཀྱི་ཁྱད་པར་ནི། སྙོམས་འཇུག་གང་ཡིན་མྱོང་ངེས་ཀྱི་ལས་ཡིན་པའི་ངེས་པ་མེད་པའོ། །གསུམ་པ་ཐོབ་བྱའི་ངོ་བོ་ལ། སྙོམས་འཇུག་གི་རང་བཞིན་གཏན་ལ་དབབ་པ་དང༌། འབྲས་བུ་སྐྱེ་བས་ཐོབ་པའི་བསམ་གཏན་དང༌། གཟུགས་མེད་བཤད་པའོ། །དང་པོ་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ཇི་སྐད་དུ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་འབྱུང་བ་ལྟར། མཉམ་པར་བཞག་པའི་སས་བསྡུས་ཀྱི་དགེ་བ་རྩེ་གཅིག་པའོ། །དབྱེ་ན་དག་པ་བ་དང༌། ཟག་མེད་གཉིས་སོ། །དང་པོ་ནི། འཇིག་རྟེན་པའི་དགེ་བ་དག་པ་བ་ཞེས་བྱ་བ་དེ་ཡིན་ལ། འདི་ཡང་ཟག་མེད་ཀྱི་ལམ་གསུམ་པོ་གང་རུང་གི་ངོ་བོར་མ་སྐྱེས་ཤིང༌། ཉོན་མོངས་ཅན་གྱི་ངོ་བོར་ཡང་མ་སྐྱེས་པའི་སྙོམས་འཇུག་གི་རྫས་ཞིག་ལ་བྱ་བ་ཡིན་ལ། བོད་ཕྱི་མ་མང་པོས་དག་པ་བའི་ངོས་འཛིན་ཞི་རགས་ཀྱི་རྣམ་པ་ཅན་ལ་འདོད་པ་ནི། ཅུང་ཟད་མ་བརྟགས་པ་ཡིན་ཏེ། བསམ་གཏན་དང་པོ་གསུམ་གྱི་དངོས་གཞི་ལ། ཞི་རགས་ཀྱི་རྣམ་པ་ཅན་མི་སྲིད་པའི་ཕྱིར་དང༌། བསམ་གཏན་བཞི་པ་ཡན་ཆད་ཀྱི་དངོས་གཞི་ལ་ནི། ས་འོག་མའི་ཉོན་མོངས་ལས་གྲོལ་བའི་རྣམ་གྲོལ་གྱི་ཆ་གང་ཡོད་པ་དེ་མ་གཏོགས་གཞན་རྣམས་ལ། ཞི་རགས་ཀྱི་རྣམ་པ་ཅན་མི་སྲིད་པའི་ཕྱིར་རོ། །དེས་ན་དེའི་རྣམ་པ་ཅན་དུ་བཤད་པ་ནི། ཉེར་བསྡོགས་དག་པ་བའི་དབང་དུ་བྱས་ལ། དེ་ལ་ཡང་ཞི་གནས་དང་ལྷག་མཐོང་གཉིས་ལས། ཞི་གནས་སུ་གྱུར་པའི་དེ་ལ་དེ་འདྲ་མི་སྲིད་ཅིང༌། ལྷག་མཐོང་གི་དབང་དུ་བྱས་སོ། །ལྷག་མཐོང་གི་དེ་ལ། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་ལས། བར་ཆད་མེད་ལམ་རྣམས་ནི་འོག་ས་ལ་དམིགས་ནས་རགས་པའི་རྣམ་པ་ཅན་དང༌། རྣམ་པར་གྲོལ་བའི་ལམ་རྣམས་ནི་གོང་མ་ལ་དམིགས་ནས་ཞི་བའི་རྣམ་པ་ཅན་དུ་བལྟ་བར་བཤད་ཀྱི། རེ་རེ་ནས་དེ་གཉིས་ཀའི་རྣམ་པ་ཅན་དུ་བཤད་པ་མེད་དོ། །དེ་སྐད་དུ་ཡང་མཛོད་ལས། འཇིག་རྟེན་པའི་རྣམ་གྲོལ་དང༌། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་སའི་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །དེ་ལྟར་གཉིས་སུ་ཕྱེ་བའི་དག་པ་བ་འདི་ལ། རྒྱུའི་སྙོམས་འཇུག་ཤས་ཆེ་བས། དེ་སྐད་ཅེས་ཟེར་བ་ཡིན་གྱི། གཞན་དག་འོག་སའི་རྟེན་ལ་གོང་མའི་སྙོམས་འཇུག་བྱུང་བ་དེ་ཐམས་ཅད་ལ་རྒྱུའི་སྙོམས་འཇུག་ཅེས་ཟེར་བ་ནི། མ་ཤེས་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདིར་རྒྱུ་ཞེས་བྱ་བ་ནི། སྤྱིར་རྒྱུ་ཡིན་པ་ཙམ་ལ་ཟེར་བ་མ་ཡིན་གྱི། སྲིད་པ་འཁོར་བའི་རྒྱུ་ཡིན་པ་ལ་བྱ་ཞིང༌། དེ་བཞིན་དུ་འབྲས་བུ་སྐྱེ་བས་ཐོབ་པ་ཞེས་བྱ་བ་ཡང༌། ལས་དང་ཉོན་མོངས་པའི་འབྲས་བུ་ལ་བྱ་བ་ཡིན་གྱི། འབྲས་བུ་ཡིན་ཙམ་ལ་བྱ་བ་མ་ཡིན་ནོ། །དེས་ན་འདིའི་རྒྱུ་འབྲས་གཉིས་ནི། འཁོར་བ་རྒྱུ་འབྲས་སྡུག་ཀུན་གྱི་དབང་དུ་བྱས་སོ། །དེའི་ཕྱིར་རྣམ་ཐར་དང༌། ཟག་མེད་ཀྱི་སྙོམས་འཇུག་རྣམས་ལ་རྒྱུའི་སྙོམས་འཇུག་ཅེས་མི་སྨྲའོ། །འོ་ན་རྒྱུ་དང་འབྲས་བུའི་གོ་བ་གང་ཞེ་ན། རྒྱུར་འགྱུར་བའི་ཚུལ་ནི་གསུམ་སྟེ། རྣམ་སྨིན་གྱི་རྒྱུ་དང༌། རྒྱུ་མཐུན་གྱི་རྒྱུ་དང༌། བདག་པོའི་དེའོ། །དང་པོ་ནི། ཡང་སྲིད་འཕེན་བྱེད་དུ་གྱུར་པའི་སྙོམས་འཇུག་རྣམས་ཏེ། ཉེར་བསྡོགས་ཞི་རགས་གང་རུང་གི་རྣམ་པ་ཅན་གྱི་ངོ་བོར་གྱུར་པའི་སེམས་པ་རྣམས་སོ། །གཞན་དག་བསམ་གཏན་དང་པོའི་ཉེར་བསྡོགས་ཟག་བཅས་གང་ཡིན་དེར་འཕེན་བྱེད་ཀྱི་ལས་སུ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། ཉེར་བསྡོགས་ཀྱི་ཞི་གནས་ལ་དེས་མ་ཁྱབ་པའི་ཕྱིར་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་སྙོམས་འཇུག་བརྒྱད་ཀྱི་ཉེར་བསྡོགས་ཟག་བཅས་རྣམས་དེར་མི་འདོད་པའི་ཕྱིར་དང༌། དེ་དག་ནི་ཞི་རགས་ཀྱི་རྣམ་པ་ཅན་དུ་ཡང་མི་འདོད་པའི་ཕྱིར། གཉིས་པ་རྒྱུ་མཐུན་གྱི་འབྲས་བུའི་རྒྱུ་ནི། བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ཟག་བཅས་ཡིན་པ་གཞིར་བྱས་པ་ལ། ས་དེ་ལ་སྲེད་པའི་སྲེད་པས་ཀུན་ནས་བླངས་པའི་སྙོམས་འཇུག་རྣམས་སོ། །དེ་དག་དེ་ཡིན་ཏེ། ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་དང༌། སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། འདི་རྣམ་སྨིན་གྱི་རྒྱུར་མི་འདོད་པ་ཅི་ཞེ་ན། སྤྱིར་འཕེན་བྱེད་དངོས་ལ་རྣམ་སྨིན་གྱི་རྒྱུ་དང༌། འགྲུབ་བྱེད་དངོས་ལ་རྒྱུ་མཐུན་གྱི་རྒྱུར་འཇོག་པ་འདི་ནི་ཆོས་མངོན་པ་གོང་མ་འཆད་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར། ཇི་སྐད་དུ་འཕེན་པ་ནི་རྣམ་པར་སྨིན་པ་འཕེན་པའོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་འདོད་པ་དང་མི་འདོད་པ་སོ་སོར་མྱོང་བས་སོ། །ཞེས་སོ། །དེ་ལས་གཞན་དུ་ན་འགྲུབ་བྱེད་ཀྱང་རྣམ་སྨིན་གྱི་རྒྱུ་ཁོ་ན་ཡིན་ན། འཕེན་རྫོགས་མུ་བཞིར་བཞག་པ་དེ་མི་འཐད་པ་ཁོ་ནར་འགྱུར་ཏེ། དགེ་མི་དགེ་གཉིས་ཀྱི་རྣམ་སྨིན་ཐུན་མོང་བ་མི་སྲིད་པའི་ཕྱིར་རོ། །མངོན་པ་འོག་མ་ལྟར་ན་ཡང༌། འགྲུབ་བྱེད་ཀྱི་རྒྱུ་རྣམས་རྣམ་སྨིན་གྱི་བྱེད་རྒྱུ་དང༌། རྒྱུའི་རྐྱེན་དུ་འཇོག་གི རྣམ་སྨིན་གྱི་རྒྱུར་མི་འཆད་དོ། །བདག་འབྲས་ཀྱི་རྒྱུ་ནི། འཕེན་འགྲུབ་དུ་བཤད་པ་གཉིས་ཀ་ལ་བྱ་བ་ཡིན་ཏེ། དེ་གཉིས་ཀའི་དབང་གི་འབྲས་བུ་ཕྱི་རོལ་གྱི་ཡུལ་ལ་འབྱུང་བའི་ཕྱིར་རོ། །དེ་ཡང་འཕེན་བྱེད་དབང་གི་འབྲས་བུ་ནི། ཕྱིའི་ཡུལ་ཙམ་དང༌། འགྲུབ་བྱེད་དབང་གི་འབྲས་བུ་ནི། བཟང་ངན་དུ་འགྱུར་བའོ། །གཉིས་པ་འབྲས་བུ་སྐྱེ་བས་ཐོབ་པ་ལ་ཡང་གསུམ་སྟེ། རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་གྱི་འབྲས་བུ་དང༌། བདག་པོའི་འོ། །ཁམས་གོང་མར་སྐྱེས་པའི་ཟག་བཅས་ཀྱི་ཕུང་པོ་གང་དང་གང་ཡིན་པ་དེ་ཡིན་ལ། ངོ་བོ་ནི་ལུང་དུ་མ་བསྟན་པའོ། །གཉིས་པ་ནི། དེར་སྐྱེ་བས་ཐོབ་པའི་སྙོམས་འཇུག་རྣམས་ཡིན་ལ། ངོ་བོ་ནི་དགེ་བའོ། །གསུམ་པ་ནི། དེ་དང་དེའི་སྣོད་ཀྱི་འཇིག་རྟེན་རྣམས་སོ། །དེ་ལྟར་ན་འབྲས་བུ་སྐྱེ་བ་ལ་ནི། སྙོམས་འཇུག་ཡིན་མིན་གཉིས་སྲིད་ལ། རྒྱུ་ལ་ནི་སྙོམས་འཇུག་གིས་ཁྱབ་པ་ཡིན་ནོ། །འོ་ན་སྙོམས་འཇུག་ཉོན་མོངས་ཅན་རྣམས་ཇི་ལྟར་ན་རྒྱུ་མ་ཡིན་ཞེ་ན། ཁམས་གོང་མའི་འཕེན་འགྲུབ་ཀྱི་རྒྱུ་ལ་ནི་དགེ་བ་ཡིན་པ་ཞིག་ངེས་པར་དགོས་ལ། འདི་ནི་ཉོན་མོངས་ཅན་དང༌། ལུང་མ་བསྟན་ཡིན་པས་དེར་མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་འཕེན་འགྲུབ་ཀྱི་ཀུན་སློང་དུ་འགྱུར་ལ། དེའི་ཚེ་འཕེན་འགྲུབ་ཀྱི་ཡན་ལག་ཏུ་འཇོག་པ་ནི། མངོན་པ་གོང་མའི་ལུགས་སོ། །དེ་ལྟར་ན་སྙོམས་འཇུག་དག་པ་བ་གཞིར་བྱས་པ་ལ། རྒྱུའི་སྙོམས་འཇུག་ཡིན་མིན་གཉིས་ལས། དང་པོའི་མཚན་ཉིད་ནི། མཉམ་པར་གཞག་པའི་སས་བསྡུས་ཀྱི་དགེ་བ་རྩེ་གཅིག་པ་གང་ཞིག འབྲས་བུ་ཁམས་གོང་གི་སྐྱེ་བ་འཕེན་འགྲུབ་གང་རུང་གིས་བསྡུས་པའོ། །དབྱེ་ན་ཉེར་བསྡོགས་དང་དངོས་གཞིའི་སྙོམས་འཇུག་གཉིས་སོ། །དང་པོ་ལ་ཉེར་བསྡོགས་སྤྱིའི་རྣམ་པར་བཞག་པ་དང༌། ཡང་སྲིད་འཕེན་བྱེད་ཀྱི་ཉེར་བསྡོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རང་རང་གི་དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་སྦྱོང་བར་བྱེད་པའི་དགེ་བ་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག མཉམ་པར་གཞག་པའི་སས་བསྡུས་པའོ། །དབྱེ་ན་ཞི་གནས་ཀྱི་ངོ་བོར་གྱུར་པ་དང༌། ལྷག་མཐོང་གི་ངོ་བོར་གྱུར་པའོ། །དེ་རེ་རེ་ལ་ཡང་དག་པ་བ་དང་ཟག་མེད་གཉིས་གཉིས་སུ་དབྱེར་ཡོད་ལ། དེ་ཡང་མཐོང་སྒོམ་མི་སློབ་ལམ་གསུམ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་རྟེན་གྱི་ཞི་གནས་ནི། དག་པ་བ་ཡིན་ལ། སྐྱེས་ཟིན་གནས་པའི་རྟེན་གྱི་ཞི་གནས་ནི་ཟག་མེད་དོ། །དེ་གཉིས་ཀ་ལ་ཡང་མི་ལྕོགས་མེད་པ་ཞེས་བྱ་ཞིང་གཉིས་ཀ་ཡང་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་ཡོད་ཀྱི། གཞན་ལ་མེད་དོ། །ལྷག་མཐོང་དག་པ་བ་ནི་འོག་ནས་འཆད་པའི་ཡིད་ལ་བྱེད་པ་བདུན་པོ་དག་ཡིན་ལ། ལྷག་མཐོང་ཟག་མེད་ནི་ཉེར་བསྡོགས་ལ་བརྟེན་པའི་ལམ་གསུམ་པོ་དེ་དག་གོ །ཉེར་བསྡོགས་ཕྱི་མ་རྣམས་ལ་ནི། དག་པ་བ་ཁོ་ན་ཡོད་ཀྱི། ཟག་མེད་མེད་དེ། ས་འོག་མའི་དངོས་གཞི་མ་ཐོབ་པར་གོང་མའི་ཉེར་བསྡོགས་མི་ཐོབ་ལ། དེ་ཐོབ་ནས་ནི་ལམ་སླ་བ་དངོས་གཞི་ལ་བརྟེན་པར་དབང་བཞིན་དུ། དཀའ་བ་ཉེར་བསྡོགས་ལ་བརྟེན་པ་དགོས་པ་མེད་པའི་ཕྱིར། ཞེས་མངོན་པ་བ་རྣམས་གསུང་ངོ༌། །གཉིས་པ་རྒྱུ་སྙོམས་འཇུག་དུ་གྱུར་པའི་ཉེར་བསྡོགས་བཤད་པ་ལ། མཚན་ཉིད་ནི་གོང་གི་རིགས་པས་ཤེས་པར་ནུས་ལ། དབྱེ་བ་ལ། མངོན་པ་འོག་མར་བར་ཆད་མེད་པའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུའི་རྣམ་གཞག་གསུང་ལ། མངོན་པ་གོང་མ་ལས་ནི། ཡིད་ལ་བྱེད་པ་བདུན་དུ་ཕྱེ་ནས་གསུངས་སོ། །དབྱེ་བའི་ལུགས་གཉིས་ཀ་ཡང་ལྷག་མཐོང་ཁོ་ནའི་དབང་དུ་བྱས་པ་དང༌། དེ་ཡང་ཉོན་ སྒྲིབ་ཀྱི་གཉེན་པོའི་དབང་དུ་བྱས་པ་ཡིན་གྱི། ཉེར་བསྡོགས་དག་པ་བ་ཙམ་གྱི་དབང་དུ་བྱས་པ་མིན་ཏེ། ཞི་གནས་ཀྱི་ངོ་བོར་གྱུར་པ་རྣམས་དང༌། སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་ཚུལ་ལ་མ་ཁྱབ་པའི་ཕྱིར། འོ་ན་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོར་གྱུར་པའི་ཞི་གནས་ཀྱི་ཉེར་བསྡོགས་དེ་གང་དུ་སྐྱེ་ཞེ་ན། ཡིད་བྱེད་བདུན་ནམ་བར་ཆད་མེད་པའི་ལམ་དགུའི་ཐོག་མ་དང༌། བར་བར་དང༌། དེ་དག་རྫོགས་པའི་འོག་ཏུ་ཡང་སྐྱེ་དགོས་པ་ཡིན་ཏེ། ཞི་གནས་སྔོན་དུ་མ་སོང་བར་ལྷག་མཐོང་མི་སྲིད་པའི་ཕྱིར་དང༌། ལྷག་མཐོང་ཆེ་ཆུང་གི་བར་དུ་ཡང༌། ཞི་གནས་ཀྱིས་ལྷག་མཐོང་ཕྱི་མ་རྣམས་བསྒྲུབ་དགོས་པའི་ཕྱིར་དང༌། ཉེར་བསྡོགས་ཀྱི་ལྷག་མཐོང་རྣམས་རྫོགས་ཟིན་པའི་འོག་ཏུ་དངོས་གཞི་ལ་འཇུག་པ་ཡང་ཉེར་བསྡོགས་ཀྱིས་བྱེད་དགོས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་བདུན་ནི། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐའ་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །དེར་གྲངས་ངེས་པའི་རྒྱུ་མཚན་ནི། ས་འོག་མའི་ཉོན་མོངས་སྤོང་བའི་ལམ་གྱི་རྒྱུ་དང༌། ངོ་བོ་དང་འབྲས་བུའི་དབང་དུ་བྱས་པ་ལས་སོ། །དང་པོ་ནི། ཡིད་ལ་བྱེད་པ་དང་པོ་གཉིས་དང༌། ལྔ་པའོ། །གཉིས་པ་ནི། གསུམ་པ། བཞི་པ། དྲུག་པ་རྣམས་ཏེ། ཉོན་མོངས་པ་ཆེ་འབྲིང་ཆུང་གསུམ་འཇོམས་པའི་གཉེན་པོ་ཡིན་པས་སོ། །གསུམ་པ་ནི་ཡིད་ལ་བྱེད་པ་བདུན་པའོ། །སོ་སོའི་ངོས་འཛིན་ནི། ཡིད་བྱེད་དང་པོ་ནི། ས་གོང་འོག་གི་སྐྱོན་ཡོན་རགས་པ་ཙམ་ཐོས་བསམ་གྱི་སྒོ་ནས་ཡིད་ལ་བྱེད་པ་ཞིག་ཡིན་ལ། འདི་ཉན་ཐོས་ཀྱི་ས་ལས། མཉམ་པར་མ་བཞག་པའི་སས་བསྡུས་པར་བཤད་ལ། འགྲེལ་པ་རྒྱལ་སྲས་མ་ལས། མཉམ་པར་བཞག་པའི་སས་བསྡུས་པར་བཤད་དོ། །དེ་ཡང་དང་པོ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཐོག་མར་སྐྱེ་བའི་དབང་དུ་བྱས་ལ། གཉིས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་ཀྱི་དབང་དུ་བྱས་པའོ། །འོ་ན་ཅི་ཞེ་ན། བསམ་གཏན་དང་པོའི་ཡིད་བྱེད་དང་པོ་དེ། མཉམ་པར་མ་བཞག་པའི་སས་བསྡུས་པས་ཁྱབ་བམ་སྙམ་ན། མིན་ཏེ། དེ་ལ་དེས་བསྡུས་མ་བསྡུས་གཉིས་འབྱུང་བའི་ཕྱིར་ཏེ། ཞི་གནས་སྔོན་དུ་མ་བཏང་བའི་ཡིད་བྱེད་དང་པོ་དང༌། དེ་སྔོན་དུ་བཏང་བའི་ཡིད་བྱེད་དང་པོ་གཉིས་འབྱུང་བས་སོ། །ཉེར་བསྡོགས་བརྒྱད་པོའི་ཡིད་བྱེད་དང་པོ་རྣམས་ཐོས་བསམ་འདྲེས་པར་འཆད་པ་འདི་ཡང༌། འདོད་པའི་རྟེན་ལ་སྐྱེ་བའི་དབང་དུ་བྱས་པ་ཡིན་གྱི། ཁམས་གོང་མ་གཉིས་ཀྱི་དབང་དུ་བྱས་ན། གཟུགས་ཁམས་ན་བསམ་བྱུང་མེད་ཅིང༌། གཟུགས་མེད་ན་ཐོས་བྱུང་ཡང་མེད་པས་དེའི་ཁྱད་པར་ཡང་ཕྱེ་དགོས་སོ། །འདི་ལ་གཞན་དག་ནི། བསམ་བྱུང་རྒྱུན་ཐུང་བ་ལ་དགོངས་པ་ཡིན་གྱི། གཟུགས་ཁམས་ན་བསམ་བྱུང་གཏན་མེད་པ་ནི་མིན་ཏེ། གཟུགས་ཁམས་ཀྱི་བྱང་སེམས་སྒོམ་ལམ་པས་མཐོང་བའི་དོན་ལ་སེམས་པར་བྱེད་པའི་ཕྱིར། ཞེས་གསུང་ངོ༌། །མོས་པ་ཡིད་བྱེད་ནི། ཐོས་བསམ་དེ་ལས་འདས་ཏེ། ཞི་རགས་ཀྱི་མཚན་མ་ལ་གསལ་སྣང་ཐོབ་པའི་ཤེས་རབ་བོ། །རབ་ཏུ་དབེན་པ་ཡིད་བྱེད་ནི། ཡིད་བྱེད་གཉིས་པ་རྫོགས་ཤིང༌། བཞི་པ་མ་སྐྱེས་པའི་བར་དེར་འདོད་པའི་ཉོན་མོངས་ཆེན་པོ་གསུམ་སྤོང་བར་བྱེད་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དགའ་བ་བསྡུད་པ་ནི། ཉོན་མོངས་ཆེན་པོ་གསུམ་སྤངས་པའི་དགའ་བདེ་ཆེན་པོས་རེག་ཅིང༌། ཉོན་མོངས་འབྲིང་པོ་གསུམ་སྤོང་བའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དཔྱོད་པ་ཡིད་ལ་བྱེད་པ་ནི། ཡིད་བྱེད་བཞི་པ་དང་དྲུག་པའི་བར་དེར་ཉོན་མོངས་པ་ལྷག་མ་སྤངས་མ་སྤངས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཉོན་མོངས་སྐྱེ་བ་དང་རྗེས་མཐུན་གྱི་མཚན་མ་ཡིད་ལ་བྱས་ནས་སོ་སོར་རྟོག་པའོ། །སྦྱོར་བ་མཐའི་ཡིད་བྱེད་ནི་དེ་ལྟར་བཏགས་པས། ཉོན་མོངས་ཆུང་ངུ་མ་སྤངས་པར་ཤེས་ནས་དེ་སྤོང་བའི་གཉེན་པོ་ཡིད་ལ་བྱེད་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །བདུན་པ་ནི་དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་མངོན་དུ་བྱས་པའོ། །སྦྱོར་དངོས་གཉིས་ཀ་ཡིད་བྱེད་བདུན་གྱིས་བསྡུས་པར་འཆད་པ་ནི། ཉན་སའི་དགོངས་པ་ཡིན་པས་དེའི་ཚེ་དངོས་གཞི་ཡང་ཡིད་བྱེད་བདུན་པའི་ནང་དུ་ཚུར་བསྡུ་བ་ཡིན་མོད། ཡིད་བྱེད་བདུན་པ་ལ་དེས་ཁྱབ་པ་ནི་མིན་ཏེ། བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་དགུ་པ་རྣམས་དངོས་གཞི་ནི་མ་ཡིན་ལ། ཡིད་བྱེད་བདུན་པར་མི་འཇོག་ན། དེ་ལས་གཞན་གང་དུ་ཡང་བསྡུ་ས་མེད་པའི་ཕྱིར་རོ། །ཡང་བསམ་གཏན་གཉིས་པ་ཡིན་ན། ས་དེ་བསྡུས་ཀྱི་དཔྱོད་པ་མེད་ཅིང༌། གསུམ་པ་ཡན་ན་དགའ་བ་མེད་པས། དཔྱོད་པ་ཡིད་བྱེད་དང༌། དགའ་བ་བསྡུད་པ་ཡིད་བྱེད་ནི་ས་དེ་དང་དེ་ཡན་ཆད་ནས། རྗེས་མཐུན་པ་ཙམ་ལ་འཆད་དོ། །ཡིད་ལ་བྱེད་པ་བདུན་པོ་དེ་དག་ལམ་བཞིར་འདུས་པ་ཡིན་ཏེ། ཡིད་བྱེད་དང་པོ་གཉིས་སྦྱོར་བའི་ལམ་གྱིས་བསྡུས། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐའ་ཡིད་ལ་བྱེད་པ་གཉིས་ནི། བར་ཆད་མེད་པའི་ལམ་གྱིས་བསྡུས། དགའ་བ་བསྡུད་པ་ནི་ལམ་བཞི་ཅར་གྱིས་བསྡུས། དཔྱོད་པ་ཡིད་བྱེད་ནི་ཁྱད་པར་གྱི་ལམ་གྱིས་བསྡུས། སྦྱོར་བ་མཐའི་འབྲས་བུ་ཡིད་བྱེད་ནི། རྣམ་གྲོལ་ལམ་གྱིས་བསྡུས་པ་ཡིན་ནོ། །ཞེས་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་ངོ༌། །འོ་ན་ཅི། ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་དག་པ་བ་ཇི་སྙེད་པ་ཡིད་བྱེད་བདུན་པོ་དེར་འདུས་སམ་སྙམ་ན། མིན་ཏེ། ཉོན་མོངས་པ་ཆེན་པོ་དང༌། འབྲིང་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡང་དེ་དག་གི་བར་བར་དུ་སྐྱེ་བའི་ཕྱིར་རོ། །འོ་ན་ཉེར་བསྡོགས་ཀྱི་མཐའི་རྣམ་གྲོལ་ལམ་དགུ་པ་དེ་ཉེར་བསྡོགས་སམ། དངོས་གཞིར་འདོད་ཅེ་ན། ཁ་ཅིག་ན་རེ། ས་འོག་མ་ལ་འདོད་ཆགས་དང་བྲལ་ཟིན་པས་དངོས་གཞིར་གཏོགས་སོ་ཞེས་གསུང་ཡང༌། དེར་མ་ངེས་ཏེ། གཉེན་པོའི་ཡན་ལག་གིས་འོག་ས་ལ་འདོད་ཆགས་དང་བྲལ་ཡང༌། ཕན་ཡོན་གྱི་ཡན་ལག་དང་མི་ལྡན་ན་དངོས་གཞིར་བཞག་དཀའ་བའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། བསམ་གཏན་དང་པོ་གསུམ་གྱི་སྐབས་སུ། ས་འོག་མ་ལ་ཆགས་བྲལ་བྱས་ཟིན་ཅིང༌། དངོས་གཞིའི་ཡན་ལག་དགའ་བདེ་གང་རུང་མ་ཐོབ་པའི་བར་དེར་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་ཞིག་གནས་ཞིག་གིས། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་ནས། དངོས་གཞིའི་ཚོར་བ་དགའ་བདེ་གང་རུང་དུ་དབང་པོ་འཕོ་བར་བྱེད་པའི་ལམ་གྱིས་དེར་འཇུག་དགོས་པ་ཡིན་ནོ། །བཞི་པ་ཡན་ཆད་ལ་ནི། འོག་ས་ལ་ཆགས་པ་དང་བྲལ་བ་དང༌། དངོས་གཞིའི་ཡན་ལག་ཐོབ་པ་དུས་མཉམ་པ་ཡིན་ཏེ། དེ་ཡན་ཆད་ཀྱི་ཉེར་བསྡོགས་དང་དངོས་གཞི་གཉིས་ལ། ཚོར་བའི་དབང་པོ་མི་འདྲ་བའི་ཁྱད་པར་མེད་པས་སོ། །དེ་སྐད་དུ་ཡང་མཛོད་ལས། ས་གསུམ་ལས་རྒྱལ་བསམ་གཏན་ནི། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མའི་ཉེར་བསྡོགས་ལས་མ་ཡིན། །ཞེས་གསུངས་པས་སོ། །འོ་ན་ཉེར་བསྡོགས་ཀྱིས་ས་འོག་མའི་ཉོན་མོངས་སྤོང་བར་བྱེད་དོ་ཞེས་ཐམས་ཅད་ལ་ཐུན་མོང་དུ་གྲགས་ན། དེས་སྤོང་རྒྱུའི་ཉོན་མོངས་པ་དེ་གང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ལྟར་ན། ཉེར་བསྡོགས་གོང་མ་གོང་མ་རྣམས་ཀྱིས་ས་འོག་མ་འོག་མ་རྣམས་ཀྱི་མཐོང་སྤངས་དང༌། སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་གཉིས་ཀ་སྤོང་བར་འདོད་པ་ཡིན་ཏེ། ཇི་སྐད་དུ། སྲིད་རྩེ་ལས་སྐྱེ་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་བསྒོམ་གཉིས་ཀྱི། །བཟོད་པས་གཞོམ་མིན་བསྒོམ་ཁོ་ནས། །ཞེས་བཤད་དོ། །མདོ་སྡེ་པ་དང༌། མངོན་པ་གོང་མའི་ལུགས་ཀྱི་ཉེར་བསྡོགས་ཀྱིས་ས་འོག་མའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་སྤོང་བ་ཡིན་ལ། མཐོང་སྤངས་ནི་མིན་ཏེ། སྤྱིར་སྒོམ་ལམ་གྱིས་མཐོང་སྤངས་མི་སྤོང་བའི་ཕྱིར་དང༌། བྱེ་བྲག་ཏུ་བདེན་པའི་རྣམ་པ་ཅན་གྱི་ལམ་མ་ཡིན་པས། མཐོང་སྤངས་སྤོང་བར་མི་ནུས་པའི་ཕྱིར་རོ། །དེ་ཡང་དང་པོའི་ཉེར་བསྡོགས་ཀྱིས་འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་མཐའ་དག་སྤོང་བ་ནི་མིན་ཏེ། ཟག་པ་མེད་པའི་སྒོམ་ལམ་ཁོ་ནའི་སྤང་བྱར་གྱུར་པའི་ཉོན་མོངས་པ་རྣམས་སྤོང་མི་ནུས་པའི་ཕྱིར། དཔེར་ན། འཇིག་མཐར་ལྷན་སྐྱེས་དང༌། ཉོན་མོངས་པ་ཅན་གྱི་ཡིད་བཞིན་ནོ། །འོ་ན་འཇིག་རྟེན་པའི་ལམ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་པ་དེ་གང་ལ་བྱ་ཞེ་ན། སྤྱིར་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་རིགས་དྲུག་སྟེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ། འཇིག་མཐར་ལྷན་སྐྱེས་གཉིས་ཏེ་དྲུག་གོ །དེ་དག་ལས་ལྷན་སྐྱེས་གཉིས་དང༌། མ་རིག་པ་དང༌། ང་རྒྱལ་སྟེ་བཞི་པོ་ནི་འདིས་སྤོང་བ་མིན་ཏེ། དེ་དག་གི་འགལ་ཟླར་མ་གྲུབ་པའི་ཕྱིར་ཏེ། དེ་དག་དང་འཛིན་སྟངས་མི་འགལ་བའི་ཕྱིར་དང༌། དེ་དག་ནི་ཟག་མེད་ལམ་གྱི་སྤང་བྱ་ཁོ་ནར་ངེས་པའི་ཕྱིར། འོ་ན་གང་ཞེ་ན། འདོད་པ་ལ་འདུན་པ་དང་རྣམ་འཚེ་གཉིས་སོ། །དེ་གཉིས་པོ་ལ་ཆུང་འབྲིང་དགུར་ཕྱེ་ནས་སྤོང་ལ། དེ་དག་ལ་འདོད་པའི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བའི་ནུས་པ་རེ་ཤིག་མེད་པར་བྱས་ཤིང༌། ཁྱད་པར་དུ་འདོད་པར་སྐྱེས་ནས་མྱོང་འགྱུར་གྱི་ལས་ཀུན་སློང་གི་ནུས་པ་རེ་ཤིག་མགོ་མནན་པ་དེའི་ཚེ། འདོད་ཉོན་དགུ་པ་སྤངས་པ་ཞེས་བྱ་བ་དང༌། འདོད་པ་ལ་ཆགས་བྲལ་བྱས་པ་ཞེས་བྱ་བའི་མིང་གི་བཏགས་པ་ཡིན་ནོ། །དེ་བཞིན་དུ་ཁམས་གོང་མ་རྣམས་ལ་ཡང༌། གོང་མ་གོང་མའི་ཉེར་བསྡོགས་ཀྱིས་འོག་མ་འོག་མའི་འདོད་ཆགས་ཁོ་ན་སྤོང་བར་བྱེད་པ་ཡིན་ལ། འདོད་ཆགས་ལ་ཡང་ཁ་ནང་དུ་བལྟས་པ་བདག་ལ་ཆགས་པ་དང༌། ཕྱི་རོལ་ཏུ་བལྟས་པ་ཕྱིའི་ལུས་དང་ལོངས་སྤྱོད་ལ་ཆགས་པ་གཉིས་ལས། དང་པོ་ནི་ཉེར་བསྡོགས་ཀྱི་སྤང་བྱའི་གཙོ་བོ་མ་ཡིན་ཏེ། དེས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བར་མི་བྱེད་པའི་ཕྱིར། དེ་ནི་བདེན་མེད་རྟོགས་པའི་ཡེ་ཤེས་ཁོ་ནའི་སྤང་བྱའོ། །དེའི་ཕྱིར་ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་དགུ་པའི་ཚེ་ས་འོག་མ་ལ་ཆགས་བྲལ་བྱས་པ་དང༌། ས་འོག་མའི་ཉོན་མོངས་དགུ་པ་སྤངས་པའི་ཐ་སྙད་བྱེད་ཀྱང༌། ས་འོག་མའི་ཉོན་མོངས་མ་ལུས་པ་སྤངས་པ་ཞེས་བྱ་བའི་ཐ་སྙད་མི་བྱེད་དོ། །བོད་ཕྱི་མ་ཁ་ཅིག་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཙམ་པོ་དེས་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་མ་གཏོགས་པའི་ས་དེས་བསྡུས་ཀྱི་ཉོན་མོངས་མ་ལུས་པར་སྤངས་པར་ཁས་ལེན་པ་ཡིན་ནོ། །ཞེས་པའི་ཞིབ་ཆ་བྱེད་པ་དག་སྣང་མོད། དེ་ལྟར་འདོད་པ་དེ་ནི་དགྲ་བཅོམ་མ་ཐོབ་ཀྱི་བར་དུ་ཉོན་ཡིད་སྤངས་པ་མི་འབྱུང་བ་དང༌། གང་ཟག་དེའི་རྒྱུད་ཀྱི་ཉོན་ཡིད་དེ། ལུས་རྟེན་གང་དུ་གཏོགས་པ་དེར་གཏོགས་པ་ཡིན་ཞེས་པ་ཙམ་ཞིག་རྒྱུ་མཚན་དུ་བྱས་པ་ཡིན་པས། རྒྱུ་མཚན་ཕྱོགས་རེ་བ་ཙམ་ཡིན་གྱི། ཕུགས་ཀྱི་དོན་གོ་བའི་གཏམ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་འོག་མ་ལ་ཆགས་བྲལ་བྱས་པ་དང༌། ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ནི་ས་འོག་མའི་ཉོན་མོངས་གང་ཡིན་ཐམས་ཅད་ལ་བྱེད་པ་མ་ཡིན་ཏེ། ཡིད་ཤེས་འཁོར་གྱི་མ་རིག་པ་དང༌། ང་རྒྱལ་དང་འཇིགས་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པ་ལྟ་བུ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་མི་འགྲོ་བ་རྣམས་དེ་དང་དེ་དག་གི་སྤང་བྱའི་གཙོ་བོ་མ་ཡིན་པའི་ཕྱིར་དང༌། དེ་དང་དེ་དག་གི་སྤང་བྱའི་གཙོ་བོ་གཙོ་བོ་ནི་ཁམས་དང་ས་འོག་མ་འོག་མར་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་ངེས་པར་དགོས་པའི་ཉོན་མོངས་པ་དེ་དག་ལ་བྱ་བ་ཡིན་པའི་ཕྱིར། ཕྱིར་མི་འོང་དུ་འཇོག་བྱེད་ཀྱི་གཙོ་བོ་ནི་གང་ལ་ཆགས་བྲལ་བྱས་པའི་ས་འོག་མ་དེར་མི་འོང་བ་ལ་འཆད་པའི་ཕྱིར་རོ། །ཇི་སྐད་དུ། རྣམ་འགྲེལ་ལས། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲེད་པ་ཉིད་བཤད་པ། །རྒྱུ་ནི་འཕེན་པར་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །ཞེས་གསུངས་པ་དང༌། མངོན་པ་ཀུན་ལས་བཏུས་ལས་ཀྱང༌། །ཅིའི་ཕྱིར་གཙོ་བོ་ཞེས་བྱ་ཞེ་ན། འགྲོ་བ་ཐ་མའི་རྒྱུ་ཡིན་པ་དང༌། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་ཕྱིར་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་དང༌། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་རིམ་གྱིས་པའི་ཕྱིར་མི་འོང་གཉིས་ཀས་ཀྱང༌། འདོད་པ་ལ་འདུན་པ་དང༌། རྣམ་འཚེ་གཉིས་ཀྱི་དབང་དུ་བྱས་པའི་འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་ཉོན་མོངས་སྤངས་པ་ཙམ་ཡིན་གྱི། ས་དེ་བསྡུས་ཀྱི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་དང༌། འཇིག་ལྟ་སོགས་གང་ཡང་སྤངས་པ་མ་ཡིན་ཏེ། དེ་སྤོང་བྱེད་ཀྱི་གཉེན་པོ་རྒྱུད་ལ་མ་སྐྱེས་པའི་ཕྱིར། རིམ་གྱིས་པའི་ཕྱིར་མི་འོང་ལམ་ཟག་མེད་ཀྱིས་ཐོབ་པ་དེས་ནི། ཉོན་ཡིད་འཁོར་བཅས་མ་གཏོགས་པ། ཡིད་ཤེས་འཁོར་དུ་བྱུང་བའི་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་མ་ལུས་པ་སྤངས་པ་ཡིན་ཏེ། དེའི་གཉེན་པོ་རྫོགས་པར་སྐྱེས་པའི་ཕྱིར། འོ་ན་ཅི། བསམ་གཏན་དང་པོའི་ཉེར་བསྡོགས་ལ། མི་ལྕོགས་པ་མེད་པ་ཞེས་བྱ་ན། དག་པ་བའམ། ཟག་མེད་གང་ལ་དེ་ཞེས་བྱ་ཞེ་ན། གཞན་དག་ནི་མཛོད་ལས། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལ་ནི་འདོད་ཆགས་བྲལ། །ཞེས་གསུངས་པས། དང་པོའི་ཉེར་བསྡོགས་ཟག་མེད་ལ་དེ་ཞེས་འཆད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དེ་ལྟར་བཤད་ན། ཉེར་བསྡོགས་ལ་བརྟེན་པའི་སྒོམ་ལམ་ཟག་མེད་དེ། མི་ལྕོགས་མེད་པར་འཇོག་བྱེད་དུ་སོང་གི དང་པོའི་ཉེར་བསྡོགས་ལ། དེར་འཇོག་བྱེད་དུ་མ་སོང་བའི་ཕྱིར། དེ་བས་ན་དང་པོའི་ཉེར་བསྡོགས་ལ་ཞི་གནས་དང་ལྷག་མཐོང་གཉིས་ལས། ཞི་གནས་དེ་རང་ལྡོག་ནས་ས་འོག་མ་དང་གོང་མ་གང་གི་ཡང་གཉེན་པོ་མ་ཡིན་མོད། དེ་ལ་བརྟེན་པའི་ལྷག་མཐོང་ནི་ས་གོང་འོག་ཀུན་གྱི་གཉེན་པོར་རུང་བའི་ཕྱིར། རྟེན་ཞི་གནས་དེ་ཡང་མི་ལྕོགས་པ་མེད་པ་ཞེས་བྱའོ། །དཔེར་ན་རྟ་བཟང་པོ་ལ་བརྟེན་པའི་མི་དེ་དང་དེས་བྱ་བ་མང་པོ་བྱས་པ་ལ། རྟ་ལྕོགས་པ་ཆེ་བར་འཇོག་པ་བཞིན། ཡང་སྐབས་འདིར། ཆོས་མངོན་པ་བ་དག་ཉེར་བསྡོགས་རྣམས་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཁོ་ན་ཡིན་གྱི། ཡན་ལག་གིས་མ་ཟིན་པས་ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་མ་ཡིན། མི་མཐུན་ཕྱོགས་འཇོམས་པ་ལ་རྩོལ་བ་དང་བཅས་པའི་ཕྱིར། མཐོང་ཆོས་ལ་བདེ་བར་གནས་པའི་ལམ་མ་ཡིན་ནོ། །དངོས་གཞིའི་ཟག་བཅས་རྣམས་ནི་མཐོང་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་ཡིན་གྱི། འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་མ་ཡིན་ཏེ། འོག་ས་ལས་བྲལ་ཟིན་པའི་ཕྱིར་དང༌། རང་སའི་སྲེད་པས་བཅིངས་པའི་ཕྱིར་དང༌། གོང་ས་ལས་དམན་པའི་ཕྱིར། དངོས་གཞི་ཟག་མེད་རྣམས་ནི་གསུམ་ཀ་ཡིན་ཏེ། རང་ས་དང་འོག་སའི་གཉེན་པོ་བྱེད་པའི་ཕྱིར། ཞེས་གསུངས་པ་དེ་ཡང་ཞིབ་མོར་ཕྱེ་ན། ཉེར་བསྡོགས་ལ་ཆགས་བྲལ་བྱས་པའི་ཁྱབ་པ་མ་ངེས་ཏེ། གཟུགས་མེད་ཀྱི་ཉེར་བསྡོགས་སྤོང་ལམ་གསལ་ནས་ཁྱད་པར་གྱི་ལམ་ལ་གནས་པ་འགའ་ཞིག་ཡོད་པར་ཁས་ལེན་དགོས་པའི་ཕྱིར་དང༌། ཉེར་བསྡོགས་ཀྱི་ངོ་བོར་གྱུར་བའི་རྣམ་པར་གྲོལ་བའི་ལམ་དགུ་དང༌། ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་རྣམས་དེ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་དེ་དེ་མིན་ཏེ། དཔེར་ན་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་རྒྱུད་ཀྱི་བསམ་གཏན་དང་པོའི་ཉེར་བསྡོགས་བཞིན་ནོ། །དེ་ལས་གཞན་དུ་ན། དེ་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པར་འགྱུར་ཏེ། དེའི་རྒྱུད་ལ་འདོད་ཉོན་སྤོང་བར་བྱེད་བཞིན་པའི་ལམ་ཡོད་པའི་ཕྱིར། ཡང་གོང་མའི་ཉེར་བསྡོགས་སུ་གྱུར་པའི་བར་ཆད་མེད་ལམ་གང་ཡིན་ཐམས་ཅད། ས་འོག་མ་ལ་ཆགས་བྲལ་བྱེད་བཞིན་པའི་ཁྱབ་པ་ཡང་མ་ངེས་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ངོ་བོར་གྱུར་པའི་མཐོང་ལམ་བར་ཆད་མེད་ལམ་བཞིན་ནོ། །དེ་ཡང་ཞིབ་མོར་བྱེད་ན། རྗེས་བཟོད་ལ་སྦྱར་རོ། །དེའི་ཕྱིར་རམ་རྒྱུ་མཚན་གྱིས་མཐོང་ཆོས་ལ་བདེ་བར་གནས་པའི་ལམ་མ་ཡིན་པའི་ཁྱབ་པ་ཡང་མེད་དོ། །དེའི་ཤེས་བྱེད་ཀྱང༌། དངོས་གཞིའི་སྙོམས་འཇུག་ཟག་མེད་བར་ཆད་མེད་ལམ་དུ་གྱུར་པ་རྣམས་ཀྱང༌། མི་མཐུན་ཕྱོགས་སྤོང་བའི་རྩོལ་བ་དང་བཅས་པའི་ཕྱིར། དེ་མིན་པར་ཐལ་བར་འགྱུར་བས་སོ། །དེ་ལྟར་ན། དེ་མ་ཡིན་པའི་ཤེས་བྱེད་ནི། དངོས་གཞིའི་ཡན་ལག་རྣམས་དང་མི་ལྡན་པའི་ཕྱིར། ཞེས་བཤད་ན་ལེགས་པ་ཡིན་ནོ། །དེ་བཞིན་དུ་ཉེར་བསྡོགས་དག་པ་བ་མི་མཐུན་ཕྱོགས་ཀྱི་སྤོང་གཉེན་དུ་གྱུར་པ་རྣམས། ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་མ་ཡིན་ཀྱང༌། དེ་ལས་གཞན་རྣམ་པར་གྲོལ་བའི་ལམ་དང༌། ཞི་གནས་ཀྱི་ངོ་བོར་གྱུར་པ་རྣམས་ནི་དེར་རུང་བ་ཡིན་ཏེ། ཟག་མེད་ཀྱི་ཡོན་ཏན་མཐོང་སྒོམ་སོགས་མངོན་པར་བསྒྲུབ་པའི་ལམ་དུ་རུང་བའི་ཕྱིར་རོ། །དངོས་གཞི་ཟག་བཅས་རྣམས་ཀྱིས་རང་ས་དང༌། གོང་སའི་གཉེན་པོ་མི་བྱེད་ཅེས་པ་ཡང༌། ཉོན་མོངས་པའི་གཉེན་པོ་ལ་འཆད་པ་ཡིན་གྱི། སྙོམས་འཇུག་གི་སྒྲིབ་པ་ནི་དེས་སྤོང་བ་ནི་ཡོད་དེ། བསམ་གཏན་པའི་དངོས་གཞི་དག་པ་བ་ལ་བརྟེན་ནས། རྣམ་ཐར་དང༌། ཟད་པར་དང༌། ཟིལ་གནོན་སོགས་བསྒྲུབ་པའི་ཚེ་བཞིན་ནོ། །འདིར་ཡིད་བྱེད་བདུན་དུ་ཕྱེ་བ་དེ་ནི། ཉེར་བསྡོགས་ཁོ་ནའི་དབང་དུ་བྱས་པ་མིན་ཏེ། ཉེར་བསྡོགས་དང་དངོས་གཞི་གཉི་ཀ་དེས་བསྡུས་པར་ཉན་ས་དང༌། བསྡུ་བ་ལས་གསལ་བའི་ཕྱིར་རོ། །གཉིས་པ་ཉེར་བསྡོགས་ཟག་མེད་ལ། མཚན་ཉིད་ནི། དེའི་མཚན་ཉིད་གཞིར་བྱས་པ་ལ། བདག་མེད་མངོན་སུམ་དུ་མཐོང་བའི་ལམ་གྱི་ངོ་བོར་སྐྱེས་པའོ། །བདེན་པའི་རྣམ་པ་ཅན་ཡིན་པ་ཙམ་དང༌། གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་མི་ཆོག་སྟེ། ཉེར་བསྡོགས་ལ་བརྟེན་པའི་ངེས་འབྱེད་ཆ་མཐུན་བཞིན་ནོ། །འདི་ལ་མཐོང་སྒོམ་མི་སློབ་ལམ་གྱི་དབྱེ་བས་གསུམ་མམ། ནང་ཚན་སོ་སོའི་དབྱེ་བ་ནི། ལམ་གསུམ་པོ་དེ་ལ་དབྱེ་བ་ཇི་སྙེད་ཡོད་པ་དེ་སྙེད་དོ། །འདི་ལ་ཡིད་བྱེད་བདུན་དང༌། བར་ཆད་མེད་ལམ་དང༌། རྣམ་པར་གྲོལ་བའི་ལམ་དགུ་དགུར་འབྱེད་པའི་ངེས་པ་མེད་དེ། ཡིད་བྱེད་བདུན་ནི་དག་པ་བ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་དང༌། བར་ཆད་མེད་ལམ་དགུ་སོགས་ནི། འཇིག་རྟེན་པའི་ལམ་གྱིས་ས་འོག་མའི་ཉོན་མོངས་སྤོང་བའི་དབང་དུ་བྱས་པའི་ཕྱིར་དང༌། མི་སློབ་པའི་ལམ་གང་ལ་བརྟེན་པའི་ཉེར་བསྡོགས་ལ་དེ་འདྲའི་དབྱེ་བ་འོང་བའི་དོན་མེད་པའི་ཕྱིར། འོ་ན་ཅི། ཉེར་བསྡོགས་ནི་ཞི་གནས་ཡིན་ལ། ཟག་མེད་ནི་ལྷག་མཐོང་ཡིན་པས་དེའི་ངོས་འཛིན་དེ་ལྟར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། རྟེན་བརྟེན་པར་འཇོག་པའི་ཚེ། བརྟེན་པ་དེ་རྟེན་དེའི་ངོ་བོར་སྐྱེས་པའི་སྒོ་ནས་ལྡོག་པས་འབྱེད་པ་ཙམ་མ་གཏོགས་ངོ་བོ་དབྱེར་མི་ཕྱེད་པའི་ཕྱིར། གཉིས་པ་དངོས་གཞི་ལ། དངོས་གཞི་ཙམ་གྱི་རྣམ་གཞག་དང༌། རྒྱུའི་སྙོམས་འཇུག་གི་དངོས་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བོད་ཕྱི་མ་དག ས་འོག་མ་ལ་ཆགས་བྲལ་བྱས་པས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་ཡིན་པ་ཙམ་གྱིས་དངོས་གཞིར་འཇོག་ནུས་པ་ཡིན་ནོ། །སྙམ་དུ་སེམས་པ་དེ་ནི་མིན་ཏེ། དེ་ལ་ཆགས་བྲལ་བྱས་ཀྱང༌། དངོས་གཞིའི་ཡན་ལག་ཏུ་དགོས་པའི་ཕན་ཡོན་གྱི་ཡན་ལག་རྣམས་དང་མི་ལྡན་པ་དུ་མ་ཡོད་པའི་ཕྱིར་དང༌། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པ་དེའི་རྒྱུད་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཀ་སྐྱེས་པར་ཐལ་བའི་ཕྱིར་དང༌། དགུ་པོ་ཐམས་ཅད་མ་སྐྱེས་སུ་ཆུག་ཀྱང༌། དེའི་རྒྱུད་ལ་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་སྐྱེས་པར་ཐལ། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཡིན་ཞེ་ན། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པ་དེས། ཁམས་གསུམ་ཀ་ལ་ཆགས་བྲལ་བྱས་ཀྱང༌། དང་པོའི་དངོས་གཞི་ཙམ་ཡང་རྒྱུད་ལ་མ་སྐྱེས་ཏེ། དེ་སྐྱེ་བ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར། དེ་ཇི་ལྟར་སྤོང་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་དག་པ་བ་ཞི་གནས་ཀྱི་ངོ་བོར་གྱུར་པ་དེས། དང་པོ་ལ་འཇུག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤངས་ནས། དེ་མངོན་དུ་བྱེད་དོ། །དེའི་འོག་ཏུ་གཉིས་པའི་ཉེར་བསྡོགས་དེ་འདྲ་དེ་དང༌། གསུམ་པའི་ཉེར་བསྡོགས་དེ་འདྲ་དེས། དེ་དང་དེ་སྤངས་ནས་དེའི་དངོས་གཞི་མངོན་དུ་བྱེད་དོ། །མཛོད་ནས་བཤད་པ་ལྟར་ན། འདིས་བསམ་གཏན་བཞི་པའི་དངོས་གཞི་སོགས་ལྷག་མ་རྣམས་ལ་འཇུག་པའི་ཚེ། དེ་དང་དེའི་ཉེར་བསྡོགས་ལ་བརྟེན་མི་དགོས་པ་ལྟ་བུར་བཤད་ལ། འོན་ཀྱང་ས་འོག་མའི་ཉོན་མོངས་སྤངས་ཀྱང༌། གོང་མའི་དངོས་གཞི་ལ་འཇུག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་སྒྲིབ་པ་རེ་རེ་ཁས་ལེན་དགོས་པ་ནི་ཆོས་མངོན་པའི་སྤྱི་ལུགས་ལས་གསལ་བས། དེ་དག་གི་ཚེ་ཡང་བར་བར་དུ་ཉེར་བསྡོགས་རེ་རེ་ཁས་བླང་བར་བྱའོ། །འོ་ན་སྙོམས་འཇུག་གི་སྒྲིབ་པ་ཅི་ལྟ་བུ་ཞེ་ན། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་ནས། དངོས་གཞིའི་ཚོར་བ་བཏང་སྙོམས་སུ་དབང་པོ་འཕོ་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་དེའོ། །དེ་ལས་གཞན་དུ་ན། བསམ་གཏན་བཞི་པའི་ཉེར་བསྡོགས་ནས་ནམ་མཁའི་དངོས་གཞི་ལ་འཇུག་པ་དེའི་ཚེ་ཡང༌། ཉེར་བསྡོགས་གཞན་བརྒྱུད་མི་དགོས་པར་འགྱུར་ལ། དེ་ལྟ་ན་ས་འཕོ་མི་དགོས་པར་ཡང་འགྱུར་རོ། །དངོས་གཞི་བརྒྱད་པོའི་བར་དུ། ཉེར་བསྡོགས་རེ་རེས་ཆོད་དགོས་པ་འདི་ཡང་དང་པོར་བསྐྱེད་པའི་དབང་དུ་བྱས་པ་ཡིན་གྱི། ཕྱིས་ནི་དེ་ལྟར་དགོས་པ་མ་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་ཟིན་པ་དེའི་ཚེ། དངོས་གཞི་ནས་དངོས་གཞིར་འཇུག་ནུས་པའི་ཕྱིར་རོ། །དེ་ལྟར་ན་ས་འོག་མ་ལ་ཆགས་བྲལ་བྱས་པ་ཙམ་གྱིས་གོང་མའི་དངོས་གཞི་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཞེས་ཟེར་བ་འདི་ནི་མཛོད་དུ། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་ཐོབ། །ཅེས་གསུངས་པ་དེར་འདོད་པ་ལ་ཆགས་བྲལ་བྱས་ཙམ་གྱི་ཚེ་ན། དང་པོའི་དངོས་གཞི་ཐོབ་པར་བཤད་པས་འཁྲུལ་པ་ཡིན་ལ། དེ་ལྟར་བཤད་པ་དེ་ནི། དེའི་ཐོབ་པ་རྒྱུད་ལ་སྐྱེས་པའི་དོན་ཡིན་གྱི། དེ་སྐྱེས་པའི་དོན་མ་ཡིན་ཏེ། ཇི་སྐད་དུ། དུས་གསུམ་པའི་རྣམ་པ་གསུམ། །ཞེས་བཤད་པ་ལྟར་ཐོབ་བྱའི་ཆོས་མ་འོངས་པའི་ཐོབ་པ་སྔར་སྐྱེ་བ་ཡང་ཡོད་པའི་ཕྱིར་དང༌། ཇི་སྐད་དུ། བསམ་གཏན་སྡོམ་དང་ལྡན་པ་ནི། རྟག་ཏུ་འདས་ལྡན་ཞེས་ཀྱང་བཤད་པའི་ཕྱིར་རོ། །ཡང་བོད་ཕྱི་མ་ཕལ་ཆེ་བའི་བསམ་པ་ལ། གོང་མའི་དངོས་གཞི་ཐོབ་ན། ས་འོག་མ་ལ་ཆགས་བྲལ་བྱས་པས་ཁྱབ་པར་ཁས་ལེན་ནུས་སོ་སྙམ་དུ་སེམས་པ་དེ་ཡང༌། རྣམ་པར་དབྱེ་དགོས་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་དེ་ལྟར་དུ་ཡིན་ཀྱང༌། མངོན་པ་གོང་མའི་ལུགས་ལ་དེ་ལྟར་དུ་མི་འཆད་པའི་ཕྱིར། འོ་ན་ཇི་ལྟར་འཆད་ཅེ་ན། བསམ་གཏན་གྱི་དངོས་གཞི་ལ་ནི་དེ་ལྟར་འཆད་དགོས་ཀྱང༌། གཟུགས་མེད་ཀྱི་དངོས་གཞི་ལ་དེ་ལྟར་མི་འཆད་དོ། །དེའི་ཁྱད་པར་ཡང༌། བསམ་གཏན་རྣམས་ནི་ཡན་ལག་མི་འདྲ་བས་ཁྱད་པར་དུ་བྱས་པ་ཡིན་པས། ཡན་ལག་སྔ་མ་སྔ་མ་མ་སྤངས་པར་ཕྱི་མ་མི་ཐོབ་ལ། གཟུགས་མེད་རྣམས་ནི་དམིགས་རྣམ་གྱིས་རབ་ཏུ་ཕྱེ་བ་ཡིན་པས། དམིགས་རྣམ་སྔ་མ་སྔ་མ་རྣམས་བོར་བ་ཙམ་གྱིས་ཕྱི་མ་མངོན་དུ་བྱེད་ནུས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། བསམ་གཏན་གྱི་ཉེར་བསྡོགས་ཀྱི་ནང་ན་ནི། རྟོག་དཔྱོད་དང༌། ནང་རབ་ཏུ་དྭང་བ་སོགས་ས་འོག་མའི་གཉེན་པོར་ཡོད་པ་ཁོ་ནར་ངེས་ལ། གཟུགས་མེད་ཀྱི་ཉེར་བསྡོགས་ན་ནི་རང་གི་དངོས་གཞི་དང་མཐུན་པའི་དམིགས་རྣམ་ཡིད་ལ་བྱེད་པ་ཡིན་གྱི་ས་འོག་མའི་གཉེན་པོ་ཡིད་ལ་བྱེད་པའི་ངེས་པ་མེད་པའི་ཕྱིར། ཇི་ལྟར་ཞེ་ན། གཟུགས་མེད་ཀྱི་ཉེར་བསྡོགས་ནི་རིམ་པ་བཞིན་དུ། ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པ་དང༌། ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་པ་དང༌། བཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱེད་པའི་ཞི་གནས་ཤིག་ཡིན་པར་གོང་འོག་མཐུན་པར་བཤད་ལ། གོང་མའི་ལུགས་ཀྱི་སྦྱོར་བའི་དུས་སུ་དེ་ལྟར་ཡིད་ལ་བྱས་པས། དངོས་གཞིའི་དུས་སུ་དོན་དེ་ཉིད་ལ་གསལ་སྣང་སྐྱེས་པ་ཙམ་གྱིས་ཆོག་པར་བཤད་པ་ཞིག་དང༌། ཞི་གནས་དེ་ལ་བརྟེན་པའི་ལྷག་མཐོང་ཡིད་ལ་བྱེད་པ་བདུན་གྱི་རིམ་པས་མངོན་དུ་བྱས་ཏེ། ས་འོག་མ་ལ་ཆགས་བྲལ་བྱས་ནས་གོང་མའི་དངོས་གཞི་མངོན་དུ་བྱེད་པའི་ཚུལ་ཅིག་དང༌། གཉིས་བཞེད་པ་འགྲེལ་པ་རྒྱལ་སྲས་མ་ལས་གསལ་བ་ཡིན་ནོ། །འདི་མ་ཤེས་ན། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། ཟད་པར་ནམ་མཁའ་དང་རྣམ་ཤེས་ཀྱི་རྣམ་གཞག་འཇོག་མི་ཤེས་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་གཟུགས་ལ་ཆགས་བྲལ་བྱས་ནས་གཟུགས་མེད་དངོས་གཞིའི་སེམས་ཀྱིས་གཟུགས་ལ་བལྟ་བ་དང༌། གཟུགས་ཅན་གྱི་དངོས་པོ་ལ་ནམ་མཁའ་དང་རྣམ་ཤེས་ཀྱིས་ཁྱབ་པར་སྤྲོ་བ་སོགས་མི་འབྱུང་བ་ཡིན་ནོ། །འདི་ལ་གཞན་དག་ན་རེ། མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུའི་གོ་རིམ་མ་ངེས་པར་འགྱུར་ཏེ། གཟུགས་ལ་ཆགས་བྲལ་མ་བྱས་པར་གཟུགས་མེད་དངོས་གཞིའི་སེམས་ཐོབ་པ་ཡོད་པའི་ཕྱིར་ཞེས་ཟེར་བ་དེ་ནི་ལྟར་སྣང་ཡིན་ཏེ། ཁྱེད་ལ་ཡང་དེར་ཐལ་བར་འགྱུར་ཏེ། སྲིད་རྩེ་ལ་ཆགས་བྲལ་མ་བྱས་པར་འགོག་པ་ལ་སྙོམས་པར་འཇུག་ནུས་པའི་ཕྱིར། དེས་ན་སྙོམས་འཇུག་དགུའི་གོ་རིམ་ནི་འདི་ཡིན་ཏེ། སྔ་མ་སྔ་མའི་དངོས་གཞིའི་སྙོམས་འཇུག་མངོན་དུ་མ་བྱས་པར་ཕྱི་མ་ཕྱི་མ་ལ་འཇུག་མི་ནུས་པའི་ཕྱིར་དང༌། འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མར་སྐྱེ་བ་ལེན་མི་ནུས་པའི་ཕྱིར་ན་མཐར་གྱིས་གནས་པ་ཞེས་བྱའོ། །དེ་ལྟར་ན་མཚན་ཉིད་ནི་ཡན་ལག་གམ། དམིགས་རྣམ་གྱི་སྒོ་ནས་སམ། ཚོར་བའམ་འདུ་ཤེས་ཀྱི་སྒོ་ནས་ས་འོག་མ་ལ་འདས་ཟིན་པའི་དགེ་བ་རྩེ་གཅིག་པ་གང་ཞིག མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །དབྱེ་ན་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གཉིས་དང༌། དེ་རེ་རེ་ལ་ཡང་དག་པ་བ་དང་ཟག་མེད་ཀྱི་དབྱེ་བས་གཉིས་དང༌། དག་པ་བ་ལ་ཡང་རང་སའི་སྙོམས་འཇུག་གི་སྒྲིབ་པ་ལས་མ་གྲོལ་བས། རང་སའི་ཉོན་མོངས་ཀྱིས་ཉོན་མོངས་པའི་གཞིར་གྱུར་པ་ཅིག་དང༌། དེ་ལས་གྲོལ་བས་དེའི་གཞིར་མ་གྱུར་པ་དང་གཉིས་ཡོད་དོ། །དང་པོ་ནི་རྒྱུའི་སྙོམས་འཇུག་ཏུ་འཇོག་ལ། གཉིས་པ་ནི། རྣམ་ཐར་དང༌། ཟད་པར་དང༌། ཟིལ་གནོད་དང༌། ཉོན་མོངས་མེད་པ་དང༌། སྨོན་གནས་ཤེས་པ་ལ་སོགས་པའི་ངོ་བོར་སྐྱེས་པ་དེའོ། །འདི་དག་ལ་ཟག་མེད་ཀྱིས་མ་ཁྱབ་སྟེ། བདེན་པའི་རྣམ་པ་ཅན་དུ་མ་ངེས་པའི་ཕྱིར་དང༌། ཞི་གནས་རྐྱང་པའི་ངོ་བོར་གནས་པ་དུ་མ་ཞིག་སྣང་བའི་ཕྱིར། འོ་ན་སྙོམས་འཇུག་ཉོན་མོངས་ཅན་རྣམས་སྙོམས་འཇུག་གི་དབྱེ་བར་འཇོག་མི་འཇོག་གཉིས་ལས་གང་ཡིན་ཞེ་ན། མཛོད་དུ། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད་བདུན་རྣམ་པ་གསུམ། །ཞེས་གསུངས་པ་ལ་བརྟེན་ནས། དེ་ཡང་སྙོམས་འཇུག་མཚན་ཉིད་པར་བཞེད་མོད། དེ་དེའི་དབྱེ་བར་འཆད་པ་མངོན་པ་གོང་མ་ན་ནི། འཁྲུལ་གཞི་ཙམ་ཡང་མེད་ཅིང༌། འོག་མའི་དགོངས་པ་ཡང་མིན་ཏེ། སྙོམས་འཇུག་སྤྱིའི་མཚན་ཉིད་མ་ཚང་བའི་ཕྱིར་དང༌། སོ་སོའི་མཚན་ཉིད་ཀྱང་མ་ཚང་བའི་ཕྱིར། དང་པོ་ནི། ཇི་སྐད་དུ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་དགེ་བར་བཤད་ལ། འདི་ནི་ཉོན་མོངས་ཅན་དང་ལུང་མ་བསྟན་དུ་བཤད་པའི་ཕྱིར། གཉིས་པ་ནི། དཔེར་ན། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཉོན་མོངས་ཅན་དང་པོའི་དངོས་གཞིར་མི་རུང་སྟེ། དངོས་གཞི་དེའི་ཡན་ལག་རྣམས་དང་མི་ལྡན་པའི་ཕྱིར། དེ་སྐད་དུ་ཡང༌། ཉོན་མོངས་ཅན་ལ་དགའ་བ་དེ་དང༌། །རབ་དང་ཤེས་བཞིན་དྲན་པ་དང༌། །གཏང་སྙོམས་དྲན་པ་དག་པ་མེད། །ཅེས་གསུངས་སོ། །འོ་ན་སྔར་གྱི་ལུང་དེའི་དོན་ཅི་ཞེ་ན། དེའི་རྫས་རྒྱུན་ཡིན་པ་ལ་དགོངས་པ་ཡིན་ཏེ། རྩ་བར་རྫས་ཞེས་གསུངས་པ་དང༌། འགྲེལ་པ་ལས་ཉོན་མོངས་པ་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན། ལོག་པར་སེམས་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་རོ། །ཞེ་ན་མིན་ཏེ། དེ་དང་རིགས་མཐུན་པ་ཁོ་ན་ལ་དེའི་མིང་དུ་བཏགས་པའི་ཕྱིར། དཔེར་ན་ས་བོན་རུལ་པ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་དག་པ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། བསམ་གཏན་གྱི་སྙོམས་པར་འཇུག་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། ཐུན་མོང་གི་རྣམ་གཞག་གཏན་ལ་དབབ་པའོ། །དང་པོ་ནི། ཡན་ལག་གི་སྒོ་ནས་འོག་ས་ལས་འདས་པའི་སྙོམས་འཇུག་དག་པ་བ་གང་ཞིག མཐོང་ཆོས་ལ་བདེ་བར་གནས་པའི་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །འདི་གཏན་ལ་འབེབས་པ་ལ་གཉིས་ཏེ། དག་པ་བ་དངོས་ཀྱི་རྣམ་པར་བཞག་པ་དང༌། དེ་ཉོན་མོངས་ཅན་དུ་འགྱུར་ཚུལ་ལོ། །དང་པོ་ནི། ཅིའི་ཕྱིར་དག་པ་བ་ཞེས་བྱ་ཞེ་ན། སྙོམས་འཇུག་གི་རྫས་གང་ཞིག་ཉོན་མོངས་པས་ཉོན་མོངས་པར་མ་བྱས་ཤིང༌། ཟག་མེད་ཀྱི་ངོ་བོར་ཡང་མ་སྐྱེས་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང༌། རྣམ་པར་བྱང་བས་ཇི་ལྟ་བུ་ཞེ་ན། དགེ་བའི་ཕྱིར་དེ་ཞེས་བྱའོ། །ཞེས་ཀུན་ལས་བཏུས་སུ་གསུངས་སོ། །དེ་ལ་དབྱེ་ན་ཡན་ལག་གི་སྒོ་ནས་དང༌། ངོ་བོའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ། བསམ་གཏན་དང་པོའི་དངོས་གཞི་ལ་སོགས་པ་བཞི་ལས། དང་པོའི་མཚན་ཉིད་ནི། རྟོག་དཔྱོད་གཉེན་པོའི་ཡན་ལག་གིས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །དེ་ནི་དང་པོའི་དངོས་གཞི་ཙམ་གྱི་མཚན་ཉིད་ཡིན་ལ། དེས་སོ་སོའི་མཚན་ཉིད་ཀྱང་ཤེས་པར་བྱ་སྟེ། དེ་གཞིར་བྱས་པ་ལ། དགེ་བ་དག་པ་བའི་ངོ་བོར་སྐྱེས་པ་ཞེས་བྱ་བ་དང༌། ཟག་མེད་ལམ་གྱི་ངོ་བོར་སྐྱེས་པ་ཞེས་སྦྱར་རོ། །གཉིས་པའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད་ནི། ནང་རབ་ཏུ་དྭང་བ་གཉེན་པོའི་ཡན་ལག་གིས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བདེ་ཕན་ཡོན་གྱི་ཡན་ལག་དུ་ལྡན་པའོ། །གསུམ་པའི་མཚན་ཉིད་ནི། དྲན་ཤེས་བཞིན་བཏང་སྙོམས་གཉེན་པོའི་ཡན་ལག་གིས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བ་མེད་པའི་བདེ་བ་ཕན་ཡོན་གྱི་ཡན་ལག་དུ་ལྡན་པའོ། །བཞི་པའི་མཚན་ཉིད། དྲན་པ་ཡོངས་དག་དང༌། བཏང་སྙོམས་ཡོངས་དག་དེའི་ཡན་ལག་གིས་དེ་ལས་འདས་པའི་དེ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་དུ་ལྡན་པའོ། །དེ་སྐད་དུ་ཡང་མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དྭང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་གཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་གསུངས་སོ། །དེ་ལྟར་མིང་གི་སྒོ་ནས་བཅོ་བརྒྱད་པོ་དེ། བྱེ་བྲག་ཏུ་སྨྲ་བས་རྫས་ཀྱི་སྒོ་ནས་བཅུ་གཅིག་ཏུ་བསྡུས་ཤིང༌། གོང་མ་པ་ནི། དགའ་བདེ་གཉིས་རྫས་གཅིག ནང་རབ་ཏུ་དྭང་བ་ནི་དྲན་ཤེས་བཞིན་གཏང་སྙོམས་གསུམ་ལ་བཏགས་པའི་བཏགས་ཡོད་ཡིན་པས། རྫས་དགུ་དང་ལྷག་མ་བཏགས་ཡོད་དུ་འདོད་དོ། །ཡན་ལག་བཅོ་བརྒྱད་པོ་སོ་སོའི་ངོ་བོ་ཅི། དེ་དང་དེའི་བྱེད་ལས་དང༌། གནས་སྐབས་གང་ན་གང་ཡོད་ཅེ་ན། གཉེན་པོའི་ཡན་ལག་ཏུ་བཞག་པའི་རྟོག་དཔྱོད་གཉིས་ནི། ཉེར་བསྡོགས་དང་དངོས་གཞིའི་སྙོམས་འཇུག་གི་གནས་སྐབས་གཉིས་ཀ་ན་ཡོད་ལ། བྱེད་ལས་ཀྱི་གཙོ་བོ་ནི་ཉེར་བསྡོགས་ཀྱི་སྐབས་སུ་བྱེད་པ་ཡིན་ཏེ། དེར་དེ་གཉིས་སྤོང་གཉེན་དུ་འཇོག་པའི་ཕྱིར། དེར་དེ་གཉིས་ཟག་བཅས་ཟག་མེད་ཀྱི་དབྱེ་བ་གཉིས་སུ་འགྱུར་རོ། །དངོས་གཞིའི་གནས་སྐབས་སུ་ནི། དེ་གཉིས་ཡོད་ཀྱང་ཐག་བསྲིང་བའི་གཉེན་པོ་ཙམ་ཡིན་ནོ། །རྟོག་པའི་ངོ་བོ་ནི། ཡུལ་ལ་རྩིང་བའི་རྣམ་པས་འཇུག་པ་འཚོལ་བའི་རྣམ་པ་ཅན་ཡིན་ལ། དཔྱོད་པ་ནི་ཞིབ་དུ་དཔྱོད་པ་སྟེ། དེ་གཉིས་ཀ་ཡང་ཡིད་ཀྱི་བརྗོད་པ་ཞེས་བྱ་བ་ངག་ཀུན་ནས་སློང་བར་བྱེད་པའོ། །འདི་གཉིས་ཞི་རགས་ཀྱི་རྣམ་པ་ཅན་དུ་བཤད་ན་རྒྱ་ཆུང་བ་ཡིན་ཏེ། ཟག་མེད་ལ་མ་ཁྱབ་པའི་ཕྱིར་དང༌། དངོས་གཞི་དག་པ་བ་ལ་ཡང་ཞི་རགས་ཀྱི་རྣམ་པ་ཅན་མེད་པའི་ཕྱིར་རོ། །རྟོག་དཔྱོད་གཉིས་པོ་ནི་མཚུངས་ལྡན་དུ་མི་འབྱུང་སྟེ། འཛིན་སྟངས་འགལ་བས་རྣམ་པ་མི་མཚུངས་པའི་ཕྱིར། དེ་སྐད་དུ་ཡང༌། རྟོག་དང་དཔྱོད་དང་རྩིང་ཞིབ་དང༌། །ཞེས་པའི་འགྲེལ་པར་བརྒལ་ལན་གྱི་སྒོ་ནས་རྒྱས་པར་གསུངས་སོ། །དགའ་བདེ་གཉིས་ནི་དངོས་གཞིའི་གནས་སྐབས་ན་ཡོད་པ་ཡིན་ལ། ཕན་ཡོན་གྱི་ཡན་ལག་ཏུ་འཇོག་པ་ཡིན་ཏེ། རྣལ་འབྱོར་པའི་ལུས་སེམས་ལ་ཕན་འདོགས་པའི་ཕྱིར། གཉིས་པོའི་ངོ་བོ་ནི། བྱེ་བྲག་སྨྲ་བ་ལྟར་ན། དགའ་བ་ནི་ཡིད་བདེ་ལ་བྱ་ལ། བདེ་བ་ནི་སེམས་བྱུང་ཤིན་སྦྱངས་ཀྱི་བདེ་བ་ལ་འདོད་པ་ཡིན་ཏེ། མཛོད་ལས། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །ཞེས་དང༌། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཞེས་གསུངས་སོ། །དེ་ལྟར་འཆད་པའི་རྒྱུ་མཚན་ཡང་བདེ་བ་ཚོར་བ་ལ་བྱས་ན་ལུས་ཚོར་དང་སེམས་ཚོར་གཉིས་སུ་གྲངས་ངེས་ལ། དེ་ཡང་ལུས་ཚོར་དུ་མི་རུང་སྟེ། སྙོམས་འཇུག་གི་བསམ་གཏན་ལ་དབང་ཤེས་ཀྱི་ས་པ་མེད་པའི་ཕྱིར་ཏེ། དབང་ཤེས་ནི་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར། ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་ཡང་མི་རུང་སྟེ། དེ་དེ་ཡིན་ན་ཡིད་བདེ་བ་ཡིན་དགོས་ལ། དགའ་བ་ཡང་ཡིད་བདེ་བ་ཡིན་པས། ཡིད་བདེ་རྫས་གཞན་གཉིས་ཅིག་ཆར་དུ་མི་འབྱུང་བའི་ཕྱིར། རིམ་གྱིས་འབྱུང་བ་ལ་འདོད་ན་ནི། ཡན་ལག་ལྔ་པ་དང་བཞི་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །མདོ་སྡེ་པ་ན་རེ། བདེ་བའི་ངོས་འཛིན་དེ་ལྟར་མི་འཐད་དེ། བསམ་གཏན་བཞི་པ་ཡན་ཆད་ན་ལུས་ཤིན་སྦྱངས་ཀྱི་བདེ་བ་དེ་བས་ཆེས་ཁྱད་པར་དུ་འཕགས་པ་ཡོད་ཀྱང་ཡན་ལག་དུ་མ་བཞག་པའི་ཕྱིར། ཞེས་བཀག་ནས་བསམ་གཏན་དང་པོ་གསུམ་ཆར་གྱི་བདེ་བ་ནི། སེམས་ལས་བྱུང་བའི་བདེ་བའི་དབང་པོ་ནི་མ་ཡིན་ཏེ། བསམ་གཏན་གསུམ་ཅར་དུ་ལུས་ཀྱི་བདེ་བ་ཡན་ལག་ཏུ་འཇོག་དགོས་པའི་ཕྱིར་ཏེ། བསམ་གཏན་གསུམ་པའི་མདོར། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བཤད་པའི་ཕྱིར་ཞེས་འདོད་དོ། །ཉན་ས་ལས་ནི། ལུས་ལ་གཟུགས་ཀྱི་ལུས་དང༌། ཡིད་ཀྱི་ལུས་གཉིས་ལས། དང་པོས་ལུས་ཚོར་བདེ་བ་དང༌། གཉིས་པས་ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བ་ཡིན་པས་ན། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་གསུངས་སོ། །ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་ནི། བསམ་གཏན་དང་པོ་གཉིས་ན་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གཅིག་ཉིད། དབང་པོ་རྟེན་བཅས་ཀྱི་ལུས་ལ་ཕན་འདོགས་པའི་ཆ་ནས་བདེ་བ་དང༌། ཡིད་ཤེས་འཁོར་བཅས་དགའ་བ་རྣམས་ཀྱིས་ཚིམ་པར་བྱེད་པའི་ཆ་ནས་དགའ་བ་ཞེས་བཤད་དོ། །འོ་ན་དང་པོ་གཉིས་ཀྱིས་བདེ་བ་དང༌། གསུམ་པའི་བདེ་བ་ལ་ཁྱད་པར་ཅི་ཡོད་ཞེ་ན། གསུམ་པའི་བདེ་བ་ནི་ལུས་བདེ་དང་ཤིན་ཏུ་སྦྱངས་པ་སོགས་ཀྱི་བདེ་བ་ལ་འཆད་པའི་ལུགས་མེད་ལ། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་དེ་ཉིད་དོ། །འོ་ན་ཡིད་བདེ་བ་ཡིན་པར་འགྱུར་ལ། དེ་ལྟ་ན་དགའ་བར་འགྱུར་རོ་སྙམ་ན། མིན་ཏེ། དགའ་བ་ཉོན་མོངས་ཅན་གྱི་ཀུན་དཀྲིས་དང་བྲལ་བའི་ཕྱིར་དང༌། དགའ་བས་སེམས་ཡུལ་ལ་གཡོ་བར་བྱེད་པ་དང་བྲལ་བའི་ཕྱིར། དེ་སྐད་དུ་ཡང་མཛོད་ལས། བསམ་གཏན་གསུམ་པ་ན། སེམས་ཀྱི་དེ་ནི་བདེ་དབང་པོ། །ཞེས་གསུངས་སོ། །འོ་ན་དང་པོ་གཉིས་ཀྱི་དགའ་བདེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོའི་གཉིས་ནི་དབེན་པ་ལས་སྐྱེས་ལ། གཉིས་པའི་གཉིས་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་པས་ཞི་མ་ཞིའི་ཁྱད་པར་ཡོད་དོ། །འོ་ན་བསམ་གཏན་དང་པོའི་དངོས་གཞི་གང་ཡིན་ཡན་ལག་ལྔ་དང་ལྡན་པའི་ཁྱབ་པ་ཡོད་དམ་ཞེ་ན། མིན་ཏེ། མཛོད་ལས། རྟོག་མེད་བསམ་གཏན་ཁྱད་པར་ཅན། །ཞེས་བསམ་གཏན་དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས་སུ་ཕྱེ་ནས། ཙམ་པོ་རྟོག་དཔྱོད་གཉིས་ཀ་དང་བཅས་པ་དང༌། ཁྱད་པར་ཅན་རྟོག་པ་སྤངས་ནས་དཔྱོད་པ་ཙམ་དང་བཅས་པར་བཤད་པའི་ཕྱིར། ཇི་སྐད་དུ། རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །ཞེས་ཁྱད་པར་ཅན་དེ་ཚོར་བ་བཏང་སྙོམས་ཁོ་ན་དང་མཚུངས་ལྡན་དུ་བཤད་པའི་ཕྱིར། འོ་ན་བསམ་གཏན་དང་པོ་ལ་ཙམ་ཁྱད་གཉིས་སུ་ཕྱེ་བ་བཞིན་དུ། ཕྱི་མ་གཉིས་ལ་མི་འཆད་པ་ཅི་ཞེ་ན། དེ་དག་གི་ཡན་ལག་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པས། གཅིག་ལ་ཆགས་བྲལ་བྱས་ཤིང༌། ཅིག་ཤོས་ལ་ཆགས་བྲལ་མ་བྱས་པ་མི་སྲིད་ལ། འདིར་ནི་དེ་སྲིད་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་ཡན་ལག་བཞི་ལས། ནང་རབ་ཏུ་དྭང་བ་ནི་མཛོད་ལས། རབ་ཏུ་དྭང་བ་དད་པ་ཡིན་ཞེས་གསུངས་ལ། དེའི་དོན་ནི། བསམ་གཏན་དང་པོ་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པའི་དད་པའོ། །བསྡུ་བ་ལས་ནི། དེ་ལ་ནང་ཡོངས་སུ་དྭང་བའི་ཆོས་ཀྱི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། དྲན་པ་དང༌། ཤེས་བཞིན་དང༌། བཏང་སྙོམས་ཀྱི་ངོ་བོ་ཉིད་དོ། །ཞེས་གསུངས་པ་དེ་གསུམ་གྱི་ངོ་བོར་འདོད་དོ། །དགའ་བདེ་གཉིས་ཀྱི་ངོས་འཛིན་ནི་བཤད་ཟིན་ལ། ཏིང་ངེ་འཛིན་ནི་དགེ་བ་རྩེ་གཅིག་པ་སྟེ་ཐམས་ཅད་ལ་ཁྱད་པར་མེད་དོ། །གསུམ་པའི་ཡན་ལག་ལྔ་ལས། དྲན་པ་ནི་བསམ་གཏན་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པའོ། །དེ་ཡང་བསམ་གཏན་གཉིས་པའི་དགའ་བ་ལ་ཆགས་བྲལ་བྱེད་པའི་དམིགས་རྣམ་མོ། །ཤེས་བཞིན་ནི་སྐབས་དེར་བྱིང་རྒོད་བྱུང་མ་བྱུང་གི་བྱ་ར་བྱེད་པའོ། །བཏང་སྙོམས་ནི། བྱིང་རྒོད་དང་བྲལ་ནས་གསུམ་པའི་ཏིང་ངེ་འཛིན་ལ་སེམས་མི་ཉམས་པ་མེད་པར་འཇོག་པ་འདུ་བྱེད་བཏང་སྙོམས་སོ། །སྤྱིར་གསུང་རབ་ལས་བཏང་སྙོམས་ཀྱི་མིང་ཅན་གསུམ་གསུངས་ཏེ། ཚད་མེད་བཏང་སྙོམས་དང༌། ཚོར་བ་བཏང་སྙོམས་དང༌། འདུ་བྱེད་བཏང་སྙོམས་སོ། །དང་པོ་ནི་ཉེ་རིང་ཆགས་སྡང་དང་བྲལ་བའི་རྣམ་པ་ཅན་གྱི་སེམས་བྱུང་ངོ༌། །གཉིས་པ་ནི། བདེ་སྡུག་གི་མཚན་མ་དང་བྲལ་བའི་རྣམ་པ་ཅན་ནོ། །གསུམ་པ་ནི་བྱིང་རྒོད་ལ་སོགས་པ་མི་མཉམ་པའི་སེམས་བྱུང་མཐའ་དག་དང་བྲལ་བའོ། །བདེ་བ་ནི་བཤད་ཟིན་ཏོ། །བཞི་པའི་ཡན་ལག་བཞི་ལས། དྲན་ཤེས་བཞིན་གཉིས་ནི་ངོས་བཟུང་ཟིན་པ་དེ་ཉིད་ཡིན་ལ། འདིར་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར། ཡོངས་དག་ཅེས་སྨོས་སོ། །སྐྱོན་བརྒྱད་ནི། རྟོག་དཔྱོད་གཉིས། བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་གཉིས། དབུགས་འབྱུང་རྔུབ་གཉིས་ཏེ་བརྒྱད་དོ། །དེ་སྐད་དུ་ཡང༌། རྟོག་དང་དཔྱོད་དང་དབུགས་དག་དང༌། །བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་གསུངས་སོ། །འདིར་ཕན་ཡོན་གྱི་ཡན་ལག་ནི། ཚོར་བ་བཏང་སྙོམས་ཏེ། ངོས་འཛིན་ནི་ཇི་སྐད་དུ། བཏང་སྙོམས་ནི། བར་མའོ་གཉིས་ཀའི་མི་རྟོག་ཕྱིར། །ཞེས་འབྱུང་བ་ལྟར་རོ། །འོ་ན་དྲན་ཤེས་བཏང་སྙོམས་གསུམ་པོ་འདི་བསམ་གཏན་དང་པོ་གཉིས་ན་མེད་པའམ། ཡོད་ཀྱང་མི་འཇོག་པ་ཅི་ཞེ་ན། དང་པོར་ཡོད་ཀྱང་རྟོག་དཔྱོད་ཀྱི་རྙོག་པ་དང་བཅས་པས་རང་གི་ལས་མི་བྱེད་པའི་ཕྱིར་ཡན་ལག་ཏུ་མ་བཞག གཉིས་པར་རང་གི་ལས་བྱེད་ཀྱང༌། དགའ་བ་ཉོན་མོངས་ཅན་གྱིས་སྒྲིབ་པས་རང་མིང་གིས་མ་བཏགས་པར། ནང་རབ་ཏུ་དྭང་བ་ཞེས་པའི་མིང་གིས་བཏགས། བསམ་གཏན་གསུམ་པར་ནི་དེ་དང་བྲལ་ཞིང༌། རང་གི་ལས་བྱེད་པའི་ཕྱིར་རང་མིང་གིས་བསྟན། བཞི་པར་ནི། སྐྱོན་བརྒྱད་ཀ་ལས་གྲོལ་བའི་ཕྱིར་ཡོངས་དག་ཅེས་པའི་མིང་གིས་བསྟན་ནོ། །ཞེས་རྣལ་འབྱོར་སྤྱོད་པ་བ་རྣམས་ཟེར་རོ། །འོ་ན་རྟོག་དཔྱོད་ལ་སོགས་པ་བཞི་པོ་འདི་བསམ་གཏན་གྱི་སྐྱོན་ཡིན་པ་དང༌། བསམ་གཏན་བཞི་པར་དེ་སྤངས་ཟིན་ན། ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང༌། སངས་རྒྱས་འཕགས་པ་རྣམས་རྣམ་པར་ཐར་པ་བརྒྱད་དང༌། སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་ཚེ། སྐྱོན་དེ་དག་སླར་ཡང་མངོན་དུ་བྱེད་དམ་ཞེ་ན། མིན་ཏེ། རྟོག་དཔྱོད་གཉིས་དང་ཡིད་བདེ་བ་གསུམ་ལ། ཟག་མེད་ཀྱི་ངོ་བོར་སྐྱེས་པ་དང༌། དག་པ་པའི་ངོ་བོར་གྱུར་པ་གཉིས་ལས། དང་པོ་སྐྱོན་དུ་མི་འཇོག་ལ། གཉིས་པ་ལ་ཡང་ས་དེ་བསྡུས་ཀྱི་ཉོན་མོངས་པས་ཉོན་མོངས་པར་བྱེད་ནུས་མི་ནུས་གཉིས་ལས། དང་པོ་སྐྱོན་དུ་འཇོག་ལ། གཉིས་པ་ནི་མིན་ཏེ། བསམ་གཏན་གཉིས་པའི་རྟེན་ལ་ཡོད་པའི་རྟོག་དཔྱོད་བཞིན་ནོ། །འོ་ན་དེའི་ཁྱད་པར་ཅི་ཞེ་ན། སྤྱིར་རྟོག་དཔྱོད་ཙམ་ནི་གཟུགས་ལ་ལྟ་འདོད་དང༌། དེའི་ཁྱད་པར་ལ་དཔྱོད་འདོད་ཀྱི་བློ་ལྟ་བུ་ལ་བྱ་བ་ཡིན་ལ། དེ་ཡང་སྤྱིར་བསམ་གཏན་དང་པོ་མན་ཆད་ཀྱི་སས་བསྡུས་པ་ཡིན་མོད། ས་དེའི་ཉོན་མོངས་པ་འཇུག་པའི་གཞི་ནི། འཇིག་རྟེན་པའི་བསམ་གཏན་དང་པོ་ལ། ཞི་བ་དང་གྱ་ནོམ་པ་སོགས་སུ་བལྟ་བར་བྱེད་ཅིང༌། ས་འོག་མ་ལ་སྐྱོན་དུ་བལྟ་བའི་རྟོག་པའོ། །སྐྱོན་བརྒྱད་པོ་འདི་དག་ཀྱང༌། བསམ་གཏན་བཞི་པ་ལ་ལྟོས་པའི་སྐྱོན་ཡིན་གྱི། རང་ས་ལ་ལྟོས་པའི་སྐྱོན་ནི་མ་ཡིན་ཏེ། དེ་དག་གི་ཡོན་ཏན་དང་ཡན་ལག་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། བསྡུ་བ་ལས། གང་གི་ཚེ་རྟོག་པ་ལ་སོགས་པ་འདི་དག་རང་གི་ས་ལ་ཕན་འདོགས་པ་དང༌། ཡོངས་སུ་དག་པར་བྱ་བའི་ཕྱིར་འཇུག་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཡོ་བའི་མིང་དུ་བསྟན་ཅེ་ན། སྨྲས་པ། གཞན་གྱི་ས་ལ་ལྟོས་ཏེ་བསྟན་པ་ཡིན་གྱི། རང་གི་ས་ལ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འདིར་རྟོག་དཔྱོད་དང་དྲན་ཤེས་བཞིན་འདི་དག སོ་སོ་སྐྱེ་བོ་ལ་སྒྲ་དོན་འཛིན་པའི་རྟོག་པར་སྐྱེ་ངེས་པ་ཡིན་ཀྱང༌། འཕགས་པ་ལ་ནི་དེའི་ཁྱབ་པ་མེད་དེ། བསམ་གཏན་ས་དྲུག་པོ་གང་རུང་གི་ངོ་བོར་སྐྱེས་པའི་མཉམ་གཞག་ཟག་མེད་རྣམས་བཞིན་ནོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་ལ། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་སྟེ་བཞིར་འབྱེད་པ་མཛོད་ལས་གསུངས་པ་ཡིན་ཏེ། ཇི་སྐད་དུ། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི་ཞེས་གསུངས་སོ། །དེ་དག་གི་ངོས་འཛིན་ཡང་ཇི་སྐད་དུ། ཉོན་མོངས་སྐྱེ་དང་རང་ས་དང༌། །གོང་དང་ཟག་མེད་རྗེས་མཐུན་པའོ། །ཞེས་གསུངས་པ་ལྟར། སྙོམས་འཇུག་དག་པ་བ་གང་ཞིག འཇུག་ཐོགས་སུ་རང་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། རང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། གོང་ས་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །དེ་ཡང་སྲིད་རྩེ་མ་གཏོགས་པ་ཐམས་ཅད་ལ་བཞི་ཀ་ཡོད། སྲིད་རྩེ་ལ་ནི་གོང་ས་མེད་པས། ཁྱད་པར་ཆ་མཐུན་མེད་ལ། ཟག་མེད་ཀྱི་རྟེན་དུ་མི་རུང་བས་ངེས་འབྱེད་ཆ་མཐུན་ཀྱང་མེད་དོ། །གཉིས་པ་ཉོན་མོངས་ཅན་གྱི་རྣམ་གཞག་ལ་གསུམ་སྟེ། གང་ཉོན་མོངས་པར་བྱ་བའི་གཞི། གང་གིས་ཉོན་མོངས་པར་བྱེད་པའི་ཆོས། ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་དང་གསུམ་མོ། །དང་པོ་ནི་བསམ་གཏན་བཞི་དང༌། གཟུགས་མེད་པའི་དངོས་གཞི་དག་པ་བ་རྣམས་སོ། །དེ་སྐད་དུ་ཡང་མཛོད་ལས། འཇིག་རྟེན་དག་པའི་དགེ་བ་ནི། །དག་པ་དེ་ནི་དེ་མྱང་བྱ། །ཞེས་གསུངས་སོ། །གཉིས་པ་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནི། སྲེད་པ་གཅིག་པུས་རོ་མྱང་བར་བྱེད་པའི་རྣམ་གཞག་འཆད་ཀྱི་གཞན་མི་འདོད་ལ། ཉི་འོག་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ནི། མཛོད་ལས། གཞན་མིན་བཞི་ཞེས་ཉི་འོག་པ། །དེ་དག་སྲིད་ལྟ་ང་རྒྱལ་རྨོངས། །བསམ་གཏན་ས་གསུམ་ཞེས་བཤད་དོ། །མངོན་པ་ཀུན་ལས་བཏུས་ལས་ནི། ཉོན་མོངས་པ་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་ཞེས་གསུངས་པས། ཁོང་ཁྲོ་མ་གཏོགས་པའི་རྩ་བའི་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པར་བྱེད་པའོ། །དེ་མི་གཏོགས་པའི་རྒྱུ་མཚན་ནི་ཁམས་གོང་མའི་སེམས་ཐོབ་པ་ལ་དེ་མེད་པའི་ཕྱིར་རོ། །དེ་ཡང་རང་སར་གཏོགས་པ་ཅིག་དགོས་ཏེ། ས་གཞན་གྱི་ཉོན་མོངས་པས། ས་གཞན་ཉོན་མོངས་པར་བྱེད་མི་ནུས་པའི་ཕྱིར་ཏེ། ས་རྣམས་སོ་སོར་སྲེད་པས་མཚམས་བཅད་པའི་ཕྱིར། གསུམ་པ་ནི། དཔེར་ན་བསམ་གཏན་དང་པོའི་སྙོམས་འཇུག་ལ་མཉམ་པར་བཞག་པ་ན། དེ་ལ་སྲེད་པའི་འདོད་ཆགས་སྐྱེས་ནས། སྙོམས་འཇུག་གི་རྫས་རྒྱུན་དེ་འདོད་ཆགས་དང་མཚུངས་ལྡན་དུ་སོང་བ་ལྟ་བུའོ། །དེ་ལྟར་ན་བཞི་སྟེ། སྲེད་པ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན། ང་རྒྱལ་ཤས་ཆེ་བའི་དང༌། ཐེ་ཚོམ་ཤས་ཆེ་བའི་དང༌། ལྟ་བ་ཤས་ཆེ་བའི་དེའོ། །མཚན་ཉིད་ནི། རང་སའི་སྲེད་པས་ཉོན་མོངས་པར་བྱས་པའི་སྙོམས་འཇུག་གི་རྫས་རྒྱུན་དང༌། བདག་ཁོ་ན་ལ་སྙོམས་འཇུག་འདི་ཡོད་ཀྱི་གཞན་འགའ་ཞིག་ལ་མེད་དོ་སྙམ་པའི་ང་རྒྱལ་གྱིས་ཉོན་མོངས་པར་བྱས་པའི་སྙོམས་འཇུག་གི་རྫས་རྒྱུན་དང༌། བདག་གིས་ཐོབ་པའི་འདི་ཐར་ལམ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་གྱིས་ཉོན་མོངས་པར་བྱས་པའི་སྙོམས་འཇུག་གི་རྫས་རྒྱུན་དང༌། སྙོམས་འཇུག་དེ་དག་ལ་བརྟེན་ནས་མངོན་ཤེས་སྐྱེས། དེས་སྔོན་དང་ཕྱི་མའི་མཐའ་འགའ་ཞིག་མཐོང་བ་ན། བདག་དང་འཇིག་རྟེན་རྟག་གོ་སྙམ་པའི་ལོག་ལྟ་སྐྱེས་པ་ལས། དེས་སྙོམས་འཇུག་དེ་ཉོན་མོངས་ཅན་དུ་བྱས་པའོ། །འོ་ན་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་རྣམས་ལ་ལྟ་བ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན་མེད་པར་འགྱུར་ཏེ། གཟུགས་མེད་མངོན་ཤེས་ཀྱི་རྟེན་དུ་མི་རུང་བས། དེ་ལ་བརྟེན་ནས་ལྟ་བ་ངན་པ་སྐྱེ་བ་མེད་པའི་ཕྱིར་སྙམ་ན། དེ་དེའི་རྟེན་དུ་མི་རུང་བ་བདེན་ཀྱང༌། སྔར་ལོག་ལྟ་རྒྱུད་ལ་ལྡན་བཞིན་དུ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པའི་ཚེ་ན། ལྟ་བ་འདིའི་མཐུ་ལས་ཏིང་ངེ་འཛིན་དེ་སྐྱེས་པའི་ཕྱིར། འདི་ནི་མཆོག་གོ་ཞེས་ལྟ་བ་མཆོག་འཛིན་གྱི་བློ་སྐྱེས་པས། གཟུགས་མེད་ཀྱི་སྙོམས་འཇུག་དྲི་མ་ཅན་དུ་བྱེད་པ་ཡིན་ནོ། །ཞེས་བོད་སྔ་མ་རྣམས་གསུང་ངོ༌། །སྙོམས་འཇུག་ཉོན་མོངས་ཅན་འདི་ལ། ཉམས་པ་ཆ་མཐུན་ཞེས་ཟེར་ཡང༌། འདིའི་མདོ་ལ་ཉམས་པའི་ཁྱབ་པ་ཡོད་པ་ནི་མ་ཡིན་ཏེ། འདིས་གོང་ས་དང་ཟག་མེད་སྐྱེ་བ་ལ་གེགས་བྱེད་ཀྱང༌། རང་སའི་སྐྱེ་བའི་ས་དེ་དང་དེར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་བྱེད་པའི་ཕྱིར། དཔེར་ན་བསམ་གཏན་དང་པོའི་བདེ་བ་ལ་རོ་མྱང་བའི་སྲེད་པས། སྙོམས་འཇུག་སྔ་མ་དྲི་མ་ཅན་དུ་བྱེད་ཀྱང༌། དེས་བསམ་གཏན་དང་པོའི་སྙོམས་འཇུག་དག་པ་བ་སྐྱོན་མེད་གཞན་གྱིས་ཀུན་སློང་བྱས་ཏེ། བསམ་གཏན་དང་པོར་སྐྱེ་བའི་ལས་ནུས་པ་མཐུ་ཅན་དུ་བྱེད་པའི་ཕྱིར་རོ། །དེ་དག་གི་གྲུབ་དོན་གལ་ཆེ་བ་ནི་འདི་ལྟ་སྟེ། ཉེར་བསྡོགས་དག་པ་བ་རྣམས་ཀྱིས་འོག་མ་འོག་མའི་ཡན་ལག་རྣམས་སྤངས་སོ། །ཞེས་གསུངས་པའི་དོན་ནི། སྤྱིར་རྟོག་དཔྱོད་དང༌། དགའ་བདེ་སྤངས་པ་ནི་མིན་ཏེ། དེ་སྤངས་མི་དགོས་པའི་ཕྱིར། ཟག་མེད་ཀྱི་བསམ་གཏན་དང་པོ་གསུམ་ལ་སོགས་པའི་ཡན་ལག་ཏུ་བཞག་པའི་རྟོག་དཔྱོད་ལ་སོགས་པ་བཞིན་ནོ། །ས་དེ་བསྡུས་ཀྱི་དེ་དང་དེ་སྤངས་ཞེས་པ་ཡང་ཚིག་ཙམ་ཡིན་ལ། གོ་དོན་ནི། བསམ་གཏན་དང་པོ་དང་འདོད་པ་ལ་ཞི་རགས་སུ་བལྟ་བའི་ཆགས་སྡང་གིས་ཀུན་ནས་བླངས་པའི་རྟོག་དཔྱོད་དེ་ནི། ས་དེས་བསྡུས་པའི་རྟོག་དཔྱོད་ཅེས་བྱ་བ་དེ་ཡིན་ལ། བསམ་གཏན་དང་པོའི་སྙོམས་འཇུག་ཟག་མེད་ལ་ནི་རྟོག་དཔྱོད་དེ་མེད་ཀྱང༌། འདོད་པ་དང་བསམ་གཏན་དང་པོའི་བདེན་པ་རྣམས་ལ་རྟོག་པར་བྱེད་པའི་ཤེས་རབ་ཞིག་ཡོད་ལ། དེ་ནི་ཟག་མེད་ཀྱི་བསམ་གཏན་དང་པོའི་ཡན་ལག་ཡིན་པའི་ཕྱིར། བསམ་གཏན་གཉིས་པོའི་ཉེར་བསྡོགས་ཀྱིས་འདའ་བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ས་དེ་བསྡུས་ཀྱི་དགའ་བ་དེ་ཞེས་པ་ཡང༌། ས་དེ་དང་དེའི་སྲེད་པ་སྐྱེ་བའི་གཞིར་གྱུར་པའི་དགའ་བདེ་ལ་བྱ་བ་ཡིན་གྱི། སྤྱིར་བསམ་གཏན་དེ་དང་དེའི་ཡན་ལག་དུ་གྱུར་པའི་དགའ་བདེ་ལ་བྱ་བ་མིན་ཏེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*